བོད་རྒྱལ་གྱི་བང་སོ་ཐོག་མ་དང་། ཀོང་ཡུལ་བྲེ་སྣ། ཀོང་པོ་ཀླུ་ནང་བཅས་ངོ་སྤྲོད།

བོད་རྒྱལ་གྱི་བང་སོ་ཐོག་མ་དང་། ཀོང་ཡུལ་བྲེ་སྣ། ཀོང་པོ་ཀླུ་ནང་བཅས་ངོ་སྤྲོད།

བོད་རྒྱལ་གྱི་བང་སོ་ཐོག་མ།

 

དམུ་ཡུལ་སྐྱིད་ཐང་ངམ་མི་ཡུལ་སྐྱིད་མཐིང་ཟེར་བ་ནི་བྲག་ཡིབ་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་སྤྱི་ལེ18ཙམ་གྱི་སར་ཡོད། དེ་ནི་ལྷ་རི་གྱང་ཐོའི་རི་གཤམ་དུ་གནས་ཡོད། དེང་གི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་བོད་རྒྱལ་གྲི་གུམ་བཙན་པོའི་བང་སོ་ཡིན་པར་ངོས་འཛིན་གནང་ཡོད་ལ། ལོ་རྒྱུས་ཐོག་བོད་རྒྱལ་གྱི་བང་སོ་ཐོག་མ་དེ་ཡིན་པར་གྲགས། གཞན་ཡང་《བོན་རིའི་དཀར་ཆག》ལས། མི་འགྱུར་བཀའ་རྟགས་གསལ་བ་རེ་རེ་ཡོད། །གསང་བའི་བོན་གཏེར་ཆ་གཅིག་དེ་རུ་བཞག །མིང་ཡང་མུ་ཡུལ་སྐྱིད་ཐང་ཞེས་སུ་གྲགས། །ཞེས་བྱུང་བ་ལྟར། གནས་མཆོག་ཐུགས་སྤྲུལ་བོན་རི་ཆེན་པོའི་ཕྱོགས་བཞིར་གསང་བའི་དུར་ཁྲོད་དམ་དཀྱིལ་འཁོར་ཆེན་པོ་བཞི་ཡོད་པ་ལ། དེ་ནི་བོན་རིའི་ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་དེ་ཡིན།

 

གཞན་ཡང་སྟོན་པ་གཤེན་རབ་མི་བོ་གནས་དེར་ཕེབས་ཏེ། འགྲོ་བའི་དོན་དུ་བྱིན་གྱིས་བརླབས་པ་དང་། ཞི་ཁྲོའི་དཀྱིལ་འཁོར་ཚང་བའི་དུར་ཁྲོད་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། གནས་དེར་ལུས་རྟེན་བོར་བའི་སེམས་ཅན་རྣམས་ཕྱིས་གནས་ངན་གྱི་སྐྱེ་སྒོ་ཁེགས་ནས། དལ་འབྱོར་གྱི་ལུས་རྟེན་རྙེད་པའི་རྟེན་འབྲེལ་བཟང་པོ་ཡོད་པ་དང་། རྗེས་འཇུག་གི་ཁྱིམ་མི་རྣམས་ཀྱང་རིགས་རྒྱུད་འཕེལ་ཞིང་ཚེ་འདིར་བདེ་སྐྱིད་ལྡན་པའི་རྟེན་འབྲེལ་ཡོད་པར་གྲགས་པས། དུས་དེ་ནས་བཟུང་གནས་དེ་གཤིན་པོའི་དུར་ས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་པ་མ་ཟད། ཁྱད་པར་དུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་མུ་ཁྲི་བཙན་པོ་སོགས་རྒྱལ་པོ་རིམ་བྱོན་གྱི་རིང་ལ་ལོ་ལྟར་དབྱར་དུས་སུ་ལྷ་རི་གྱང་ཐོའི་མགོ་ལ་བསང་གསོལ་གནང་བར་ཕེབས་ཞོར། སྐུ་གཤེན་རྣམས་ཀྱིས་གནས་དེར་གསོན་གཤིན་གྱི་བསྔོ་སྨོན་རྒྱ་ཆེན་པོ་བྱེད་སྲོལ་ཡོད།


《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།

Image may contain: mountain, sky, cloud, outdoor and nature

 

ཀོང་ཡུལ་བྲེ་སྣ།

 

