མཁར་མྱང་རོ་ཤམ་པོ་དང་ཡར་ལྷ་ཤམ་པོའི་འབྲོང་གི་རིག་གནས་སྐོར

མཁར་མྱང་རོ་ཤམ་པོ་དང་ཡར་ལྷ་ཤམ་པོའི་འབྲོང་གི་རིག་གནས་སྐོར

སུམ་པ་སྨྲི་ཏི་མཚན་འབར་གྱིས།

སྤྱིར་ན་འུ་ཚོས་བོད་ཞེས་པ་འདི་ངེས་ཤེས་ཡང་དག་ཞིག་འདྲོངས་དགོས་ན་གཡག་ཞེས་པ་འདི་ཤེས་རྟོགས་དགོས་པའི་ཚད་དུ་ལྷུངས་ཡོད།   རྒྱུ་མཚན་ནི་བོད་དང་གཡག་གཉིས་ནི་བརྟེན་དང་རྟེན་པའི་འབྲེལ་བ་ཡོད་ཅིང་འུ་ཚོས་བོད་སྲིད་པ་རྒན་པོའི་ཁ་དཔེ་ཞིག་ལ་”མགོ་ནག་བརྟེན་ས་སྤུ་ནག    སྤུ་ནག་བརྟེན་ས་སྤང་སྤུ།”ཞེས་པ་ལྟར་མགོ་ནག་བོད་པས་ནོར་གནག་བརྟེན་ཞིང་ནག་ཆུང་ནོར་གིས་ཡངས་པའི་རྩྭ་ལ་བརྟེན་ནས་ཁངས་ཁྲོད་འདིར་ད་སྔ་བར་དུ་འཚོ་བཞེས་བྱས་ནས་ས་ཆགས་རྡོ་ཆགས་མགོ་ནག་ས་འབུ་རྡོ་འབུ་འདི་དག་ཆགས་པ་ཡིན།  ཡང་གཅིག་བཤད་ན་ང་ཚོ་ནི་འབྲོང་གི་བུ་རྒྱུད་ཡིན་ཞིང་ཁྱུང་དཀར་འཛོ་ཡི་བདག་པོ་ཡང་ཡིན།   བོད་ཀྱི་བཤད་རྒྱུན་ཞིག་ལ་”འབྲོང་ཀོ་སྦྲ་རུ་ཕིབ།   འབྲོང་རྔ་བ་དན་དུ་འཕྱར།   འབྲོང་ཤ་བཟོས།      བཤིག་པ་དང་ཀི་ཆེན་པོ་བརྒྱབ་ཏེ།   བོད་ཀྱི་འབྲོག་བསྐྱང་ངོ་།”ཟེར་བ་ལྟར་ཞིབ་ཏུ་བསམ་ན་འབྲོང་ར།     འབྲོང་ཀོ།       འབྲོང་རྩིད།     འབྲོང་ཤ།    འབྲོང་སྙིང་།   འབྲོང་རུས།     འབྲོང་སྙི་བ་བརྩིས་པའི་འབྲོང་གི་མགོ་ལུས་པགས་དྲུག    རྐང་མཐིལ་ཡན་ཆོད་དེ་བོད་ཀྱི་འཚོ་བའི་ཡོ་བྱད་དུ་མི་མཁོ་བ་གཅིག་ཀྱང་མེད་ལ་བོད་ཀྱི་སྤྱོད་མ་མྱོང་བ་ཧ་ལམ་མེད་ཚོད་འདུག     