མ་ཅིག་ལབ་སྒྲོན་གྱི་འཁྲུངས་ཁང་སོགས་ལ་མཇལ་བ།

མ་ཅིག་ལབ་སྒྲོན་གྱི་འཁྲུངས་ཁང་སོགས་ལ་མཇལ་བ།

     ཨོ་རྒྱན་གླིང་། 

གངས་རི་འོད་དེ་གུང་རྒྱལ། 

མ་ཅིག་གི་བཞུགས་གནས་གཡུ་ལོ་བཀོད་པ།

 

མ་ཅིག་གི་འདྲ་སྐུ།

 

ཁ་ཉིན་ལྷོ་ཁ་ཨེ་པ་ཚང་གི་མཐུན་རྐྱེན་འོག་གངས་ཅན་གྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ཚན་ཞི་བྱེད་གཅོད་ཀྱི་བདག་པོ་ལབ་ཀྱི་སྒྲོལ་མའི་འཁྲུངས་ཁང་དུ་བསྐྱོད་པའི་གོ་སྐབས་བྱུང་།   དེ་ཡང་བོད་མིའི་རིག་གནས་ཀྱི་ལྟེ་བ་ཡར་ལུང་ནས་ཡབ་ཆབ་གཙང་པོའི་ལྷོ་རྒྱུད་ཀྱི་གཞུང་དུ་མར་མར་སོང་ན་ཟངས་རི་དང་ཆུ་གསུམ་ལ་འགྲོ་སའི་གསུམ་མདོ་ཀླུ་ཁང་གྲུར་སླེབས་ཤིང་།  དེ་ནས་ཆུ་གསུམ་ཕྱོགས་ལ་ཡར་ཅུང་ཙམ་ཀྱོག་ནས་གྲོང་ཚོའི་མདུན་སྣེར་ཟམ་པ་ཞིག་ཡོད་པ་དེ་བརྒྱུད་ནས་གྲོང་ཁྱིམ་གྱི་དཀྱིལ་ནས་མུ་མཐུད་ཡབ་ཆབ་གཙང་པོའི་ལྷོ་རྒྱུད་ནས་མར་སོང་ན་འགྲོ་མགོན་ཕག་གྲུའི་དངོས་སློབ་གཤེགས་དགོན་དཀར་བ་དང་གཤེན་དགོན་དཀར་བ་གཤེན་སྒོམ་དཀར་བ་སོགས་འབོད་པའི་གྲུབ་ཐོབ་གདན་ས་ཐེལ་གྱི་གཙུག་ལག་ཁང་ཆེན་པོ་བཞེངས་སྐབས་རྫུ་འཕྲུལ་གྱིས་ཡབ་ཆབ་གཙང་པོའི་གྱེན་དུ་ཀོང་པོ་ནས་ཤིང་དྲངས་ཕེབས་མཁན་ཁོང་གི་གདན་ས་ཙ་སྒྲུབ་སྡེ་དང་།

