བླ་མ་ཡེ་ཤེས་འོད་ཡབ་སྲས་ཀྱི་སྐུ་དུས་སུ་བཞེངས་པའི་རྡོ་རིང་།

བླ་མ་ཡེ་ཤེས་འོད་ཡབ་སྲས་ཀྱི་སྐུ་དུས་སུ་བཞེངས་པའི་རྡོ་རིང་།

བླ་མ་ཡེ་ཤེས་འོད་ཡབ་སྲས་སྐུ་དུས་སུ་བཞེངས་པའི་སྤུའམ་དཀོར་གྱི་རྡོ་རིང་རགས་ཙམ་གླེང་བ།

རྡོ་རྡོ།

[ནང་དོན་གནད་བསྡུས] དཔྱད་རྩོམ་འདིར་མིག་སྔར་གསར་དུ་རྙེད་པའི་ལྷ་བླ་མ་ཡེ་ཤེས་འོད་ཡབ་སྲས་སྐུ་དུས་སུ་བཞེངས་པའི་སྤུའམ་དཀོར་གྱི་རྡོ་རིང་ངོ་སྤྲོད་དང་རྡོ་རིང་ངོས་ཀྱི་ལོ་ཚིགས། རྡོ་རིང་བཞེངས་མཁན་དང་བཞེངས་སྟངས། བཞེངས་པའི་དམིགས་ཡུལ་བཅས་གླེང་ཡོད།

[བརྡ་ཆད་གཙོ་བོ]  ལྷ་བླ་མ་ཡེ་ཤེས་འོད་ཡབ་སྲས།   སྤུའམ་དཀོར།   རྡོ་རིང་།

ལྷ་བླ་མ་ཡབ་སྲས་དུས་ཀྱི་རྡོ་རིང་འདི་ནི་རྒན་ཤ་བོ་མཁའ་བྱམས་ལགས་ཀྱིས་2015ལོའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་གསུམ་པའི་འགོ་ཤོག་སྟེང་འདྲ་པར་དང་བཅས་ངོ་སྤྲོད་ཐུང་ངུ་ཙམ་བཀོད་ཡོད། རྡོ་རིང་ངོས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་མཚན་དང་ལོ་ཚིགས། ས་མིང་བཅས་ཐོན་ཡོད་ལ། རྡོ་རིང་བཟོ་བཀོད་ཀྱི་ཁྱད་ཆོས་དང་ཡེ་གེའི་འབྲི་སྟངས། ནང་དོན་སོགས་ཕྱོགས་འགས་སྐབས་དེའི་རྡོ་རིང་གི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་རྣམ་པ། དེ་མིན་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་མང་པོའི་ཁྲོད་ན་ག་ར་ཛ་དང་དེ་བ་ར་ཛ་གཉིས་ལྷ་བླ་མ་ཡེ་འོད་ཀྱི་སྲས་མིན་པར་ཁོ་རེའི་སྲས་ཡིན་ཚུལ་བརྗོད་པའི་ལྟ་ཚུལ་དེའང་ཡོ་བསྲང་བྱེད་ཐུབ་པ་དང་། རྡོ་རིང་འདིར་བོད་ཡིག་ངོས་ནས་དཔྱད་བརྗོད་གནངས་པ་མེད་ཚོས་འདུག་པས། དེར་ཅུང་ཟད་དཔྱད་པར་བྱ་བ་ལ།

དང་པོ། རྡོ་རིང་ངོ་སྤྲོད།

 

རྒན་ལགས་ཤ་བོ་ཀླུ་བྱམས་ལགས་ཀྱིས་“རྡོ་རིང་འདི་ནི་གླང་ཆེན་གཙང་པོ་འབབ་རྒྱུད་ཀྱི་རང་རྒྱལ་གུ་གེའི་ཏི་ཡའི་བརྒྱུད་དང་ཐག་ཉེ་བའི་རྒྱ་གར་ཁུ་ནུ་ས་ཁུལ་གྱི་རོང་ཆུང་སྤུའམ་དཀོར་གྲོང་ཚོ་ཞེས་པ་གཉིས་ཀྱི་བར་མཚམས་ཀྱི་ཞིང་ཁའི་དཀྱིལ་དུ་བཙུགས་ཡོད་ཅིང་།  རྡོ་རིང་གི་མཐོ་ཚད་ལ་ལིའི་རྨིད144དང་། སྲབ་མཐུག་ལ་ལིའི་རྨིད་18ཡོད། རྡོ་རིང་གི་མདུན་ངོས་རྣམ་སྣང་བཞུགས་སྐུའི་འོག་ཏུ་ད་སྔ་མཐོང་དུ་ཡོད་པ་ཡིག་ཕྲེང་11དང་། རྡོ་རིང་གི་རྒྱབ་ངོས་སུ་བྱང་ཆུབ་མཆོད་རྟེན་སོགས་ཀྱི་རི་མོ་མཆིས།  རྡོ་རིང་འདི་ནི་ད་ལྟའི་བར་ལོ་ཚིགས་གསལ་པོ་འཁོད་པའི་གུ་གེའི་རྒྱལ་རབས་ཀྱི་དུས་འགོར་བཙུགས་པའི་རྡོ་རིང་ཉག་ཅིག་ཏུ་འཁུམས།”[1]ཞེས་བརྗོད་འདུག  རྡོ་རིང་ཡི་གེ་འདིའི་མ་བཤུས་ནི།