རང་བྱུང་གྲོང་ཚོ་དེ་ནི་བྲག་ཡིབ་གྲོང་ཁྱེར་གྱི་ལྷོ་ངོས་སྤྱི་ལེ20ཙམ་གྱི་སར་ཡོད་པ་དང་། དེར་ཐེམ་དུད14ལ་མི་གྲངས80ཡོད།
བྲེ་སྣ་ཞེས་པའི་མིང་ནི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་དང་《མདོ་གཟི་མིག》དེ་བཞིན་བོན་རིའི་དཀར་ཆག་སོགས་སུ་ཀོང་ཡུལ་བྲེ་སྣ་ཞེས་འཁོད་ཡོད་ཅིང་། ཡུལ་མིང་དེའི་ཐད་བཤད་སྲོལ་འགའ་ཞིག་ཡོད་པ་ལས། གཅིག་ནི་ས་དེར་སྔོན་སྟོན་པ་གཤེན་རབ་མི་བོ་ཆེས་གསེར་གཡུ་བྲེ་ལ་འཇལ་བའི་རྒྱུ་མཚན་གྱིས་མིང་དེ་ལྟར་ཐོགས་སྐད་དང་། གཉིས་ནི་བོད་ཀྱི་མེས་པོ་སྤྲེའུ་དག་ལས་ཁག་གཅིག་ལྷོ་ཁ་ནས་ཀོང་པོར་ཡུལ་འཕོས་ཏེ་འཚོ་བ་བསྐྱལ་བ་ཡིན་སྟབས། ཡུལ་མིང་སྤྲེ་སྣའི་ལྗོངས་ཞེས་ཐོགས་པར་བཤད་པ་དང་།གསུམ་ནི་ཡུལ་དེར་གནས་པའི་མི་རྣམས་ཀྱི་སྣ་ཡི་དབྱིབས་སྤྲེའུ་དང་འདྲ་བར་ཅུང་ལེབ་ཙམ་ཡོད་པས། མིང་དེ་ལྟར་ཐོགས་པར་བཤད། ཡུལ་དེའི་མིང་ལ་བྲེས་སྣའང་འབྲི་སྲོལ་འདུག

Image may contain: sky, cloud, mountain, nature and outdoor

《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།

 

ཀོང་པོ་ཀླུ་ནང་།

 

ཀླུ་ནང་གྲོང་རྡལ་ནི་བྲག་ཡིབ་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་ཀྱི་སྤྱི་ལེ72ཙམ་གྱི་ས་སྟེ། རྒྱལ་ལམ318ཀྱི་ཉེ་འགྲམ་དུ་གནས་ཡོད། ཀླུ་ནང་ཞེས་པའི་མིང་ནི་ལུང་པ་དེའི་མཐའ་བཞིར་ཤིང་ནགས་ཀྱི་ར་བས་བསྐོར་བ་དང་། དབུས་སུ་ནེའུ་གསིང་སྤང་ལྗོངས་སྟེང་མེ་ཏོག་བཞད་པ་བཅས་རྣམ་པར་བཀྲ་བའི་ཡུལ་ལྗོངས་དེ་ཀླུ་ཡུལ་དང་མཚུངས་པས། མིང་དེ་ལྟར་བྱུང་བར་གྲགས།ཡུལ་དེར་ལ་དགུ་ཀླུང་དགུ་ཞེས་བརྩི་སྲོལ་ཡོད་ལ། བྱ་ནག་པོའི་ལུང་པ་དེར་དུས་ད་ལྟའང་ལ་དགུ་ཀླུང་དགུ་ཞེས་འབོད།《ཀླུ་ནང་གནས་མཆོག་ལྷ་རི་གསང་བ་རྩལ་གྱི་དཀར་ཆག་འོད་དཀར་མདངས་གསལ་བཞུགས་སོ》ཞེས་པའི་ནང་དུ། ཀླུ་ནང་ཞེས་པའི་ས་ཆ་ནི་ཐོག་མའི་དུས་སྐབས་སུ་མཚོ་ཞིག་ཡིན་པ་དང་། དུས་རབས་བཅུ་གཅིག་པའི་ནང་གླིང་རྗེ་གེ་སར་རྒྱལ་པོ་ས་དེར་ཕེབས་ནས་ཕྱག་མདས་མཚོ་ཡི་ཁ་ཕྱེ་ཞིང་ཆུ་རྣམས་དེ་རུ་བཞུར་བས། དེ་ནས་བཟུང་ཀླུ་ནང་ཞེས་པའི་ལུང་པ་ཆགས་པ་ཡིན་ཞེས་འཁོད།
ཀླུ་ནང་ལུང་པ་ནི་ལ་དགུ་ཀླུང་དགུ་ཡན་ཆད་དང་། གསེར་སྐྱེམས་ལ་དང་། དེ་མོ་ལ་ཚུན་ཆད་ཁུལ་གྱི་ས་ཆར་ཟེར་གྱི་ཡོད། དེའི་ནང་ལྡུམ་པ་ཚལ་དང་། བསྣུབས་གླིང་།བུམ་པ་ཚལ།ནགས་སྨད། གྲོང་སྨད། བཀྲ་ཤིས་སྒང་བཅས་རང་བྱུང་གྲོང་ཚོ་དྲུག་ཚུད་ཡོད། ལ་དགུ་ཀླུང་དགུ་མན་ཆད་ནས་འཕྲེད་ལུང་ཡན་ཆད་ལ་རོང་པ་ཞེས་འབོད་ཅིང་། དེར་སྟོང་མཇུག་དང་། ལ་ཡོལ། བྲེ་མོ། བ་ག ཀློ་མོ་སོགས་རང་བྱུང་གྲོང་ཚོ་ལྔ་ཡོད།

Image may contain: grass, outdoor and nature
《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།