བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་བྱེ་བྲག་པེ་ཧར་རྒྱལ་པོའི་སྐོར།

བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་བྱེ་བྲག་པེ་ཧར་རྒྱལ་པོའི་སྐོར།

[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་བྱེ་བྲག་པེ་ཧར་རྒྱལ་པོའི་བྱུང་བ་དང་། དེ་ནས་ཐོག་མར་བོད་བརྒྱུད་ནང་བསྟན་གྱི་སྲུང་མར་གྱུར་ཚུལ། དགེ་ལུགས་པའི་སྲུང་མར་བསྐོས་ཚུལ། པེ་ཧར་ཞེས་པའི་མིང་ཐོགས་ཚུལ། པེ་ཧར་རྒྱལ་པོའི་སྐུ་བརྙན་གྱི་ཁྱད་ཆོས་དང་། སྤྲུལ་པ། མིང་གི་རྣམ་གྲངས། དེ་བཞིན་པེ་ཧར་རྒྱལ་པོ་དང་འབྲེལ་བའི་དུས་མཆོད་བཅས་ཀྱི་སྐོར་བོད་ཡིག་གི་ཡིག་ཆ་གཙོ་བོར་ཁུངས་གཏུགས་ཏེ་དཔྱད་པ་བཏང་ཡོད།

[བརྡ་ཆད་གཙོ་བོ། ]པེ་ཧར་རྒྱལ་པོ། ལོ་རྒྱུས། ཁྱད་ཆོས། དུས་མཆོད།

          སངས་རྒྱས་བསྟན་པ་རྒྱ་གར་འཕགས་པའི་ཡུལ་ནས་བོད་དུ་དར་ཏེ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་འདས་ཟིན། དེའི་འཕེལ་རིམ་ཁྲོད་སངས་རྒྱས་བསྟན་པ་འདི་ཉིད་དར་ནུབ་ལན་འགའ་བྱུང་ཡང་བསྟན་པ་ཕྱི་དར་ནས་བཟུང་རྒྱ་གར་པའི་སངས་རྒྱས་ཆོས་ལུགས་ལ་བོད་ཀྱི་རིག་གནས་སམ་བསམ་པའི་འདུ་ཤེས་དང་འཇིག་རྟེན་ལྟ་ཚུལ་སོགས་འདྲེས་ཏེ་ཐུན་མོང་མ་ཡིན་པའི་སངས་རྒྱས་བསྟན་པའི་བྱེ་བྲག་ཅིག་ཏུ་གྱུར་ཡོད།

          བོད་བརྒྱུད་ནང་བསྟན་གྱི་ལྷ་ཚོགས་ཁྲོད་བསྟན་སྲུང་ཞེས་ཆེད་དུ་སངས་རྒྱས་བསྟན་པ་ལ་སྲུང་སྐྱོང་གནང་མཁན་གྱི་ལྷའི་རིགས་ཡོད་ཅིང་། དེ་རྣམས་ལ་སྲུང་མ་ཞེས་སངས་རྒྱས་བསྟན་པའི་དགྲ་བོ་རྣམས་ཚར་བཅད་དེ་བསྟན་པ་སྲུང་བའི་ནུས་པ་ལྡན་པའི་ཕྱིར། དེ་ཡང་སྲུང་མའི་སྐོར་ལ་ཀློང་རྡོལ་ངག་དབང་བློ་བཟང་གིས་མཛད་པའི་《བསྟན་སྲུང་དམ་ཅན་རྒྱ་མཚོའི་མཚན་ཐོ་》ལས། “འཇིག་རྟེན་ལས་འདས་པའི་སྲུང་མ་ནི། འཕགས་ལམ་ཐོབ་ཅིང་བསམ་བཞིན་དུ་སེམས་ཅན་སོ་སོའི་སྣང་ངོར་གཟུགས་ཅི་རིགས་སྟོན་པ་སྟེ། དེ་ཡང་སངས་རྒྱས་དང་བྱང་སེམས་གཉིས་ཡོད། འཇིག་རྟེན་ལས་མ་འདས་པའི་སྲུང་མ་ནི།  སོ་སོའི་སྐྱེ་བོ་སྟེ་དེ་ལ་ལམ་དུ་ཞུགས་པ་དང་། མ་ཞུགས་པ་གཉིས། ལམ་དུ་བཞུགས་པ་དེ་ལ་དཀར་ཕྱོགས་སྐྱོང་བའི་སྲུང་མ། སྔོན་སངས་རྒྱས་སོགས་མཐོང་བ། དམ་པའི་ཆོས་ཐོས་ཤིང་། འཁོར་རྣམ་པ་བཞི་སྟེ་དགེ་བསྙེན་ཕ་མ་དགེ་སློང་ཕ་མ་སོགས་སྐྱོང་བར་དམ་བཅས་པ། སངས་རྒྱས་སོགས་མ་མཇལ་ཡང་། འཕགས་བོད་སོགས་ཀྱི་པཎ་གྲུབ་རྣམས་ཀྱི་དྲུང་ནས་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་སྡོམ་པ་བླངས་པ་དང་། བཀའ་བསྒོ་དམ་བཞག་མཛད་པའི་སྲུང་མ་དམ་ཚིག་ཅན་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཡི་འཁོར་དུ་གཏོགས་པའི་བདུད་རིས་ནག་ཕྱོགས་ལ་སོགས་ཅི་རིགས་ཡོད་”① ཅེས་སྲུང་མར་སྤྱིའི་ཆ་ནས་ལམ་ལ་ཞུགས་པ་དང་མ་བཞུགས་པ། འཇིག་རྟེན་ལས་འདས་པ་དང་མ་འདས་པ་བཅས་ཀྱི་ཁྱད་པར་ཡོད། འདིར་གླེང་བར་བྱ་བ་ནི་ལམ་ལ་ཞུགས་ཏེ་བཀའ་བསྒོ་དམ་བཞག་མཛད་ཅིང་། ས་བཅུ་མ་ཐོབ་རུང་ཚོགས་གཉིས་ལ་འབད་བཞིན་ཡོད་པའི་འཇིག་རྟེན་ལས་མ་འདས་པའི་སྲུང་མའི་བྱེ་བྲག་པེ་ཧར་རྒྱལ་པོའི་སྐོར་གླེང་བ་ཡིན། ལྷ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་ཁྲོད་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་མ་ཟད། བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་ནུས་པ་གལ་ཆེན་ཐོན་ཡོད་པས།  ཁོ་བོས་བོད་ཡིག་གི་ཡིག་ཆ་ཁག་དང་འབྲེལ་ཏེ་སྲུང་མ་འདིའི་རིགས་ལ་དཔྱད་པར་བྱ་བ་ལ། 

དང་པོ།  པེ་ཧར་ཞེས་པའི་མིང་གི་གོ་དོན། པེ་ཧར་ཞེས་པའི་མིང་གི་གོ་དོན་གླེང་བ་ལ།

མཁར་རྨེའུ་བསམ་གཏན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་བོད་འགྱུར་མ་《མདའ་དང་འཕང་》 ཞེས་པའི་ནང་། “ཐོ་མ་སི་ཡིས་པེ་ཧར་ཞེས་པའི་ཐ་སྙད་དེ་ནི་རྒྱ་སྐད་ཀྱི་མིང་ཚིག་(白) དཀར་པོ་ཞེས་པ་ལས་མཆེད་ཅེས་གསུང་ས། དབྱི་ཏ་ལིའི་བོད་རིག་པ་མཁན་ཅན་ཏུ་ཆི་ཡིས། པེ་ཧར་ཞེས་པའི་ཐ་སྙད་དེའི་ཁུངས་ནི་ཏུར་ཀིའི་སྐད་ཀྱི་ཐ་སྙད་པེ་ག་(Pag) ཞེས་པ་དེར་གཏུགས་གནང་ཡོད་”② ཞེས་པེ་ཧར་གྱི་གོ་དོན་འདི་ཕྱི་ལ་ཁུངས་གཏུགས་ནས་རྒྱ་སྐད་ཀྱི་དཀར་པོ་དང་ཏུར་ཀིའི་སྐད་ཀྱི་པེ་ག་སོགས་དང་འབྲེལ་ཏེ་དབྱེ་ཞིབ་བྱས་ཡོད།  ཡང་དཔྱད་རྩོམ་འདི་གའི་ནང་དུ་“དུས་རབས་བཅོ་ལྔའི་ནང་དུ་སྐྱོགས་སྟོན་གྱིས་བོད་ཡིག་ཐོག་གི་པེ་ཧར་ཞེས་པའི་ཐ་སྙད་དེ་ནི་སཾ་སྐྲྀ་ཏའི་སྐད་Vihara ( གཙུག་ལག་ཁང་) ཞེས་པའི་སྒྲ་ཐད་སྒྱུར་བྱས་པ་ཞིག་ཡིན། ”③ཞེས་དང་།  བོད་ཀྱི་ཡོངས་གྲགས་ལོ་རྒྱུས་ཡིག་ཆ་《དབའ་བཞེད་》ཅེས་པའི་ནང་དུ་ཚིག་དུམ་འདི་འདྲ་ཞིག་འཁོད་ཡོད་དེ། “དེ་ནས་བཙན་པོ་ཁྲི་སྲོང་བཙན་གྱི་སྐུ་རིང་ལ་བལ་རྗེའི་བུ་མོ་ཁབ་ཏུ་བཞེས་ནས་གཙུག་ལག་ཁང་ར་ས་པེ་ཧར་གླིང་བརྩིགས་”④ཞེས་བལ་རྗེའི་བུ་མོ་ནི་བལ་བཟའ་ཁྲི་བཙུན་དང་ར་ས་པེ་ཧར་གླིང་ནི་ར་ས་འཕྲུལ་སྣང་གཙུག་ལག་ཁང་ལ་གོ་བ་ཡིན། གཞན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》ཞེས་པའི་ནང་། “བིཧར་ནི་གྲོང་ཁྱེར་དྲུག་ཡོད་པའི་དབུས་ཀྱི་ཡུལ་གྲུ་དེ་གཅིག་པུའི་མིང་ཡིན།  དེ་ཡང་བི་ཧ་ར་གཙུག་ལག་ཁང་གི་མིང་སྟེ་དེ་ཡང་གཙོ་བོར་ན་ལནྡྲ་དང་། ཨོཏནྟཔུརི་གཉིས་གྲགས་ཆེ་བར་བརྟེན་ནས་བྱུང་བར་མངོན་ཅིང་།  ཨོཏནྟཔུརིའི་ཤུལ་གྱི་ཀླ་ཀློའི་གྲོང་དེ་ལ་ད་དུང་ཡང་བིཧརཤརི་བ་ཞེས་འབོད་”⑤ ཅེས་འཁོད་འདུག་པས། གོང་གི་ཡིག་ཆ་ཁག་ལས་པེ་ཧར་ཞེས་པའི་གོ་དོན་ནི་གཙུག་ལག་ཁང་གི་དོན་ཡིན་པ་གོར་མ་ཆག   ཡང་པེ་ཧར་ཞེས་པའི་མིང་འདིའི་འབྲི་སྟངས་གཞན་ཞིག་ལ་བེ་ཧར་ཟེར། དེ་ནི་གནའི་ཐ་སྙད་ལ་སྡེ་པ་གཅིག་པའི་མིང་གཞི་དང་རྗེས་འཇུག་སོགས་ཕན་ཚུན་བརྗེས་རེས་བྱེད་པའི་སྲོལ་ཡོད་པའི་རྐྱེན་གྱིས་སོ། །

 

གཉིས་པ།  པེ་ཧར་རྒྱལ་པོའི་བྱུང་བ་བརྗོད་པ།

 

སྲུང་མ་འདི་ཉིད་ཀྱི་བྱུང་བའི་སྐོར་ལ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་《གནས་ཆུང་དཀར་ཆག་》 ཏུ། “ཀུན་རྫོབ་ཏུ་རྒྱལ་པོ་པེ་ཀར་གྱི་སྐྱེ་བ་྾གསང་བའི་བདག་པོས་སྩལ་བར་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་མ་ཧ་ཨ་དབུ་ཏ་བྱ་བར་ཆོས་ལྡན་གྱི་རྒྱལ་པོ་྾ ྾ གེ་སློང་ལེགས་ལྡན་ནག་པོ་བློན་པོར་གྱུར་པའི་ཚེ་མཁན་པོ་ཟླ་འོད་དུ་སྣང་྾ ྾ ྾ ྾ རྒྱལ་པོ་ལ་རབ་ཏུ་བྱུང་བའི་མཚན་རྒྱལ་པོ་ཟླ་འོད་གཞོན་ནུ་དང་བློན་པོ་དུ་ནག་པོ་དེའི་ཚེ་འགོང་པོ་དགུ་འདུས་ཀྱི་ལྷ་ཁང་དུ་ཟླ་འོད་གཞོན་ནུ་དང་བྲམ་ཟེ་མ་འདུས་པ་དང་སྨོན་ལམ་སོགས་ལ་རྟེན་ནས་བཤན་པ་ ྾ མགོ་ ྾ ྾ ཆུ་མི་བྱང་ཆུབ་འབར། གླན་མི་བྱང་ཆུབ་འོད། འཕྱི་བ་སོགས་ཀྱི་སྐྱོད་མཐར་ཡབ་རྨུ་རྗེ་བཙན་པོ་དང་ཡུམ་མུད་བདུད་྾ཟའ་སྨན་དཀར་མོ་ ྾ ྾ཡབ་རྗེ་བླ་མེད།  ཁྲམ་ཐོགས་ཉམས་པ་རྗེ་སྨུ་བདུད་ཁྲམ་དཀར་རྗེ།  ཁྲོམ་ཐོགས་འབར་བ་རྗེ། མུད་ནག་སྟོང་ཆེན་྾ དོན་མཆེད་ལྔའི་བར་ཚིགས་སྨུ་བདུད་ཁྲོམ་དཀར་རྗེར་གྱུར་པའི་དུས་ནམ་མཁའི་ལྷ་སོགས་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས་བྲན་དུ་བཀོལ། ……”⑥ཞེས་འཁོད། ཡིག་ཆ་འདི་ནི་གནས་ཆུང་དགོན་པའི་བདེ་ཡངས་ཁྱམས་རའི་ལྷོ་ངོས་གྱང་ལྡེབས་སུ་བཀོད་པའི་དཀར་ཆག་འདྲ་བཤུས་ལས་དྲངས། དེ་ཡང་དུས་ཀྱི་བཞུར་རྒྱུན་ཁྲོད་དཀར་ཆག་འདི་ཉིད་ཉམས་རྒུད་དུ་སོང་སྟབས་ཡིག་འབྲུ་མི་གསལ་བ་རྣམས་ལ་ཀུར་རྟགས་ཀྱིས་ཚབ་མཚོན་མཛད་ཡོད་ཅིང་། དཔྱད་ཡིག་འདིས་པེ་ཧར་རྒྱལ་པོའི་ཐོག་མའི་འབྱུང་ཁུངས་དང་ལོ་རྒྱུས་སྐོར་རོབ་ཙམ་མཚོན་ཡོད།