“༄།:།དཔལ་ལྷ་བཙན་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་/ལ་བསྟན་པ་དརད་བར་? མཛད་དཀོན་མཆོག་དབུ་འཕང་/བསྟོད་ལྷ་ཆོས་ཀྱི་རྩེར་ཆབ་མངའ་ཐང་རྒྱང་གསབ་/༄།:།འབྲུག་གི་ལོ་དགུན་ཟླ་དང་པོའི་ངོ་ལ། ། དཔལ་ལྷ་བཙན་པོ་/ལྷ་སྲས་××××ར་ཛའ་ཕོ་བྲང་/སྤུར་ཕེབས་ཡུལ་སྤུ××××××བྱ་ར་ཆན་པོ་/དཀོན་××××××××ས་ཀྱི་དཀོར་/ཁང་པ་××××××ཁར་ལ/བསྔོས××××××××ས་ཀྱིས་/བཞེངས་××××××××/ལ”ཞེས་བཀོད་ཡོད། སྤྱིེར་རྡོ་རིང་ངོས་སུ་མ་གཞི་ནས་ཡི་གེ་མང་པོ་མེད་ཁར་ལྷག་པའི་ཡིག་འབྲུ་མང་པོ་ཞིག་ཀྱང་ལོ་ཟླའི་ཆར་རླུང་ཁྲོད་འབྱུང་བཞིའི་ཁམས་སུ་འཐིམས་ཟིན།  འདིར་མ་ཡིག་གོ་བདེར་ཕབ་ན།  དཔལ་གྱི་ལྷ་བཙན་པོ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ལ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད། དཀོན་མཆོག་གི་དབུ་འཕང་བསྟོད་ནས་ལྷ་ཆོས་རྩེར་སོན།  ཆབ་སྲིད་ཀྱི་མངའ་ཐང་རྒྱང་བསྐྱེད།  འབྲུག་གི་ལོ་དགུན་ཟླ་དང་པོ་ལ་དཔལ་ལྷ་བཙན་པོ་ལྷ་སྲས××××ར་ཛའ་ཕོ་བྲང་སྤུར་ཕེབས་ཡུལ་སྤུ××××××བྱ་ར་ཆན་པོ དཀོན××××××××ས་ཀྱི་དཀོར་/ཁང་པ་××××××ཁར་ལ/བསྔོས××××××××ས་ཀྱིས་/བཞེངས་××××××××/ལ་”ཞེས་པའི་དོན་ཡིན། རྡོ་རིང་འདིའི་ཞབས་སྟེགས་སའི་འོག་དུ་ལུས་ཡོད་ན་མ་གཏོགས་བླ་ཁེབས་དང་ཞབས་སྟེགས་གང་ཡང་མེད་པས་བླ་ཁེབས་དང་ཞབས་སྟེགས་མེད་པའི་རྡོ་རིང་གི་གྲས་སུ་བཞག་ཆོག་སྙམ་ཡང་། དེ་ནི་དངོས་སུ་བརྟགས་དགོས་པའི་ལས་ཤིག་ཡིན་སྟབས་མིག་སྔར་སྡོམ་ཚིག་འགོད་ཐབས་བྲལ།  སྤྱིར་རྡོ་རིང་སྟེང་གི་རི་མོ་ལ་ཡི་གེ་དང་རི་མོ་ཟུང་འབྲེལ་ཅན་དང་། རྡོ་རིང་འགྲམ་གཉིས་ན་སྤྲིན་རིས་ཅན།  ངོས་ན་གཡུང་དྲུང་ཅན། ཞབས་ཟུར་ན་ཐམ་རྟགས་ཅན་སོགས་བཀོད་སྟངས་མི་འདྲ་བ་མང་མོད།  རྡོ་རིང་འདིའི་མདུན་ངོས་གོང་ན་རྣམ་པར་སྣང་མཛད་ཀྱི་སྐུ་བཞེངས་ཡོད་ལ་འོག་ཏུ་ཡི་གེ་བཀོད་འདུག འདི་ནི་ད་སྔ་མཐོང་དུ་ཡོད་པའི་རྡོ་རིང་གྲས་ནས་ཅུང་དཀོན་ཡང་།   གྲ་ཕྱི་གཙང་འགྲམ་གྱི་རྡོ་རིང་ནི་གོང་ན་ལྷ་སྐུ་དང་ཡི་གེ་དེའི་འོག་ཏུ་བཀོད་ཡོད་པས་བཞེངས་སྟངས་ཅུང་འདྲ་པོར་ཆགས་ཡོད།  བྲག་བརྐོས་ཡི་གེའི་ཁྲོད་སྣང་ཚུལ་འདི་ལྟ་བུ་མཐོང་པ་ནི་སེར་ཤུལ་འདན་ཁོག་གི་བྲག་བརྐོས་སྐུ་རྟེན་དང་ཡི་གེ་རེད། ལྷ་བླ་མའི་རྡོ་རིང་གི་རྒྱབ་ངོས་སུ་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་ཡོད་ཅིང་འདྲ་པར་ལ་བལྟས་ཚེ་འབུར་གཟུགས་སུ་སྣང་བ་དང་མགོའི་ཏོག་ལ་སོགས་པའང་ཧ་ཅང་ཞིབ་ཚགས་ལྡན་པ་ཞིག་ཏུ་འདུག མཆོད་རྟེན་འོག་ཏུ་གཟུགས་རིས་ཤིག་འདུག་ཀྱང་ཅི་ཡིན་གསལ་ཐག་ཆོད་དཀའ། འབུར་གཟུགས་སུ་བཞེངས་པའི་ལུགས་འདི་ནི་ལེབ་ཁོག་བྲག་བརྐོས་ཡི་གེ་གསུམ་ལྟ་བུ་དང་།  བྲག་བརྐོས་ཡི་གེ་དེར་རྣམ་སྣང་དང་སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་གསུམ་གྱི་སྐུ་འབུར་གཟུགས་སུ་བཞེངས་ཡོད་པ་དང་། གཞན་བྲག་བརྐོས་ཡི་གེ་ལ་ལའི་སྟེང་མཆོད་རྟེན་བཞེངས་ཡོད་ཀྱང་འབུར་བརྐོས་མིན། དེ་ལྟར་བཟོ་བཀོད་ཀྱི་ཁྱད་ཆོས་བསྡུར་ནའང་རྡོ་རིང་འདིར་བྲག་བརྐོས་ཡི་གེའི་ཁྱད་ཀྱང་འདུག་པས་བཟོ་བཀོད་ཐུན་མོང་མ་ཡིན་པ་ཞིག་ཡིན།

 

གཉིས་པ། རྡོ་རིང་གི་ཡི་གེའི་ནང་དོན།

 