རྒྱལ་དབང་ལྔ་པ་རིན་པོ་ཆེས་གུས་བཀུར་དང་བསྔགས་པ་ཐོབ་པའི་དུས་སྐབས་དེའི་རོང་པ་རྫོགས་ཆེན་འམ་མཚན་གཞན་ལ་ཙ་རྫོགས་ཆེན་ཞེས་འབོད་པའི་སྔགས་འཆང་ཆེན་པོ་དེ་སོགས་ཀྱི་འཁྲུངས་ཡུལ་ཙ་པ་ཞེས་པ་དེ་ནས་མར་སོང་ན་གང་ཙམ་ནས་ལམ་གྱི་འགྲམ་རི་བོའི་ལྡེབས་སུ་ཁ་ཤར་བྱང་ལ་གཏད་པའི་ཕུག་པ་ཞིག་དང་མཆོད་རྟེན་ཞིག་འདུག་པ་ཡུལ་མིས་བརྗོད་ན་དམའ་མཐར་རིན་པོ་ཆེའི་མཚམས་ཁང་རེད་ཟེར།  དེ་ནི་དམའ་མཐར་དགོན་ཕྱག་བཏབ་པ་པོ་རྒྱལ་སྲས་སངས་རྒྱས་དོན་གྲུབ་ཀྱི་མཚམས་ཁང་ཡིན་པ་འདྲ།   དེ་ནས་མར་སོང་ན་ལུང་པ་ཞིག་ཡོད་པ་དེའི་མིང་ལ་ཆུ་འཁོར་ཟེར་བར་སྣང་། ལུང་ཆུང་དེའི་ནང་ཨེ་ལྷ་རྒྱ་རིའི་གཞིས་ཁག་བཅུ་དགུའི་གྲས་ཀྱི་ཆུ་འཁོར་གཞིས་ཀ་ཞེས་འབོད་པའི་གྱང་རོ་ལམ་ཙམ་ལུས་པ་ཞིག་སྣང་།   ཤོད་སྲོལ་ལ་གཞིས་ཀ་འདིས་ཨེ་ལྷ་རྒྱ་རིར་བོད་ཤོག་གི་ཁྲལ་འཇལ་གྱི་ཡོད་པར་འབོད། དེ་ཡང་རི་དེའི་ཉེ་འཁོར་ཙམ་ལ་བོད་ཤོག་གི་རྒྱུ་ཆ་རེད་ཟེར་བའི་ཤིང་མང་པོ་ཞིག་འདུག་པས་དེ་ཡང་བདེན་པར་སྣང་།    དེ་ནས་མར་སོང་ན་གྲབ་ཞེས་པའི་ས་ཁོངས་ལ་སླེབས། དེར་བྲག་རི་ཞིག་གི་སྟེང་དུ་ཨོ་རྒྱན་གླིང་ཞེས་ཡུལ་མིའི་ཁ་རྒྱུན་དུ་སྲིན་པོའི་གཉའ་གནོན་དུ་བཞེངས་པ་རེད་ཟེར་བའི་སྒྲུབ་ཁང་མི་ཁྱིམ་འདྲ་བ་ཆེ་ཙམ་ཞིག་གི་གྱང་རོ་མཇལ་རྒྱུ་འདུག  དེའི་སྐོར་དེ་སྔོན་ཏཱ་སི་བྱང་ཆུབ་རྒྱན་མཚན་གྱིས་ས་སྐྱའི་སྲིད་དབང་བཅོམ་ནས་བོད་ཁྲི་སྐོར་བཅུ་གསུམ་གྱི་བདག་པོ་མཛད་སྐབས།  ཡར་ཀླུང་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང༔ཕག་གི་ས་སློག་དབུས་ཁམས་ས་ཧོར་ཟ༔ཞེས་པ་ལྟར་གཏེར་སྟོན་ཆེན་པོ་ཡར་རྗེ་ཨོ་རྒྱན་གླིང་པས་ཁྲ་འབྲུག་གཙུང་ལག་ཁང་དུ་ཆོས་གསུང་སྐབས།  བོད་ཁམས་ཐམས་ཅད་དབང་དུ་བསྡུས་ཏེ་ཉལ་ཐག་གཅོད་པ་ཅིག་འབྱུང་ཞེས་གསུངས་པས་ཏཱ་སིའི་ཐུགས་ལ་ཕོག་ནས་ཕོ་ཉ་བཏང་སྟེ་གཏེར་སྟོན་གྱི་ཞལ་འགྲམ་བཅག་པ་སོགས་བྱས་པས་ཨོ་རྒྱན་གླིང་པ་ཁོང་ཡར་ལུང་ལ་བཞུགས་མ་འདོད་པར་ཨེ་དང་དྭགས་པོ།