དེ་ཡང་པེ་ཧར་རྒྱལ་པོའི་བྱུང་བའི་སྐོར་ལ་དེ་ལས་ཁ་གསལ་བ་ཞིག་སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》 ནང་དུ་འདི་ལྟར་འཁོད་ཡོད་དེ། “སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཡུལ་ཨ་སུ་ར་ཞེས་བྱ་བ་ན་པེ་ཧར་འདི་རྒྱལ་པོ་དྷ་རྨ་ཛྭ་ལ་ཞེས་བྱ་བར་སྐུ་འཁྲུངས་པ་དང་། མགོན་པོ་ལེགས་ལྡན་ནག་པོ་དེའི་བློན་པོའི་བུར་འཁྲུངས་པ་གཉིས་ཤིན་ཏུ་མཛའ་བར་གྱུར་ཏེ་ལྷན་ཅིག་ཏུ་རབ་ཏུ་བྱུང་བར་ཆད་བྱས། མཁན་པོ་ཟླ་འོད་དུ་ན་ཏིང་ཞེས་བྱ་བར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལས། རྒྱལ་པོ་ལ་ཟླ་འོད་གཞོན་ནུ་དང་བློན་པོའི་བུར་དུན་ཏིང་ནག་པོར་བཏགས། རྒྱལ་པོའི་བུ་ནི་བཤད་པ་ལ་དགའ། བློན་པོ་ནི་བསྒོམ་པ་ལ་དགའ་བས་སྤྱོད་ལམ་མ་མཐུན་ནོ། ། དེའི་ཡུལ་དེའི་འགོང་པོ་དགུ་འདུས་ཀྱི་ལྷ་ཁང་བྱ་བའི་གཙུག་ལག་ཁང་གི་ནང་དུ་ཟླ་འོད་གཞོན་ནུ་དང་།  བྲམ་ཟེ་ཆོས་བཟང་ཞེས་བྱ་བའི་བུ་མོ་མཛེས་ལྡན་མེ་ཏོག་སྐྱེས་བྱ་བ་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་འདོད་པའི་རྣམ་འགྱུར་ལ་མཁས་པ་ཞིག་ཕྲད་པར།  ཟླ་འོད་ཀྱིས་མིག་ཟུར་བལྟས་པས་བུ་མོ་ཡང་འདོད་ཆགས་གཡོས་པས་ཟུར་མིག་བསྟན་ཅིང་འཛུམ་པའི་མདངས་ཕྱུངས། དེར་ཟླ་འོད་གཞོན་ནུ་འདོད་ཆགས་ལྷག་པར་དུ་གཡོས་ཏེ་བུ་མོའི་ལུས་ལ་འཇུས་ནས།  མཛེས་པའི་རྒྱན་ལྡན་བུ་མོ་ཁྱོད་འདྲ་བ། ། སྔོན་ཆད་མ་མཐོང་ལྷ་ཡི་བུ་མོའམ། ། མི་དང་གནོད་སྦྱིན་བུ་མོ་སུ་འདྲ་ཞིག།  ཁྱོད་འདྲར་རོལ་རྩེད་བྱ་རྒྱུ་བྱུང་བ་ན། ། ཚུལ་ཁྲིམས་བསླབས་པའི་གཞི་ནི་ཉམས་ནའང་ཉམས། ། རྡོ་རྗེ་སྙིང་ནད་འབར་བ་བྱུང་ནའང་བྱུང་། །  ཞེས་སྨྲས་ཏེ་ཆོས་གོས་སེར་པོ་གདན་དུ་གཏིང་།  དམ་ཆོས་ཀྱི་བསེ་ཀ་ལི་སྔས་སུ་བརྒྱབ། འཁར་གསིལ་སྔས་མགོར་བཞག   སྤྱི་བླུགས་མདུན་དུ་བཞག  ལྷུང་བཟེད་འོག་ཏུ་བཟེད་ནས་འཁྲིག་པ་སྤྱད་དོ། ། ཧ་ཅང་འདོད་ཆགས་ཀྱིས་མྱོས་ཏེ་ཞག་བདུན་གྱི་བར་དུ་ཁ་མ་བྲལ་བར་རོལ་ལོ། །  དེར་གཙུག་ལག་ཁང་གི་གནས་བརྟན་མཁན་པོ་རབ་གསལ་ཞེས་བྱ་བའམ་མུ་སྟེགས་ཀྱི་སྟོན་པ་བར་སྣང་ཞེས་བྱ་བར་གྲགས་པ་ཞིག་གིས་མཐོང་སྟེ་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སློང་གིས་དེ་འདྲའི་སྤྱོད་པ་བྱེད་པ་མི་རིགས་སོ་ཞེས་ཉེས་པ་བརྗོད་པས། ཟླ་འོད་སྐྱེངས་ཤིང་ཁྲོས་ཏེ་ཆོས་གོས་ལ་མཁན་པོའི་ལིང་ག་བྲིས་ནས་ལྷུང་བཟེད་ཀྱི་ནང་དུ་ལས་སྦྱོར་བགྱིས།  སླར་ཡང་བུ་མོ་དེ་ཉིད་ལ་འཁྲིག་པ་སྤྱོད་ཅིང་འགྲོགས་པ་ལ་དགེ་སློང་དུན་ཏིང་ནག་པོས་དེ་འདྲ་མ་བྱེད་ཅེས་ཉེས་དམིགས་བརྗོད་ནས་བཀག་པས་ཟླ་འོད་གཞོན་ནུ་ཁྲོས་ཏེ་སྐད་ཅིག་གིས་སེངྒེར་བརྫུས་ནས་འགྱིང་ཞིང་བསྟིགས་པས། གསང་བའི་བདག་པོས་མཁྱེན་ཏེ།  དགེ་སློང་དུན་ཏིང་ལ་རྡོ་རྗེའི་གོ་ཆ་གཡོགས་ཏེ་ལུས་བསྲུངས། དོམ་ནག་ཏུ་བརྫུས་ཉེར་ཞིང་བསྟིགས་པ་ཞགས་པས་དྲངས། ཁྱི། སྤྱང་ཀི  སྟག  ཕག་རྣམས་སུ་བརྫུས་ཏེ་བསྟིགས་པས་རྡོ་རྗེ་འཕངས་ཏེ་བསྲུངས། འཕྱི་བར་བརྫུས་ནས་ས་བྲུས་པས་ཁྱི་ཐོད་ཀྱི་ནང་དུ་མནན།  ཕག་པར་བརྫུས་ནས་ས་བྲུས་པས་ཕག་ཐོད་དུ་མནན། སྤྱང་ཀིར་སྤྲུལ་པས་སྤྱང་ཐོད་དུ་མནན།  སྤྲ་སྤྲེལ་བྱི་ལ་སོགས་སྤྲུལ་པས་དེ་དང་དེའི་འཁོར་ལོའི་ལས་སྦྱོར་གྱི་སྒོ་ནས་གཟིར་པས་གནོད་པར་མ་ནུས་སོ། ། དེ་ཡང་འདུལ་ཁྲིམས་དང་དམ་ཚིག་ཉམས་པ་དང་ལོག་པར་སྤྱད་པའི་དབང་གིས་ཟླ་འོད་གཞོན་ནུ་སྐྱེ་བ་ཕྱི་མ་དམྱལ་བར་འཁྲུངས་ཏེ་བཤན་པ་ར་མགོ་ཅན་བྱ་བར་གྱུར་ཏེ་སྡུག་བསྔལ་དཔག་ཏུ་མེད་པར་མྱོང་ངོ”⑦ཞེས་པེ་ཧར་རྒྱལ་པོ་ཐོག་མར་ཡུལ་ཨ་སུ་ར་ཞེས་བྱ་བའི་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ཤིང་། དེ་ནས་བློན་པོའི་བུ་ལེགས་ལྡན་ནག་པོ་དང་མཉམ་དུ་རབ་ཏུ་བྱུང་། འོན་ཀྱང་འདོད་ཆགས་ཀྱིས་གཡོས་ཏེ་བྲམ་ཟེའི་བུ་མོ་ཆོས་བཟང་དང་འཁྲིག་པ་སྤྱད་པ་མ་ཟད། མཁན་པོ་དང་དགེ་སློང་གཉིས་ཀྱིས་ཉེས་དམིགས་བརྗོད་པར་མ་འདོད་པར་དུད་འགྲོ་སྣ་ཚོགས་ལ་སྤྲུལ་ཏེ་གནོད་པ་སྐྱེལ་བར་བརྩམས་པས་འདུལ་ཁྲིམས་དང་དམ་ཚིག་ཉམས།  དེའི་རྐྱེན་གྱིས་ཚེ་ཕྱི་མ་དམྱལ་བར་སྐྱེས་ཏེ་སྡུག་བསྔལ་སྣ་ཚོགས་མྱོང་དགོས་བྱུང་བ་རེད། ཕྱིས་སུ་ཟླ་འོད་གཞོན་ནུ་འདི་རིམ་བཞིན་ཆུ་མིག་བྱང་ཆུབ་འབར་དང་། གླན་མི་དབང་འབར། བཛྲ་གུ་ཧྱ་ས་མ་ཏི་སོགས་ཀྱི་སྤྲུལ་པར་སྐྱེས་ཏེ་ཚེ་སྔོན་གྱི་ལས་ངན་ལས་འབྲས་བུ་སྡུག་བསྔལ་གྱི་གནས་ལས་མ་འདས།

ཡང་པེ་ཧར་རྒྱལ་པོ་ཀླུ་མོ་ཞིག་ལས་བཙས་པའི་སྐོར་ཡོད་དེ། “སྔོན་རི་རབ་ཀྱི་རྩེར་དཔག་བསམ་ཤིང་གི་རྩ་བར་བདུད་ཁང་རྩེ་དགུ་པ་ཞིག་གི་ནང་དུ་བདུད་ཀྱི་རཱ་ཛ་ དང་། རི་རབ་ཀྱི་བྱང་ཤར་མཚམས་ན་མཚོ་མ་དྲོས་པར་ཀླུ་མོ་དཀར་མོ་མགོ་ཅོག་ཅེས་བྱ་བ་གཉིས་ཕན་ཚུན་དགའ་མགུར་སྤྱད་པ་ལས།  རེ་ཞིག་ན་ཀླུ་མོར་སྒོ་ང་བཅུ་གསུམ་སྐྱེས་ཤིང་། དེ་དག་ལས་ཞུགས་ཀྱིས་ཕུང་པོ་འབར་བ་དང་སྒྲ་དྲག་པོ་སྒྲོག་པ་སོགས་བྱུང་བས་ཀླུ་མོ་སྐྲག་སྟེ་རང་ལས་བཙས་པའི་སྒོ་ང་རྣམས་ཟོས་པས་ལུས་ལ་མེ་འབར་བ་དང་ཁྲག་འཛག་པས་མཚོན་ཐན་མང་པོ་བྱུང་བས་རི་རབ་ཀྱི་རྩེར་ཕྱིན་སྒོ་ང་རྣམས་སྐྱུགས་ཏེ་གསང་བའི་བདག་པོ་ཕྱག་རྡོར་ལ་ཕུལ་ནས་སྒོ་ང་དེ་རྣམས་ལས་མ་རུངས་འབྱུང་བས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བཏབ་པ་ལྟར་དཔལ་གསང་བའི་བདག་པོས་སྒོ་ང་རྣམས་བརྟོལ་བས། སྒོ་ང་རྣམས་ལས་རིམ་པ་བཞིན་རྒྱལ་པོ་དཀོར་རྗེ་བྲང་དཀར། གཟའ་རཱ་ཧུ་ལ་སོགས་དང་སྒོ་ང་བདུན་ཚིགས་པ་དེ་ནམ་མཁར་འཕངས་པས་གསང་བདག་གིས་བཟུང་ནས་བརྟོལ་བས་གཞན་ལས་མཐུ་ཆེ་བ་དང་ངོ་མཚར་ཅན་པེ་ཧར་རྒྱལ་པོར་གྲགས། དེ་དུས་མི་ལུས་ཁྱུང་གི་མགོ་ཅན་གྱི་རྣམ་པ་བསྟན་པས་ལྷའི་དབང་པོས་དགེ་བསྙེན་ཁྱུང་ཆེན་གཡུ་འབྲུག་འདུལ་དུ་མཚན་གསོལ། ཕྱི་བློན་ནང་བློན་སོགས་ཆེས་འཇིགས་རུང་དཔུང་གི་ཚོགས་བཅས་གསང་བདག་གི་བཀའ་དང་དམ་ལ་གནས་པར་ཞལ་གྱིས་འཆེས། བྷ་ཏ་ཧོར་ཡུལ་ཤེལ་གྱི་བྲག་ཕུག་ཏུ་པདྨ་སཾ་བྷ་ཝ་སྐྱེ་མེད་ཀྱི་དོན་སྒོམ་པའི་ཚེ་སེང་གེ་དཀར་མོར་སྤྲུལ་ནས་འཇིགས་པའི་རྣམ་འགྱུར་གྱི་ཚུལ་ལ་རྩེ་གསུམ་འཕྱར་བས་ནམ་མཁར་བྲོས།  སླར་ཡང་ཆོ་འཕྲུལ་དུ་མས་མཐོ་བརྩམས་ཤིང་གླགས་ལྟ་བར་རྔོ་མ་ཐོགས་ཤིང་སློབ་དཔོན་གྱིས་ཏིང་ངེ་འཛིན་གྱིས་བཀུག་པས་བྱིས་པའི་གཟུགས་ཀྱིས་འོངས་ནས་སྤྱི་བོར་རྡོ་རྗེ་བླངས་”⑧ཞེས་རྒྱལ་པོ་པེ་ཧར་ནི་མི་ལུས་ཁྱུང་གི་མགོ་ཅན་གྱི་རྣམ་པ་ཡིན་པར་བསྟན། མ་ཟད་མཚན་གཞན་དགེ་བསྙེན་ཁྱུང་ཆེན་གཡུ་འབྲུག་འདུལ་དུ་གསོལ། བྷ་ཏ་ཧོར་གྱི་ཤེལ་གྱི་བྲག་ཕུག་ཏུ་སློབ་དཔོན་པདྨ་སཾ་བྷ་ཝས་དམ་ལ་བཏགས་པར་གྲགས། པེ་ཧར་རྒྱལ་པོ་འདི་བྷ་ཏ་ཧོར་གྱི་ཡུལ་དུ་བྱོན་པའི་སྐོར་ལ། “ནམ་ཞིག་ཆོས་སྐྱོང་འདི་ཉིད་ལྷ་ཡུལ་ནས་ས་ལ་འབབ་དུས་ཤིང་གི་བྱ་ཆེན་པོ་ཞིག་སྤྲུལ་ནས་དེའི་ནང་དུ་ཞུགས་པས་རྒྱལ་པོ་ཤིང་བྱ་ཅན་དུ་གྲགས། བྷ་ཏ་ཧོར་གྱི་ཡུལ་དུ་བྱོན་ཏེ་སྒོམ་གྲྭ་སྨུག་པོའི་སྲུང་མ་མཛད་”⑨ཅེས་རྒྱལ་པོ་ཤིང་བྱ་ཅན་གྱི་གཟུགས་སུ་སྤྲུལ་ཏེ་ལྷ་ཡུལ་ནས་མི་ཡུལ་དུ་ཕེབས་ཏེ་སྒོམ་གྲྭའི་སྲུང་མ་མཛད་པ་ཡིན།

མདོར་ན། པེ་ཧར་རྒྱལ་པོ་ཉིད་སྔོན་གྱི་བག་ཆགས་ཀྱིས་དགེ་སློང་དགྲ་བཅོམ་པ་ལེགས་ལྡན་ལ་གནོད་འཚེ་བྱེད་པར་ཕྱག་ན་རྡོ་རྗེ་དང་དགྲ་བཅོམ་པ་རྣམ་གཉིས་ཀྱིས་གནད་ལ་ཕབ་སྟེ་དམ་ལ་བཏགས་ཤིང་སངས་རྒྱས་བསྟན་པ་སྲུང་བར་ཁས་བླངས་པ་དང་། དུས་ཕྱིས་སློབ་དཔོན་པདྨ་སཾ་བྷ་ཝས་ཉམས་སད་སྒོས་མཐོ་འཚམ་བྱས་པར་ཕྱག་རྒྱས་ཟིལ་གྱིས་མནན་ཏེ་དམ་ལ་བཏགས་པར་བཞེད།

 

གསུམ་པ། བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་དུ་གྱུར་ཚུལ།

 

པེ་ཧར་རྒྱལ་པོ་ནི་གོང་དུ་སྨོས་པ་བཞིན་ཡུལ་བྷ་ཏ་ཧོར་གྱི་སྒོམ་གྲྭ་སྲུང་བའི་བསྟན་སྲུང་ཡིན་པ་དང་།  ཕྱིས་སུ་ལས་དབང་གིས་རྐྱེན་པས་བསྟན་པ་སྔ་དར་གྱི་སྐབས་སུ་བོད་ཁ་བ་ཅན་དུ་ཕེབས་ཏེ་བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་དུ་གྱུར། བསྟན་པ་ཕྱི་དར་གྱི་དུས་སུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཙམ་བྱུང་སྟེ་གྲུབ་མཐའི་སྲོལ་དར་བ་ནས་བཟུང་པེ་ཧར་རྒྱལ་པོ་འདི་ཉིད་གྲུབ་མཐའ་ཁག་གཅིག་གི་སྲུང་མ་གཙོ་བོར་བསྐོས་ཏེ་སེར་སྐྱ་མང་ཚོགས་རྣམས་ཀྱིས་དད་པ་དང་བསྐང་མཆོད་བྱེད་སྲོལ་བྱུང་བ་རེད།