ཡི་གེའི་མགོར་ལྷ་བླ་མ་ཡབ་སྲས་ཀྱི་ཆེ་བ་སྟེ། ༄།:།དཔལ་ལྷ་བཙན་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་/ལ་བསྟན་པ་དརད་བར་? མཛད་དཀོན་མཆོག་དབུ་འཕང་/བསྟོད་ལྷ་ཆོས་ཀྱི་རྩེར་ཆབ་མངའ་ཐང་རྒྱང་གསབ”ཅེས་ལྷ་བླ་མ་ཡབ་སྲས་སྐབས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། ཆབ་སྲིད་མངའ་ཐང་རྒྱང་བསྐྱེད་པ་བརྗོད་ཡོད། ཁོང་གིས་ཚུལ་ཇི་ལྟར་བསྟན་པ་དར་བར་བྱས་པ་ནི། ཐོག་མར་སྐབས་དེའི་སྤྱི་ཚོགས་སྟེང་ཆོས་ལོགས་མང་པོ་དར་བ་ཞི་དྲག་གཉིས་ཀྱི་སྒོ་ནས་སུན་འབྱིན་བྱས། 《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ》ལས། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་འདིས། ཆོས་མ་ཡིན་པ་སྤྱོད་པའི་ལོག་རྟོག་ཐམས་ཅད་ཞི་དྲག་གི་སྒོ་ནས་ཚར་སྤྱོད(གཅོད)པར་མཛད་པ་ཡིན་ཏེ། དེའང་དང་པོ་ཞང་ཞུང་གི་ཡུལ་འདི་བོན་ཀྱི་(གྱིས)བདག་བྱས་ནས་དུར་ཤིད་ལ་སོགས་པ་སྤྱོད་ཚུལ་སྣ་ཚོགས་པ་དང་། ཨར་རྫོའི་བན་དྷེ་བཅོ་བརྒྱད་ཅེས་བྱ་བ། ཐམས་ཅད་སྟོང་པ་ཉིད་དེ། ཅི་ཡང་མ་གྲུབ་པས་ར་རོག་པོའི་ཁོག་པར་ལག་པ་རྫངས་པ་དང་། ཕད་བུ་ནག་པོའི་ཁོག་དུ་ལག་པ་རྫངས་པ་ལ་ཁྱད་པར་མེད་ཅེས་སོགས་ཟེར་ཞིང་སྦྱོར་སྒྲོལ་ཆོས་སུ་སྨྲ་བ་དང་། སྡིག་པ་ཆོས་ལྟར་སྤྱོད་པ་དུ་མ་བྱུང་པ་དེ་དག་སྒེག་(དགག)པར་མཛད།[2] ཅེས་བཀོད་ཡོད། དེ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། བྱིས་པ་ཤེས་རབ་ཅན་ཉི་ཤུ་རྩ་གཅིག་ཕ་མ་ལ་གསེར་གྱི་བླུས་ནས།  ཁ་ཆེར་ལོ་ཙཱ་སློབ་དུ་བཏང་བས། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་བོད་དུ་ཐོན་ནས།  སྔ་ཕྱིར། པཎྜི་ཏ་ཤྲ་དྷ་ཀ་ར་ཝརྨ་སོགས་མང་པོ་གདན་དྲངས་ནས།  གསེར་ལ་སོགས་པའི་འབུལ་བ་མང་པོ་བྱས་ཏེ།  སྡེ་སྣོད་གསུམ་དང་།  རྒྱུད་སྡེ་བཞིའི་དགོངས་འགྲེལ་དང་།  ལུགས་ཀྱི་བསྟན་བཅོས་ལ་སོགས་པ་མང་དུ་སྒྱུར་ནས་བསྟན་པ་ཤིན་ཏུ་དར་བར་མཛད། གསང་སྔགས་གསར་རྙིང་གི་དབྱེ་མཚམས་ཀྱང་ལོ་ཆེན་རིན་བཟང་ལ་གཏུག་དགོས་པའི་ཚད་དུ་སླེབས། དགེ་འདུན་ཀྱི་སྡེ་བཙུགས་ནས་སྔགས་མཚན་ཉིད་ཐམས་ཅད་ལ་བཤད་བསྒྲུབ་ཀྱི་གྲྭ་ཆེན་པོ་བཙུགས། སྟོད་འདུལ་གྱི་སྡེ་དང་། ཡོ་གའི་གྲྭ་ཆེན་པོ་བཙུགས་པ་ལ་སོགས་འཆད་ཉན་གྱི་སྲོལ་རྒྱ་ཆེར་སྤེལ། འདུལ་བ་སྟོད་ལུགས་སུ་གྲགས་པའང་འདི་དུས་བྱུང་། ཁོང་གིས་བདག་རྐྱེན་སྦྱར་ནས་མཐོ་ལྡིང་ལ་སོགས་གཙུག་ལག་ཁང་བརྒྱ་རྩ་བཞེངས། འདི་ལྟར་མངའ་རིས་སྟོད་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར། དེ་མིན་ཆོས་སྲིད་ལུགས་གཉིས་ཀྱི་ཁྲིམས་མང་པོ་གཏན་ལ་ཕབ་པ། དགེ་འདུན་གྱིས་ཆོས་ལོག་མི་སྤྱད་པའི་ཁྲིམས། དགེ་འདུན་གྱི་ཁྲིམས།  ཆོས་འཁོར་བསྟན་པར་བཟུང་བའི་ཁྲིམས། མིས་ཆོས་ལུགས་མ་ནོར་བར་སྤྱད་པའི་ཁྲིམས། བཙན་པོ་ཇི་ལྟར་མཛད་པའི་ཁྲིམས་སོགས་མང་པོ་བཟོས་པས་སྤྱི་ཚོགས་ཀྱི་སྒྲིག་གཞི་སྲ་བརྟན་དུ་བཏང་ལ། གུ་གེ་རྒྱལ་རབས་ལོ་ངོ་བདུན་བརྒྱ་ལྷག་ལ་གནས་ཐུབ་པའང་རྩ་བ་འདི་དག་ལ་ཐུགས་ཡོད། མངའ་ཐང་རྒྱ་བསྐྱེད་པ་མཐའ་འདུལ་གྱི་གཙུག་ལག་ཁང་སོགས་ལས་ཀྱང་ཤེས་ཐུབ། ༄།:།འབྲུག་གི་ལོ་དགུན་ཟླ་དང་པོའི་ངོ་ལ། ། དཔལ་ལྷ་བཙན་པོ་/ལྷ་སྲས་××××ར་ཛའ་ཕོ་བྲང་/སྤུར་ཕེབས་ཡུལ་སྤུ××××××”འབྲུག་གི་ལོ་དགུན་ཟླ་དང་པོ་ལ་ལྷ་བླ་མ་ཡབ་སྲས་འཁོར་བཅས་སྤུའི་ཡུལ་དུ་ཕེབས་པའི་ནང་དོན་བཀོད་ཡོད། “བྱ་ར་ཆན་པོ་”ཞེས་པའི་ཡབ་སྲས་འཁོར་བཅས་སྤུའི་ཡུལ་དུ་རྟོག་དཔྱོད་དུ་ཕེབས་པར་སྙམ་ལ། བཙན་པོའི་རྒྱལ་རབས་སྐབས་ཀྱང་སྲོལ་འདི་ཡོད།  “དཀོན་××××××××ས་ཀྱི་དཀོར་/ཁང་པ་××××××ཁར་ལ/བསྔོས××××××××ས་ཀྱིས་/བཞེངས་××××××××/ལ”ཚིག་དུམ་འདི་ནི་ཁ་མི་ཚང་བས་དོན་ཅི་ཡིན་རྟོགས་དཀའ། བསྔོས××××××××ས་ཀྱིས་/བཞེངས་××××××××/ལ”ཞེས་པའི་ཚིག་འདིའི་སྔ་གཞུག་ལ་བརྟག་ན། རྡོ་རིང་འདི་ནི་བསྔོ་བའམ་ལྷ་ཁང་གང་བཞེངས་པ་དེའི་དཀར་ཆག་ལྟ་བུ་ཞིག་ཡིན་པར་འདོད།  རྡོ་རིང་དང་བྲག་ལ་བསྔོ་བའམ་དཀར་ཆག་འགོད་པའི་སྲོལ་འདི་དུས་སྔ་མོ་ཞིག་ནས་ཡོད་པ་ནི། སྤྱི་ལོ་826ལོའམ་838ལོར་བཞེངས་པའི་སྤུ་ཧྲེང་རྡོ་རིང་ཡི་གེ་དང་། སྤྱི་ལོ807ལོར་བཞེངས་པའི་འབིས་མདོའི་སྐུ་རྟེན་བརྐོས་བཞེངས་ཀྱི་དཀར་ཆག་རྡོ་བརྐོས་ཡི་གེ་ལྟ་བུ། ལྷ་བླ་མ་ཡབ་སྲས་ཀྱི་རྡོ་རིང་འདི་སྤུ་ཧྲེང་རྡོ་རིང་ཤར་ངོས་ཀྱི་ཡི་གེ་དང་ཆ་འདྲ་ཡང་ཡིག་འབྲུ་མང་པོ་མི་གསལ་བས་དེ་གཉིས་ལས་གང་ཡིན་ཐག་གཅོད་དཀའ། གང་ལྟར་རྡོ་རིང་འདི་ལས་ལྷ་བླ་མ་ཡེ་ཤེས་འོད་ཡབ་སྲས་སྐབས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་མངའ་ཐང་རྒྱང་བསྐྱེད་པ་ཤེས་ཐུབ།  སྤུ་ནི་གོང་དུ་བཤད་པ་ལྟར་གླང་ཆེན་གཙང་བོའི་རྒྱུད་དུ་ཡོད་ལ་རོང་ཆུང་གི་སྤུ་ཞེས་པའི་ལྷ་ཁང་ད་ལྟ་རྒྱ་གར་ཁོངས་སུ་ཡོད་པ་དང་། 《ཉི་མའི་རིགས་ཀྱི་རྒྱལ་རབས》སུ། ཁོ་རེས་གཙང་དང་རོང་གི་ས་མཚམས། ཁོ་རེ་ལ་ཐོག་ཡན་ཆད་མངའ་འོག་དུ་བསྡུས། [3]ཞེས་འཁོད་ཡོད་པས་སྐབས་དེའི་མངའ་ཁོངས་རོང་གི་མཚམས་སུ་བསྐྱེད་ཡོད་པ་ཤེས་ཐུབ།

