བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་གི་ལོ་རྒྱུས།

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་གི་ལོ་རྒྱུས།

༄༅། །སྙེ་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༤༥ ལོར་འཁྲུངས། ཕྱི་ལོ་ ༡༩༥༡ ལོར་ལྷ་ས་ན་རོང་ཤག་གི་སློབ་གྲྭར་ཕེབས། ཕྱི་ལོ་ ༡༩༥༧ ལོ་ནས་ ༡༩༥༩ ལོ་བར་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་ཁང་དུ་ཞབས་སྡོད་ཞུས། ཕྱི་ལོ་ ༡༩༦༠ ལོ་ནས་སྙེ་མོ་ཁུལ་དུ་སློབ་ཆུང་དགེ་རྒན་གནང་། ཕྱི་ལོ་ ༡༩༨༠ ལོ་ནས་བོད་ལྗོངས་སློབ་གྲྭ་ཆེ་མོར་ལས་སྒྱུར་བྱུང་སྟེ་སྙན་ངག་དང༌། སུམ་རྟགས། མངོན་བརྗོད། བརྡ་རྙིང༌། རྩོམ་རིག གཞུང་ཡིག ཡིག་སྐུར་རྣམ་གཞག རོལ་མོའི་བསྟན་བཅོས། བོད་ཀྱི་ཡུལ་སྲོལ། བོད་ཀྱི་ཡིག་གཟུགས་བཅས་ཆེད་ལས་མི་འདྲ་བ་ཁག་མང་པོ་ཞིག་སློབ་ཁྲིད་མཛད་དེ་སློབ་མ་རྣམས་ཀྱི་དགའ་བསུ་དང་དགེ་རྒན་རྣམས་ཀྱི་གདེང་འཇོག་བཟང་པོ་ཐོབ།

ཕྱི་ལོ་ ༢༠༠༠ ལོར་ཁོང་ལ་དགེ་རྒན་ཆེ་མོའི་གོ་མིང་ཐོབ་ཅིང༌། བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་། ཞིབ་འཇུག་སློབ་མའི་སློབ་དཔོན། རིག་གཞུང་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་གི་རྒྱལ་ཁབ་རིམ་པའི་སློབ་གསོའི་རུ་ཁག་གི་སྣེ་ཁྲིད་པ། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་གདན་ཞུས་ཞིབ་འཇུག་པ།

བོད་རང་སྐྱོང་ལྗོངས་སློབ་གསོ་ཞིབ་བཤེར་པའི་ཨུ་ཡོན། ཀྲུང་གོ་རྩོམ་པ་པོ་ལྷན་ཚོགས་བོད་ལྗོངས་ཡན་ལག་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ལ། ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཁབ་སློབ་གསོ་པུའུ་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན་གྱི་མིང་གནས་བསྩལ་བ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟིགས་བཟོས་ཀྱང་མི་ཉུང་བ་ཞིག་ཐོབ་ཡོད། མི་ལོ་ལྔ་བཅུ་ཙམ་རིང་། སློབ་གསོའི་བྱ་གཞག་ཁོ་ནའི་ཐོག་ལྷག་བསམ་རྣམ་དག་དང་འབད་པ་ལྷོད་མེད་ཀྱིས་སློབ་མ་མང་པོ་གསོ་སྐྱོང་གནང་ཡོད་ཅིང་། ཁོང་གི་སློབ་མ་དེ་དག་ཀྱང་རང་རང་གི་ལས་གནས་ཐོག་གཙོ་ཤུགས་ཀྱི་ནུས་པ་འདོན་བཞིན་ཡོད་ལ་སློབ་མ་མི་ཉུང་བ་ཞིག་ལ་མཐོ་རིམ་ཆེད་ལས་ཀྱི་གོ་མིང་ཡང་ཐོབ་ཡོད།

སློབ་ཁྲིད་ཀྱི་ཞར་ཞོར་དུ་ཞིབ་འཇུག་གི་ལས་ཀ་རྒྱུན་འཁྱོངས་མཛད་ནས་སྙན་ངག་གི་སློབ་དེབ་《མིག་ཡིད་རྣ་བའི་དགའ་སྟོན་》དང་།《བོད་ཀྱི་སྤྱི་སྐད་སློབ་དེབ།》བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་《ཞེ་སའི་ལག་དེབ་བློ་གསར་དགའ་སྟོན།》《བོད་ཀྱི་ཡུལ་སྲོལ་རྣམ་བཤད་》བཅས་དང་།《བྱིས་སྒྲུང་གྲགས་ཅན་ལྔ་》ཞེས་པའི་བསྒྱུར་རྩོམ་ཞིག་བཅས་བརྩམས་དེབ་ཁག་ཅིག་དཔེ་སྐྲུན་གནང་ཡོད་པ་དང་། དཔྱད་རྩོམ་ཡང་མི་ཉུང་བ་ཞིག་བརྩམས་སྤེལ་གནང་ཡོད་ལ། བཅད་ལྷུག་སྤེལ་གསུམ་གྱི་སྒྱུ་རྩལ་གྱི་བརྩམས་ཆོས་ཡང་མང་པོ་ཞིག་རྩོམ་སྤེལ་མཛད་དེ་དུས་དེབ་ཁག་ནང་འཁོད་པ་རྣམས་ལ་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། ཉེ་ཆར་ 《མཛའ་བཅུག་གི་མི་ཚེ་》ཞེས་པའི་ཕྱག་དེབ་གསར་རྩོམ་མཛད་ཅིང་། གཞན་ཡང་དཔྱད་རྩོམ་མི་ཉུང་བ་ཞིག་བརྩམས་སྤེལ་གནང་ཡོད་ལ། བཅད་ལྷུག་སྤེལ་གསུམ་གྱི་སྒྱུ་རྩལ་གྱི་བརྩམ་བྱ་ཡང་མང་པོ་ཞིག་རྩོམ་སྤེལ་མཛད་དེ་དུས་དེབ་ཁག་ནང་འཁོད་པ་རྣམས་ལ་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

 

སྟབས་མ་ལེགས་པར་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༡ དགོང་མོའི་ཕྱག་ཚོད་ ༡༡ དང་སྐར་མ་ ༢༠ ཐོག་འཇིག་རྟེན་འདི་ནས་ཞལ་གྱེས་པ་བཅས་དམ་པ་གང་ཉིད་ཀྱི་ཕྱག་རྗེས་ངོ་སྤྲོད་དང་སྦྲགས་མྱ་ངན་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུ།

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།