          གཅིག  བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས་ཚུལ། བསམ་ཡས་གཙུག་ལག་ཁང་ནི་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཕྱག་བཏབ་པའི་བོད་ཀྱི་དགོན་སྡེ་ཐོག་མ་ཡིན་ལ།  ཡུལ་དབུས་ཀྱི་ལྷོ་ཁ་གྲ་ནང་རྫོང་གི་ཁོངས་སུ་ཆགས།  གཙུག་ལག་ཁང་འདི་ཉིད་རྒྱ་གར་གྱི་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ། འོག་ཁང་ལྷ་དང་བཅས་པ་བོད་ལུགས་དང་། བར་ཁང་ལྷ་དང་བཅས་པ་རྒྱ་ནག་ལུགས།  སྟེང་ཁང་ལྷ་དང་བཅས་པ་རྒྱ་གར་ལུགས་ཡིན་པའི་བཟོ་དབྱིབས་ཁྱད་དུ་འཕགས་པ་ཞིག་ཡིན་པས་སྙན་གྲགས་ཤིན་ཏུ་ཆེ།

དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གཙུག་ལག་ཁང་འདི་ཉིད་ཕྱག་བཏབ་རྗེས་སྲུང་མ་གང་བསྐོའི་སྐོར་མཁན་སློབ་གཉིས་དང་བཀའ་བགྲོས་པས་རྒྱལ་པོ་པེ་ཧར་དེ་ཉིད་ལེགས་པར་དགོངས་ནས་སྲུང་མར་བསྐོས་ཚུལ་《ཤེལ་དཀར་ཆོས་འབྱུང་ལེགས་བཤད་ནོར་བུའི་མེ་ལོང་སྐལ་བཟང་མགྲིན་རྒྱན་》ལས། “སྔོན་དུས་འཇམ་མགོན་མི་རྗེའི་སྐུར་བསྟན་པ། ། ཟན་ཡངས་གཙུག་ལག་ཁང་ཆེན་སྦྱོངས་པའི་ཚེ། ། མཁན་སློབ་ཆོས་གསུམ་བཀའ་བགྲོས་མཐུན་འབྲས་ལ། ། ལྷ་སྲས་མུ་ཏིག་ལྷ་བཟང་ཀླུ་དཔལ་གཉིས། ། དྲག་པོ་གཡུལ་གྱི་ཆས་ལྡན་དམག་ཚོགས་དང་། ། རྣམ་སྲས་རྟ་བདག་སྤྲུལ་དམག་གྲངས་མེད་བཅས། ། བྷ་ཏ་ཧོར་རྣམས་བཅོམ་ནས་དཔེ་ཧར་ཉིད། ། བསམ་ཡས་ཆོས་འཁོར་ཆེན་པོའི་བསྲུང་མར་བསྐོས། ། ”⑩ཞེས་འཁོད་པ་ལྟར།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ལྷ་སྲས་མུ་ཏིག་བཙན་པོས་དམག་འཁྲིད་དེ་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་པེ་ཧར་རྒྱལ་པོ་འདི་ཉིད་བསམ་ཡས་གཙུག་ལག་ཁང་དུ་གདན་དྲངས་པ་ཡིན།

ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷན་ཐབས་སུ་བསྩལ་བའི་《 གནས་ཆུང་དཀར་ཆག་》གི་ནང་དུ། “སྔོན་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་བཞེངས་པའི་སྲུང་མ་ཇི་ལྟར་བསྐོ་མཁན་སློབ་ཆོས་གསུམ་བཀའ་བགྲོས་པ་ན། མཁན་པོའི་ཞལ་ནས་བདུད་ནི་སྲོག་གཅོད་ལ་དགའ། གཟའ་ནི་གཏུམ། ཀླུ་ནི་གདུག བཙན་གནོད་པ་ཚ། དམུ་འཇམ་དྲགས། མ་མོ་ནི་འཇིགས་པས་དེ་རྣམས་མ་ཡིན་པ་སུ་འཐད་གསུང་བ་ལ། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས།  ཧོར་གྱི་ཕོ་ལྷ་གནམ་ལྷ་བྱང་ཆུབ་ཡིན། །  རྒྱལ་པོ་ཤིང་བྱ་ཅན་ནི་གདན་དྲངས་ནས། ། དེ་ལ་གཏད་པས་གཙུག་ལག་ཁང་མི་འཇིག། བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པ་ན། ། པེ་ཀར་ཀ་ཅའི་ཕྱི་ལ་འབྲངས་ཏེ་འོང་། ། ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུངས། ། ཞེས་པ་ལྟར། བྷ་ཏ་ཧོར་གྱི་སྒོམ་གྲྭ་ནས་དཀོར་སྲུང་པེ་ཀར་རྒྱལ་པོ་འོས་པར་གསུངས་པ་བཞིན་ཧོར་གྱི་སྒོམ་གྲྭ་བཅོམས། ཟ་ཧོར་གྱི་རྒྱལ་རྒྱུད་དྷརྨ་པ་ལ། གཡུའི་ཐུབ་པ།  དུང་གི་སེང་གེ་སོགས་ཀ་ཅ་དུ་མ་དང་བཅས་སྤྱན་དྲངས་ནས་ཆོས་འཁོར་ཐམས་ཅད་ཀྱི་སྲུང་མར་མངའ་གསོལ་ཞིང་ཕྱི་ནང་གི་རྟེན་རྣམས་བཙུགས”⑾ཞེས་དང་། ཨུ་རྒྱན་གླིང་པས་གཏེར་ནས་བཞེས་པའི་《པདྨ་བཀའ་ཐང་》 དུ། “བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་པ་ན༔ པེ་ཧར་ཀ་ཅའི་ཕྱི་ལ་འབྲངས་ནས་འོང༔ ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུངས༔ དེ་ནས་བྷ་ཏར་དམག་བརྒྱབ་སྒོམ་གྲ་བཅོམ༔ ཟས་ནོར་མང་པོ་དྲངས་ནས་འོངས་པ་ལས༔ ལ་ལ་སྨྱོར་བཅུག་ལ་ལ་འབོག་ཏུ་བཅུག༔ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ པེ་ཀར་གླིང་དུ་རྒྱལ་པོའི་རྟེན་བཙུགས་ཏེ༔”⑿ཞེས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་སྟེ་པེ་ཧར་དེ་ཉིད་ཀ་ཅའམ་ནོར་རྫས་ཀྱི་རྗེས་སུ་འབྲངས་པས་བསམ་ཡས་དགོན་པའི་བསྟན་སྲུང་དུ་བསྐོས་པ་ཡིན། 《སྦ་བཞེད་》 ཀྱི་ནང་དུ་ཡང་“སྲུང་མ་ཁྲམ་གང་གི་རྒྱལ་པོ་སྤྱིའི་ཆོས་སྐྱོང་དཔེ་ཧར་ལ་གཏད”⒀ཅེས་པའི་ཚིག་འབྲུ་ལས་པེ་ཧར་རྒྱལ་པོ་འདི་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས་པ་གསལ་པོར་མཚོན་ཐུབ།

དེང་གི་ཆར་བསམ་ཡས་དགོན་པའི་གྲུབ་ཆའི་ལྷ་ཁང་ནང་དུ་པེ་ཧར་རྒྱལ་པོའི་སྐུ་བརྙན་རྟེན་དུ་བཞུགས་ཡོད་པ་མ་ཟད། དམངས་གཞས་ཀྱི་ཁྲོད་དུ་ཡང་། བསམ་ཡས་བསམ་ནས་མ་ཡོང་། ། ཆོས་སྐྱོང་བསམ་ནས་ཡོང་ཡོད། བསམ་ཡས་ཆོས་སྐྱོང་ཆེན་པོས། ། ང་ལ་ལུང་བསྟན་གནང་རོགས། ། ཞེས་བསམ་ཡས་དགོན་པའི་ཆོས་སྐྱོང་པེ་ཧར་རྒྱལ་པོ་འདི་ཉིད་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་པ་ར་སྤྲོད་ཐུབ་བོ། །

གཉིས།  ཚལ་ཡང་དགོན་དང་འབྲེལ་བའི་གཏམ།  ཚལ་ཡང་དགོན་ནི་བཀའ་བརྒྱུད་ཆོས་བརྒྱུད་འཛིན་མཁན་གུང་ཐང་བླ་མ་ཞང་འགྲོ་བའི་མགོན་པོས་རབ་བྱུང་གསུམ་པའི་ཤིང་ལུག་ལོ་སྟེ་སྤྱི་ལོ་1175ལོར་ཕྱག་བཏབ་པ་ཡིན་ཞིང་། བཀའ་བརྒྱུད་བྱེ་བྲག་ཆེ་བཞི་ཆུང་བརྒྱད་ལས་ཆེ་བ་བཞིའི་ཡ་གྱལ་ཚལ་པ་བཀའ་བརྒྱུད་ཀྱི་གདན་ས་ཐོག་མ་འདི་ཡིན་ལ། གྲུབ་མཐའི་མིང་ཡང་གདན་ས་འདི་ཉིད་ལས་ཐོགས་པ་ཞིག་ཡིན། ཚལ་ཡང་དགོན་ནི་ཕྱིས་སུ་དགོན་པའི་གྲུབ་ཆའི་མ་ལག་ཆ་ཚང་བའི་ཚལ་གུང་ཐང་གཙུག་ལག་ཁང་གི་བྱེ་བྲག་གྲྭ་ཚང་གཅིག་ཡིན་ཞིང་།  ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་ཚལ་གུང་ཐང་ཤང་དུ་གནས་ཡོད་དེ།  བྱང་ངོས་སུ་ཚལ་ཡང་དགོན་དང་དབུས་གླིང་།  ལྷོ་ངོས་སུ་གུང་ཐང་གཙུག་ལག་ཁང་བཅས་བཞུགས་ཡོད།

པེ་ཧར་རྒྱལ་པོ་ནི་གོང་དུ་ཞུས་པ་བཞིན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཡུལ་བྷ་ཏ་ཧོར་ནས་བསམ་ཡས་གཙུག་ལག་ཁང་དུ་གདན་དྲངས་ཏེ་གདན་ས་འདི་ཉིད་ཀྱི་སྲུང་མར་བསྐོས་གནང་བ་དང་། ཕྱིས་སུ་ཚལ་ཡང་དགོན་དང་འབྲེལ་བ་བྱུང་བ་ཡིན་ཏེ།  ཕྱི་རྒྱལ་གྱི་ཞིབ་འཇུག་པ་ཨོ་ཇེ་ཁེ་ཝི་ཚི་(wojkowitz)ཡིས་བརྩམས་པའི་དཔེ་ཆ་《བོད་ཀྱི་ལྷ་འདྲེ་གདོན་བགེགས་》(《 oracles and Demons o་Tibet 》)ཞེས་པའི་ནང་“གསུང་སྲོལ་ལ་པེ་ཧར་རྒྱལ་པོ་བསམ་ཡས་དགོན་པར་ལོ་བདུན་བརྒྱ་བཞུགས་པའི་ཕྱིས་སུ་ཚལ་གུང་ཐང་ལ་གནས་སྤོས་གནང་བ་ཡིན།  དགོན་པ་འདི་ཉིད་ཀྱི་བསྡུས་མིང་ལ་གུང་ཐང་དགོན་པ་ཟེར་ཞིང་། རྙིང་མ་བས་ཕྱག་བཏབ་པ་ཞིག་ཡིན་ལ།  ལྷ་སའི་ཤར་ངོས་སྐྱིད་ཆུའི་འགྲམ་དུ་ཆགས་ཡོད”⒁ཅེས་པེ་ཧར་རྒྱལ་པོ་བསམ་ཡས་ནས་ཚལ་གུང་ཐང་ལ་གནས་སྤོས་པའི་སྐོར་འཁོད་ཅིང་། གཞན་ད་དུང་ཚལ་གུང་ཐང་གཙུག་ལག་ཁང་གི་བསྡུས་མིང་ལ་གུང་ཐང་དགོན་པ་དང་རྙིང་མ་བས་ཕྱག་བཏབ་པ་སོགས་ཀྱི་སྐོར་ནི་ནོར་འཁྲུལ་དུ་སོང་འདུག    དེ་ཡང་པེ་ཧར་རྒྱལ་པོ་འདི་ཚལ་དུ་ཕེབས་པའི་བརྒྱུད་རིམ་སྐོར་ལ་《ཚལ་གུང་ཐང་གཙུག་ལག་ཁང་གི་དཀར་ཆག་སྐྱིད་ཆུའི་རང་མདངས་》ལས། “བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་འདོད་ཆགས་ཀྱིས་གཡོས་ཏེ་བེ་རོ་ཙ་ནར་ཆགས་སེམས་སྐྱེས་ནས་སློབ་དཔོན་གྱི་སྐུ་ལ་འཇུས་པ་སོགས་མ་རིག་པའི་བྱ་བ་མང་དག་ཅིག་བརྩམས་པས། བེ་རོ་ཙ་ན་དངངས་སྐྲག་སྐྱེས་ཤིང་།  ཐུགས་ཀྱང་བྱིས་པས་སྒོ་ང་བསྐྱུར་བ་ལྟ་བུར་གྱུར་ནས་སྒོ་རུ་ཁ་ཅུར་ཏེ་བྲོས།  བཙུན་མོ་ཁྲོས་ནས་བཙན་པོ་དང་བློན་འབངས་རྣམས་ལ་ལྟོ་ལོང་བཏབ་པས་སློབ་དཔོན་བྲག་ཡེར་པའི་ཕྱོགས་སུ་བྲོས་བྱོལ་དུ་ཕེབས། ཚལ་གྱི་ས་རུ་སླེབས་འཕྲལ་བསམ་ཡས་དཀོར་སྲུང་པེ་ཧར་རྒྱལ་པོ་དང་ཀླུ་མོ་གཉིས་རང་གི་རྗེས་སུ་འབྲངས་ནས་ཕེབས་པར་ཤེས་ནས། བེ་རོ་ཙ་ན་ཡིས་ཚལ་གྱི་ས་རུ་སྐུ་མཁར་བརྩིགས་ཏེ་པེ་ཧར་རྒྱལ་པོ་དང་ཀླུ་མོ་གཉིས་མ་ཕེབས་པར་གནས་འདི་རུ་བཞུགས་ཤིག་ཞེས་གསུངས་པས། དེ་ནས་བཟུང་བསམ་ཡས་དཀོར་སྲུང་པེ་ཧར་རྒྱལ་པོ་ཚལ་དུ་ཆགས་ཏེ་སྲུང་མར་གྱུར་བ་ཡིན་”⒂ཞེས་པ་ལྟར། པེ་ཧར་རྒྱལ་པོ་ནི་སློབ་དཔོན་བེ་རོ་ཙ་ན་དང་མཉམ་དུ་ཚལ་ལ་ཕེབས་ཏེ་གནས་འདི་རུ་ཆགས་པར་གྲགས།  ཕྱིས་སུ་གུང་ཐང་བླ་མ་ཞང་གིས་ཚལ་ཡང་དགོན་ཕྱག་བཏབ་རྗེས་གདན་ས་འདི་ཉིད་ཀྱི་སྲུང་མར་བསྐོས་གནང་བ་ཡིན།