 

གསུམ་པ། རྡོ་རིང་བཞེངས་མཁན་དང་དམིགས་ཡུལ།

 

ལྷ་བླ་མ་ཡེ་ཤེས་འོད་ནི་གུ་གེར་དབང་མཛད་པའི་རྒྱལ་པོ་ཡིན། སྐབས་དེར་ཆོས་ལོག་གང་མང་བྱུང་ནས་སྤྱི་ཚོགས་ཟང་ཟིང་དུ་བཏང་མོད།  ཁོང་གིས་ཐབས་མཛངས་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་མངའ་རིས་སྟོད་འདིར་དར་བར་བྱས་པ་དང་། ལྷག་པར་ལྷ་ཁང་མང་པོ་བཞེངས་ཏེ་འཆད་ཉན་གྱི་སྲོལ་བཙུགས། མཐར་སྲས་དང་བཅས་རབ་ཏུ་བྱུང་ནས་སྐུ་ཚེ་གང་བོར་སངས་རྒྱས་བསྟན་པར་བྱས་པ་རྒྱ་ཆེར་མཛད་པ་སོགས་ཆོས་སྲིད་ལུགས་གཉིས་ལ་སྐུ་དྲིན་ཆེ་བས་ཡུལ་དེའི་མང་ཚོགས་སམ་མི་སྒེར་གང་རུང་ནས་ཁོང་གི་ཆེ་བ་དང་མཛད་རྗེས་བརྗོད་ཕྱིར་བཞེངས་པར་འདོད་དེ།    ཁོང་གིས་དངོས་བསྐུལ་གང་ནས་བཞེངས་ཀྱང་རྡོ་རིང་གི་བཟོ་བཀོད་དང་བོང་ཚད་སོགས་དེ་འདྲ་ཉམ་ཐག་པ་ཞིག་ཡིན་མི་སྲིད་པ་དང་། སྤྱི་ལོ་994ནས་1012ལོར་བཞེངས་པའི་སྟོད་ལུང་ཡབ་ཕུ་ར་ཚག་དགོན་གྱི་རྡོ་རིང་ནི་བཙན་པོ་སྐབས་ཀྱི་རྡོ་རིང་ནང་བཞིན་དཔངས་མཐོ་ཞིང་གླིང་བཞི་ཡིན་ལ་བཞེངས་མཁན་ཡང་མི་སྒེར་ཡིན་པ་དང་།  འཕན་པོ་རྒྱལ་ལུག་ལྷས་གཙུག་ལག་ཁང་གི་རྡོ་རིང་དང་།  གྲ་ཕྱི་གཙང་འགྲམ་གྱི་རྡོ་རིང་སོགས་ཚང་མ་གོང་གི་ལྷ་བླ་མ་ཡབ་སྲས་ཀྱི་རྡོ་རིང་ལས་ཕྱོགས་གང་ནས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན། སྤྱིར་ན་རྡོ་རིང་འདི་དག་དུས་རབས་གཅིག་ལ་འཁེལ་ཡོད་པས་ཁྱད་པར་དེ་ཙམ་ཡོད་མི་དགོས་པ་མ་ཟད། སྒོས་སུ་ལྷ་བླ་མ་ཡབ་སྲས་ནི་ཆོས་སྲིད་གང་གི་ཟད་ནས་ཀྱང་གུ་གེའི་ཡུལ་གྱི་ཏོག་ལྟ་བུ་ཡིན་སྟབས་རྡོ་ལེབ་ཅིག་གི་ངོས་ལ་ཆེས་སྤྱིར་བཏང་ཙམ་བཀོད་ནས་བཙུགས་ཡོད་པས་ཀྱང་རྟོགས་ཐུབ།

 

བཞི་བ། རྡོ་རིང་ངོས་ཀྱི་ལོ་ཚིགས་དང་ས་མིང་ངོས་འཛིན།

 

