བོད་ཡུལ་གྱི་མི་འགྱུར་བའི་གཟེར་བཅུ་གཉིས།

བོད་ཡུལ་གྱི་མི་འགྱུར་བའི་གཟེར་བཅུ་གཉིས།

བོད་ཡུལ་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུའི་སྙིང་ཀར་ར་ས་འཕྲུལ་སྣང༌། ཡན་ལག་དང་ཉིང་ལག་གནོན་པར་བྱེད་པ་ལ་མི་འགྱུར་བའི་གཟེར་བཅུ་གཉིས་བཏབ་སྟེ། 1.དཔུང་པ་གཡས་པའི་སྟེང་དུ་དབུ་རུ་ན་ཀ་ཚལ་གཙུག་ལག་ཁང༌། དེའི་འོག་ཏུ་གསེར་ཤ་གྷིརྟི་ལྷ་ཁང་བཏབ། 2.སྲིན་མོའི་དཔུང་པ་གཡོན་དུ་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་པ་མི་འགྱུར་བའི་གཙུག་ལག་ཁང༌། དེའི་འོག་ཏུ་བཙན་ཐང་ལྷ་ཁང༌། 3.དཔྱི་གཡས་སུ་གཡས་རུ་གཙང་འཕྲང་གཙུག་ལག་ཁང༌། དེའི་འོག་ཏུ་དགེ་དྲུང་གི་ལྷ་ཁང༌། 4.དཔྱི་གཡོན་དུ་ཁྲོམ་གྱི་རྒྱང་ཞུ་རུ་ལག་གྲུམ་པ་རྒྱང་དྲི་མེད་རྣམ་དག་གི་གཙུག་ལག་ཁང༌། དེའི་འོག་ཏུ་འབྲེའི་ལྷ་ཁང་སྟེ་རུ་གནོན་བཞིའོ། ། 5.གྲུ་མོ་གཡས་ཤར་སྟག་སྐྱ་བོའི་མགོར་ཀོང་པོ་བུ་ཆུ་མཐར་ལེགས་ལྷ་ཁང༌། 6.གྲུ་མོ་གཡོན་ལྷོ་འབྲུག་གི་ཟེ་བའི་སྟེང་དུ་ལྷོ་བྲག་མཁོ་མཐིང་ལྷ་ཁང༌། 7.པུས་མོ་གཡོན་ནུབ་བྱང་དམར་མོའི་སྒལ་སྟེང་དུ་མོན་བུ་དགེ་གནས་ཀྱི་གཙུག་ལག་ཁང༌། 8.པུས་མོ་གཡས་བྱང་རུས་སྦལ་གྱི་སྟེང་དུ་པྲ་དུམ་རྩེའི་གཙུག་ལག་ཁང་སྟེ་ཡང་འདུལ་བཞིའོ། །
9.ལག་མཐིལ་གཡོན་དུ་ཤར་མདོ་ཁམས་ཀློང་ཐང་སྒྲོལ་མ། 10.ལག་མཐིལ་གཡས་སུ་ལྷོར་བུམ་ཐང་སྐྱེ་ཆུ། 11.རྐང་མཐིལ་གཡས་སུ་ནུབ་དཔེ་ལ་ཁ་ཆེའི་ཡུལ་དུ་ཚལ་རིགས་ཤེས་རབ་སྒྲོལ་མའི་ལྷ་ཁང་ཞེས་མང་ཡུལ་མ་བྱས་སྤྲིན། 12.