ཡང་། གུང་ཐང་བླ་མ་ཞང་དང་པེ་ཧར་རྒྱལ་པོ་གཉིས་དབར་ལ་འགལ་བ་བྱུང་སྟེ་ལྷག་པའི་དོན་རྐྱེན་ཞིག་གཏམ་རྒྱུད་ཀྱི་ཚུལ་དུ་འདི་ལྟར་འཁོད་ཡོད་དེ། “དུས་རབས་བཅུ་གཉིས་ནང་བླ་མ་ཞང་བརྩོན་འགྲུས་གཡུ་བྲག་གིས་གུང་ཐང་དགོན་པ་བཞེངས་སྐབས། དགོན་པ་ཕྱག་བཏབ་ཡུལ་སྐོར་བསམ་ཡས་ཀྱི་ཆོས་སྐྱོང་ཆེན་པོ་པེ་ཧར་རྒྱལ་པོ་ལ་བཅར་འདྲི་ཞུས་པའི་ཚེ། ཆོས་སྐྱོང་གིས་རི་ཡི་སྒང་ན་ཕྱག་འདེབས་ན་ལེགས་ཞེས་བརྗོད། ཡིན་ནའང་བླ་མ་ཞང་དང་ཚལ་པ་ཁྲི་དཔོན་གྱིས་ཁོང་གི་བཀའ་ལ་མ་གསན་པར། དེ་ལས་ལྡོག་སྟེ་དགོན་པ་དེ་ཀླུང་ལ་ཕྱག་བཏབ་པ་མ་ཟད། ལས་གཞུག་སྐྱོང་སྐབས་ཚོན་པ་མང་པོ་ཞིག་མི་ལག་ཏུ་འཁྲིད་དེ་ཚོན་གཏོང་འགོ་བརྩམས། དེའི་ཚེ་ཆོས་སྐྱོང་ཆེན་པོ་དེས་འཁོན་འཛིན་གྱི་དབང་གིས་ཚོན་པའི་ལས་རོགས་ཕྲུ་གུ་ཞིག་ལ་སྦྲུལ་ནས་ཚོན་གཡོག་ཞབས་ཕྱི་ཡང་དག་པ་ཞུས་ཤིང་། ཚོན་པ་ཆེ་མོ་བ་རྣམས་ལ་ཚོན་ཤུགས་སྐབས་རིམ་པ་མ་ནོར་བར་ཇི་མ་ཇི་བཞིན་བསྒྲུབས་པའི་དབང་གིས་ཚོན་པ་ཆེན་མོས་གཙོས་པའི་ཚོན་པ་ཡོད་དོ་ཅོག་ཐུགས་དགྱེས་ཐག་ཆོད་ནས། ཁོ་ལ་སྨྲས་པ། ད་ཚོན་གཏོང་འགྲུབ་གྲབས་འདུག   བུ་ཁྱེད་ལ་རྔན་པ་ག་རེ་དགོས་ཞེས་དྲིས་པར་ཁོས་ང་ལ་གཞན་གང་ཡང་མི་དགོས།  ད་ཐེངས་ཁྱེད་རྣམས་ནས་སྒོ་འཆོར་འོག་གི་ལྷོ་ངོས་ནས་བྱང་ལ་ཁ་གཏད་དེ་སྤྲེའུ་ཞིག་གི་ལག་པར་གཟིམ་སྤོས་བསྣམས་བསྡད་པ་ཞིག་བྲིས་རོགས་ཞེས་ལབ་པས། ཁོ་ཚོ་ཡ་མཚན་ཆེན་པོ་སྐྱེས་ཏེ་ཕན་ཚུན་བཀའ་བསྡུར་བྱས་རྗེས།  ཕྲུ་གུ་དེས་ཚོན་གཡོག་ཤིན་ཏུ་ལེགས་པོ་རྒྱུག་དབང་གིས་མཐར་ཁོའི་ཐུགས་འདོད་བསྐོང་ཕྱིར་དེ་ག་རང་བྲིས་སྐད་དོ།  རྗེས་སུ་ཚལ་པ་བཀའ་བརྒྱུད་ཀྱི་མཛད་པོ་བླ་མ་ཞང་དང་ཚལ་པ་ཁྲི་དཔོན་གཉིས་ཞབས་བཅགས་ཀྱིས་གཟིགས་སྐོར་ལ་ཕེབས་ནས་རྒྱང་གཟིགས་གནང་སྐབས་སྤྲེའུ་གཟིམ་སྤོས་བསྣམས་ཡོད་པ་དེ་སྤྱན་ལམ་དུ་འཆར་བས་དེ་ལྟར་བྲིས་པ་ཏོག་ཙམ་འགྲིག་མེད་ཀྱང་ཕྱིས་དྲགས་པས་ད་དེ་མ་བསུབ་པར་རང་འཇགས་བཞག་ཞོག་ཅེས་བཀའ་གནང་བ་རེད། གང་ལྟར་ཆོས་སྐྱོང་གིས་བླ་མ་ཞང་ལ་འཁོན་འཛིན་བཅངས་པའི་དབང་གིས་རྗེས་སུ་གུང་ཐང་དགོན་པར་མེ་སྐྱོན་ཆེན་པོ་བྱུང་བར་གྲགས་”16ཞེས་གུང་ཐང་བླ་མ་ཞང་གིས་པེ་ཧར་རྒྱལ་པོ་ལ་གདན་ས་འདེབས་ཡུལ་སྐོར་བཅར་འདྲི་ཞུ་བ་དང་། བླ་མ་ཞང་གིས་སྲུང་མའི་བཀའ་ལ་མ་གསན་པར་གདན་ས་ཡུལ་གཞན་ལ་ཕྱག་བཏབ་པས་ཕན་ཚུན་འགལ་བ་བྱུང་སྟེ་པེ་ཧར་རྒྱལ་པོས་འཁོན་ལན་སློག་པ་སོགས་ཀྱི་སྐོར་གཏམ་རྒྱུད་དང་སྦྲེལ་ཏེ་གླེང་ཡོད།  ཕྱིས་སུ་བླ་མ་ཞང་གིས་པེ་ཧར་རྒྱལ་པོ་སྒམ་ནང་དུ་བཅུག་སྟེ་སྐྱིད་ཆུའི་ནང་དུ་དབྱུགས་པ་དང་། འབྲས་སྤུངས་དགོན་པའི་བདེ་ཡངས་གྲྭ་ཚང་གི་མཁན་རབས་དང་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་འབྲས་སྤུངས་སུ་གདན་འདྲེན་ཞུ་འདོད་ཀྱང་རྟེན་འབྲེལ་གྱིས་རྐྱེན་པས་ད་ལྟའི་གནས་ཆུང་དགོན་པ་ཆགས་སའི་ས་འདི་རུ་པེ་ཧར་རྒྱལ་པོའི་བླ་ཤིང་ཡིན་ཟེར་བའི་ཤིང་དུ་ཐིམ་པ་ཡིན་ཞེས་ངག་རྒྱུན་དུ་གྲགས། འོན་ཀྱང་གཏམ་རྒྱུད་འདིའི་ནང་དུ་ཡོད་པའི་མི་སྣ་གཙོ་བོ་གུང་ཐང་བླ་མ་ཞང་དང་ལྕོག་པ་བྱང་ཆུབ་དཔལ་ལྡན་གཉིས་ནི་ལོ་རྒྱས་ནང་དངོས་སུ་བྱུང་བའི་མི་སྣ་ཡིན་ཡང་། ཁོ་གཉིས་འཚོ་བའི་དུས་ཚོད་ནི་མི་གཅིག་པ་ཡིན་ཏེ།  ཁོ་གཉིས་འཚོ་བའི་དུས་ཚོད་ནི་མི་གཅིག་པ་ཡིན་ཏེ།  གུང་ཐང་བླ་མ་ཞང་ནི་སྤྱི་ལོ་1123ལོར་སྐུ་འཁྲུངས་པ་དང་སྤྱི་ལོ་1193ལོར་སྐུ་མྱ་ངན་ལས་འདས། ལྕོག་པ་བྱང་ཆུབ་དཔལ་ལྡན་གྱི་འཁྲུངས་འདས་ལོ་ཚིགས་ཡིག་ཆའི་ནང་མ་གསལ་ཡང་ཁོང་ནི་འབྲས་སྤུངས་དགོན་པའི་བདེ་ཡངས་གྲྭ་ཚང་གི་མཁན་རབས་དང་པོ་ཡིན་པས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས་དགོན་ཕྱག་བཏབ་པའི་ཕྱིས་སུ་བྱུང་བ་ནི་གོར་མ་ཆག   དེར་བརྟེན་གུང་ཐང་བླ་མ་ཞང་དང་ལྕོག་པ་བྱང་ཆུབ་དཔལ་ལྡན་གཉིས་འཚོ་སྡོད་ཀྱི་དུས་ཚོད་དབར་ལ་ཧེ་བག་ལོ་སུམ་བརྒྱ་ཙམ་ཡོད་པ་མ་ཟད།  ཚལ་ཡང་དགོན་ལ་མེ་སྐྱོན་བྱུང་བའི་དུས་ཚོད་ནི་རབ་བྱུང་དགུ་པའི་མེ་རྟ་ལོ་སྟེ་སྤྱི་ལོ་1546ལོར་ཡིན་པས། གོང་གི་གཏམ་རྒྱུད་ཀྱི་ནང་དོན་ལ་ཡིད་རྟོན་དཀའ་བ་ཞིག་ཡིན།

དེ་ཡང་གོང་དུ་ཞུས་པའི་པེ་ཧར་རྒྱལ་པོ་བསམ་ཡས་དགོན་ནས་ཚལ་ཡང་དགོན་གྱི་བསྟན་སྲུང་དུ་བསྒྱུར་ཚུལ་ཙམ་ལས་རྒྱུ་མཚན་སྐོར་འཁོད་མི་འདུག ཁོ་བོའི་བསམ་ཚུལ་ལ། བསམ་ཡས་དགོན་པ་འདི་ཐོག་མར་གྲུབ་མཐའ་རྙིང་མ་ཡིན་པ་དང་། ཕྱིས་སུ་ས་སྐྱ་བས་བདག་སྐྱོང་གནང་བ་ཡིན་པས། སྲུང་མ་གནས་སྤོས་པའི་གཏམ་རྒྱུད་འདི་ཉིད་ཕལ་ཆེར་སྐབས་དེ་དུས་གྲུབ་མཐའ་དབར་གྱི་སྟོབས་ཤུགས་འཕེལ་འགྲིབ་དང་འབྲེལ་བ་ཡོད་ཤས་ཆེ།

          གསུམ། དགེ་ལུགས་པའི་སྲུང་མར་བསྐོས་ཚུལ། དགེ་ལུགས་པ་ཞེས་པའི་གྲུབ་མཐའ་འདི་ཉིད་རྗེ་ཙོང་ཁ་པ་ཆེན་པོས་སྤྱི་ལོ་1409ལོར་དགའ་ལྡན་དགོན་པ་ཕྱག་བཏབ་རྗེས་བྱུང་ཞིང་།  བོད་ཡུལ་དུ་དར་ཁྱབ་ཆེ་ཤོས་ཤིག་ཡིན། དགེ་ལུགས་པར་ཡོངས་སུ་གྲགས་པའི་བསྟན་སྲུང་ནི་སྲུང་མ་དམར་ནག་ཅེས་གྲགས་པའི་ནག་པོ་དཔལ་ལྡན་ལྷ་མོ་དང་དམར་པོ་གནས་ཆུང་ཆོས་སྐྱོང་ངམ་པེ་ཧར་རྒྱལ་པོ་ཡིན། དེ་ཡང་པེ་ཧར་རྒྱལ་པོ་འདི་དང་ཐོག་བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་བྱེ་བྲག་ཅིག་ཡིན་པ་ལས་གྲུབ་མཐའ་གཅིག་གིས་གཙོ་བོར་འཛིན་སྲོལ་མེད་ལ། དགེ་ལུགས་པའི་གྲུབ་མཐའ་བྱུང་བའི་ཕྱིས་སུ་པེ་ཧར་རྒྱལ་པོ་འདི་དུས་ཀྱི་བཞུར་རྒྱུན་ཁྲོད་རིམ་བཞིན་གྲུབ་མཐའ་འདི་ཉིད་ཀྱི་སྲུང་མ་གལ་འགངས་ཆེ་ཤོས་ཀྱི་གྲས་སུ་བསྒྱུར་བ་ཡིན། གཤམ་ལ་ལོ་རྒྱུས་མི་སྣ་ཁག་གཅིག་དང་པེ་ཧར་རྒྱལ་པོའི་དབར་གྱི་འབྲེལ་བའི་ཆ་ནས་སྲུང་མ་འདི་ཉིད་དགེ་ལུགས་པའི་བསྟན་སྲུང་གཙོ་བོར་བསྒྱུར་ཚུལ་གསལ་བཤད་བྱ་བ་ལ།

          1. འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དང་ལྷ་གནམ་ཐེ་དཀར་པོ།  འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ནི་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཡིན་ཞིང་།  རབ་བྱུང་དྲུག་པའི་ས་ལུག་ལོ་སྟེ་སྤྱི་ལོ་1379ལོར་བསམ་ཡས་སུ་སྐུ་འཁྲུངས། རྩེད་ཐང་དུ་རབ་ཏུ་བྱུང་། སྔ་རྗེས་སུ་གསང་ཕུར་གཉལ་རྒོད་རིན་བསམ་དང་།  ལྡན་མ་དཀོན་མཆོག་སེང་གེ  སྐྱོར་མོ་ལུང་དུ་མཁན་ཆེན་བཀའ་བཞི་པ་བློ་གསལ།  དགའ་ལྡན་དུ་རྗེ་ཙོང་ཁ་པ་ཆེན་པོ་བཅས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་ཚུལ་མང་པོ་གསན་ཏེ་ཐུགས་སུ་ཆུད།

དེ་ནས་རྗེ་ཙོང་ཁ་པ་ཆེན་པོའི་བཀའ་ལྟར་རབ་བྱུང་བདུན་པའི་མེ་སྤྲེལ་ལོ་སྟེ་སྤྱི་ལོ་1416ལོར་དཔལ་ལྡན་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ཞྭ་སེར་ཅོད་པཎ་ལུགས་ཉིད་དར་སྤེལ་བཏང་བ་དང་། ཆོས་ཕྱོགས་ཀྱི་མཛད་པ་མང་དག་ཅིག་བསྒྲུབས་རྗེས་རབ་བྱུང་བརྒྱད་པའི་ས་སྦྲུལ་ལོ་སྟེ་སྤྱི་ལོ་1449ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ། དེ་ཡང་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དང་པེ་ཧར་རྒྱལ་པོའི་དབར་གྱི་འབྲེལ་བའི་སྐོར་ལ་《 ཐམས་ཅད་མཁྱེན་པ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུང་བའི་གཏམ་རབ་ཏུ་གསལ་བའི་སྒྲོན་མེ་》ལས།