རྡོ་རིང་འདི་ནི་ད་ལྟའི་བར་ལོ་ཚིགས་གསལ་པོར་འཁོད་པའི་གུ་གེའི་རྒྱལ་རབས་དུས་འགོར་བཙུགས་པའི་རྡོ་རིང་ཞིག་ཏུ་འདོད་ཆོག་སྟེ།  རྡོ་རིང་དུ།  ༄།:།འབྲུག་གི་ལོ་དགུན་ཟླ་དང་པོའི་ངོ་ལ།   དཔལ་ལྷ་བཙན་པོ་/ལྷ་སྲས་××××ར་ཛའ་ཕོ་བྲང་/སྤུར་ཕེབས་ཡུལ་སྤུ××××ཞེས་ལོ་ཚིགས་དང་ས་གནས་གསལ་པོར་འཁོད་ཡོད། དེས་ན་འབྲུག་གི་ལོ་འདི་སྤྱི་ལོ་ནམ་ཞིག་ལ་ངོས་འཛིན་པ་དང་“ཕོ་བྲང་སྤུར་ཕེབས་པའི་ཡུལ་སྤུ”ཞེས་པའི་སྤུ་འདི་ཡུལ་གང་ལ་ངོས་འཛིན་དགོས་པ་ནི་《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ》་ལས།  ཐོ་གླིང་ཁང་དམར་དཔེ་མེད་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་ཞེས་བཏགས། དབུས་སུ་བསྟན་པའི་གཙོ་བོའི་སྐུ་བཞེངས། གླིང་སོ་སོར་ཡོ་ག་རྡོར་དབྱིངས་ཀྱི་ལྷ་ཚོགས་དང་། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་ལྷ་ཚོགས་རྣམས་སྨན་སྤོས་ཀྱི་སྐུ་དང་།  ལོགས་རུས་སུ་བགྱིས།  མེ་སྤྲེ་ནས།  ཤིང་ཕོ་འབྲུག་གི་བར།  ལོ་སྲིལ་པོ།  བརྒྱད་སོང་། མཆོད་པའི་རྐྱེན་དང་ཞབས་ཏོག་གི་རྐྱེན་ཡང་།  མང་དུ་བཙུགས་སོ།། གཞན་ཡང་པུ་ཧྲངས་ཀྱི་ཁྭ་ཆར་དུ།  ཡིད་བཞིན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།  ཀ་བ་བརྒྱ་ཐམ་གླིང་ཕྲན་དང་བཅས་པ།  དབུས་སུ་བྱམས་པ་མགོན་པོའི་སྐུ་བཞེངས།  པོ་ཏི་ཏ་པོ་ལྕོག་ལ་རྒྱན་གྱི་ལྷ་ཁང་།  མར་ཡུལ་དུ་ཉར་མའི་ལྷ་ཁང་།  དབུས་སུ་སངས་རྒྱས་མར་མེ་མཛད་ཀྱི་སྐུ་བཞུགས་པ།  མཐའ་འདུལ་གྱི་གཙུག་ལག་ཁང་ལ།  ང་རའི་ཀ་ནམ་གྱི་ལྷ་ཁང་།  དྲུག་པག་གི་ལོ་ནའི་ལྷ་ཁང་།  རོང་ཆུང་གི་སྤུའི་ལྷ་ཁང་། བི་ཝར་གྱི་ཀར་པག་ལྷ་ཁང་།[4]ཞེས་རྡོ་རིང་དུ་བཀོད་པའི་འབྲུག་ལོ་ནི་རྣམ་ཐར་ལས་བྱུང་བའི་ཤིང་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་1004ཡིན་པ་དཔག་ཐུབ།  རྒྱུ་མཚན་ནི་རྣམ་ཐར་དེ་ཉིད་ལས།   དེ་ནས་མེ་ཕོ་སྤྲེ་ལོ་ལ་མཐོ་གླིང་གི་ལྷ་ཁང་ཆེན་པོའི་སྨངས་བྲིས་སོ།  མེ་མོ་བྱའི་ལོ་དཔྱིད་ཟླ་ཐ་ཆུང་གི་ངོ་ལ།  ལྷ་བླ་མ་ཡེ་ཤེས་འོད།   དེ་བ་རཱ་ཛ།  ན་ག་རཱ་ཛ་རྣམས་དབེན་གནས་ས་རྒམ་ན་བཞུགས། སྲས༢རབ་ཏུ་བྱུང་བའི་ཚེ།[5]ཞེས་མེ་མོ་བྱི་ནི་སྤྱི་ལོ་997ལོར་འཁེལ་བ་དང་། གོང་དུ་བཀོད་པའི་འབྲུག་ལོ་འདི་ལྕགས་འབྲུག་ཡིན་པའི་དབང་དུ་བཏང་ནའང་སྤྱི་ལོ་980ཡིན་པས་དོན་དངོས་དང་མཐུན་ཐབས་བྲལ།  གཞན་རྣམ་ཐར་དེ་ཉིད་ལས། ཁྲི་སྲོང་ལྡེ་བཙན་འདི་ལ་སྲས་ཞི་ཁྲོ་གཉིས།   སྲས་མོ་ལྷའི་མེ་ཏོག་དང་་གསུམ་འཁྲུངས་པའི་ཅེན(གཅེན)་  སྐུ་འཁྲུངས་པའི་གཅེན་ལྷ་ལྡེ་མགོན་མེ་ཕོ་སྤྲེའུའི་ལོ་ལ་ཀ་ཏུ་རྒམ་དུ།   པཎྚིཏ་དྷརྨ་ཕ་ལ་དང་།      ལོ་ཚ(ཙ)་བ་རིན་ཆེན་བཟང་པོ་རྣམས་ལ་རབ་ཏུ་བཤེགས(གཤེགས)།   དེ་བ་རཱ་ཛར་མཚན་གསོལ། ་་་ཡོས་ཀྱི་ལོ་ལ་གྲོངས།  དེའི་གཅུང་པོ་ལྷ་སྲས་ལྷ་འཁོར་བཙན།  བྱི་བའི་ལོ་ལ་འཁྲུངས།   བཅུ་གཅིག་པ་ས་ཕོ་ཁྱིའི་ལོ་ལ་དགེ་སྙེན(བསྙེན)་མཛད།    ན་ག་རཱ་ཛར་མཚན་གསོལ།   ཉི་ཤུ་རྩ་གུ་པ་འབྲུག་གི་ལོ་ལ་སྙེན(བསྙེན)་པར་རྫོགས་ནས།    ལོ་ངོ་བཅུ་གཅིག དེ་ནས་གཅེན་གྲོངས་ནས་ལོ་ངོ་༤ར་བསྟན་པ་བསྐྱངས། ང་ལྔ་པ་ལ་རིའི་གནས་སུ་ཞི་བར་གཤེགས་སོ།།[6]སྲས་ཆེ་བ་དེ་བ་རཱ་ཛ་སྤྱི་ལོ་996ལོར་རབ་ཏུ་བྱུང་བ་དང་སྤྱི་ལོ་1027ལོར་གཤེགས། རྡོ་རིང་ངོས་ཀྱི་ར་ཛ་ནི་སྲས་གཉིས་ལས་གང་ཡིན་ངོས་འཛིན་དཀའ་རུང་གོང་ནས་ཡི་གེ་འགའ་གསུབ་ཡོད་པར་བརྟགས་ན་སྲས་ཆུང་བ་ན་ག་རཱ་ཛ་ཡིན་པ་ཡིག་ཆ་གང་ལས་ཀྱང་ཆེ་ཆུང་གི་གོ་རིམ་གསལ་པོ་ཡིན།  དེ་མིན་སྲས་གཉིས་རབ་ཏུ་མ་བྱུང་བའི་སྔོན་དུ་སྲས་ཆེ་བར་ལྷ་ལྡེ་མགོན་བཙན་དང་ཆུང་བར་ལྷ་འཁོར་བཙན་དུ་འབོད། གལ་ཏེ་རྡོ་རིང་ནི་ཁོང་གཉིས་རབ་ཏུ་མ་བྱུང་བའི་ཡར་སྔོན་དུ་བཞེངས་པའི་དབང་དུ་བཏང་ཚེ་ར་ཛའ་ཞེས་པའི་མཚན་ཟུར་དེ་ཡོང་དོན་མེད་པ་ཤེས་དགོས་པ་དང་།སྲས་ཆུང་བ་ན་ག་རཱ་ཛ་ནི་སྤྱི་ལོ་988ལོར་འཁྲུངས་པ་དང་སྤྱི་ལོ་1042ལོར་འདས། དེ་ལྟར་ཡིན་ན་ཆུ་འབྲུག་(སྤྱི་ལོ་1052)དང་། ལྕགས་འབྲུག་(སྤྱི་ལོ་980)། མེ་འབྲུག་(སྤྱི་ལོ་956)གང་ལའང་མཐུན་དཀའ་ཞིང་རྣམ་ཐར་ལས་ཀྱང་ཤིང་ཕོ་འབྲུག་ལོར་ལྷ་ཁང་མང་པོ་བཞེངས་པའི་གྲས་སུ་རོང་ཆུང་གི་སྤུའི་ལྷ་ཁང་ཡང་ཐོན་འདུག་པས་ཤིང་འབྲུག་སྟེ(སྤྱི་ལོ་1004)ཡིན་པ་དོན་ལ་གནས་བར་སེམས།  དེ་མ་ཟད་བོད་ཀྱི་ཆོས་འབྱུང་མང་པོའི་ཁྲོད་དེ་བ་ར་ཛ་དང་ན་ག་ར་ཛ་གཉིས་ཡེ་ཤེས་འོད་ལ་འཁྲུངས་པ་མིན་པར་ཁོ་རེ་ལ་འཁྲུངས་བར་འདོད་པའི་ལྟ་བ་དེའང་ཡོ་བསྲང་བྱས་ཡོད།

