མཁན་སློབ་ཆོས་གསུམ་གྱི་རྣམ་ཐར།

མཁན་སློབ་ཆོས་གསུམ་གྱི་རྣམ་ཐར།

མཁན་ཆེན་བོ་དྷི་ས་ཏྭའམ་ཞི་བ་འཚོ།

མཁན་ཆེན་ཞི་བ་འཚོ་མཆོག་ནི་བོད་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་ཐོག་མར་འཛུགས་སྐབས་སྡོམ་པ་གནང་མཁན་ཡིན་པས་མཁན་པོ་དང་། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བས་བོ་ངྷི་ས་ཏྭ་སྟེ་བྱང་ཆུབ་སེམས་དཔའ་ཞེས་ཞུ་སྲོལ་ཡིན། མཚན་དངོས་ནི་རྒྱ་གར་སྐད་དུ་ཤནྟ་རཀྵི་ཏ་སྟེ་བོད་སྐད་དུ་བསྒྱུར་ན་ཞི་བ་འཚོ་ཟེར། མཚན་གཞན་རྣམ་སྣང་མཛད་དུ་ཡང་གྲགས། དམ་པ་འདི་ནི་ཤིང་བྱ་སྟེ་སྤྱི་ལོ་ 685 ལོར་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་བྷང་གྷ་ལའམ་ཟ་ཧོར་གྱི་གྲོང་ཁྱེར་དུ་ཡབ་རྒྱལ་པོ་གཙུག་ལག་འཛིན་ལ་སྲས་ལྕམ་སྲིང་གསུམ་ (ཆེ་བ་དྷརྨ་རཱ་ཛ། འབྲིང་བ་མཁན་ཆེན་འདི་ཉིད། ཆུང་བ་ལྷ་ལྕམ་མནྔྷ་ར་བ་ཞེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གཟུངས་མར་གྱུར་པ་དེ་ཡིན་) ཡོད་པའི་འབྲིང་པོ་ཡིན།

མཁན་པོ་འདི་ཉིད་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་གཞི་ནས་བོད་དུ་གདན་དྲངས་ཏེ་བྱོན་པ། མཁན་ཆེན་འདི་སྐུ་ཚེ་ཡང་ཧ་ཅང་རིང་པོ་བཞུགས་པར་བརྟེན་སྐུ་ཚེ་སྟོད་དང་། བར། སྨད་བཅས་ཀྱི་སློབ་མ་མང་པོ་ཡོད་པ་ལ་སྦ་གསལ་སྣང་དང་པ་གོར་བེེ་རོ་ཙཱ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། འཁོན་ཀླུའི་དབང་པོ་སྲུང་བ། དབས་ཁྲི་གཤེར་སོགས་ཡིན། དམ་པ་འདི་ཉིད་ས་སྦྲུལ་སྟེ་སྤྱི་ལོ་ 789 ལོར་སྐུ་གཤེགས་པ་དང་དགུང་ལོ་བརྒྱ་དང་ལྔར་བཞུགས།

ཁོང་གི་གསུང་འབུམ་ལ། (དབུ་མ་རྒྱན་) དང་ (བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ།)  (རྒྱན་གྱི་ཞི་འཚོའི་འགྲེལ་པ།)  (སྡོམ་པ་ཉི་ཤུ་པའི་འགྲེལ་པ།)  (ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ།)  (རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ།)  (རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ།)  (དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།)  (བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་རྒྱ་ཆེར་བཤད་པ།)  (དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ།)  (ཀུ་རུ་ཀུ་ལླེའི་མན་ངག་ཆེན་པོ་ལྔ།)  (གཙུག་གཏོར་དྲི་མ་མེད་པའི་གཟུངས་ཆོག་འབྲིང་པོ།)  (དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ།)  (དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ།)  (དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག)  (དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་) སོགས་ཡོད་པར་གསུངས་སོ།།