“ཤིང་མོ་ལུག་གི་ལོ་སྣེའུ་གཞིས་ཁར་བཞུགས་པའི་ནུབ་གཅིག་རྣལ་ལམ་དུ་འབག་ལུང་པའི་མདར་སྨྲ་སེང་གེ་ཆོས་སྡེ་བྱུང་ས་ན་ཕེབས་པའི་སྣང་བ་བྱུང་།  ལྷ་གནམ་ཐེ་དཀར་པོ་ཡིན་ཟེར་བ་ཅིག་བྱུང་ནས་ཁྱེད་ཀྱིས་འདིར་ཆོས་སྡེ་གཅིག་ཐོབ།  ངས་ཁྱོད་ལ་བཙུན་པ་སྟོང་ཕྲག་ལྔ་འབུལ་ཟེར་ཅིག་བྱུང་། ཡང་དར་འབག་གི་ནང་ལ་ཡང་བྱོན་པས་ལམ་ན་རྫིང་བུ་མང་པོ་འདུག འདི་རྣམས་ཅི་ཡིན་བྱས་པས་ལོངས་སྤྱོད་ཀྱི་ཆུ་ཡིན་ཟེར། དེ་ནས་ཡར་བྱོན་པས་གླང་ཆེན་རིའི་གདོང་ན་རྫིང་བུ་ལེགས་པོ་ཆུ་འབབ་པ་ཞིག་འདུག་པའི་རྫིང་ཁ་ན་རྗེ་རིན་པོ་ཆེ་བཞུགས་འདུག་པས་ཁྱེད་ཀྱིས་འདིར་ཆོས་སྡེ་གཅིག་ཐོབ།  ངས་ཀྱང་ཉན་བཤད་བྱས་པས་འདི་འདྲ་བྱུང་བ་ཡིན་གསུངས་ནས་རྫིང་བུ་ལ་ཕྱག་མཛུབ་བཙུགས་བྱུང་”17ཀྱི་ཞེས་པ་ལྟར། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས་དགོན་པ་ཕྱག་མ་བཏབ་གོང་ལྷ་གནམ་ཐེ་དཀར་པོ་དང་རྗེ་ཙོང་ཁ་པ་ཆེན་པོའི་ལུང་བསྟན་ཐོབ་པ་ཡིན་ཞིང་། འདིར་བརྗོད་པའི་ལྷ་གནམ་ཐེ་དཀར་པོ་ནི་པེ་ཧར་རྒྱལ་པོ་ལ་ཟེར་བ་ཡིན།  དེའི་སྐོར་《བོད་ཀྱི་ལྷ་འདྲེ་གདོན་བགེགས་》 ནང་། “བྷ་ཏ་ཧོར་གྱི་ས་ཆ་རུ་པེ་ཧར་རྒྱལ་པོའི་འབོད་སྲོལ་ནི་ཕོ་ལྷ་གནམ་ཐེབ་དཀར་པོ་ཟེར་བ་དེ་ཡིན། འོན་ཀྱང་མིང་དེ་ལའང་ཟེར་སྲོལ་མི་འདྲ་བ་མང་པོ་ཡོད་དེ། གནམ་ཐིབ་དཀར་པོ། གནམ་ལྷ་དཀར་པོ། གནམ་རྡེའུ་དཀར་པོ། གནམ་སྡེ་དཀར་པོ། གནམ་ཐེལ་དཀར་པོ། གནམ་ཐེ་དཀར་པོ། གནམ་ཐེའུ་དཀར་པོ་སོགས་འབོད་སྟངས་མང་དུ་བྱུང་ཡང་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་”18 ཞེས་དང་། སློབ་དཔོན་པདྨས་མཛད་པའི་《རྒྱལ་མདོས་》ཞེས་པའི་ཆོ་གའི་ནང་། “ཆོས་སྐྱོང་རྒྱལ་པོ་པེ་ཧ་ར། །  སྐྱེས་སུ་རྒྱལ་པོ་ཆེན་པོ་སྟེ། ། དང་པོ་གནམ་གྱི་སྟེང་དུ་བྱོན། ། གནམ་ལྷ་དཀར་པོ་ཞེས་སུ་གྲགས། ། བར་དུ་ཧོར་གྱི་ཡུལ་དུ་བྱོན། ། སྒོམ་གྲྭ་ཆེན་པོའི་སྲུང་མ་མཛད། ། སྲོག་བདག་རྒྱལ་པོ་ཞེས་སུ་གྲགས། ། ”19 ཞེས་གོང་གི་ཡིག་ཆ་གཉིས་ལས་འཇམ་དབྱངས་ཆོས་རྗེར་ལུང་བསྟན་གནང་མཁན་གྱི་ལྷ་གནམ་ཐེ་དཀར་པོ་ཞེས་པ་འདི་པེ་ཧར་རྒྱལ་པོ་ཡིན་པ་དོགས་པ་སྤུ་ཙམ་གནང་མི་དགོས་སོ། །

གཞན་ཡང་《རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་》ཞེས་པའི་ནང་འདི་ལྟར་འཁོད་ཡོད་དེ། “ཤིང་འབྲུག་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཀྱི་ཐོ་རེངས་སྔ་བར་བཞེངས་ཏེ། དཔོན་གཡོག་ཉུང་བསྡུས་གསང་ཐབས་ཀྱི་ཁང་གསར་དུ་གོང་དུ་འབྱོན་པར་ཆས་པའི་ཚེ།  གནས་ཆུང་ལྕོག་ཏུ་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་རྡོ་རྗེ་འོད་ལྡན་དཀར་པོ་ཐོག་ཕེབས་སུ་སྐུ་ཁོག་ཏུ་ཞུགས་”20 ཞེས་འབྲས་སྤུངས་ནས་དཔོན་གཡོག་ཁག་ཅིག་གསང་བའི་ངང་ནས་སྡེ་པ་རྣམ་རྒྱལ་གྲགས་པའི་སྲས་ཡ་མཚན་ཅན་དེ་ཉིད་འབྲས་སྤུངས་ཆོས་རྗེའི་སྤྲུལ་པའི་སྐུ་སྟེ་རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱལ་མཚོའི་སྤྲུལ་སྐུ་དངོས་ཡིན་མིན་སྐོར་བརྟག་པར་མངགས་པས་གནས་ཆུང་ལྕོག་ཏུ་ཆོས་སྐྱོང་ལྷ་ཕེབས་ཏེ་ལུང་བསྟན་གནང་བའི་སྐོར་འཁོད་འདུག  ཐེངས་འདིའི་ལྷ་ཕེབས་པའི་ཆོས་སྐྱོང་གི་མཚན་ལ་རྡོ་རྗེ་འོད་ལྡན་དཀར་པོ་ཟེར་བ་ཡིན་པས།  པེ་ཧར་རྒྱལ་པོ་ལ་རྡོ་རྗེ་འོད་ལྡན་དཀར་པོ་དང་ལྷ་གནམ་ཐེ་དཀར་པོ་སོགས་འབོད་སྲོལ་མི་འདྲ་བ་མང་པོ་ཡོད་པ་ཤེས་ནུས་པས་འདིར་དཔྱད་གཞི་ཙམ་མོ། །

2. ལྕོག་པ་བྱང་ཆུབ་དཔལ་ལྡན་དང་གནས་ཆུང་། ལྕོག་པ་བྱང་ཆུབ་དཔལ་ལྡན་ནི་ཤིང་ཕོ་སྤྲེལ་གྱི་ལོའི་ཟླ་བ་དང་པོའི་ཚེས་བཅུའི་ཉིན་སྐུ་བལྟམས། སྐུ་གཟུགས་ཀྱི་མདོག་ཕུན་སུམ་ཚོགས་པའི་རྐྱེན་གྱིས་མཚན་དགྱེས་པའི་རྡོ་རྗེར་གསོལ། ལུག་ལོ་སྟེ་དགུང་ལོ་བཅུ་གཅིག་གི་སྟེང་སྤྱན་སྔ་བ་རིན་ཆེན་སྙིང་པོའི་དྲུང་དུ་དགེ་བསྙེན་གྱི་བསླབ་པ་རྫོགས་པར་བླངས། དེ་ནས་བཀའ་གདམས་གོང་མའི་གདན་ས་སྙེ་ཐང་འོར་དང་། ཡེར་པ། རྭ་སྒྲེང་། བསམ་ཡས། ལྷ་ས་བཅས་ལ་ཕེབས་ཏེ་གདུང་ཤུགས་དྲག་པོས་གསོལ་བ་བཏབ། སྤྲེལ་ལོ་སྟེ་དགུང་ལོ་ཉི་ཤུ་རྩ་ལྔར་སྤྱན་སྔ་བ་རིན་ཆེན་དྲུང་ནས་བསྙེན་པར་རྫོགས་པའི་མཚན་དུ་རིག་པའི་རྒྱལ་པོར་གསོལ། དེ་ནས་ཆོས་ཕྱོགས་ཀྱི་རིག་པའི་གནས་ལ་འབད་པ་ཧུར་ཐག་བྱས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་རབ་བྱུང་བདུན་པའི་མེ་སྤྲེལ་ལོ་སྟེ་སྤྱི་ལོ་1416 ལོར་དཔལ་ལྡན་འབྲས་སྤུངས་དགོན་པ་ཕྱག་བཏབ་གནང་བའི་ཕྱིས་སུ་དགོན་པའི་གྲྭ་ཚང་བྱེ་བྲག་བདེ་ཡངས་གྲྭ་ཚང་གི་མཁན་རབས་དང་པོ་མཛད་པ་ཡིན།

ལྕོག་པ་བྱང་ཆུབ་དཔལ་ལྡན་དང་པེ་ཧར་རྒྱལ་པོའི་སྐོར་ལ་《དཔལ་ལྡན་འབྲས་སྤུངས་དགོན་གྱི་དཀར་ཆག་དྲི་མེད་དྭངས་གསལ་ཤེལ་གྱི་མེ་ལོང་》ལས། “གུང་ཐང་གླིང་ལོག་རྗེས་མཚལ་པ་བྱམས་པ་ཀུན་དགའ་ཞེས་པས་གསེར་ཁང་དགོན་པ་ནས་པེ་ཧར་གྱི་རྟེན་སྒམ་ཆུར་འཕངས་པས་སྐྱིད་ཆུའི་གཞུང་དུ་བྱུང་ནས་འབྲས་སྤུངས་ཀྱི་མདུན་དུ་འབྱོར་སྐབས་འཁུར་ཞིང་། ལྕོག་པ་བྱང་ཆུབ་དཔལ་ལྡན་ནས་གསོལ་དཔོན་རྟེན་སྒམ་ལེན་དུ་བཏང་གནང་བས་གསོལ་དཔོན་གྱིས་ཆུ་ནང་ནས་བཏོན་ཏེ་འཁུར་ཡོང་སྐབས་ད་ལྟའི་གནས་ཆུང་དགོན་པ་ཆགས་ཡུལ་དུ་སྒྲོ་སྡོང་ཆེན་པོ་ཡོད་པ་དེའི་འགྲམ་དུ་ཕ་བོང་ཆེན་པོ་ཞིག་ཡོད་པའི་སྟེང་སྒམ་བཞག་སྟེ་ངལ་གསོ་སྐབས་སྒམ་ཁ་ཕྱེ་བས་སྒམ་ནང་ནས་བྱ་ཕུག་རོན་ཞིག་ཐོན་སྟབས་གསོལ་དཔོན་ནས་བླ་‘མཁྱེན་’ཞེས་འབོད་པས་ཕ་བོང་དེར་བླ་མ་མཁྱེན་ཞེས་པའི་ཡི་གེའི་རང་བྱོན་བྱུང་བ་ད་ལྟ་མཇལ་རྒྱུ་ཡོད་པ་དེ་ཡིན།  ཕུག་རོན་དེ་སྒྲོ་སྡོང་ལ་ཐིམས་པའི་སྐོར་གསོལ་དཔོན་གྱིས་གནས་ལུགས་མཁན་པོར་གསོལ་བས་མཁན་པོས་རྟེན་འབྲེལ་ཅུང་མ་འགྲིག་ཀྱང་མ་འོངས་པ་ན་དེར་གནས་ཆུང་ཆུང་ཞིག་ཆགས་ཡོང་གསུངས་པ་ལྟར་དེ་རྗེས་དགོན་པ་འདི་ཆགས་པ་ཡིན་ཚུལ་གསུངས་”21ཞེས་འཁོད་པ་དང་། ཡང་《དུང་དཀར་ཚིག་མཛོད་ཆེན་མོ་》ཡི་ནང་།  མཁན་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་“ཤིང་སྡོང་དེའི་འགྲམ་དུ་རྟེན་ཁང་ཆུང་ངུ་ཞིག་བརྩིགས་པ་དང་། ——–རྗེས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གནས་ཆུང་གི་རྟེན་མཁར་ཆུང་ངུ་དེར་གཞི་བྱས་ནས་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་པའི་དགོན་པ་དེ་བཏབ་པ་ཡིན” 22 ཞེས་འཁོད་པས་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་སྐབས་དེ་དུས་པེ་ཧར་གྱི་བླ་ཤིང་ཡིན་ཟེར་བའི་ཤིང་སྒྲོ་སྡོང་དེའི་འགྲམ་དུ་སྲུང་མའི་རྟེན་ཁང་ཆུང་ངུ་ཞིག་བརྩིགས་པ་ཤེས་ཐུབ།

དེ་ཡང་རང་ཉིད་ཀྱི་ལག་ཏུ་སོན་པའི་དཔེ་ཐུང་བྲིས་མ《ལྕོག་པ་བྱང་ཆུབ་དཔལ་ལྡན་པའི་རྣམ་ཐར་རགས་བསྡུས་ཆོས་སྐྱོང་ཆེན་པོའི་འབྱུང་ཁུངས་》ཞེས་པའི་ནང་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་པེ་ཧར་རྒྱལ་པོ་གདན་དྲངས་པའི་སྐོར་འདི་ལྟར་འཁོད་འདུག “སྔོན་གྱི་ལས་དབང་གིས་ཚལ་པ་ཁྲི་དཔོན་དོན་ཡོད་རྡོ་རྗེས་ས་གླང་ཧོར་ཟླ་དང་པོའི་ཚེས་གསུམ་ལ་དཔེ་ཧར་འདི་ཉིད་ཁོད་དུ་རླན་ས་ལུང་སྨྲས། གུང་ཐང་མེ་ཡི་འཇིགས་དུས་འདིར། དོན་ཡོད་རྡོ་རྗེ་དག་པའི་ཞིང་དུ་གཤེགས། དཔེ་ཧར་ང་ནི་ཨོ་རྒྱན་གླིང་དུ་འགྲོ། ། ཞེས་སོགས་ལུང་སྨྲས་པས། སློབ་དཔོན་ཁྲོ་གཏུམ་ཆེ་བའི་ཤིས། དཔེ་ཧར་བསྐོར་རྫས་ལུས་གཡར་བཅས་པ་རྣམས་ཆུ་བོའི་གཞུང་ལ་ཞིག་ལན་མང་གསུངས། གདུང་འཛིན་བརྒྱུད་པར་བཅས་པའི་ཞུས་པ་ལ། ཕ་མེས་སྲུང་མ་ཡིན་པས་ཆུ་ལ་བསྐུར་བས་ག་ལ་མཐུས། འཁོར་འབྲངས་རྣམས་ལ་གནོད་འཚེ་ཆེན་པོ་ཡོང་ཞུས་པས། སློབ་དཔོན་ཞལ་ནས། ང་ནི་མི་འཆི་གུང་ཐང་མེས་མི་འཇིག ཁོ་ཨོ་རྒྱན་དུ་འགྲོ་ན་ངས་ལས་སྦྱར་རོ་གསུངས་ནས། ནས་ཀྲོངས་སྟོན་གླང་དམར་སད། དཔེ་ཧར་དཀོར་རྫས་ལུས་གཡར་བཅས་སྐུ་སྐྱེ་ཆུར་གསུང་འཁོར་འབངས་གདུང་འཛིན་རྣམས་ཀྱི་དཔེ་ཧར་དཀོར་རྫས་ལུས་གཡར་བཅས་ཆུ་བོའི་གཞུང་དུ་ཀོ་བར་གདན་འདྲེན་པར་བརྩམས་”23ཞེས་པེ་ཧར་རམ་དཔེ་ཧར་རྒྱལ་པོ་སྐྱིད་ཆུའི་ནང་དུ་འཕངས་པའི་སྐོར་དང་། ཡང་“ཆུ་བོའི་གཞུང་ལ་ཕེབས། དར་འབག་དམར་སེར་ཅན་གྱི་མདར་ཕེབས། རྗེའི་ནས་མདངས་གསུམ་རྨི་ལམ་ཤིན་ཏུ་བཟང་།  ནམ་མཁའ་ནས་མི་དཀར་པོ་ཞིག་གི་ང་ལེན་ང་ལེན་ཟེར་བའི་སྒྲ་དང་བཅས་བྱུང་། འཇའ་འོད་ཀྱི་གུར་ཕུབ་པའི་ནང་ཞིག་ནས་དུང་སོ་འཁོར་མར་ཡོད་པ། གཡུའི་སྨིན་མ་ཅན་རྟ་དཀར་གཞོན་པ། འཁོར་ཚོགས་མང་པོ་བྱུང་སྟེ། བདག་གི་རྐང་པ་སྤྱི་བོར་བླངས། ལུས་ཀྱི་དྲི་མ་རྣམ་བསལ་མི་སྙིང་སྟོང་ཕྲག་གཅིག་སྦྱིན་ཟིན། ལྟས་ཀྱང་མང་ཙམ་བྱུང་བས། དེ་རིང་མགྲོན་ཡོང་བ་ཡོད་པས་གྲབས་གྱིས་ཤིག་གསུང་” 24ཞེས་སྐྱིད་ཆུར་བསྐུར་བའི་རྟེན་སྒམ་དེ་ཉིད་མཁན་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན་ལ་ལེན་དགོས་པའི་ལུང་བསྟན་གནང་བའི་སྐོར་དང་། “ཚེས་ལྔའི་ཉིན་གུང་ཙམ་ལ་དར་འབག་དམར་སེར་ཅན་གྱི་མདའ་སྐྱིད་ཆུའི་འགྲམ་དཔེ་ཧར་བསྐོར་རྫས་ལུས་གཡར་དང་བཅས་པ་བཞུགས་པ། འཇའ་གུར་ཕུབ། འཇའ་དཀར་ཞིག་སློབ་དཔོན་གྱི་དྲུང་སླེབས་བྱུང་བས། དྲུང་གྲགས་པ་རྒྱན་མཚན། དྲུང་དོན་གྲུབ་རབ་བརྟན་གཉིས་ལ་ལུང་པའི་མར་ངེད་རང་གི་མགྲོན་སླེབས་སོང་། གུར་ཡང་ཕུབ་འདུག   གདན་དྲངས་ཤོག་གསུང་། མཛུབ་རིས་མཛད། དྲུང་པ་གཉིས་ཀྱི་མྱུར་དུ་བྱོན་ནས་གཟིགས་”25ཞེས་པེ་ཧར་རྒྱལ་པོ་སྐྱིད་ཆུའི་འགྲམ་དུ་ལེན་པའི་བརྒྱུད་རིམ་རགས་རིམ་ཞིག་འཁོད་འདུག ད་དུང་“སློབ་དཔོན་གྱི་རྟ་བྲ་ནག་རླུང་ཤུགས་ཅན་ཤི་བའི་མགོ་དབྱངས་མགོ་བཅས་ཤ་གླད་མདོའི་སྐྱ་ཧང་ངེ་བ་དེ་སློབ་དཔོན་གྱི་མདུན་དུ་ཡོད་པར། དཔེ་ཧར་དཀོར་རྫས་ལུས་གཡར་དང་བཅས་པ་སློབ་དཔོན་གྱི་མདུན་དུ་འབྱོར་”26ཞེས་སྲུང་མ་དེ་ཉིད་གདན་དྲངས་པའི་སྐོར་དང་།  “རྗེ་ཉིད་ཀྱི་དངུལ་རྡུང་པའི་ཡུམ་སྒྲོལ་མ་ལྷ་མཛེས་གྲོངས་པའི་དགོངས་རྫོགས་སུ་གཡུ་གསེར་ཞོ་སྟོང་རི་བའི་གཙོས་དངོས་ཆས་རྣམས་རྫོགས་བྱང་དུ་བསྔོ་བའི་ཕྱིར་དུ་ཕུལ་བའི་ཐོག   སློབ་དཔོན་གྱི་ཕྱག་ཏུ་བཞེས་ནས། སྒྲོན་མ་ལྷ་མཛེས་བདེ་བ་ཅན་དུ་སོང་གསུངས་ནས་བསྔོ་བ་སྨོན་ལམ་གྱི་འཚམས་སྦྱོར་རྒྱས་པ་མཛད། གཡུ་ཕྱག་ཏུ་བཞེས། རྟ་མགོའི་མགོར་བཞག་ཏེ་དཔེ་ཧར་རྟེན་མདོས་འདི་ལ་འཆོལ། སྔར་བཅོལ་ལེགས་པའི་བཏང་རག་གཉན་པོ་དང་། བཅོལ་ལེགས་པའི་ས་སྟོང་བརྟེན་དུ་འཛུགས། རྟ་མགོ་གཡུ་ཕྲ་ཅན་དེ་དེ་ནས་བྱུང་། རྗེའི་ཞལ་ནས། སྟག་དངོས་དུང་བའི་ཞལ་ངོར་བཀའ་བསྒོས་ཏེ།  ང་ཡི་ཆོས་གསུང་དཔེ་ཧར་འདི་ཉིད་ལ་གནས་ཆུང་ཆུང་ཞིག་བཞེངས་ཤིག་གསུང་། བླ་མའི་བཀའ་བཞིན་ལེགས་པར་སྒྲུབ་ནས། རྗེ་ཉིད་ཀྱི་རྟ་མགོས་གཙོས་སྐུ་གསུང་ཐུགས་ཀྱི་རྟེན་མདོས་དང་བཅས་པ་བཞེངས། དཔལ་འཁོར་ལོ་སྡོམས་པའི་སྒོ་ནས་རབ་ཏུ་གནས་པ།  བརྟེན་གསོལ་གྱི་རྒྱུན་དེ་ལྟར་ཚུགས་པ་ཡིན་ཞིང་གནས་ཆུང་ཞེས་མིང་གི་ཐོག་མར་གཏད་པ་དེ་ལྟར་ཡིན་” 27ཞེས་གནས་ཆུང་དེ་ཉིད་སྲུང་མའི་རྟེན་མདོས་གནས་སའི་གཞི་བཙུགས་པའི་སྐོར་འཁོད་འདུག འོན་ཀྱང་དཔེ་ཐུང་བྲིས་མ་དེ་ཉིད་ཀྱི་རྩོམ་པ་པོ་དང་རྩོམ་དུས་མི་གསལ་བ་མ་ཟད། ཡིག་ནོར་མང་དུ་མཆིས་ནའང་། ཁོ་བོས་རང་བཟོ་མ་བྱས་པར་ཇི་མ་ཇི་བཞིན་ལུང་དྲངས་ཏེ་དཔྱད་གཞིའི་ཚུལ་དུ་བཀོད་པའོ། །