རྐང་མཐིལ་གཡོན་དུ་བྱང་ཕྱོགས་ཚངས་པ་རླུང་གནོན་གྱི་ལྷ་ཁང་ཞེས་སྤ་གྲོ་སྐྱེ་ཆུའི་ལྷ་ཁང་སྟེ་མཐའ་འདུལ་གྱི་ལྷ་ཁང་བཞིའོ། །གཞན་ཡང་ཤར་དུ་ཀ་ཆུ་གླིང་ཆུ་གཉིས། ཉི་ཟླ་གཟའ་སྐར་གཏན་ལ་འབེབས་ཕྱིར་བཞེངས། ལྷོ་རུ་སྙལ་སྣང་གྲོ་ལྷ་ཁང༌། གླིང་ཐང་གཉིས་མེད་ལྷའི་ཁ་གནོན་དུ་བཞེངས། ནུབ་ཏུ་གུ་ལང་ཤིང་ཀུན་གཉིས་ཆུའི་ཁ་གནོན་དུ་བཞེངས། བྱང་དུ་དགེ་དང་དཔལ་རི་གཉིས་རླུང་གི་ཁ་གནོན་དུ་བཞེངས་སོ། །གཞན་ཡང་ས་གནོན་འདི་རྣམསབཞེངས་སོ། །མང་ཡུལ་བྱམས་སྤྲིན་ལྷ་ཁང༌། རྒྱང་རོར་པ་ཆད་ལྷ་ཁང༌། སྤུ་བོར་འདོང་ཆུ་ལྷ་ཁང༌། སྟོད་ལུང་སྣང་རྩེའི(འདི་ལ་སྐྱོ་འདུན་རྩེ་ཟེར་བ་འདྲ)སྐྱོའི་ལྷ་ཁང(བློན་པོ་མགར་གྱི་ལྷ་ཁང)འཕན་ཡུལ་བྱེ་རེའི་གཙུག་ལག་ཁང༌། ཁྱད་པར་ར་ས་འཕྲུལ་སྣང་བལ་བཟས་བཞེངས། རྒྱ་སྟག་ར་མོ་ཆེ་རྒྱ་མོས་བཞེངས། དེའི་བར་ལ་མཐའ་འདུལ་ཡང་འདུལ་ལ་སོགས་སྤྲུལ་པའི་རྒྱལ་པོས་དེ་ཡང་ཀུན་གྱི་སྔོན་དུ་ཁྲ་འབྲུག་བཞེངས་སོ། །དེ་ལྟར་སྤྲུལ་པའི་རྒྱལ་པོ་འདིས་སྐུ་ལུས་ཀྱི་སྤྲུལ་པ་ལྔ་སྟོང་འགྱེད་ནས་མཐའ་འདུལ་དང་རྒྱལ་པོས་དགུང་ལོ་བཅུ་གསུམ་བཞེས་ནས་མདོ་ཁམས་སུ་ཡོངས་རྫོགས་རབ་སྒང་གི་ལྷ་ཁང་བཞེངས་པ་ལ་སོགས་མཐའ་འདུལ་གྱིས་གཙུག་ལག་ཁང་སྟོང་རྩ་གཉིས་བཞེངས་པའོ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དབུ་རྩེ་རིམ་གསུམ་རི་རབ་ཀྱི་ཚུལ་དུ་བཞེངས་ཏེ་འོག་ཁང་བོད་ལུགས་འདག་པའི་འདེར་སོ། །བར་ཁང་རྒྱ་ནག་ལུགས་ཀོ་བའི་ལྷ། སྟེང་ཁང་རྒྱ་གར་ལུགས་ཤོག་འདག་དང་རས་འདག་གི་ལྷའོ། །

