བོད་སྐྱོང་བརྟན་མ་བཅུ་གཉིས་དམ་ལ་བཞག་ས་མི་འདྲ་བའི་ཚུལ།

བོད་སྐྱོང་བརྟན་མ་བཅུ་གཉིས་དམ་ལ་བཞག་ས་མི་འདྲ་བའི་ཚུལ།

ར་སེ་དཀོན་མཆོག་རྒྱ་མཚོ།

 

ང་ཚོའི་ཆོས་ལུགས་ལོ་རྒྱུས་ནང་དུ་བོད་ཁམས་སྐྱོང་ཞིང་མཐའ་ཡི་སོ་ཁ་བསྲུང་བ་དང་། མཐའ་དམག་དང་ལྟ་ལོག་མུ་སྟེགས་པ་ཟློག་པའི་དམ་བཅའ་ཅན། བརྟན་མ་བཅུ་གཉིས་པོ་དེ་ནི་སློབ་དཔོན་པདྨ་སམ་བྷ་ཝས་དམ་ལ་བཞག་ནས་དེ་བཞིན་བཀའ་ཉན་པར་གྱུར་པའི་ལོ་རྒྱུས་ངོ་མཚར་རྨད་དུ་བྱུང་བ་ཅིག་ཡོད་ལ། དེར་བརྟེན་ཆོ་ག་ཁག་གི་མཇུག་དེར་བརྟན་མ་བཅུ་གཉིས་ལ་གསོལ་མཆོད་ཀྱིས་བཀའ་བཞིན་བྱ་དགོས་པར་བསྐུལ་བའི་ཚུལ་ཡང་ཡིག་ཆ་ཧ་ཅང་མང་པོར་བཞུགས་ཡོད་ཅིང་། དེ་དག་གི་བཀའ་གཏད་རྗེས་གནང་གསོལ་མཆོད་ནང་དོན་སོགས་ཀྱི་སྐོར་འདིར་མི་གླེང་ལ། བརྟན་མ་དང་བསྟན་མ་ཞེས་པའི་འབྲི་སྲོལ་མི་འདྲ་བ་གཉིས་ཡོད་ཅིང་། ནང་དོན་གང་ཡིན་ཀྱང་ལོགས་སུ་དཔྱད་བྱར་འཇོག

 

འདིར་ནི་གླེང་བྱའི་དོན་ནི། གུ་རུ་པད་མ་སམ་བྷ་ཝས་དེ་དག་དམ་ལ་བཏགས་སའམ་བཞག་ས་གང་ཡིན་ཐད་ལ་ལོ་རྒྱུས་རྣམ་ཐར་ཁག་ཏུ་མི་འདྲ་བར་བཤད་འདུག་པས། ལོ་རྒྱུས་སྨྲ་བ་ཚོས་འདིའི་ཐད་ལ་གང་ཞིག་ལ་ཆ་འཇོག་དགོས་སམ། དམ་ལ་བཞག་ས་མི་འདྲ་བའི་ཚུལ་འདིར་འགའ་ཞིག་ངོ་སྤྲོད་ཞུས་ན་ཕུར་འགྲེལ་འབུམ་ནག་ཅེས་པ་བྲིས་མའི་ངོས་ ༩ ལས། དེའི་དུས་སུ་བསྟན་མ་བཅུ་གཉིས་ན་རེ། ་་་་་་ཞེས་པ་ནས་ཁ་ལ་ལ་ཁར་ཉེ་ས་ཅིག་ན་ཡིན་འདྲ་བར་བཤད་ཡོད་དེ། བོད་ཁམས་བསྟན་མ་བཅུ་གཉིས་སུ་བཀོད་དོ། །དེ་ན་ཁ་ལ་རོང་སྒོར་སླེབས་ཙ་ན། ཞེས་འཁོད་འདུག སྐྱིད་གྲོང་གི་རོང་དུ་ཡོད་པའི་ཁ་ལའི་ལ་ཁ་མ་ཡིན་པར་དེའི་རོང་དུ་ཡིན་པར་གསལ།

ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ངོས་ ༢༨༡ ལས། དེ་ནས་གནམ་དུ་བྱོན་ཏེ་གནམ་བྱང་ངོས་ཀྱི་་་་་་དེ་ནས་བོད་ཀྱི་བསྟན་མ་རྣམས་ཀྱིས་བར་ཆད་བྱ་བར་བརྩམས། ཞེས་སོགས་ཀྱིས་སྟོད་ལུང་ཕུའི་གནམ་ལུང་པར་ཡིན་པར་བཤད་ལ། ཡང་ཁོང་གིས་བཀའ་ཐང་ཟངས་གླིང་མ་ངོས་ ༤༢ པར། དེ་ནས་འོ་ཡུག་ན་མར་བྱོན་ཙམ་ནཿ བརྟན་མ་རྣམས་ཀྱིས་རིའི་བར་དུ་བཅར་བར་བྱས་པསཿ ཞེས་པ་སོགས་ལས་འོ་ཡུག་གམ་རྣམ་གླིང་གི་འུ་ཡུག་ཏུ་ཡིན་པ་བཤད་འདུག

ཨོ་རྒྱན་གླིང་པས་བཀའ་ཐང་ཤེལ་བྲག་མའམ་པདྨ་བཀའ་ཐང་ལས། དེ་ནས་འོ་ཡུག་བྲེ་མོ་ལ་གར་བྱོནཿ བརྟན་མ་བཅུ་གཉིས་ཐོག་སྨད་བཅུ་གཉིས་ཕབཿ ཅེས་པ་ལས་འུ་ཡུག་གི་བྲེ་མོའི་ལ་ཁར་ཡིན་པར་བཤད་འདུག སླེ་ལུང་པའི་དམ་ཅན་བསྟན་སྲུང་གི་རྣམ་ཐར་ངོས་ ༡༦༡ ལས། རྒྱ་གར་དང་བལ་པོའི་མཚམས་སུ་བྱོན་ཏེཿ ཨ་སུ་རའི་བྲག་ཕུག་ཏུ་ལྷ་སྲིན་དབང་དུ་བསྡུ་བའི་སྒྲུབ་པ་མཛད་པསཿ དེའི་བོད་ཁ་བ་ཅན་གྱི་བརྟན་མ་བཅུ་གཉིས་ཀྱིས་སྲོག་གི་སྙིང་པོ་འབུལ་དུ་འོངས་སོཿ ཞེས་འཁོད་འདུག་ལ། འདི་ནི་རྒོད་ལྡེམ་གྱི་གཏེར་མ་ལས་བྱུང་བར་བཤད་ཡོད།

སོག་བཟློག་པས་གུ་རུའི་རྣམ་ཐར་ཡིད་ཀྱི་མུན་སེལ་ལས། འོ་ཡུག་བྲེ་མོའི་སྣ་རུ་བརྟན་མ་བཅུ་གཉིས་ཀྱིས་ཐོག་མད་བཅུ་གཉིས་ཕབ། ཅེས་སོགས་ཀྱིས་འུ་ཡུག་གི་བྲེ་མོ་རུ་དམ་ལས་བཏགས་ཚུལ་བཤད་ལ། སླེ་ལུང་པས་དམ་ཅན་བསྟན་སྲུང་རྣམ་ཐར་ངོས་ ༡༦༩ པར། དེ་ནས་འོ་ཡུག་ན་མར་བྱོན་པའི་དུས་བོད་ཀྱི་བརྟན་མ་བཅུ་གཉིས་ཀྱིས་རིའི་བར་དུ་བཅར་བའི་རྫུ་འཕྲུལ་བསྟན། ཞེས་འུ་ཡུག་ཏུ་དམ་ལ་བཏགས་པར་བཤད་འདུག