3. རྒྱལ་དབང་དགེ་འདུན་རྒྱ་མཚོ་དང་སྒྲོ་སྡོང་ལྷ་ཁང་། རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ནི་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལོ་སྟེ་སྤྱི་ལོ་1476 ལོར་གཙང་རྟ་ནག་ཏུ་སྐུ་བལྟམས། དགུང་ལོ་བཅུ་གཅིག་སྟེང་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས། པཎ་ཆེན་ལུང་རིགས་རྒྱ་མཚོའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་དགེ་འདུན་རྒྱ་མཚོ་ཞེས་གསོལ། དེ་ནས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་། དཔལ་ལྡན་འབྲས་སྤུངས་ཆོས་སྡེ། བྱང་རྭ་སྒྲེང་། ལྷོ་ཁ་བསམ་ཡས། འཕྱོངས་རྒྱས། རྩེད་ཐང་། རིན་ཆེན་སྒང་སོགས་སུ་ཕེབས་ཏེ་པཎ་ཆེན་ཡེ་ཤེས་རྩེ་མོ་དང་། འཇམ་དབྱངས་ལེགས་ཆོས། མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་བླ་མར་བསྟེན་ཏེ་རིག་པའི་གནས་ལ་སྦྱངས་བརྩོན་ཧུར་ཐག་བྱས། མེ་གླང་ལོ་སྟེ་སྤྱི་ལོ་1517ལོར་དཔལ་ལྡན་འབྲས་སྤུངས་དགོན་པའི་གདན་ཁྲིར་ཕེབས་ཤིང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་ནས་ཆོས་སྡེ་འཛིན་སྐྱོང་མཛད། ས་སྟག་ལོ་སྟེ་སྤྱི་ལོ་1518 ལོར་ནས་བཟུང་སླར་ཡང་འབྲས་སྤུངས་སྨོན་ལམ་ཆེན་མོ་འཛིན་སྐྱོང་མཛད། མཐར་རབ་བྱུང་དགུ་པའི་ལྕགས་གླང་ལོ་སྟེ་སྤྱི་ལོ་1541 ལོར་འབྲས་སྤུངས་སུ་སྐུ་མྱ་ངན་ལས་འདས། གདུང་རྟེན་འབྲས་སྤུངས་དགོན་པར་བཞུགས།

རྒྱལ་དབང་དགེ་འདུན་རྒྱ་མཚོ་དང་པེ་ཧར་རྒྱལ་པོའི་དབར་གྱི་འབྲེལ་བའི་སྐོར་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷན་ཐབས་སུ་བསྩལ་བའི་《གནས་ཆུང་དཀར་ཆག་》ཏུ། “ཆོས་རྒྱལ་ཆེན་པོ་འདི་ཉིད་ཀྱང་དབུ་རུ་ཡང་དགོན་གྱི་གཙུག་ལག་ཁང་དུ་གནས་བཞིན་པ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དུས་གང་ན་བསྟན་པ་ཚུལ་བཞིན་གནས་པ་དེར་མ་བོས་ཀྱང་འདུ་ཞིང་དགྱེས་པ་ནི་རྡོ་རྗེའི་གཡར་དམ་གཉན་པོ་མི་འདའ་བའི་རྟགས་ཡིན་པ་ལྟར་ཞྭ་སེར་ཅོད་པན་འཆང་བའི་བསྟན་པ་སྤེལ་ཞིང་ཆོས་སྡེ་ཆེན་པོ་འདིའི་སྲུང་མ་དང་བཅས་ཡང་དགོན་ནས་རྟ་མགོའི་རྣམ་པར་ཕེབས་ཤིང་། གསོལ་མཆོད་འཕྲིན་བཅོལ་གནང་བས་ཐམས་ཅད་མཁྱེན་པའི་འཕྲིན་ལས་ཐོགས་པ་མེད་དུ་བསྒྲུབས”28 ཞེས་རྒྱལ་དབང་དགེ་འདུན་རྒྱ་མཚོའི་སྐུ་དུས་སུ་སྲུང་མ་དེ་ཉིད་དབུ་རུ་ཚལ་ཡང་དགོན་ནས་འབྲས་སྤུངས་དགོན་པར་སྤྱན་དྲངས་ཏེ་དགོན་ཆེན་དེ་ཉིད་ཀྱི་སྲུང་མར་བསྐོས་པ་ཡིན། ཕྱིས་སུ་པེ་ཧར་རྒྱལ་པོའི་བླ་ཤིང་རྟེན་དུ་བཞུགས་པའི་གནས་ཆུང་དགོན་པའི་བྱེ་བྲག་སྒྲོ་སྡོང་ལྷ་ཁང་དེ་ཉིད་ཀྱང་རྒྱལ་དབང་དགེ་འདུན་རྒྱ་མཚོས་ཕྱག་བཏབ་པ་ཡིན།

4. སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་གནས་ཆུང་དགོན་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོ་སྟེ་སྤྱི་ལོ་1653ལོར་དབུས་ལྷ་ལྡན་ཞིང་སའི་སྐྱིད་ཤོད་ཉང་བྲན་གྲོང་སྨད་པའི་ཁྱིམ་དུ་སྐུ་བལྟམས། བྱིས་པའི་དུས་སུ་ལ་མོ་ཚངས་པས་མཚན་དཀོན་མཆོག་དོན་གྲུབ་ཅེས་གསོལ། རྗེས་སུ་རྒྱལ་དབང་ལྔ་པ་ཆེན་པོས་སངས་རྒྱས་རྒྱ་མཚོ་ཞེས་པའི་མཚན་གསོལ།  དགོང་ལོ་བརྒྱད་དུ་སོན་པ་ནས་བཟུང་རྒྱལ་དབང་ལྔ་པ་ཆེན་པོ་དང་སྡེ་སྲིད་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་ནས་རིག་པའི་གནས་ལ་སྦྱངས་པ་ཧུར་ཐག་མཛད། དེའི་དུས་སུ་རྒྱལ་དབང་ལྔ་པས་ཆབ་སྲིད་འཛིན་སྐྱོང་གི་བསླབ་སྟོན་ཡང་མཛད་པའི་རྐྱེན་གྱིས་ཆོས་སྲིད་གཉིས་ཀྱི་མཁྱེན་རྒྱ་རྒྱ་ཆེར་འཕེལ།  ས་ལུག་ལོ་སྟེ་སྤྱི་ལོ་1679ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགུང་ལོ་ཉེར་བདུན་ལ་སོན་པའི་དུས་སུ་བཅའ་ཡིག་ཕྱག་རྗེས་ཀྱིས་བརྒྱན་པ་བསྩལ་ཏེ་སངས་རྒྱས་རྒྱ་མཚོ་ཉིད་སྡེ་སྲིད་ལ་བསྐོས། དེ་ནས་བཟུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྲ་བརྟན་དང་འཐུས་ཚང་གཏོང་བའི་ཆེད་དུ་འབད་བརྩོན་ཧུར་ཐག་གནང་བ་མ་ཟད། བོད་ཀྱི་རིག་གནས་བྱ་གཞག་ཐད་ལ་ཡང་མཛད་རྗེས་ཆེན་པོ་བཞག མཐར་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ལོ་སྟེ་སྤྱི་ལོ་1705ལོའི་ཟླ་བ་ལྔ་པའི་ཚེས་བཅུ་བདུན་ཉིན་སོག་དམག་གིས་སྐུ་བཀྲོངས་སོང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་པེ་ཧར་རྒྱལ་པོའི་གཞི་ཆགས་སའི་དགོན་པ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་བཏབ་པ་ཡིན་ཏེ།  “འདི་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ནས་ས་སྤྲེལ་(1660-1668)བར་ལོ་དགུ་རིང་བོད་ཀྱི་སྲིད་སྐྱོང་མཛད་པོ་སྡེ་སྲིད་འཕྲིན་ལས་རྒྱ་མཚོའི་སྐུ་དུས་སུ་རྩིགས་རྨང་བཏིང་གྲུབ་རུང་། ཆོས་སྐྱོང་ཆེན་པོས་ངའི་གནས་གཞི་ལས་སྔགས་ཁང་རྒྱག་དགོས་ཚུལ་གསུངས་པས་ལུས་ཤིང་། དེ་རྗེས་རྒྱལ་དབང་ལྔ་པ་ཆེན་པོས་བཀའ་ཡི་གནང་བ་བསྩལ་བ་ལྟར།  སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྟེ་ལྷ་སྲས་མུ་ནེ་བཙན་པོའི་རྣམ་སྤྲུལ་དུ་སློབ་དཔོན་པདྨའི་ལུང་གིས་ཟིན་པར་གྲགས་པ་འདིས་ཕྱག་བཏབ་པ་ཡིན་ཞིང་། དེ་ཡང་སྔར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་རྣམ་པར་ཐར་པའི་རྗེས་སུ་འགྲོ་སྟེ།  ཐོག་མའི་ཤོག་ཁྲ་དང་བཅས་གང་ཅིའི་ལྗགས་བཀོད་སྡེ་སྲིད་རང་ནས་གནང་ཞིང་། དོ་དམ་སྐྱིད་སྟོད་པ་བསྟན་པ་རྒྱལ་མཚན་དང་། ཕུ་ལུང་པ་ཕུན་ཚོགས་སྐལ་བཟང་། ཤིང་བཟོ་120 རྡོ་བཟོ་93 ཞལ་མཁན་7 ཤིང་ཆ་འདྲེན་མི་40 མགར་བ་31 དངུལ་མགར་15ཚགས་པ་38  བལ་པོ་ལྡེ་བོ་ཅན་2 ཟངས་རྡུང་3 འུལ་ལག་ལྔ་སྟོང་བཅས་ཀྱིས་རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོར་འགོ་བཙུགས་ཏེ་ཆུ་ཁྱི་ལོར་བཟོ་སྟོན་སྟར།  ཆུ་ཕག་ལོར་རྟེན་དང་བརྟེན་པ་བཟོ་སྣ་བརྒྱད་ཀྱིས་འཕགས་པའི་ངོ་མཚར་ཁྱད་ཆོས་དང་བཅས་ཏེ་བསྐྲུན་ཟིན་པ་དང་། ལོ་དེའི་ཐ་སྐར་ཟླ་བའི་ཚེས་བཅུ་བཞི་ཉིན་སུམ་ལྡན་རིགས་སྔགས་འཆང་བ་དགེ་སློང་འཇམ་དབྱངས་གྲགས་པས་རྡོ་རྗེ་སློབ་དཔོན་གནང་སྟེ།  ལྷ་སྔགས་ཡེ་ཤེས་ཀྱི་རྣལ་འབྱོར་ཟབ་མོ་ལ་གནས་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་འདུས་ཚོགས་ཀྱིས་རབ་གནས་ཀྱི་ཆོ་ག་རྒྱས་པ་དང་བཅས་ལེགས་པར་གྲུབ་པ། དེའང་སྡེ་སྲིད་སངས་རྒྱ་མཚོའི་གསུང་ལས། སྡེ་བརྒྱད་དྲེགས་པ་ངང་གིས་འདུ་བའི་གནས། ། མི་ཆུང་སྲིད་པ་ཡངས་པོར་ཤོང་ནུས་པ། ། སྤྲུལ་བའི་པེ་ཧར་ཡུམ་བློན་དགྱེས་པའི་ཚུལ། ། བཟོ་སྣ་བརྒྱད་ཀྱིས་འཕགས་པའི་ཡ་མཚན་ལྕོག། ལྕགས་ཁམས་གཉིས་སྐྱེས་ལོ་ལ་འགོ་བརྩམས་ཏེ། ། བེཌར་ཞུན་མའི་མདངས་འཛིན་སུམ་ལྡན་ལོར། ། ལེགས་པར་གྲུབ་པའི་ངོ་མཚར་གན་དྷོ་ལ། ། ཞེས་གསལ་བ་ལྟར་གྲུབ་པ་དེ་སྐབས་དེ་སྔའི་གནས་ཆུང་གཡུ་ལོ་བཀོད་དགོན་དང་། སྒྲོ་སྡོང་ལྷ་ཁང་ཞེས་པ་གཅིག་ཏུ་བསྒྲིལ་ཏེ་དགོན་མིང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་གསོལ་” 29 ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དེ་སྔོན་ཡུལ་འདིར་ཆགས་པའི་ལྷ་སྲས་མུ་ནེ་བཙན་པོས་ཕྱག་བཏབ་པའི་གསན་ཆུང་གཡུ་ལོ་བཀོད་དགོན་དང་རྒྱལ་དབང་དགེ་འདུན་རྒྱ་མཚོས་ཕྱག་བཏབ་པའི་སྒྲོ་སྡོང་ལྷ་ཁང་གཉིས་གཅིག་ཏུ་བསྒྲིལ་ཏེ་རྒྱ་བསྐྱེད་མཛད་ནས་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་པེ་ཧར་རྒྱལ་པོའི་གཞི་སྡོད་དགོན་པ་འདི་ཉིད་ཕྱག་བཏབ་པ་ཡིན་ལ། ད་ལྟའི་ཆར་ཡང་འུ་ཅག་གི་མིག་ལམ་དུ་བཟོ་བཀོད་རྣམ་པར་བཀྲ་བའི་གདན་ས་འདི་ཉིད་འཆར་ཐུབ་པ་ནི་སྐབས་དེ་དུས་ཀྱི་འཛུགས་སྐྲུན་ཡིན་ནོ། །