Image result for སྲིན་མོ་གན་རྐྱལ

 

ཟུར་བཀོད། སྐུ་ཉིད་ནས་གོང་གི་གཉའ་ཁྲིའི་ལོ་རྒྱུས་གསུང་སྐབས་སུ་འཕྲོས་པའི་སྲིན་མོ་གན་རྐྱལ་གྱི་ས་དབྱིབས་དེའི་སྐོར་ངོ་སྤྲོད་ཅུང་ཟད་གནང་རོགས་ཞུ།

དཔལ་མཁར་རྒྱལ། དྲིས་ལན། ཆོས་འབྱུང་དང་ལོ་རྒྱུས་མང་པོ་ཞིག་གི་ནང་དུ་བོད་ཀྱི་ས་དབྱིབས་ནི་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་གཟུགས་རིས་ཤིག་ཡིན་པར་གསུངས་ཡོད། ད་ལྟའི་ཆར་ས་དབྱིབས་འདིའི་སྐོར་ལ་དཔྱད་པ་གཏོང་མཁན་ཕྱི་གླིང་བ[169]ཁ་ཤས་དང་ནང་སའི་མི[170]རེ་གཉིས་ལས་མེད་ལ་འདི་ནི་ལོ་རྒྱུས་བྱུང་བ་མཚོན་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། ངས་བལྟས་པའི་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་ལས་ས་དབྱིབས་འདིའི་སྐོར་ལ་ལྟ་ཚུལ་མི་མཐུན་པ་གཉིས་བྱུང་ཡོད་པ་རེད། གཅིག་ནི་བོད་རང་སའི་ཡུལ་ན་གནའ་བོའི་དུས་ནས་བཟུང་ས་དཔྱད་སྣ་ཚོགས་དར་ཡོད་པ་མ་ཟད་ས་དགྲ་གནོན་པའི་ཆོ་གའང་སྣ་ཚོགས་ཤིག་དར་འདུག་པས་སྲིན་མོ་གན་རྐྱལ་གྱི་ས་དབྱིབས་ངོས་འཛིན་དང་དེའི་ས་དགྲ་གནོན་པའི་ལོ་རྒྱུས་ཀྱི་བྱུང་བ་འདི་ནི་མི་རིགས་གཞན་གང་ལའང་མིག་དཔེ་ལྟ་མ་དགོས་པར་ཡོད་ལ་རྒྱལ་པོ་སྲོང་བཙན་སྒམ་པོ་ཁོང་གིས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁ་ཕོ་བྲང་མ་རུ་ཁ་ནས་སྐུ་མཚམས་མཛད་དེ་ཡི་དམ་གྱི་ལྷ་བསྒྲུབ་པས་ཆེས་ཆེར་གྲུབ་ནས་ལུང་བསྟན་ལྟར་སྲིན་མོ་གན་རྐྱལ་གྱི་ས་དགྲ་འདི་གཟིགས་རྟོགས་བྱུང་བ་ཡིན[171]ཅེས་བཤད་པ་ཁག་གཅིག་དང་ཐང་བོད་མཐུན་འགྱུར་གྱི་དུས་རབས་བདུན་པའི་ནང་ལ་རྒྱ་བཟའ་ཀོང་ཇོ་བོད་དུ་སླེབས་ནས་ལྷ་ཁང་བརྩིགས་སྐབས་སུ་ས་ཆ་གང་བཟང་སྤོར་ཐང་བརྒྱད་ཅུའི་གབ་རྩེ་ལ་བརྟེན་ནས་འདེམ་སྐབས་བོད་ཁམས་འདི་སྲིན་མོ་གན་རྐྱལ་གྱི་གཟུགས་དབྱིབས་ཤིག་ཡིན་པ་ཤེས་རྟོགས་[172]བྱུང་ཡོད་ཅེས་བཤད་པ་དེ་གཉིས་རེད།

གང་ལྟར་བོད་ཁ་བ་ཅན་གྱི་ཡུལ་ལྗོངས་འདི་ཉིད་དུས་རབས་བདུན་པའི་ནང་གི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཀྱི་ས་དཔྱད་མཁན་པོ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་ས་དབྱིབས་ཤིག་ལ་ངོས་འཛིན་གསར་རྟོགས་བྱུང་ཞིང་འོ་ཐང་མཚོ་སྲིན་མོའི་སྙིང་ཁྲག་དང་དམར་ལྕགས་རི་སོགས་རི་གསུམ་པོ་སྲིན་མོའི་སྙིང་རུས་སོགས་ལ་ངོས་འཛིན་ཞིབ་པ་ཞུས་ནས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཧ་ཅང་མང་པོ་ཞིག་གསར་བཞེངས་མཛད་ཡོད་པ་རེད། སྲིན་མོ་གན་རྐྱལ་དུ་ཉལ་བའི་ས་དབྱིབས་ཀྱི་དཔེ་རིས་ཁུངས་བཙུན་ཞིག་སྔོན་ཆད་ནོར་གླིང་རིག་རྫས་ཀྱི་ཁོངས་སུ་མཇལ་རྒྱུ་ཡོད་པ་དང་渡་ལིའི་ཧྭ་ཡི《བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་གཏམ་རྒྱུད་ཐུན་མཚམས་བཅོ་ལྔ་བ》[173]ཅེས་པའི་དེབ་གཞིའི་ནང་དུའང་མཐོང་རྒྱུ་ཡོད། གོང་གསལ་ཞལ་ཐང་ཐོག་མ་དེ་རིགས་ཀྱི་ནང་དུ་མཐའ་འདུལ་གྱི་གཙུག་ལག་ཁང་བཞི། ཡང་འདུལ་གྱི་གཙུག་ལག་ཁང་བཞི། རུ་གནོན་གྱི་གཙུག་ཁང་བཞི་བཅས་ཚུད་ཡོད།