དཔའ་བོ་ཆོས་དབྱིངས་རྡོ་རྗེས་གུ་རུ་པད་མའི་རྣམ་ཐར་མཐོང་བ་དོན་ལྡན་ལས། དེ་ནས་གནམ་སྨན་མཁར་ནག་ལ་ཁ་རུཿ བརྟན་མ་བཅུ་གཉིས་ཐོག་སྨད་བཅུ་གཉིས་ཕབཿ ཅེས་སོགས་ཀྱིས་སྟོད་ལུང་ཕུའི་གནམ་གྱི་མཁར་ནག་ལ་ཁར་དམ་ལ་བཏགས་པར་བཤད་ལ། མཆོག་གླིང་གིས་ཟབ་པ་སྐོར་བདུན་ལས་ཨོ་རྒྱན་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས། ཁ་ལའི་ལ་ཐོག་བརྟན་མ་བཅུ་གཉིས་དང་ཿ ཞེས་མང་ཡུལ་སྐྱིད་གྲོང་གི་བྲག་དཀར་རྟ་སོ་དང་ཉེ་བའི་ཁ་ལར་དམ་ལ་བཞག་པར་བཤད།

ཡང་ཁོང་གིས་གསོལ་འདེབས་བར་ཆད་ལམ་སེལ་ལས། དཔལ་མོ་ཐང་གི་དཔལ་ཐང་དུཿ བརྟན་མ་བཅུ་གཉིས་དམ་ལ་བཏགསཿ ཞེས་གསུངས་ཏེ། ཁ་ལ་ལ་ཐོག་ནས་སྤྱི་ལེ་བདུན་ཅུ་ཙམ་བགྲོད་པའི་གུང་ཐང་ལ་ཡི་ཤར་ངོས་དང་གཉའ་ནང་གི་ནུབ་ངོས། བྱ་མང་པོ་ཞེས་པའི་བྱང་ངོས། དཔལ་ཁུད་མཚོའི་ཤར་ལྷོ། སྤོང་རོང་ཁུལ་གྱི་ཉེ་འགྲམ་དུ་ཡོད་པའི་དཔལ་ཐང་ཡིན་པར་བཤད། ཡང་ཟབ་དགོངས་པ་ཀློང་རྡོལ་ལས་རིག་འཛིན་ཆེན་པོའི་རྣམ་ཐར་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་ལས། འོ་ཡུག་དཔལ་མོ་ཐང་གི་དཔལ་ཐང་དུཿ བརྟན་མ་བཅུ་གཉིས་འཇིགས་པའི་ཚུལ་བྱས་བྱུངཿ ཞེས་པ་ནི་འོ་ཡུག་ལུང་པ་ཡིན་པ་གང་ཞིག དཔལ་མོ་དཔལ་ཐང་ཡང་ཡིན་པ་ཅིག་བཤད་འདུག འུ་ཡུག་ན་དཔལ་མོ་དཔལ་ཐང་ཟེར་བ་མེད། འོ་ཡུག་ནི་རྣམ་གླིང་རྫོང་གི་ཤར་དུ་ཡོད་ལ། དཔལ་ཐང་ནི་གོང་ཞུས་ལྟར་ཡིན་པས་ས་ཁད་ཧ་ཅང་གི་འགྱང་ཆེ།