སློབ་དཔོན་པདྨ་འབྱུང་གནས།


སློབ་དཔོན་འདི་ལ་སློབ་དཔོན་རིན་པོ་ཆེ། ཨོ་རྒྱན་རིན་པོ་ཆེ། གུ་རུ་རིན་པོ་ཆེ་སོགས་འབོད་སྲོལ་མང་མོད། རྒྱུན་དུ་སློབ་དཔོན་པདྨ་འབྱུང་གནས་ཞེས་སུ་འབོད། ཁོང་དུས་རབས་བརྒྱད་པའི་དུས་མཇུག་ཙམ་ལ་རྒྱ་གར་ནུབ་ཕྱོགས་ཨོ་ཌི་ཡཱ་ན་སྟེ། བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་ (དེང་སྐབས་ཕ་ཁི་སི་ཐན་གྱི་ཁོངས་སུ་ཡོད་) གི་དྷ་ན་ཀོ་ཤ་ཟེར་བའི་མཚོ་ཡི་ནང་དུ་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས་པར་བཤད། ཇོ་ནང་ཏཱ་ར་ནཱ་ཐ་དང་དེང་གི་མཁས་པ་མི་ཉུང་བ་ཞིག་གི་འདོད་པ་ལྟར་ན། རྒྱ་གར་ཡུལ་དབུས་མ་ག་དྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་པའི་ (༧༣༠-༧༧༧) ཚེ། ཨོ་རྒྱན་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལ་ཡིས་སྲིད་བཟུང་ཞིང་དེའི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་སྲ་དོའམ་སྲིག་དྷར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད་པ་དེར་ཁྱེའུ་ངོ་མཚར་བ་ཞིག་འཁྲུངས། མཚན་ལྟས་ལ་མཁས་པ་གསང་སྔགས་ཀྱི་རྣལ་འབྱོར་པ་ཞིག་གིས་སྲས་འདིས་རྒྱལ་སྲིད་མི་བཟུང་ཞིང་། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་ཆེན་པོ་ཞིག་ཏུ་འགྱུར་བར་ལུང་བསྟན་དེ། མཚན་ལ་པདྨ་ཨ་བ་བྷ་སི་སྟེ་མཚམས་སྦྱར་བས་པདྨ་བ་བྷ་སི་ཞེས་བཏགས་པར་བཤད་དོ།།