 

བཞི་པ། པེ་ཧར་རྒྱལ་པོའི་སྤྲུལ་པ་དང་མིང་གི་རྣམ་གྲངས་སྐོར།

 

པེ་ཧར་རྒྱལ་པོ་ལ་གོང་དུ་ཞུས་པའི་མིང་གི་རྣམ་གྲངས་ཏེ་ལྷ་གནམ་ཐེ་དཀར་པོ་དང་རྡོ་རྗེ་འོད་ལྡན་དཀར་པོ་ཞེས་འབོད་སྲོལ་ཡོད་པ་གང་ཞིག   གཞན་ད་དུང་ “གནས་ཆུང་ཆོས་སྐྱོང་ངམ་རྒྱལ་པོ་སྐུ་ལྔ།  བྱང་ཕྱོགས་འཕྲིན་ལས་རྒྱལ་པོའི་བཀའ་ཡི་བློན་པོ།  རྡོ་རྗེ་གྲགས་ལྡན་པེ་ཧར་རྒྱལ་པོ་སོགས་དོན་གཅིག་མིང་གི་རྣམ་གྲངས་ཡིན། ” 30 པེ་ཧར་རྒྱལ་པོ་འདི་ཉིད་གདུལ་བྱའི་ཁྱད་ཆོས་ལ་གཞིགས་ཏེ་སྐུ་རིགས་ལྔ་ཙམ་བསྟན་པ་ཡིན་པས།  དུས་རྒྱུན་དུ་རྒྱལ་པོ་སྐུ་ལྔ་ཞེས་གྲགས་པ་ཡིན་ཞིང་།  དེ་དག་རེ་རེ་བཞིན་དྲངས་ན་འདི་ལྟར་ཏེ། “དེའང་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ཡེ་ཤེས་དང་ཐུགས་རྗེའི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ།  འཁོར་འདས་མ་ལུས་པའི་སྤྱི་དཔལ་དུ་གྱུར་པ་དེ་ཉིད་ཀྱི་རང་མདངས་འགག་པ་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔར་ཤར་བ་ལས། གདུལ་བྱ་མི་བསྲུན་དྲག་པོས་གདུལ་བར་འོས་པ་རྣམས་ཀྱི་ངོར་ཞེ་སྡང་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་རྣམ་པར་སྣང་མཛད་ཀྱི་རྣམ་སྤྲུལ་དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ། གཏི་མུག་རྣམ་པར་དག་པ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་གྱི་སྤྲུལ་བ་ཤར་ཕྱོགས་སྐུའི་རྒྱལ་པོ། ང་རྒྱལ་རྣམ་པར་དག་པ་མཉམ་མེད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་གྱི་སྤྲུལ་བ་ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ། གདོད་ཆགས་རྣམ་པར་དག་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཐའ་ཡས་ཀྱི་སྤྲུལ་བ་ནུབ་ཕྱོགས་གསུང་གི་རྒྱལ་པོ། ཕྲག་དོག་རྣམ་པར་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་རྣམ་སྤྲུལ་བྱང་ཕྱོགས་འཕྲིན་ལས་རྒྱལ་པོ་” 31བཅས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《 གནས་ཆུང་དགོན་པའི་ལྷན་ཐབས་ཀྱི་དཀར་ཆག་》ཏུ་གསལ་ཞིང་། མཁན་སློབ་ཆོས་གསུམ་གྱིས་པེ་ཧར་རྒྱལ་པོ་བསམ་ཡས་དགོན་པའི་སྲུང་མར་བསྐོས་པའི་སྐབས་སུ་དེ་ལ་འཁོར་དང་བཅས་པ་ཡོད་དེ། “རྒྱལ་པོ་སྐུ་ལྔ། ཡུམ་ལྔ།  བློན་པོ་ལྔ།  རུ་འདྲེན་ལྔ།  བཤན་པ་ཡང་ལེ་ཝེར་རམ་གནོད་སྦྱིན་ཙིའུ་དམར་པོ་རྣམས་སོ། སྐུ་ལྔ་ནི། སྐུ་མོན་བུ་བུ་ཊ། གསུང་དགྲ་ལྷ་སྐྱེས་གཅིག ཐུགས་བརྒྱ་བྱིན་རྒྱལ་པོ། ཡོན་ཏན་གནོད་སྦྱིན་ཤིང་བྱ། འཕྲིན་ལས་པེ་ཧར་རྒྱལ་པོ་དང་། ཡུམ་ལྔ་ནི། སྐུ་བདུད་མོ་རོ་ལངས། གསུང་མཛེས་བྱེད་པདྨ་སྐྱེས། ཐུགས་ཤན་ཏིང་རོ་ཟན། ཡོན་ཏན་གསེར་གྱི་སྤུ་གྲི་མ། འཕྲིན་ལས་བདུད་བཟང་སྨིན་དཀར། བློན་པོ་ལྔ་ནི། སྐུ་བྱ་ཁྲིད་མིག་གཅིག གསུང་རྡོ་རྗེ་གྲགས་ལྡན། ཐུགས་དཀའ་ཡི་བྱ་ར་བ། ཡོན་ཏན་བྱ་རྒོད་ཐང་ནག འཕྲིན་ལས་པུ་ཏྲ་ནག་པོ” 32བཅས་ཡིན།

གཞན་འབོད་སྲོལ་མི་འདྲ་བ་ད་དུང་གནམ་ཐིབ་དཀར་པོ། གནམ་ལྷ་དཀར་པོ། གནམ་རྡེའུ་དཀར་པོ། གནམ་སྡེ་དཀར་པོ། གནམ་ཐེལ་དཀར་པོ། གནམ་ཐེའུ་དཀར་པོ། རྒྱལ་པོ་ཤིང་བྱ་ཅན་སོགས་ཡོད་ཅིང་། པེ་ཧར་ཞེས་པའི་ཡིག་འབྲུ་འདི་གཉིས་ལ་ཡང་འབྲི་སྲོལ་མི་འདྲ་བ་བེ་ཧར། བེ་ཀར། དཔེ་ཀར། དཔེ་ཧར་སོགས་ཡོད་པ་ཡིན་ཡང་མིང་གི་འབོད་སྟངས་མི་འདྲ་བ་ལས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ཤེས་དགོས་སོ། །

 

ལྔ་པ། པེ་ཧར་རྒྱལ་པོའི་སྐུའི་ཁྱད་ཆོས་མདོར་བསྡུས།

 

པེ་ཧར་རྒྱལ་པོའི་སྐུ་ཡི་ཁྱད་ཆོས་སྐོར་ལ་འཇིགས་མེད་ཆོས་ཀྱི་རྡོ་རྗེས་རྩོམ་སྒྲིག་གནང་བའི་《 བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་》 ཞེས་པའི་ནང་དེ་ལྟར་འཁོད་ཡོད་དེ། “ དབུས་ཐུགས་རྒྱལ་མཐིང་ནག་དར་གྱི་བེར་དང་དོམ་གྱི་སློག་པ་ཅན། དབུ་ལ་དར་ནག་གི་ཐེབས་ཞུ་གསོལ་ཞིང་། ཕྱག་གཡས་བདུད་ཞགས་དང་གཡོན་སྤུ་གྲི་ཐོགས་པ་གླང་ཆེན་སྣ་རིང་ལ་ཆིབས་ནས་རོལ་ཏུ་གློག་དམར་ཁྲིད་པ་དང་། ཤར་དུ་སྐུ་རྒྱལ་མོན་བུ་པུ་ཏྲ་མཐིང་ནག་བདེན་ཏྲི་ནག་པོའི་གོས་དང་དར་ནག་གི་ཐེབས་ཞུ་གསོལ་བ། ཕྱག་གཡས་ན་རྡོ་རྗེ་དང་ཤེར་གཤང་གི་གསེག་ཤང་ཐོགས་པ་སེངྒེ་ལ་བཅིབས་ནས་རོལ་ཏུ་དོམ་ནག་ཁྲིད་པ། ལྷོར་ཡོན་རྒྱལ་ཤིང་བྱ་ཅན་མཐིང་ནག་སྦྲུལ་དང་སྟག་གི་གོས་ཅན་དབུ་ལ་ཐང་ཐེབ་ཁྱུང་མགོ་ཅན་གསོལ་བ། ཕྱག་གཡས་དགྲ་སྟ་དང་གཡོན་བདུད་ཞགས་ཐོགས་པ་བདུད་རྟ་རྟིང་བཀའ་ལ་བཅིབས་ནས་རོལ་ཏུ་གཡུ་འབྲུག་ཁྲིད་པ། ནུབ་ཏུ་གསུང་རྒྱལ་དགྲ་ལྷ་སྐྱེས་གཅིག་དམར་པོ་དར་ནག་གི་བེར་ཅན་དབུ་ལ་སྨྱགས་ཞུ་གསོལ་བ། ཕྱག་གཡས་སྦའི་འགྱིང་འཁར་དང་གཡོན་བ་དན་གྱི་བེང་ཆེན་ཐོགས་པ་དྲེལ་ནག་རྐང་དཀར་ལ་བཅིབས་ནས་རོལ་ཏུ་སྤྱང་མོ་ཁྲིད་པ། བྱང་དུ་འཕྲིན་རྒྱལ་བེ་ཧར་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ་དར་དཀར་གྱི་རལ་ག་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་དབུ་ལ་ཚགས་ཞུ་གསོལ་བ་དང་། ཕྱག་གཡས་པ་གསུམ་ན་ལྕགས་ཀྱུ་མདའ་དང་རལ་གྲི་དང་། གཡོན་པ་གསུམ་ན་སྤུ་གྲི་གཞུ་དང་བེར་ཀ་ཐོགས་པ།  སེངྒེ་དཀར་མོ་ལ་བཅིབས་ནས་རོལ་ཏུ་འཚུབ་མ་ཁྲིད་པ། བཞི་གའི་འཁོར་དུ་ཡུམ་བློན་ཕོ་ཉ་རུ་འདྲེན་གར་མཁན་སྐྱོ་སངས་འབག་ལ་སོགས་པའི་འཁོར་གྱིས་བསྐོར་པའོ” 33 ཞེས་རྒྱལ་པོ་ཆེན་པོ་སྐུ་ལྔའི་སྐུ་ཡི་ཁྱད་ཆོས་གསལ་པོར་མཚོན་ཡོད། དེ་ཡང་པེ་ཧར་རྒྱལ་པོའི་ཆ་བྱད་སྐོར་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་ལས། “སྤྱིར་པེ་ཧར་རྒྱལ་པོའི་ཆས་འདི་ལ་བསམ་རྒྱུ་ཤིན་ཏུ་མང་པར་འདུག་ཅིང་།  འདིའི་ཆོས་གོས་དེ་ཡང་རབ་བྱུང་གི་རྟགས་མ་ཡིན་པར། དཔོན་གྱི་ཆས་ཤིག་ཡིན་སྙམ་སྟེ། བྲིས་ཐང་རྙིང་མ་མང་པོ་ཁྱིམ་པ་འདི་འདྲ་གྱོན་པ་མང་དུ་བྲིས་ཤིང་།  འབྲུག་ཡུལ་དུ་རྒྱལ་པོ་དང་དྲུང་སྡོད་མདུན་དུ་གཅར་མཁན་གང་ཡིན་གྱིས་གཟན་རེ་ངེས་པར་གྱོན་དགོས་པའི་ཁྲིམས་སྲོལ་དང་། དེ་བཞིན་ས་སྐྱར་ཡང་དྲུང་སྡོད་ཁྱིམ་པ་ཐམས་ཅད་ཀྱིས་གཟན་རེ་གྱོན་པའི་སྲོལ་ད་ལྟ་བར་སྣང་ངོ་། ། སྔོན་གྱི་བེར་དེ་ཡང་སྐབས་འགར་གཟན་གྱི་རྣམ་པར་གྱོན་པ་དང་། སྐབས་འགར་དཔུང་པ་གཉིས་དང་རྒྱབ་ཏུ་འཕྱང་བ་ཞིག་ཡིན་ནོ་སྙམ་སྟེ་ཏ་ཟིག་པ་སོགས་དེ་ལྟར་བྱེས་པས་སོ་”ཞེས་པེ་ཧར་རྒྱལ་པོའི་ཆ་བྱད་དེ་དཔོན་གྱི་ཆས་དང་འདྲ་བ་མ་ཟད། སྐབས་དེ་དུས་ཀྱི་འབྲུག་ཡུལ་དང་ས་སྐྱ་རུ་ཁྱིམ་པས་ཀྱང་དེ་ལྟར་གྱོན་སྲོལ་ཡོད་པས།  གོང་གི་ཚིག་འབྲུ་ལ་ས་པེ་ཧར་རྒྱལ་པོའི་ཆ་བྱད་དེ་རབ་བྱུང་གི་ལུགས་མ་ཡིན་པར་ཁྱིམ་པའི་ལུགས་ཡིན་པ་གསལ་བཤད་བྱས་ཡོད།

གཞན་ཡང་པེ་ཧར་རྒྱལ་པོའམ་གནས་ཆུང་ཆོས་སྐྱོང་གི་སྐུ་འདྲ་ལུགས་མི་གཅིག་པ་ཡོད་དེ། བཀའ་ཡི་བློན་པོ་རྡོ་རྗེ་གྲགས་ལྡན་དང་གནས་ཆུང་ལྷ་ཕེབས་ཀྱི་སྐུ་འདྲ་གཉིས་ད་ལྟའི་ཆར་ལྷ་ས་གནས་ཆུང་དགོན་པའི་སྒྲོ་སྡོང་ལྷ་ཁང་གི་ནང་རྟེན་དུ་བཞུགས་ཤིང་། སྐུ་བརྙན་འདི་གཉིས་ཀྱི་ལུགས་ནི་གོང་དུ་སྨོས་པའི་རྒྱལ་པོ་སྐུ་ལྔ་དང་མི་འདྲ་བར་དམག་ཁྲབ་གྱོན་པའི་དམག་དཔོན་གྱི་ཆ་ལུགས་ཡིན་པ་མ་ཟད། སྐུ་མདོག་ཀྱང་ཐ་དད་ཡིན།