འབྲོང་དང་འབྲེལ་བའི་སྐོར་ནས་བཤད་ན་བོད་ཀྱི་རིག་གནས་ཀྱི་གཏིང་དང་རུས་རྐང་ནི་འབྲོང་ནས་རྒྱུ་མ་ཕུ་འདེད་བྱ་དགོས་འདུག་ཅིང་ཆེ་ས་ནས་བཤད་ན་འབྲོང་རིག་གནས་ནི་བོད་ཀྱི་རིག་གནས་ཡིན་པས་ཁོ་བོས་སྨྲ་ལྕེ་འཁྲོལ་བ་དང་བློ་ཡིས་ཆུབ་པ་ཞིག་མི་འདུག་ཅིང་ཆུང་ས་ནས་བཤད་ན་བྱེ་བྲག་ཡར་ལྷ་ཤམ་པོ་གཡག་དཀར་སྟེང་དུ་བབས་ནས་གླེང་ཏེ་རང་རེ་ཡིས་འབྲོང་དང་འབྲེལ་བའི་སྲིད་འབྱོར་རིག་གསུམ་རྒྱུས་ལོན་འོབས་ཙམ་བྱས་ན།   བདག་དང་བསྐལ་བ་མཉམ་པ་དག་ལ་རྔོ་ཐོགས་རེ་སྙམ་ནས་ཡིག་རྙིང་ལས་གསལ་བའི་གསན་ཡིག་དག་སྣ་ཟིན་སྤུ་ཟིན་ཟིན་བྲིས་འདེབས་ཁུལ་བགྱི་བ་ལགས་པས་ད་ནི་དཀྱུས་པ་འཇུག་པར་བྱ།

“ཡར་ཀླུང་གཞུང་ལ་ཕྱིན་ན་ཡར་ལྷ་ཤམ་པོ་བསྟེན་དགོས།   ཀོང་པོའི་ཡུལ་ལ་སོན་ན་ཀོང་བཙུན་དེ་མོ་བསྟེན་དགོས་”ཞེས་པ་ལྟར་ཤམ་པོ་ནི་ཡུལ་ཡར་ཀླུང་གི་རྒྱལ་འབངས་རྣམས་ཀྱི་འགོ་བོའི་ལྷ་སྲུང་དང་ཡུལ་དེའི་གཞི་བདག་ལྷ་སྲུང་འགངས་ཆེན་ཞིག་ཡིན་ལ་བོད་ལ་མཚོན་ན་ཡུལ་ལ་སྔ་བ་ཡར་ཀླུང་སོག་ཁ་ཞེས་ཕ་སྤྲེལ་རྒན་དང་མ་བྲག་སྲིན་གྱི་རྒྱུད་པ་འགྲོ་བ་རིགས་དྲུག་གི་སྤྲེལ་ཕྲུག་དེ་དག་དང་ཞིང་ལ་སྔ་བ་ཟོ་ཐང་ལ་འབྲུ་རིགས་རིན་ཆེན་སྣ་ལྔའི་ཞིང་བཏབ་ནས་མུ་གེའི་ལོ་ཟླ་ཡར་བའི་ན་ཡར་ལུང་ཞེས་བརྗོད་ནས་བོད་གྱི་མེས་པོ་གོང་མ་དང་གནས་བཅའ་ས་གཙོ་བོ་དང་རིག་གཞུང་གི་ཆུ་མགོ    མི་རིགས་ཀྱི་རུ་ལག་རྒྱས་སའི་རྩ་བ།    ཀོང་གི་ཆུ་བརླག་ཅེས་ཟོམ་བྱེ་བའི་བོད་ཀྱི་རྒྱུད་གྲོལ་ས་དང་སྲིད་འབྱོར་རིག་གསུམ་གང་ལ་མཚོན་ན་ལྟེ་བ་ཞིག་ཡིན།

གནས་ཀྱི་ལྷ་ཆེན་ཡར་ལྷ་ཤམ་པོ་ནི་ཡར་ཀླུང་ཙམ་དུ་མ་ཟད།    ཡར་ཀླུང་སོག་ཁར་ཆབ་འབངས་བསྐྱངས་ཤིང་མདོ་དང་ཁམས་ལ་མངའ་ཐང་བསྐྱེད་པའི་ཡར་ཀླུང་གཞུང་གི་བུ་རྒྱུད་ཚང་མའི་མེས་པོའི་ལྷ་སྲུང་ཞིག་ཡིན།