ཁོང་གིས་ཆུང་དུས་ནས་རིག་པའི་གནས་ཆེ་ཆུང་དང་བརྟག་པ་བརྒྱད་སོགས་ཚེགས་མེད་དུ་མཁྱེན། གསང་སྔགས་ཀྱི་སློབ་དཔོན་ཤནྟི་རུ་པ་དང་། གྲུབ་ཆེན་སུ་ཁ་དེ་བ། མཁའ་འགྲོ་མ་སུ་ཁ་དྷ་རི་བཅས་ཀྱི་མདུན་ནས་གསང་སྔགས་ཀྱི་ཆོས་མང་དུ་བསླབས། སྒོམ་སྒྲུབ་ཡུན་རིང་མཛད་སྐབས་རྒྱལ་པོ་ཧ་ཡ་ལི་ལ་འདས། དེའི་བུ་ཨགྵལི་ལ་ཡིས་སྲིད་དབང་བཟུང་སྐབས་བློན་པོ་ངན་པས་དབྱེན་སྦྱོར་བྱས་པ་སོགས་ལ་བརྟེན་ནས་རྒྱལ་པོས་སློབ་དཔོན་བཟུང་སྟེ་མཚོན་གྱིས་བསྣུན་པ་དང་། ཆུ་དང་གཡང་ལ་བསྐྱུར་བ། གསོན་པོར་ས་སྦས་སོགས་བྱས་ཀྱང་མ་སོད་པས་གནས་དབྱུང་བྱས། དེ་ནས་བཟུང་ཁོང་རི་བྲག་དང་དུར་ཁྲོད་སོགས་སུ་ཡོ་ག་སྒོམ་ཞིང་། དྷ་བུ་ཀྲི་ཏ་སོགས་གྲུབ་པ་ཐོབ་པའི་སློབ་དཔོན་བརྒྱད་ལས། རལ་གྲི་དང་། རིལ་བུ། མིག་སྨན། རྐང་མགྱོགས། སྨན། བཅུད་ལེན། གཏེར་གྱི་བུམ་པ། གསེར་འགྱུར་གྱི་རྩི་སོགས་ཀྱི་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། དེ་ནས་རྒྱལ་པོ་དྷརྨ་པཱ་ལ་ཡིས་སྲིད་དབང་བཟུང་བའི་སྐབས་སུ་ (༧༩༠-༨༥༣) རྒྱ་གར་ཡུལ་དབུས་མ་གྷ་དྷར་བྱོན། གྲུབ་པ་ཐོབ་པའི་སློབ་དཔོན་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཤིང་། རྒྱུད་སྡེ་བཞིའི་དབང་དང་མན་ངག་མང་པོ་གསན། སློབ་དཔོན་གྱི་བཀའ་ལྟར་རྒྱ་གར་བྷང་གྷ་ལའི་ཡུལ་གྱི་གྲོང་ཁྱེར་པ་ཎ་ཌ་པའི་བྱང་ཕྱོགས་ཀྱི་ནགས་ཚལ་པར་ཤི་ཞེས་བྱ་བར་བཞུགས་ནས་གསང་སྔགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་ཏི་ར་ཧུ་ཏི་དང་བལ་ཡུལ། ཤར་ཕྱོགས་ཀཱ་མ་རུ། ལྷོ་ཕྱོགས་ཏྲི་མ་ལ་སོགས་སུ་ཕྱིན་ནས་མུ་སྟེགས་པ་མང་པོ་བཏུལ་ཞིང་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་བོད་དུ་བྱོན་པ་བཅས་སོ།།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།