རྡོ་རིང་ངོས་ཀྱི་ཕོ་བྲང་སྤུར་ཕེབས་ཡུལ་སྤུ་ཞེས་པ་ནི་རྣམ་ཐར་ནང་བྱུང་བའི་རོང་ཆུང་གི་སྤུའི་ལྷ་ཁང་འདི་ཡིན་པར་འདོད་དེ། སྔོན་བཙན་པོ་རྒྱལ་རབས་དུས་སུའང་ལྷ་ཁང་མང་པོ་བཞེངས་པར་མཚམས་རེར་ཕོ་བྲང་ཞེས་འབོད་སྲོལ་ཀྱང་ཡོད་པ་དང་། 《མངའ་རིས་རྒྱལ་རབས》་ལས། ་་་མཐའ་འདུལ་གྱི་གཙུག་ལག་ཁང་ལ་ང་རའི་ཀ་ནམ་གྱི་ལྷ་ཁང་། རེ་སག་གི་མོ་ནང་གི་ལྷ་ཁང་། རོང་ཆུང་གི་སྤུའི་ལྷ་ཁང་། པི་ཝར་དཀར་སག་གི་ལྷ་ཁང་སོགས་གཙུག་ལག་ཁང་བརྒྱ་རྩ་དང་། མཆོད་རྟེན་དཔག་མེད་བཞེངས་སོ།།[7]ཞེས་རོང་ཆུང་གི་སྤུའི་ལྷ་ཁང་ཞེས་ས་མིང་དངོས་སུ་ཐོན་ལ་ལྷ་བླ་མས་སྐབས་བཞེངས་པར་བཀོད་པ་དང་།  《ལོ་ཆེན་རིན་ཆེན་བཟང་པོ་དང་།  ཆག་ལོ་ཙཱ་བ་ཆོས་རྗེ་དཔལ།   རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར》་ལས་ཀྱང་།  “རོང་ཆུང་གི་ཕུ་”[8]ཞེས་བཀོད་ཡོད།  དེས་ན་ཕོ་བྲང་སྤུ།  ཡུལ་སྤུ་ཞེས་པ་ས་གནས་གང་ལ་ངོས་འཛིན་དགོས་ཞེས་ན། དེང་སྐབས་ཀྱང་སྒྲ་གདངས་མ་ཉམས་པར་སྤུ་ཞེས་འབྲི་ཞིང་གླང་ཆེན་གཙང་བོའི་རྒྱུད་དུ་གནས་པ་དང་།  རྒྱ་སྐད་དུ་斯布ཞེས་བྲིས་ཡོད། རོང་ཆུང་གི་སྤུ་ཞེས་པའི་ལྷ་ཁང་དེ་ནི་ད་ལྟ་རྒྱ་གར་ཁོངས་སུ་ཡོད་པས་རྡོ་རིང་ཡི་གེ་དང་ཡིག་ཚང་གཞན་རྣམས་ངོ་འཕྲོད་ལ་སྐབས་དེའི་མངའ་ཁོངས་ཀྱང་ཅུང་ཙམ་རྟོགས་ཐུབ།

 

ལྔ་བ། རྡོ་རིང་ཡི་གེའི་ཁྱད་ཆོས།

 