ཡོངས་ནི་ཉེ་རབས་ཆོས་འབྱུང་བསྟན་རྩིས་དག་དུ་ཡར་ལྷ་ཤམ་པོའི་ངེས་ཚིག་འགྲེལ་བཤད་བྱ་ལུགས་ལྟར་ན་”ཤམ་པོ།”ནི་ཤམ་བྷོ་ཞེས་བདེ་འབྱུང་གི་དོན་ཡིན་ཞིང་ལྷ་དབང་ཕྱུག་སྤྲུལ་ཡིན་པར་དངོས་འཛིན་ལ་ཤམ་པོ་ཞེས་པ་མིང་འདིའང་སཾ་ཀྲི་ཏའི་སྐད་དོད་དབང་དུ་བྱས་ནས་”ཤམ་བྷོ།”ཞེས་བརྡ་སྦྱར་བ་དང་རིམ་བཞིན་”ཤམ་བུ་དང་ཤམ་པོ་ཞེས་ཟུར་ཆགས་ནས་ཡོང་བར་འདོད།   ད་རུང་ཡར་ལྷ་ཤམ་པོ་ནི་འཕགས་པ་སྤྱན་རས་གཟིགས་དྲག་པོའི་སྐུར་བཞེངས་ཡིན་པ་ཆོས་པ་དག་གིས་ཁས་མཆེའོ།།

དེ་དག་ནི་ཕྱིས་སུ་བོད་སིལ་བོར་ཐོར་ནས་ཆོས་སྲིད་འཛིང་ཉོག་འགྲོ་སྐབས་རིག་གནས་བརྡ་རྟགས་མང་པོ་ཞིག་འཛིང་ཉོག་ཏུ་སོང་འདུག་པའི་གྲས་སུ་གཏོགས་པ་དང་ཆོས་པ་ཚོས་རང་གིས་བསྟན་པ་དེ་ཆེ་བསྟོད་དང་བསྔགས་བརྗོད་ཆེན་དུ་རྡོ་སྐེ་སྐེ་རེ་ལ་ཆོས་ལུགས་ཐད་ཀྱི་མིང་རེ་འདོགས།   ལ་ཉག་ཉག་རེ་ལ་སྐྱེས་བུ་བྱོན་ཤུལ་མིང་རེ་འདོགས་པའི་སྐབས་དེར་རང་དགར་བཏགས་ཤིང་མ་དག་རྒྱུན་འབྱམས་སོང་བ་ཙམ་ལས་ཡིད་རྟོན་འཕེར་པའི་བདེན་པའི་གསུང་ཞིག་མིན་པར་སྣང་།    དཔེར་ན་དང་ཐོག་ཆུ་སྲིད་མངའ་ཐང་མཚོན་པའི་རུ་དར་དེ་ཕྱིས་སུ་རླུང་རྟ་ཡར་བསྐྱེད་ཀྱི་དར་ལྕོག་ཏུ་བསྒྱུར་འདུག་པ་དང་འདྲ་བོ་ཡིན།   ལྷག་པར་དུ་བན་བོན་འཐབ་རྩོད་ཁྲོད་ནས་སྲིད་པའི་གངས་རྒན་འདི་དག་ལྷ་ཆེན་འདི་དག་མིང་བརྗེ་ལུས་བརྗེ་བྱེད་དགོས་པའི་གནས་བབས་མང་པོ་ཐུག་ཞིང་དེ་དག་གི་ཁྲོད་ནས་ཡར་ལྷ་ཤམ་པོ་འདི་གཅིག་རེད།

སྤྱིར་བྱས་ནས་ཡིག་ཚངས་གསར་རྙིང་ཅི་རིགས་ལས་ཡར་ལྷ་ཤམ་པོའི་ཤམ་པོ་དེ་འབྲི་སྲོལ་མི་གཅིག་པ་བཞི་ཙམ་འདུག “ཤམ་པོ།   ཤམ་བུ།         ཤམྦྷོ།   