དེ་ཡང་བོད་རྒྱལ་གདུང་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནི་བོད་ཀྱི་ལོ་རྒྱུས་སྟེང་ཡོངས་སུ་གྲགས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྲས་གཅིག་ཡིན་ཞིང་། ཁོང་གི་བྱུང་བ་དང་མཛད་རྗེས་སོགས་བོད་རྒྱའི་དེབ་ཐེར་རྣམས་སུ་བཀོད་པ་མང་བས་ལོ་རྒྱུས་སྟེང་སྙན་གྲགས་ཀྱང་ཆེ་བ་ཡིན། བཙན་པོ་འདི་པ་སྤྱི་ལོ་ ༧༤༢ ལ་ཡབ་ཁྲི་ལྡེ་གཙུག་བཙན་དང་། ཡུམ་སྣ་ནམ་བཟའ་བཞི་སྟེང་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ཀྱང་། བོད་ཀྱི་ལོ་རྒྱུས་ཕལ་ཆེར་ན་སྣ་ནམ་བཟའ་ནི་ཁོང་གི་ཡུམ་ངོ་མ་མིན་པར་རྒྱ་བཟའ་ཅིན་ཁྲིན་ཀོང་ཇོའི་སྲས་ཡིན་ཚུལ་སོགས་ཀྱི་གཏམ་རྒྱུད་གྲགས་ཆེ་བར་བརྟེན། རང་རེའི་ལོ་རྒྱུས་སྔ་མ་རྣམས་སུ་ལུགས་དེ་འཁོད་པ་མང་ལ་ཤུགས་ཀྱང་ཅུང་ཟད་ཆེ། དེས་ན་འདིར་བཙན་པོ་འདི་པའི་ཡུམ་ངོ་མ་མཐར་གཏུགས་ན་སུ་ཡིན་པའི་སྐོར་ལ་ཏོག་ཙམ་དཔྱད་ན། དེ་ཡང་བོད་ཀྱི་ལོ་རྒྱུས་རྦ་བཞེད་གཙོར་བྱས་པའི་དེབ་ཐེར་དང་ཆོས་འབྱུང་ཕལ་མོ་ཆེར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནི་རྒྱ་མོ་གྱིམ་ཤིང་ (ཅིན་ཁྲིན་) ཀོང་ཇོར་བལྟམས་པར། ཁོང་འཁྲུངས་མ་ཐག་བཙུན་མོ་ཆེན་མ་སྣ་ནམ་བཟས་མོ་ལས་སྐྱེས་སོ། །ཞེས་བཙན་ཤེད་ཀྱིས་སྲས་ཕྲོགས་ཚུལ་དང་། ཕྱིས་བཙན་པོ་རང་གིས་ཡུམ་ངོས་བཟུང་བ་བཅས་ཀྱི་ཟེར་སྒྲོས་སྒྲུང་གཏམ་གྱི་རང་བཞིན་ཅན་ཞིག་རྒྱས་པར་གླེང་འདུག་པས། བོད་ཀྱི་མཁས་པ་བགྲེས་རབས་མང་པོའང་ད་བར་དུ་བཞེད་ཚུལ་འདི་ལ་ཞེན་ཏེ་འཐད་ལྡན་དུ་འཛིན་པར་སྣང་ཡང་། དོན་དངོས་ཐོག་བཙུན་མོ་སྣ་ནམ་བཟས་གཞན་བུ་ཕྲོགས་པ་ཞིག་ག་ལ་ཡིན་སྲིད། རང་གི་ཤ་ཆད་ཀྱི་བུ་ཕྲུག་དེ་ལོ་རྒྱུས་སྨྲ་བ་གང་ཞིག་གི་སྨྱུ་གུའི་འཕྲུལ་གྱིས་ཕྲོགས་སོང་བར་མངོན་ཏེ། ཏུན་ཧོང་གཏེར་ཡིག་ལས། “རྟའི་ལོ་ལ། བཙན་པོ་ (ཁྲི་གཙུག་ལྡེ་བཙན་) ཕོ་བྲང་དབྱརད་མཚར་བུ་སྣ་ན་བཞུགས། །བཙན་པོ་སྲོང་ལྡེ་བརྩན་བྲག་ (ད་) མར་དུའ་བལྟམ་ (ས)། ཡུམ་མང་མོ་རྗེ་ནོངས་ཕར་ (པར་) ལོ་གཆིག་ (གཅིག་) “ཅེས་དང་། ཡང་དེའི་འོག་གི་རྒྱལ་རབས་རིམ་བྱུང་གི་སྐབས་སུའང་། “ཁྲི་ལྡེ་གཙུག་བརྩན་དང་། སྣ་ནམ་(བ)ཟའ་མང་མོ་རྗེ་བཞི་སྟེང་དུ་བཤོས་པའི་སྲས། ཁྲི་སྲོང་ལྡེ་བརྩན། “ཞེས་སྲས་ཀྱི་འཁྲུངས་ལོ་དང་ཡབ་ཡུམ་གྱི་མཚན་དང་བཅས་པ་རིམ་པར་བྱུང་བ་འདི་ལས་ཡུམ་ངོ་མ་སྣ་ནམ་བཟའ་ཡིན་པ་རྟོགས་ཐུབ་བོ། །ཡང་གལ་སྲིད་རྒྱ་བཟའ་ཅིན་ཁྲིན་ཀོང་ཇོའི་སྲས་ཡིན་དགོས་ཚེ་ལོ་ཚིགས་ཀྱི་སྟེང་ནས་ཀྱང་འཆད་དཀའ་སྟེ། སྔོན་དུ་སོང་བ་བཞིན་ཅིན་ཁྲིན་ཀོང་ཇོ་སྤྱི་ལོ་ ༧༡༠ ལ་ཡབ་ཁྲི་ལྡེ་གཙུག་བཙན་གྱི་ཁབ་ཏུ་བསུས་ནས་རྒྱལ་བུ་ཁྲི་སྲོང་ལྡེ་བཙན་མ་འཁྲུངས་གོང་སྤྱི་ལོ་ ༧༣༩ ལ་འདས་ཚུལ་ནི་གཏེར་ཡིག་དང་རྒྱའི་ཡིག་ཚང་བཅས་ཀྱི་བྱུང་བ་བཀོད་པ་ཞལ་མཐུན་དུ་སྣང་བས་འཁྲུལ་མེད་ཡིན་ལ། བོད་ཀྱི་ལོ་རྒྱུས་ལ་ལར་བཙན་པོ་འདི་པའི་འཁྲུངས་ལོ་མི་མཐུན་པ་ཡོད་ཀྱང་ཡང་དག་པ་ནི་༸རྒྱལ་དབང་ལྔ་པ་སོགས་ཀྱིས་གསུངས་པ་སྣ་ཚོགས་ཆུ་རྟ་ཞེས་པ་སྟེ་སྤྱི་ལོ་ ༧༤༢ ཡིན་པ་སྒུལ་རྒྱུ་མེད་དོ། །ཁོང་གི་མཛད་རྗེས་གཙོ་བོ་ནི། དང་པོ། ཆབ་སྲིད་སྟེང་རྒྱལ་བློན་དང་བློན་པོ་ཆེ་ཆུང་གི་དབྱེ་བ་ཕྱེས་ཏེ་སོ་སོའི་ཐོབ་ཐང་དང་གོ་གནས་ཀྱི་རིམ་པ། ཐ་ན་བསད་པ་ལ་སྟོང་འཇལ་བ་སོགས་ཀྱི་ཚད་ཀྱང་ཁྲིམས་ཀྱིས་གཏན་འཁེལ་བྱས་ནས་ནང་གི་རྒྱལ་སྲིད་ཐབས་ཀྱིས་བསྐྱངས་པ། གཉིས་པ། ནང་བསྟན་དར་རྒྱས་སུ་བཏང་བ། གསུམ་པ། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་གདན་དྲངས་ཏེ་དམ་པའི་ཆོས་རྒྱུན་སྤེལ་བ། བཞི་པ། བསམ་ཡས་ལྷ་ཁང་བཞེངས་ཏེ་ཐོག་མར་ཉམས་སད་ཀྱི་ཚུལ་དུ་རྒྱལ་པོའི་སྐུ་འཁོར་རྦ་གསལ་སྣང་སོགས་བོད་པ་གཞོན་ནུ་བདུན་ལ་རབ་བྱུང་སྒྲུབ་པར་བརྟེན། བོད་རང་ལ་ཆོས་བྱེད་ཀྱི་དགེ་འདུན་ཐོག་མར་བྱོན་པ། ལྔ་པ། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་བྱ་བས་ཆོས་ལོག་སྤེལ་བ་ལ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལ་གདན་དྲངས་ནས་རྩོད་པས་ཚར་བཅད་པ། དྲུག་པ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་རྒྱ་བོད་བར་གྱི་དམག་འཁྲུག་ཇེ་དྲག་ཏུ་སོང་སྟེ་སྤྱི་ལོ་ ༧༦༣ ལ་བོད་དམག་གིས་རྒྱའི་རྒྱལ་ས་བཅོམ་པ་སོགས་བོད་ཆེན་པོའི་མངའ་ཐང་ཇེ་ཆེར་སོང་སྟེ་མཐའ་བཞིར་རྒྱ་བསྐྱེད་པར་བརྟེན། སུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་བའི་འཛམ་གླིང་རྒྱལ་པོ་ཞེས་བསྔགས་པའང་དོན་ལ་གནས་ཤིང་ཆོས་སྲིད་ཐད་ནས་མཛད་རྗེས་ཧ་ཅང་ཆེ་བས་ང་ཚོ་ཕྱི་རབས་པ་རྣམས་ཀྱིས་ཇི་སྲིད་བར་དུ་བཀའ་དྲིན་ཡིད་ལ་དྲན་ཞིང་མཛད་རྗེས་གླེང་བར༌རིགས་སོ།།

 

ཡོང་ཁུངས། བཙན་པོའི་རིག་གནས།

 

བརྒྱུད་སྐུལ།

མཆན་སྤེལ།