རྡོ་རིང་ཡི་གེ་འདི་ལ་ཡིག་འབྲུ་མང་པོ་མེད་ཀྱང་སིལ་བུའི་དུས་ཀྱི་ཡི་གེའི་འབྲི་སྟངས་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་ན་དཔྱད་གཞི་རྩ་ཆེན་ཞིག་ཡིན། རྡོ་རིང་ཡི་གེ་འདིར་བཙན་པོ་སྐབས་ཀྱི་རྡོ་རིང་ཡི་གེ་ནང་བཞིན་ཚིག་ཉུང་དོན་འདུས་པའི་ཁྱད་ཆོས་ལྡན་ཏེ། “༄།:།དཔལ་ལྷ་བཙན་པོལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་/ལ་བསྟན་པ་དརད་བར་? མཛད་དཀོན་མཆོག་དབུ་འཕང་/བསྟོད་ལྷ་ཆོས་ཀྱི་རྩེར་ཆབ་མངའ་ཐང་རྒྱང་གསབ”ཅེས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་སངས་རྒྱས་ཀྱི་བསྟན་པ་དར་ལ་དཀོན་མཆོག་གི་དབུ་འཕང་བསྟོད། ཆབ་སྲིད་མངའ་ཐང་དར་བ་སོགས་གསལ་བཤད་བྱས་ཡོད་པས། ཚིག་དུམ་འདིའི་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་ཇི་འདྲ་ཡིན་པ་གསལ་བཤད་བྱས་ཡོད། “༄།:།འབྲུག་གི་ལོ་དགུན་ཟླ་དང་པོའི་ངོ་ལ།། དཔལ་ལྷ་བཙན་པོ་/ལྷ་སྲས་××××ར་ཛའ་ཕོ་བྲང་/སྤུར་ཕེབས་ཡུལ་སྤུ××××××བྱ་ར་ཆན་པོ་/དཀོན་××××××××ས་ཀྱི་དཀོར་/ཁང་པ་××××××ཁར་ལ/བསྔོས××××××××ས་ཀྱིས་/བཞེངས་××××××××/ལ”། ཚིག་འདི་ནི་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ལོ་རྒྱུས་དོན་ཆེན་གནད་བསྡུས་དང་ཤིན་ཏུ་འདྲ་སྟེ། དཔེར་ན། བྱ་གག་གི་ལོ་ལ། བཙན་པོ་མེར་ཀེ་ན་བཞུགས། བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག་[9]ཅེས་ཐོག་མར་ལོ་ཚིགས་བཀོད། རྗེས་ནས་གནས་གང་ན་བཞུགས་པ་བརྗོད། མཐར་བྱ་བ་གང་ཞིག་སྒྲུབ་བཞིན་པ་བཤད་ཡོད་པ་དང་། གོང་གི་ཚིག་དུམ་འདི་ཡང་དེ་དང་གཅིག་མཚུངས་ཡིན། ལྷ་བླ་མ་ཡེ་ཤེས་འོད་ནི་མིག་རྒྱང་རིང་བ་དང་། སྔོན་སོང་ལོ་རྒྱུས་ལ་ཕྱིར་རྟོག་བྱེད་མཁས་པའི་སྐྱེས་བུ་རླབས་ཆེན་ཞིག་སྟེ། “ཤིང་མོ་ལུག་གི་དབྱར་ཟླ་འབྲིང་པོ་ལ་ལྷ་བླ་མ་ཡི་ཤེས་འོད་འདི་ཉིད།  ཡུལ་པུ་ཧྲངས་སུ་ཕྱགས(ཕྱག)ཕེབས།   ཝི་ཕུག་མདོར་བསྟོད་(སྟོད)      སྨད་ཀྱི་མཆེད་ཁུ་དབོན་བྱིན་གདན་འཛོམ།མངའ་རིས་སྐོར་གསུམ་གྱི་འབངས།བོད་ཞང་དྲན་ཤེས་པ་ཡོ་(ཡོངས)ཚོགས། བསྟོད(སྟོད་)ཕྱོགས་འདི་ཇི་ལྟར་བགྱིས་ན་བདེ་བར་འགྱུར།    བདེ་བར་འགྱུར་བའི་ཡན་ལག  ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་མངའ(སྔ)ནས།  སྐྱེ་བོ་རྗེས་འབངས་ཡོངས་ལ་བཀའ་བརྩལ།   མཆིད་གོང་དུའང་གསོལ།   འབངས་སོ་སོར་ཡང་མཆིད་གྲོས་བརྩལ་དེ་(ཏེ)།  སྤྱིར་བཏུན་ཏེ་བསྡུས་ནས།    མོལ་ཆད་དཀར་ཆག་ཏུ་བགྱིས་པའི་གཞི། བོད་ཀྱི་མངའ་རིས་རྒྱ་ཁྱོན་མི་ཆེ་བ་ཞིག་ལ།  བློ་བུར་(གློ་བུར)བའི་རྒྱལ་བོ༡གི་མངའ་མཛད་ནས། བོད་སྤྱི་མཐུན་གྱི་བསོད་ནམས་འཕེལ་བའི་དུས་ལ་བབ་པས།  འགྲེང་མོའི་ཆོག་གི་ཆོས་ལུགས་མ་ནོར་བ་སྤྱད་དེ། ཡུལ་དབུས་བདེ་ཞོང་ཐར་སྐྱེས། བཙན་པོ་ཞལ་༡གིས་མངའ་མཛད་པས་ནི་མངའ་རིས་ལ་ཕྱོགས་མེད།  འབངས་ཡོ(ཡོངས)རྗེ༡ཉིད་ལ་བརྟེན་པས་ནི།    ཚན་དང་རིས་སུ་མི་ཕྱེད་པ་ཞིག་ལས།    བར་ཞིག་ཚུན་ཆད་བོད་སྤྱི་མཐུན་གྱི་ལས་དགེ་བ་ཟད་པས།མངའ་མཛད་དབུ་གྲངས་མང་། མངའ་རིས་ཕྱོགས་བཟུང་ཞིང་། འབངས་སྐོལ་ཚན་ཆེས་པས།   དབུས་རུ་གཡོན་རུའི་འཁྲུག་པ་དང་།  ངག་ལོག་གི་ཁེངས་ཡན་ཆད་ཀྱིས། བཀའ་ཁྲིམས་རྣམས་ཉམས་དམས་སྟེ་(ཏེ)། རང་དབང་སིལ་བུར་གྱུར་བ་འདྲ།” [10] ཞེས་པས་མཚོན་ཐུབ་པ་དང་། བོད་བཙན་པོའི་སྐབས་སུའང་རྒྱལ་བློན་ཚང་མས་གནས་གཅིག་ཏུ་བག་མེད་ཀྱི་འཚོ་བ་མི་རོལ་པར་མངའ་ཁོངས་ས་གནས་གཞན་དུ་འཁོར་བསྐྱོད་སྒོས་ཕྱོགས་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ་ལོ་རྒྱུས་དོན་ཆེན་གནད་བསྡུས་ལས་ཤེས་ནུས་ལ་དེའང་སྐབས་དེའི་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་གནད་གཅིག་ཏུ་ངོས་བཟུང་ཆོག ལྷ་བླ་མས་ཀྱང་རྒྱལ་སྐྱོང་སྲོལ་བཟང་དེ་ཉིད་རྒྱུན་འཛིན་བྱས་ནས་སྲས་དང་བཅས་སྤུའི་ཡུལ་དུ་ཕེབས་ནས་ས་གནས་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་ཡོང་བར་འདོད་དེ། རྡོ་རིང་ཡི་གེ་ལས་“བྱ་ར་ཆན་པོ”ཞེས་བཀོད་ལ། བྱ་ར་ནི་ལྟ་རྟོག་གམ་ཉིན་མོའི་སོ་བ་བྱས་པའི་དོན་དུ་གོ་བས་ཡུལ་དངོས་རྟོག་དཔྱོད་དུ་ཕེབས་པ་ཡིན་སྙམ་པའི་དོགས་པ་འདུག་ཀྱང་ཡི་གེ་ཁ་མི་ཚང་བས་ཁ་ཚོན་གཅོད་དཀའ།

དབུ་ཁྱུད་འབྲི་བའི་སྲོལ་ནི་བཙན་པོ་སྐབས་སུ་བཞེངས་པའི་རྡོ་རིང་ཚང་མར་ཁྱབ་ཀྱང་འབྲི་ཚུལ་ཐད་ཁྱད་པར་ཡོད་དེ།  བཙན་པོའི་སྐབས་ཀྱི་རྡོ་རིང་ལ་མཚོན་ན།  དབུ་ཁྱུད་ཕྱེད་ཀ་ལ་ཉིས་ཤད་ཅན་(༄། །)མང་བ་དང་།  དཔེར་ན།  ཞོལ་རྡོ་རིང་།  བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་།  འཕྱོངས་རྒྱས་སྟག་རྩེ་རྡོ་རིང་ཡི་གེ།  ཞ་ལྷ་ཁང་གི་རྡོ་རིང་ཡི་གེ་སོགས་ཚང་མར་དེ་བཞིན་ཡིན་མོད།  ལྷ་བླ་མ་ཡབ་སྲས་ཀྱི་རྡོ་རིང་གི་དབུ་ཁྱུད་ནི་བཙན་པོ་སྐབས་དང་ཁྱད་པར་ཅུང་ཡོད་དེ། རྡོ་རིང་གི་དབུ་ཁྱུད་ཕྱེད་ཀ་རྗེས་ན་ཤད་གཅིག་དང་བར་ན: འདི་ལྟ་བུའི་ཚེག་གཅིག་དང་དེའི་རྗེས་ན་ཤད་གཅིག(༄།:།) བཅས་འབྲི་སྟངས་ཐད་ནས་ཁྱད་པར་ཡོད།