ཤམ་བྷོ།”དེ་དག་ལས་སྔ་མ་གཉིས་ལས་ཕྱི་མ་གཉིས་ནི་ཆོས་པ་དག་གིས་མཁས་ཆེད་བྱེད་པའི་མིང་ཞིག་རེད་འདུག་སྙམ་ཞིང་མིང་དེ་ཡོང་ཁུངས་ངོ་མ་ནི་”ཤམ་བྷ་ལ”ཞེས་བདེ་འབྱུང་འཛིན་པ་ཞེས་ཁྱད་འཕགས་ཡུལ་ཞིག་ངོས་འཛིན་བྱས་པ་དང་དེ་འབྲེལ་ཡར་ལྷ་ཤམ་པོ་འདིའང་གནས་མཆོག་ཡིན་པའི་རེ་སྨོན་མཚོན་ཆེད་དུ་བརྡ་སྦྱར་ཞིང་དེ་ལ་དབང་ཕྱུག་སོགས་ཡིན་པས་བརྡ་དོན་གསར་བ་ཞིག་སྦྱར་བ་དང་རིག་གནས་བརྡ་རྟགས་གསར་བ་ཞིག་ཀྱང་གནང་བ་རེད།   དེས་ན་མིང་སྔ་མ་གཉིས་དེ་ནི་ནང་ཆོས་མ་དར་པའི་སྔ་རོལ་བོན་བསྟན་དར་བའི་སྐབས་དུས་སུ་ཡོད་དེ།  <<ཏུན་ཧུང་ཡིག་ཆ>>ལས་”འུང་ནས་ལོ་ངམ་རྟ་རྫི་ཡང་།    མཁར་མྱང་རོ་ཤམ་པོར་མཆིས་སོ།   བཙན་པོ་ཡང་མྱང་རོ་ཤམ་པོར་གཤེགས་ནས།    མྱང་རོ་ཚལ་བ་ཐལ་དུ་གཡུལ་བྲེས་ནས་འུང་ནས་ལོ་ངམ་གྱྀས་གླང་པོ་བརྒྱའ་ལ།      གསེར་གྱི་མདུང་རྩེ་ཉིས་བརྒྱ་བཏེགས་ཏེ།  རྒྱབ་ཏུ་ཐལ་བ་བཀལ་ནས།    གླང་ནང་འཐབ་སྟེ།   ཐལ་བ་གཐོར་ནས།   དེའི་ནང་དུ་ལོ་ངམ་གྱིས་བརྒལ་ཏོ།།    བཙན་པོ་དྲི་གུམ་ལྡེ་བླ་གུང་གྱིས་གནམ་དུ་དྲངས་ན།  ལོ་ངམ་གྱྀས་མཆན་ནས་སྟེའུ་བྱུང་བས།    ལྡེ་བླ་གུང་རྒྱལ་ནི་ཏི་ཙི་གངས་རུམ་དུ་འཕང་སྟེ་གཤེགས་སོ།།     བཙན་པོ་དྲི་གུམ་དེ་ཡང་དེ་རུ་བཀྲོང་ནས་སྤུར་ཟངས་བརྒྱའ་ཁ་སྤྲོད་གྱི་ནང་དུ་བཅུག་སྟེ་རྩང་ཆུའི་གཞུང་ལ་བཏང་ངོ་།།”ཞེས་དང་<<ལེགས་བཤད་རིན་པི་ཆེ་གཏེར་མཛོད་>>ལས་ཀྱིས་ཐོག་མར་བཙན་པོ་གྲི་གུམ་བཙན་པོ་དགྲ་ཤ་ལེན་ཆེད་སྲས་སྤུ་ལྡེའུ་གོང་རྒྱལ་མཁར་ཕྱིང་བའི་རྒྱལ་ས་བཏོན་པ་དང་།     དེ་ནས་གཙང་དུ་གཙང་འབངས་རྣམས་ཀྱིས་ངེད་ཀྱི་བཙན་པོ་བྱོན་ཟེར་ནས་དམག་སྣ་ནང་དུ་དྲངས་ནས་ཤམ་པོ་རྩེ་ནས་ཕབ་བོ།    ལོ་ངམ་ཕ་བུ་དམག་སྟོང་དང་་བཅས་གྲི་རུ་བསད་དོ།།”ཞེས་དང་།       