དེ་ཡང་འདིའི་སྐོར་ལ་ལུགས་མི་མཐུན་པ[174]འགའ་རེ་ཡོད་ནའང་《རྒྱལ་རབས་གསལ་བའི་མེ་ལོང》[175]ལས་བྱུང་བའི་ལུགས་དེ་ཡོང་གྲགས་ལྟ་བུ་ཞིག་ཆགས་ཡོད་སྟབས་འདིར་དེའི་ལུགས་བཞིན་ཅུང་ཟད་ཞིབ་པར་བཤད་ན་སྐྱིད་ཤོད་འོ་ཐང་མཚོ་སྲིན་མོའི་སྙིང་ཁྲག་ཡིན་པས་དེ་གསུབས་ནས་དེའི་སྟེང་དུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་དང་ཡན་ལག་དང་སུག་ལག་རྣམས་ནོན་པར་བྱེད་ཆེད་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱད། རུ་གནོན་གྱི་གཙུག་ལག་ཁང་བཞི་བཅས་བསྡོམས་པས་གཙུག་ལག་ཁང་བཅུ་གཉིས་བཞེངས་ཡོད་ལ་དེར་མི་འགྱུར་བའི་གཟེར་བཅུ་གཉིས་ཞེས་ཀྱང་འབོད་སྲོལ་བྱུང་ཡོད།

དེ་རྣམས་ལས་སྔོན་ལ་དབུས་གཙང་རུ་བཞིར་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་བཞེངས་ཡོད་པ་ལས་དང་པོ་ནི་སྲིན་མོའི་དཔུང་མགོ་གཡོན་པའི་སྟེང་དུ་གཡོ་རུ་ཁྲ་འབྲུག་གཙུག་ལག་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་རྩེད་ཐང་གྲོང་བརྡལ་གྱི་སྣེ་གདོང་རྫོང་གི་ཁོངས་སུ་ཡོད། གཉིས་པ་སྲིན་མོའི་དཔུང་མགོ་གཡས་པའི་སྟེང་དུ་དབུ་རུ་ཀ་ཚལ་གྱི་གཙུག་ལག་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ལྷ་ས་གྲོང་ཁྱེར་མལ་དྲོ་གུང་དཀར་རྫོང་ཁོངས་སུ་ཡོད། གསུམ་པ་སྲིན་མོའི་དཔྱི་མགོ་གཡོན་མའི་སྟེང་དུ་གྲོམ་པ་རྒྱང་གཙུག་ལག་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་གཞིས་ཀ་རྩེའི་གྲོང་ཁྱེར་གྱི་ལྷ་རྩེ་རྫོང་དང་ཕུན་ཚོགས་གླིང་གི་འབྲེལ་མཚམས་སུ་ཡོད། བཞི་བ་སྲིན་མོའི་དཔྱི་མགོ་གཡས་པའི་སྟེང་དུ་གཡས་རུ་གཙང་འགྲམ་གཙུག་ཁང་བཞེངས་ཡོད་ལ་དེ་ནི་གཞིས་ཀ་རྩེའི་གྲོང་ཁྱེར་གྱི་རྣམ་གླིང་རྫོང་གི་ཤར་ལྷོའི་མཚམས་ཀྱི་ཐོབ་རྒྱལ་ཞེས་པར་ཡོད།

དེའི་རྗེས་ལ་ཡང་འདུལ་གྱི་གཙུག་ལག་ཁང་བཞི་བཞེངས་ཡོད་པ་ལས་དང་པོ་ནི་སྲིན་མོའི་གྲུ་མོ་གཡོན་མའི་སྟེང་དུ་ལྷོ་བྲག་མཁོ་མཐིང་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ལྷོ་ཁ་ས་ཁུལ་གྱི་ལྷོ་བྲག་ཤར་ཆུ་དང་ནུབ་ཆུ་འདྲེས་མཚམས་སུ་ཡོད། གཉིས་པ་སྲིན་མོའི་གྲུ་མོ་གཡས་པར་ཀོང་པོ་བུ་ཆུ་ལྷ་ཁང་བཞེངས་ཡོད་པ་དང་དེ་ནི་ད་ལྟའི་ཉིང་ཁྲི་ས་ཁུལ་གྱི་བུ་ཆུ་ཞེས་པའི་ས་ཆར་ཡོད། གསུམ་པ་ནི་སྲིན་མོའི་པུས་མོ་གཡོན་མའི་སྟེང་དུ་བྱང་པྲ་དུན་རྩེ་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་གཞིས་ཀ་རྩེའི་གྲོང་ཁྱེར་འབྲོང་པ་རྫོང་ཁོངས་སུ་ཡོད། བཞི་བ་ནི་སྲིན་མོའི་པུས་མོ་གཡས་པའི་སྟེང་དུ་བྱམས་སྤྲིན་དགེ་རྒྱས་ལྷ་ཁང་བཞེངས་ཡོད་ལ་དེ་ནི་གཞིས་ཀ་རྩེའི་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ལྷོ་ངོས་བལ་བོད་ས་མཚམས་སུ་གནས་ཡོད།