བརྡ་སྤྲོད་ཐད་དེང་སྐབས་དང་ཁྱད་པར་ཆེན་པོ་མེད་མོད། འ་མཐའ་དོར་མེད་པ་ར་ཛའ་ཞེས་འ་མཐའ་བཞག་ཡོད་པ་དང་། ད་དྲག་ཀྱང་སྦྱར་ཡོད་པ་བསྟན་པ་དརད་ལྟ་བུ། ལོ་རྒྱུས་ཡོངས་གྲགས་ལྟར་ན་འ་མཐའ་དང་ད་དྲག་ནི་སྐད་གསར་བཅད་གཉིས་པའི་སྐབས་དོར་བ་《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》་ལས།  དེ་དག་ཏུ་ད་དྲག་དང་དཔྱིད་སླ་ར་བ་སོགས་དང་།  དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་མཐའ་རྟེན་སྦྱར་བ་ནི་སུམ་རྟགས་ཀྱི་དགོངས་པ་ཡིན་ཀྱང་དོན་ལ་ཐོབ་པ་གཞིར་བཅས་ནས་ཡི་གེ་ཉུང་བའི་སླད་དུ་བཞག་པ་དང་།   ཡང་།   མྱེད།   མྱིན་སོགས་ཡ་བཏགས་པ་དང་།  རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅུག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ།།་་་བཀས་བཅད་གཉིས་པོ་དེ་མངའ་བདག་ཁྲི་རལ་བ་ཅན་ཡན་ལ་ཆད་དུ་སྐ་ཅོག་ཞང་གསུམ་ལ་སོགས་པས་མཛད་པ་ཡིན་ནོ།[11]ཞེས་བཀོད་ཀྱང་རྡོ་རིང་འདིར་སྔོན་ལྟར་བྱུང་ཡོད།  དེར་མ་ཟད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་དུ་ཁོང་གིས་དངོས་སུ་མཛད་པའི་བཀའ་ཤོག་དུའང་འ་མཐའ་བྲིས་ཡོད་དེ། “ཇི་སྐད་དུ་ཡང་།  ཡེ་ཤེས་རྒྱས་པའི་མདོའ་དང་།  དགེ་སྡིག་སྟན་པའི་མདོའ་༢ཀ་ལས། ”[12]ཞེས་དང་། གཞན། སྟོད་ལུང་ཡབ་ཕུ་ར་ཚག་དགོན་གྱི་རྡོ་རིང་བཞེངས་པའི་དུས་ནི་སྤྱི་ལོ་994ནས་སྤྱི་ལོ་1012བར་ཡིན་པ་དང་། དེར་ཡང་ “ཆབ་སྲིད་རྒུང་བས་མཐོའ་སྟེ།”[13]ཞེས་འ་མཐའ་སྦྱར་ཡོད། དུས་སྐབས་འདིར་ད་དུང་འ་མཐའ་འགོད་པའི་སྲོལ་ཡོད་པ་ཡིག་ཚང་འདི་དག་གིས་བདེན་དཔང་བྱེད་ཐུབ་པ་དང་། རྡོ་རིང་འདིར་ད་དུང་“མྱི་བཀུར་རེ། མྱི་མཆོད་རེ་།” མ་ལ་ཡ་བཏགས་ཡོད་པའི་ཡི་གེ་བྱུང་བས་ལི་ཤིའི་གུར་ཁང་གི་བཞེད་པར་བསམ་དགོས་ལ་གནད་འདིར་ཞིབ་འཇུག་བྱེད་པའི་རྒྱུ་ཆའང་གལ་ཆེན་དུ་གྱུར་ཡོད།

མདོར་ན་རྡོ་རིང་འདི་ནི་ལྷ་བླ་མ་ཡབ་སྲས་ཀྱི་ཆེ་བ་བརྗོད་པ་དང་ཁོང་གི་རྣམ་ཐར་དུ་མཐའ་འདུལ་གྱི་གཙུག་ལག་ཁང་ལ་སོགས་ལྷ་ཁང་བརྒྱ་རྩ་བཞེངས་བར་བརྗོད་པའི་སྐོར་གྱི་དཀར་ཆག་རྡོ་རིང་ངམ་བསྔོ་བ་ཞིག་ཡིན་པར་འདོད་པ་དང་།   དེ་མིན་བོད་སིལ་བུའི་དུས་ཀྱི་རྡོ་རིང་བཞེངས་སྟངས་དང་།  ཡི་གེ་འགོད་སྟངས།  བརྡ་སྤྲོད་ཀྱི་ཁྱད་ཆོས་དང་མངའ་ཁོངས་ཀྱི་རྒྱ་ཁྱོན། སྤྱི་ཚོགས་ལམ་ལུགས་སོགས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན་ནོ། །

 

ཟུར་ལྟའི་དཔྱད་གཞི།

 

[1]2015ལོའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་གསུམ་པའི་འགོ་ཤོག་ཏུ་གསལ།

[2][5][6][10][12]གུ་གེ་པཎྚིཏ་གྲགས་པ་རྒྱལ་མཚན། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013:22.10.33.18.20.

[3]གུ་གེ་པཎྚིཏ་གྲགས་པ་རྒྱལ་མཚན།  ཉི་མའི་རིགས་ཀྱི་རྒྱལ་རབས།   བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།  2014:149.

[7]གུ་གེ་མཁན་ཆེན་ངག་དབང་གྲགས་པ། མངའ་རིས་རྒྱལ་རབས།  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།  84.

[8]གུ་གེ་ཁྲི་ཐང་བ་སོགས། ལོ་ཆེན་རིན་ཆེན་བཟང་པོ་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་བ་བལོ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།   སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 55.

[9]དགེ་འདུན་ཆོས་འཕེལ།  དེབ་ཐེར་དཀར་པོ།   མི་རིགས་དཔེ་སྐྲུན་ཁང་། 2007:100.

[11]སྐྱོགས་སྟོན་རིན་ཆེན་བཀྲ་ཤིས།  བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་།  མི་རིགས་དཔེ་སྐྲུན་ཁང་། 2015:2.

[13]ཆབ་འགག་རྟ་མགྲིན།  བོད་ཡིག་རྡོ་རིང་ཞིབ་འཇུག  བོད་ལྔོངས་མི་དམངས་དཔེ་སྐྲུན་ཁང་། 2012:161.

 

《མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ》དེབ་གསུམ་པའི་སྟེང་བཀོད་པ་བཏུས།

བརྒྱུད་སྐུལ།

མཆན་སྤེལ།