དེ་ལྟར་རྒྱ་གར་དང་བལ་པོའི་མཚམས། སྐྱིད་གྲོང་རྫོང་ཁོངས་ཀྱི་ཁ་ལ་རོང་སྒོ། སྐྱིད་གྲོང་གི་ཁ་ལ་ལའི་ཐོག གཉའ་ནང་རྫོང་ཁོངས་ཀྱི་དཔལ་ཐང་། རྣམ་གླིང་རྫོང་ཁོངས་ཀྱི་འུ་ཡུག འདམ་གཞུང་རྫོང་ཁོངས་ཀྱི་གནམ་ལུང་པ་སྟེ། ཡངས་པ་ཅན་ཁུལ་བཅས་ས་ཆ་མི་འདྲ་བ་ཁ་ཤས་ཡོད་ཅིང་། དེ་དག་བར་ལའང་འགྱང་ཐག་རིང་པོ་ཡོད་པ་ནི་ས་ཁམས་དང་། ས་ཁྲ་རིག་པའི་ཐོག་ནས་གཞལ་ན་གསལ་པོར་མཐོང་ཐུབ།

ང་ཚོས་ལོ་རྒྱུས་ལ་དགའ་ཞེན་དང་དོ་སྣང་། ཞིབ་འཇུག་བྱེད་པར་སྤྲོ་བ་ཡོད་མཁན་ཅིག་ཡིན་ན། ལོ་ཚིགས་དང་། འཁྲུངས་ས། འཚར་ས། མཇལ་ས། བསླབ་ས། ཐུག་ས། འགྲན་ས། བཏུལ་ས། འཛོམས་སའམ་འཕྲད་ས། བཞུགས་ས། ཕེབས་ས་སོགས་གཅིག་གྱུར་མེད་པའམ། གབ་མི་ཐུག་པའམ་ཐོད་མི་ཐུག་པ་ཅི་རིགས་པ་ཡོད་ཚེ། དེ་དག་ལ་དཔྱད་ཞིབ་ཀྱིས་མི་འདྲ་བའི་ཁུངས་འཚོལ་བ་དང་། ངོ་མ་དེ་གང་ཡིན་པ་གསལ་པོར་བཟོ་ཐབས་ལ་ཡིག་ཆ་མང་པོ་གཤིབ་བསྡུར་བྱ་དགོས་པ་ཡིན་ན། འདི་ཡང་ལོ་རྒྱུས་ངོ་མ་ཡིན་པའི་དབང་དུ་བྱས་ན། འདི་ཡི་ས་གནས་མི་འདྲ་བ་དག་ལའང་དཔྱད་པ་མ་བྱས་ན། གང་ལ་ཆ་འཇོག་བྱ་དགོས་མི་ཤེས་པས་འདིར་གླེང་བསླང་པ་ཙམ་ཡིན།

གཞན་ཡང་བརྟན་མ་བཅུ་གཉིས་ཀྱི་རྣམ་གཞག་གི་མགོ་ཁུངས། ཁོང་རྣམས་མཉམ་དུ་འདུ་འཛོམས་མཉམ་ལས་ཀྱི་ཁུངས། སྟོད་སྨད་ཀྱི་སོ་ཁ་དང་མཐའ་མཚམས་བསྲུང་བའི་འགན་དེ་སྲིད་གཞུང་ལ་མ་སྤྲད་པར་ཁོང་དག་ལ་འགན་འཁྲི་གཏད་པའི་རྒྱུ་མཚན། མི་ལ་མ་བརྟེན་པར་ཁོང་དག་གིས་སོ་ཁ་བསྲུང་བ་དང་མུ་སྟེགས་བཟློག་ཐུབ་པའི་ནུས་པ་གང་ཡིན། དེ་ལ་ཡིད་ཆེས་ཀྱིས་ད་བར་གསོལ་མཆོད་བྱ་བའི་འདུ་ཤེས་ཀྱི་རྒྱབ་ལྗོངས། དོན་ལ་དེ་དག་གིས་ལོ་ངོ་སྟོང་གི་གོང་ནས་བཟུང་དངོས་སུ་བསྲུང་མ་ཐུབ་པའི་འགག་རྩ་གང་ལ་ཐུག་མིན་ནི་ལོགས་སུ་དཔྱད་གླེང་བྱ་བ་ཉིད་དོ།

བརྒྱུད་སྐུལ།

མཆན་སྤེལ།