དྲུག་པ། པེ་ཧར་རྒྱལ་པོ་དང་འབྲེལ་བའི་དུས་མཆོད་སྐོར།

པེ་ཧར་རྒྱལ་པོ་ནི་བོད་བརྒྱུད་ནང་བསྟན་གྱི་སྲུང་མ་གལ་འགངས་ཆེ་བ་ཞིག་ཡིན་པ་མ་ཟད། དགེ་ལུགས་པའི་ངོས་ནས་བརྗོད་ན་སྲུང་མ་གཙོ་ཆེ་ཤོས་ཤིག་ཡིན་པས།  དུས་རྒྱུན་གྱི་ཆོ་ག་ཕྱག་ལེན་དང་དུས་མཆོད་ནི་སྲུང་མ་འདི་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པ་ཡིན།

དེ་ཡང་པེ་ཧར་རྒྱལ་པོའི་གཞི་ཆགས་གདན་ས་གནས་ཆུང་དགོན་པའི་ངོས་ནས་བརྗོད་ན། དུས་རྒྱུན་གྱི་ཆོ་ག་ཕྱག་ལེན་ནི་ས་དགེ་རྙིང་གསུམ་གྲུབ་མཐའ་རིས་མེད་ཀྱི་སྲོལ་འཛིན་པའི་དབང་གིས་ནང་དོན་ཅུང་ཕུན་སུམ་ཚོགས་པ་ཡོད། དེ་དག་གི་ནང་དུ་“བསྐང་འཕྲིན་རྒྱལ་བ་ལྔ་པ་ཆེན་པོས་མཛད་པའི་《སྒྲ་དབྱངས་མ་》ཞེས་པ་འདི་གནས་ཆུང་དང་། རྣམ་རྒྱལ་གྲྭ་ཚང་། ཀུན་བདེ་གླིང་། ཚེ་སྨོན་གླིང་། འབྲས་སྤུངས་བདེ་ཡངས་སོགས་ནས་ཀྱང་གཏོང་བས་ཐུན་མོང་གི་བསྐང་འཕྲིན་ཡིན་ལ། གནས་ཆུང་དུ་ཐུན་མོང་མ་ཡིན་པའི་བསྐང་འཕྲིན་ཆོ་ག་ཡང་ཡོད་པ་ནི།  མྱང་གཏེར་ལུགས་ཀྱི་འཕྲིན་ལས་བདུན་ཅུ་མ་དང་། རྒྱལ་པོ་བྱེས་ཆས་ཀྱི་བསྐང་གསོ་རྗེ་འབངས་མ་ཞེས་པ་ཡིན” 35ཞེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྐང་འཕྲིན་གཏོང་སྲོལ་ཡོད།

དུས་མཆོད་ཀྱི་སྐོར་ལ་ལོ་གཅིག་ཉི་མ་365ནང་ཉིན་ལྟར་མཆོད་པ་དང་བསྐང་གསོ་མི་གཅིག་པ་གཏོང་སྲོལ་ཡོད། ཁོ་བོར་དུས་མཆོད་ཡོད་ཚད་སྨྲ་བའི་སྤོབས་པ་མེད་ཀྱང་དེ་དག་ལས་པེ་ཧར་རྒྱལ་པོའམ་གནས་ཆུང་ཆོས་སྐྱོང་དང་འབྲེལ་བའི་དུས་མཆོད་སྐོར་གསུམ་ཙམ་སྟེ། གནས་ཆུང་ལྷ་ཙེས་དང་།  གནས་ཆུང་སྤྲེལ་ཟླ།  གནས་ཆུང་ལོ་གསོལ་བཅས་གླེང་བ་ལ།

གཅིག གནས་ཆུང་ལྷ་ཚེས། གནས་ཆུང་ལྷ་ཚེས་ནི་བོད་ཟླ་སོ་སོའི་ཚེས་གཉིས་ལ་ཟེར་ཞིང་། ལྷག་པར་དུ་བོད་ཟླ་དང་པོའི་ཚེས་གཉིས་ཀྱི་ཞོགས་པར་དགོན་པའི་དགེ་འདུན་པས་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་ཆོས་སྐྱོང་གི་བསྐང་འཕྲིན་《སྒྲ་དབྱངས་མ་》ཞེས་པ་དེ་གཏོང་བ་མ་ཟད། རྒྱ་བརྔན་ལྷ་བསངས་གཏོང་བའི་སྲོལ་ཡོད། དགེ་འཕེལ་དབུ་རྩེ་(འབྲས་སྤུངས་དགོན་པ་དང་གནས་ཆུང་དགོན་པ་ཆགས་སའི་རི་བོའི་མིང་)ལ་ཉི་མའི་འོད་མདངས་འཕྲོ་བ་དང་ཆོས་སྐྱོང་སྤྱན་འདྲེན་མཛད་སྒོ་ཚུགས་ཤིང་། འབྲས་སྤུངས་ནས་བླ་སྤྲུལ་ཁག་དང་། མཁན་པོ། དགེ་འདུན་བཅས་ཚང་མ་ཆོས་སྐྱོང་ལ་མཇལ་ཁར་ཕེབས་སྲོལ་ཡོད་དེ།  ལུགས་སྲོལ་འདི་ནི་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་སྐབས་ཀྱི་དམ་བཅའ་ལྟར་ཕེབས་པ་ཡིན་ཟེར། དེ་ཡང་ཟླ་བ་སོ་སོའི་ལྷ་ཚེས་ཀྱི་ཉིན་མོར་སྒྲོ་སྡོང་ལྷ་ཁང་ནང་དུ་བཞུགས་པའི་སྐུ་རྟེན་གནས་ཆུང་རྡོ་རྗེ་གྲགས་ལྡན་ཉིད་ཀྱི་ཞལ་རས་བཀབ་ཆེད་ཀྱི་རལ་ལྷེབ་བསྣམས་ཏེ་དགེ་འདུན་པ་དང་དད་ལྡན་མང་ཚོགས་རྣམས་ལ་ཞལ་མཇལ་ཞུ་རུ་བཅུག་པ་དང་ལྷ་བསང་གཏོང་བ་སོགས་ཀྱི་ལུགས་སྲོལ་ཡོད།

གཉིས། གནས་ཆུང་སྤྲེལ་ཟླ། གནས་ཆུང་སྤྲེལ་ཟླ་ནི་ལོ་འཁོར་གཅིག་གི་སྤྲེལ་ལོའི་བོད་ཟླ་ལྔ་པར་ཟེར་ཞིང་།  ཟླ་བ་འདིའི་ཚེས་བཅོ་ལྔར་གནས་ཆུང་དགོན་པར་གནས་ཆུང་ཆོས་སྐྱོང་དང་། དགའ་གདོང་། བསྟན་མ། ཕུ་ཤར། དན་བག་ཞང་ཁོ། ཡལ་སྣའི་ཀླུ་བཙན། པ་རི་བཙན་ཁང་། རྒྱང་མཁར། གདོང་དཀར་ཨ་རིལ་སོགས་ལྷ་ཁང་རྣམས་ཀྱི་སྐུ་རྟེན་ཕེབས་ཏེ་འདུ་འཛོམས་བྱེད་པ་མ་ཟད། ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བརྙན་ང་འདྲ་མ་འདི་གནས་ཆུང་དགོན་པར་གདན་དྲངས་ཏེ། སྐུ་རྟེན་རྣམས་ལ་ལྷ་ཁོག་ཞུགས་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བརྙན་དང་གནས་ཆུང་ཆོས་སྐྱོང་གི་སྐུ་རྟེན་གཉིས་ཀྱི་རྗེས་སུ་དྲངས་ཏེ་གནས་ཆུང་དགོན་ལ་བསྐོར་བ་རྒྱག་སྲོལ་ཡོད་ཅིང་། རྒྱལ་དབང་ན་རིམ་ཡང་གནས་ཆུང་དགོན་པར་ཕེབས་སྲོལ་ཡོད།  བཤད་ཚུལ་ལ་དེ་ཉིན་གྱི་མཛད་སྒོ་ནི་ལྷ་སའི་ཉེ་འདབས་སུ་ཡོད་པའི་ལྷ་ཕེབས་མཁན་གྱི་སྐུ་ཁོག་བཅུ་གཉིས་པོ་དེ་རྣམས་ལ་ཡང་སྙིང་དངོས་སུ་ལྷ་ཕེབས་ཐུབ་མིན་བརྟག་པའི་ཆེད་དུ་སྤེལ་བ་ཡིན་པས་ལྷ་ལ་རྒྱུགས་སྤྲོད་པ་དང་གཅིག་མཚུངས་ཡིན།

གསུམ། གནས་ཆུང་ལོ་གསོལ། གནས་ཆུང་ལོ་གསོལ་ནི་དགའ་ལྡན་བཤད་སྒྲས་གནས་ཆུང་དགོན་པའི་སྐུ་རྟེན་ཏ་བླ་མ་ཡིས་གཙོས་པའི་དགེ་འདུན་པ་རྣམས་ལྷ་ས་རྨེ་རུ་རྙིང་པར་གདན་དྲངས་ཏེ་མཆོད་པ་ཕུལ་བ་ལ་སོགས་པའི་བྱེད་སྒོ་སྤེལ་བའི་དུས་མཆོད་ཅིག་ཡིན། དེའི་སྐོར་ལ་བཤད་སྒྲ་དགའ་ལྡན་དཔལ་འབྱོར་གྱིས་བབརྩམས་པའི་《སྒེར་དགའ་ལྡན་བཤད་སྒྲ་བའི་ཁྱིམ་ཚང་མི་རབས་ཀྱི་ལོ་རྒྱུས་རགས་ཙམ་བཀོད་པ་》 ཞེས་པ་ལས་མདོར་བསྡུས་ཤིག་བཀོད་ན། “བོད་ཟླ་1 ཚེས་10 གོང་ནས་གནས་ཆུང་དགོན་པར་བརྡ་ཕུལ་ཏེ་ཚེས་10ཉིན་རྨེ་རུ་རྙིང་པའི་པེ་ཧར་ལྕོག་ཏུ་གནས་ཆུང་ཆོས་སྐྱོང་ལོ་གསོལ་དུ་སྤྱན་འདྲེན་པ་དང་། གནས་ཆུང་དགོན་པའི་དགེ་འདུན་པ་རྣམས་ལ་ཉིན་གང་གི་བསྙེན་བཀུར་ཞབས་ཏོག་བསྒྲུབ་དགོས་སོ། ། དེ་ཉིན་ཚོགས་འཁོར་དང་བཅས་དཔོན་གཡོག་ཚང་མ་གཟབ་མཆོར་སྤྲོད་དགོས་པ་དང་། རྨེ་རུ་རྙིང་པའི་རབ་གསལ་དུ་འཁོད་དེ། གནས་གྲས་གསོལ་ཇ་དང་། བཞེས་འབྲས་གསོལ་ཚིགས་སོགས་ཀྱི་སྣེ་ལེན་མཛད་སྲོལ་ཡོད།  དེ་ཉིན་གནས་ཆུང་སྐུ་རྟེན་ཏ་བླ་མར་ལོ་གསར་གྱི་སྐུ་སྐལ་དཀར་སྤྲོ་ཤིང་འབྲས་དང་། ལུག་ཁོག་སྐུ་ཡོན་དངུལ་སྲང་ལྔ་བཅུའི་འཐུམ་འབུལ་སྲོལ་ཡོད། དེ་ནས་འདུ་ཁང་དུ་གནས་ཆུང་ཆོས་སྐྱོང་སྐུ་ཕེབས་སྤྱན་འདྲེན་ཐོག་བཤད་སྒྲའི་ཁྱིམ་བདག་གཙོ་བོས་སྒྲོན་དར་སྣེ་ལྔ་ཕུལ་ཟིན་རྗེས་ཁྱིམ་མི་གཞན་སོ་སོས་སྒྲོན་དར་ཨ་ཤེ་རེ་དང་མཛོད་གཉེར་སོགས་ཟླ་གྲས་ཚང་མ་མཇལ་ཁ་ཞུས་རིམ་བཞིན་ཆོས་སྐྱོང་ནས་སྲུང་མདུད་སྩལ། གནས་ཆུང་དྲུང་ཡིག་ནས་ལུང་ཞུ་སྙན་སྒྲོན་ཞུས་ཐོག་བཀའ་ལུང་སྩལ་རིགས་སམ་ཀྲར་བཀོད་པའི་ལུང་ཞུའི་འགོར་དྲུང་ཡིག་ནས་ཕབ་བཤུས་ཀྱི་ཆོས་སྐྱོང་གི་རྟགས་ཐམ་སྒོར་མོ་རྡོ་རྗེ་རྒྱ་གྲམ་རིས་ཕབ་སྟེ་ཕྱིར་གནང་ཞིང་ལུང་ཞུ་བའི་སྲོལ་ཡོད། དེ་ནས་སྤྱན་འདྲེན་ཞུས་ཟིན་རྗེས་ཡང་སྟེང་རབ་གསལ་དུ་འཁོད་པར་གནས་གྲས་གསོལ་ཇ་དང་གསོལ་ཚིགས་གནང་ཞུས་ཟིན་མཚམས་གནས་ཆུང་སྡེ་པ་ནས་བཟུང་ལས་བྱེད་ཚང་མ་བསྟར་བསྒྲིགས་ཀྱིས་ཡོང་བར་ལེགས་དར་རེ་གཡོག   ཚུར་ཡང་གནས་ཆུང་སྡེ་པས་ལེགས་དར་རེ་གནས་ཞུས་རྗེས་མཛོད་པས་གདན་དར་ཟུབ་ཕྱི་རེ་བཞག་སྟེ་གྲོལ། འདི་ཉིན་གནས་གྲར་བསྙེན་བཀུར་ཉིན་འཁྱོངས་ཞུས་པའི་ཚོགས་སྐལ་དང་། ཤ་འབྲས་ཤ་ཏོ་ར། ཚ་གཟིགས་གསོལ་ཇ་དངུལ་ལྡིར་དང་ཐུགས་རྗེ་ཆེ་ཞུ་བའི་ཁ་བཏགས་ཨ་ཤེ་འཚམས་ལྡེབས་བཅས་ནང་གཉེར་རང་ཤག་ཏུ་ཆེད་གཏོང་གནང་ཡོང” 36སོགས་དགའ་ལྡན་བཤད་སྒྲས་གནས་ཆུང་སྐུ་རྟེན་ཏ་བླ་མ་དང་དགེ་འདུན་པ་རྣམས་ལ་བསྙེན་བཀུར་ཞབས་ཏོག་སྒྲུབ་པ་དང་། དེ་རྣམས་ཀྱིས་རྨེ་རུ་རྙིང་པའི་པེ་ཧར་ལྕོག་ཏུ་ཆོ་ག་སྤེལ་སྲོལ་ཡོད་པ་ཡིན།

མདོར་ན། བསྟན་སྲུང་གི་ལོ་རྒྱུས་དང་རིག་གནས་སྐོར་ལ་ཤེས་རྟོགས་ཡོང་བ་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ལ་རྟོག་ཞིབ་བྱེད་པ་ཙམ་མ་ཡིན་པར། བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་དང་།  བོད་མིའི་རང་གཤིས། བོད་མིས་འཇིག་རྟེན་ལ་འཛིན་པའི་ལྟ་བ་སོགས་ཀྱི་སྐོར་ལ་ཡང་ཤེས་རྟོགས་ཐུབ་པ་ཡིན་པས། ཁོ་བོས་ལོ་རྒྱུས་ཐོག་བཀའ་རྒྱའི་དྲ་བར་ཚུད་པའི་བསྟན་སྲུང་གི་སྐོར་ལ་དཔྱད་འདོད་ཀྱི་བསམ་པའི་སྐུལ་སློང་འོག    ཐེངས་འདིར་སྲུང་མའི་བྱེ་བྲག་པེ་ཧར་རྒྱལ་པོའི་ལོ་རྒྱུས་དང་། དེ་དང་འབྲེལ་བའི་དུས་མཆོད་སོགས་ཀྱི་སྐོར་ལ་རང་ནུས་གང་དཔོག་གིས་དཔྱད་པ་རོབ་ཙམ་བྱས་ཡོད། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ཆེས་ཐུན་མོང་མ་ཡིན་པའི་དད་པའི་ལམ་ལུགས་བསྟན་སྲུང་སྐོར་ལ་མུ་མཐུད་ནས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་དགོས་གལ་ཤིན་ཏུ་ཆེ་བ་ཡིན་ནོ། །

 

 

ཡོང་ཁུངས། [སུམ་པའི་རིག་གནས།]

བརྒྱུད་སྐུལ།

མཆན་སྤེལ།