དེའི་རྗེས་ལ་རུ་གནོན་གྱི་གཙུག་ལག་ཁང་བཞི་བཞེངས་ཡོད་པ་ལས་དང་པོ་སྲིན་མོའི་ལག་མཐིལ་གཡོན་མའི་སྟེང་དུ་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ཟི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་ཁོངས་སུ་ཡོད། གཉིས་པ་ནི་སྲིན་མོའི་ལག་མཐིལ་གཡས་མའི་སྟེང་དུ་མོན་སྤ་གྲོ་སྐྱེར་ཆུ་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་འབྲུག་ཡུལ་སྤ་གྲོའི་ས་ཆར་ཡོད། གསུམ་པ་ནི་སྲིན་མོའི་རྐང་མཐིལ་གཡོན་མའི་སྟེང་དུ་མཚལ་རིགས་སྒྲོལ་མ་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ལ་དྭགས་ས་ཁུལ་དུ་ཡོད། བཞི་བ་ནི་སྲིན་མོའི་རྐང་མཐིལ་གཡས་པའི་སྟེང་དུ་བྱང་ཚངས་རླུང་གནོན་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་མཉེས་ཐང་ས་ཆར་ཡོད། དེ་ལས་གཞན་ཉི་ཟླ་གཟའ་སྐར་གཏན་ལ་འབེབས་པར་ཀ་ཆུ་དང་ཀང་ཆུ། གླིང་ཆུ་གསུམ་བཞེངས་ཡོད་པ་དང་མེ་དགྲ་ཁ་གནོན་པའི་ཆེད་དུ་སྙལ་སྣང་གྲོ་ལྷ་ཁང་དང་གླིང་ཐང་བཞེངས་པ། བལ་བོད་ཀྱི་ས་མཚམས་སྲུང་ཞིང་ཆུ་དགྲ་ཁ་གནོན་པའི་སླད་དུ་གུ་ལང་དང་ཤིང་ཁུན་གཉིས་བཞེངས་པ་དང་ལྷ་ཀླུ་འདྲེ་སྲིན་དམ་འདོགས་དང་རླུང་གི་ཁ་གནོན་པའི་སླད་དུ་དགེ་རི་དང་དཔལ་རི་གཉིས་བཞེངས་པ་སོགས་གཙུག་ལག་ཁང་ཆུང་གྲས་མང་དག་ཅིག་བཞེངས་ཡོད་པས་ད་ལྟའི་ཆར་དེ་དག་རེ་རེ་བཞིན་ངོས་འཛིན་བྱེད་པར་དཀའ་ཁག་ཆེན་པོ་ཡོད་པ་ཞིག་རེད། གང་ལྟར་ནུབ་ཕྱོགས་ལ་དྭགས་ལ་ཐུག་པ་དང་ལྷོ་ཕྱོགས་འབྲུག་ཡུལ་ལ་ཐུག་པ། ཤར་ཕྱོགས་ཟི་ཁྲོན་འདན་ཁོག་ལ་ཐུག་པ་དང་བྱང་ཕྱོགས་བོད་བྱང་ཐང་ཆེན་མོར་ཐུག་ཡོད་པའི་བོད་ཀྱི་ས་དབྱིབས་སྲིན་མོ་གན་རྐྱལ་གྱི་གཟུགས་རིས་འདི་ནི་དཔྱད་གཞི་རྒྱ་ཆེ་བ་ཞིག་ཡིན་པར་སྣང་ནའང་དེ་རིང་དུས་ཚོད་ཀྱི་དབང་གིས་ངོ་སྤྲོད་འདི་ཙམ་གྱིས་ཆོག་པར་བྱོས།

ཡོང་ཁུངས། ཕུན་ཚོགས་སྡེ་བཞིའི་རྩོམ་རིག་གི་འཕྲིན་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།