བློན་ཆེན་མགར་གྱི་བྱུང་བ་མདོ་ཙམ་བརྗོད་པ།

བློན་ཆེན་མགར་གྱི་བྱུང་བ་མདོ་ཙམ་བརྗོད་པ།
རྩོམ་པ་པོ། པ་སྣམ་ལྷག་པ།

མེས་པོ་དམ་པའི་ལྷག་བསམ་གངས་རི་ལས།།

རིགས་ཞེན་གངས་ཆུ་ལྷུང་ལྷུང་འབབ་པ་དེས།།

ཁ་བའི་ཡུལ་གྱི་དཔལ་ཡོན་ཆུ་གཏེར་རྫོགས།།

དེ་འདྲའི་དྲིན་ལ་མི་བསྔགས་དཔྱོད་ལྡན་སུ།།

བོད་རྒྱལ་སོ་གསུམ་སྲོང་བཙན་སྒམ་པོ་ཡི།།

མེད་ཐབས་མེད་པའི་བློན་ཆེན་བཞི་པོ་ལས།།

མགར་གྱི་རུས་ལ་འཁྲུངས་པའི་བློན་པོ་དེའི།།

ཉམས་མཚར་མཛད་པ་ཁ་བའི་ཡུལ་ན་རྨད།།

ཞུམ་མེད་དཔའ་བོའི་རྩལ་ལས་དགྲ་བོ་འགེམས།།

ཟླ་མེད་མཛངས་པའི་བློ་དེས་གཞན་ཡིད་འགུགས།།

ལྡོག་མེད་རྗེ་བོའི་བཀའ་བཀོད་གཙུག་གིས་བླངས།།

རིགས་ཞེན་བརྩེ་འདང་མེ་དཔུང་དགུང་ལ་འཕྱུར།།

དཔའ་མཛངས་མཁས་ཀྱི་བློ་མཆོག་ལྡན་པ་བས།།

དགུང་བློན་ཆེ་འབྲིང་ཆུང་གསུམ་སྤྱི་བོས་བཀུར།།

བོད་ཁམས་གཅིག་གྱུར་བྱེད་པའི་སྲོག་ཤིང་ལཌ།།

བློན་ཆེན་བཀའ་དྲིན་དོན་ལྔའི་རྒྱལ་པོར་བརྐོས།།

སྤྱི་ལོ་དྲུག་བརྒྱ་བཅུ་བཞིའི་དུས་ཚིགས་དེར།།

སྟོད་ལུང་རམ་པར་གྲགས་པའི་ཡུལ་མཆོག་ཏུ།།

མགར་ཞེས་རུས་རྙིང་ཞིག་ལས་མཆེད་པ་ལས།།

ཡབ་ཆེན་སྟོང་མེས་ཁྲི་ཆགས་སྲས་སུ་འཁྲུངས།།

ཁྱེད་ཐུགས་ཤེས་རབ་རལ་གྲིའི་རྣོ་ངར་དེས།།

སྤུང་སད་ཟུ་ཙེས་ཆོས་རྒྱལ་དཀྲོངས་འདོད་ཀྱི།།

གཡོ་ཡི་སོལ་མདོག་ཡོལ་བ་ཚལ་པར་གཏུབས།།

བློ་དཀར་འཇོན་ནུས་ཅན་པོའི་བློན་པོར་གྱུར།།

སྟག་སྡོང་ཆེན་མོའི་བཀའ་གྲོས་ཇི་བཞིན་དུ།།

མི་རྗེ་སྲོང་བཙན་སྒམ་པོའི་དགོངས་པ་ལྟར།།

གཞན་ནས་ལེགས་ཆ་བླང་རྒྱུའི་བྱ་བཟང་གི།།

བབ་འོས་ལས་འགན་མ་ལུས་ཕྲག་ཏུ་བླངས།།

བཙན་སྙ་ལྡོམ་བུ་འབྲིང་བཙན་རྩང་སྟོང་སྟེ།།

ཁྲི་འབྲིང་དང་ནི་བཙན་སྙ་གུང་སྟོན་དང་།།

སྟ་གུ་རི་ཟུང་ལ་སོགས་གཡང་ཕྲུག་སྡེར།།

རིཌ་ལ་ཞེ་འདང་མཁོ་བའི་སློབ་གསོ་བྱིན།།

སྐུ་ཚེ་ཕྱེད་ཙམ་མཐའ་སྲུང་འཐབ་ཀྲོལ་ཁྲོད།།

ཉིན་མཚན་དུས་དྲུག་སྐུ་ངལ་ཚད་མེད་མྱོང་།།

ཐ་ན་རང་ཉིད་གཅེས་པའི་སྲོག་དབང་ཡང་།།

དམར་འཛིང་དྲག་པོའི་མཚོན་གྱི་ཁ་རུ་བོར།།

བློན་ཆེན་མགར་གྱི་མཛད་པ་ཆུ་གཏེར་ལས།།

ཆུ་ཐིགས་ཙམ་ཞིག་བཤམས་ཁུལ་བྱས་པ་འདི།།

རླབས་ཆེན་ཡབ་མེས་དམ་པའི་མཛད་པ་ལ།།

བློ་མཉམ་གསར་བུས་ཕྱིར་དྲན་བྱ་ཕྱིར་སྤེལ།།

ཞེས་སློབ་བུ་བ་པ་སྣམ་ལྷག་པར་འབོད་པས་བོད་རྗེ་སྲོང་བཙན་སྒམ་པོའི་འཕྲུལ་བློན་ནམ། མེད་ཐབས་མེད་པའི་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་མཛད་པ་ཟབ་ཡངས་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཕྱིར་དྲན་གྱི་དྲན་ཤིང་ལ་བརྩིས་ནས་དབུས་གནའ་གྲོང་སྐྱིད་ཤོད་ནས་སྦྱར་རོ།།
སུམ་པའི་རིག་གནས་ལས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།