གྲབ་གཙང་ཁ་སོགས་ལ་བཞུགས་པར་གསུང་འདུག་ལ་ཁོང་གི་གདུང་རྒྱུད་ཀྱང་གྲབ་གཙང་ཁ་ལ་ཡོད་པར་གསུངས་འདུག་པས།  གནས་འདིའི་མིང་ལ་ད་ལྟ་ཡང་གྲབ་ཞེས་འབོད་པར་སྣང་ལ་གཙང་ཁ་ཞེས་པ་ནི་གཙང་པོའི་ཉེ་འགྲམ་ལ་ཡིན་པས་དེ་ལྟར་འབོད་པར་རུང་།  གཏེར་སྟོན་ཨོ་རྒྱན་གླིང་པའི་སྐུ་ཚེའི་སྨད་ཀྱི་བཞུགས་གནས་དང་མཚན་སོགས་གང་ལ་བརྟག་ཀྱང་ཨོ་རྒྱན་གླིང་ཞེས་པ་འདི་ཉིད་ཁོང་གིས་བྱིན་གྱི་རླབས་པའི་སྒྲུབ་གནས་ཞིག་ཡིན་པར་ཐེ་ཚོམ་མེད་པར་སྙམ།    དེ་ནས་སོང་ན་གྲབ་སྟོད་ལ་སླེབས། དེར་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཉི་ཟླ་སངས་རྒྱས་ཞེས་གནུབས་ནམ་མཁའི་སྙིང་པོ་དང་མཁན་སློབ་ཆོས་གསུམ་གྱི་སྐབས་ཆོས་བློན་ཉི་མ་ཞེས་འབོད་པ་དེ་སོགས་ཀྱི་སྤྲུལ་པའི་རོལ་གར་དུ་ཞལ་གྱིས་བཞེས་པའི་སྔ་འགྱུར་པའི་བསྟན་འཛིན་མི་ཡུལ་དུ་ལོ་ཉིས་བརྒྱར་ཉེ་བ་བཞུགས་པར་གྲགས་པའི་སྐྱེས་ཆེན་དེའི་གདན་ས་སྣ་རིང་དང་ན་རིང་སོགས་འབོད་པའི་རིག་གསར་གྱི་སྐབས་ནས་ཞིག་རལ་དུ་སོང་བའི་དགོན་ཤུལ་ཞིག་འཇལ་དུ་འདུག་ལ།  སྔོན་དུས་ལྷ་སར་ཆུ་ཡི་འཇིགས་པ་བྱུང་སྐབས་སུ་ཁོང་གི་ལྕགས་ཕུར་བཏབ་ནས་ཆུའི་འཇིགས་པ་སེལ་བ་སོགས་ཡུལ་དེར་ཁོང་གི་མཛད་པའི་སྐོར་མང་ཙམ་བཤད་སྲོལ་འདུག   དེ་ནས་ཡར་ཙམ་གྱི་རི་ཁུག་ཞིག་དུ་དགེ་ལུགས་པའི་དགོན་ཆུང་ཞིག་རོ་ཤུལ་ཅུང་ཙམ་ལྷག་པ་ཞིག་འདུག   ལ་རྩེ་བར་སོང་ན་ལབ་གྲོང་བརྡལ་དུ་སླེབས།  དེར་ཤང་ནས་ཉིན་གུང་གི་ཁ་ལག་སོགས་སྣེ་ལེན་ལེགས་པར་གནང་སོང་། མུ་མཐུད་ལུང་པའི་ཕུར་སོང་ན་ཅུང་མི་རིང་བའི་ས་ན་མ་ཅིག་ལབ་སྒྲོན་གྱི་དགུང་ལོ་བདུན་བརྒྱད་སྐབས་བཞུགས་སའི་གནས་གཡུ་བཀོད་པ་ཞེས་འབོད་པ་ནང་དུ་སྒྲུབ་ཕུག་ཡིན་པ་ལ་ཕྱི་དགོན་པའི་རྣམ་པ་ཅན་དུ་ཡོད་པའི་ལྷོ་བྲག་གྲོ་བོ་ལུང་དང་འབྲུག་སྦ་གྲོ་སྟག་ཚང་།  བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་སོགས་དང་ཆགས་དབྱིབས་འདྲ་བ་ཞིག་བཞེངས་འདུག་པ་དེའི་ནང་སྐུ་ཞབས་གཅིག་ཡོད་འདུག་ལ་ནང་རྟེན་དུ་མ་ཅིག་གི་སྐུ་འདྲ་དང་ཞབས་རྗེས་སོགས་མཇལ་རྒྱུ་འདུག    ལུང་པ་འདིའི་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་བཞི་སྟོང་ལྷག་ཙམ་འདུག་ལ་དགུན་ཁ་གྲང་བར་སྣང་ཡང་། གཡས་གཡོན་ཚང་མ་སྤང་རི་ཡིན་པས་དབྱར་ཁ་ཧ་ཅང་སྐྱིད་པར་སྙམ།    ད་དུང་ཡུལ་འདིར་ང་ཚོའི་ཕ་ཡུལ་སོགས་ལ་སྔ་མོ་ནས་མཐོང་དུ་མེད་པའི་རྟ་མང་པོ་འདུག  དེ་ཡང་དགེ་ཆོས་ཀྱིས་ས་ཁུག་གི་ལུང་པ་ཚོར་སྔ་མོའི་ལུགས་སྲོལ་མང་དུ་གནས་པར་གསུང་འདུག་པ་དང་མཐུན་པར་དེ་ཡང་ཡུལ་འདིའི་ཁྱང་ཆོས་ལ་བརྩི་ཆོག་པར་སྙམ།    དེ་ནས་ནུབ་ཕྱོགས་སུ་ཅུང་བསྐྱོད་ན་གྲོང་ཁྱིམ་བཅུ་གྲངས་ཙམ་འདུག་ལ་དེའི་དཀྱིལ་གྱི་ཁྱིམ་ཞིག་དུ་རབ་བྱུང་དང་པོའི་ཤིང་ལུག་༡༠༥༢ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་མ་ཅིག་འཁྲུངས་པའི་ཁང་ཆུང་རྙིང་པ་ད་བར་ཧ་ལམ་མི་ལོ་དགུ་བརྒྱ་དྲུག་བཅུ་ཙམ་སོང་བ་དེ་འཇལ་རྒྱུ་འདུག ། དེ་མིན་ཡུལ་དེའི་ཉེ་ལོགས་སུ་གཏེར་དགོན་པ་ཞེས་སོགས་འབོད་པའི་རིག་གསར་གྱི་སྨྱོ་ཧམ་གྱིས་ནམ་ཡང་ཟོས་ཟིན་པའི་དགོན་ཤུལ་གཞན་གཉིས་གསུམ་ཙམ་འདུག        ༢༠༢༠    ༣     ༨ ཉིན།

མ་ཅིག་གི་ཞབས་རྗེས།

མ་ཅིག་གི་འཁྲུངས་ཁང་། 

དམའ་མཐར་རིན་པོ་ཆེའི་མཚམས་ཁང་།

 

རླངས་/ཌཱ་ཀི་ཀས།

 

ཡོང་ཁུངས། སུམ་པའི་རིག་གནས།

 

 

 

བརྒྱུད་སྐུལ།

མཆན་སྤེལ།