མྱང་རོའི་ཤམ་པོ་ནི《ལྡེའུ་ཆོས་འབྱུང》དང《ཆོས་འབྱུང་མཁས་པའི་དགའ་སྟོན》གཉིས་ཀྱི་ནང“ཉང་རོ་ཤམ་པོ”ཞེས་འཁོད་ཡོད་པ་དང་། ཡུལ་དེ་ནི་ཏུན་ཧོང་ཡིག་ཚགས་ལས“འུང་ནས་ལོ་ངམ་རྟ་རྫི་ཡང་། མཁར་མྱང་རོ་ཤམ་པོར་སྔར་མཆིས་སོ། བཙན་པོ་ཡང་མྱང་རོ་ཐལ་བ་ཚལ་དུ་གཡུལ་བྲེས”ཞེས་མྱང་རོ་ནི་གཙང་རུ་ལག་སྨད་ཀྱི་སྟོང་སྡེ་ཞིག་ཡིན་ལ། མྱང་ཆུའི་བཞུར་རྒྱུད་དེ་ལྷ་སའི་ནུབ་ཕྱོགས་ཀྱི་གཙང་གི་ཡུལ་ཆེན་ལ་གོ་བས། བྱེ་བྲག་མྱང་རོ་ཤམ་པོ་ཡང་གཙང་གི་ཡུལ་གྲུ་ཆེ་གེ་མོ་ཞིག་ལ་གོའམ་སྙམ་སྟེ། ཇོ་ནང་ཏཱ་ར་ན་ཐས་ཉང་རོ་ཤམ་པོ་ནི་དེང་གི་རྒྱལ་རྩེ་རྫོང་ཡིན་པར་ངོས་འཛིན་པ་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱིས་མྱང་རོ་ཤམ་པོ་ནི་དེང་གི་རྒྱལ་རྩེ་རྩེ་ཆེན་ཟེར་བ་དེ་ཡིན་པར་བཞེད་ལ། དེའི་རྒྱུ་མཚན་གཙོ་བོ་ནི《མྱང་ཆོས་འབྱུང》ལས“གངས་ཀྱི་གངས་རོ་ཞེས་པའི་གཙུག་ལག་ཁང་རྟེན་གསུམ་དང་བཅས་པར་ཡང་གྲུབ་ཆེན་ཀུན་བློས་རབ་གནས་རྒྱས་པ་མཛད་དོ། །དེའི་འོག་ཙམ་ན་ཤམ་པོ་རྩེ་དགུ་ཡང་རྩེ་ཆེན་ཟེར། ས་འདིར་རྒྱལ་པོ་གྲི་གུམ་བཙན་པོའི་ཕོ་བྲང་ཡོད་ཅིང་། སྔོན་དུས་བོད་རྒྱལ་པོ་རྣམས་ཀྱིས་སྲིད་ཀྱི་བྱ་བ་ལེགས་པར་བསྐྱངས་ནས་འགྲུབ་རྗེས་ལྷའི་རྨུ་ཐག་ལ་འཇུས་ནས་ལྷ་ལུས་རོ་མེད་དུ་བྱོན་པ་ཤ་སྟག་ཡིན་ལ། རྒྱལ་པོ་གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ནས་རང་གི་འབངས་ལ་འཐབ་ཟླ་བྱེད་དགོས་སྨྲས་ཏེ་རང་གི་རལ་གྲི་གུ་ཟི་ཀླད་ལ་བསྐོར་བས་ལྷའི་རྨུ་ཐག་དང་རྐྱང་ཐག་བཅད་པ་དང་། རྒྱལ་པོ་འཐབ་གྲལ་དུ་བཀྲོངས་པ་སོགས་ཤམ་བུ་རྩེ་དགུ་པ་འདི་བྱུང་བ་ཡིན་ནོ། །”ཞེས་གསུངས་ཡོད་་པ་དང་། གྲི་གུམ་བཙན་པོའི་ཕོ་བྲང་དངོས་ནི།”ཤམ་བུའི་རི་རྒྱུད་དང་རྩེ་ཆེན་དགོན་པ་གཉིས་ཀྱི་བར་དུ་རི་ཆུང་ཞིག་གི་རྩེར།དེང་སྐབས་ཡུལ་མིས་བོད་ཀྱི་མཁར་གཉིས་པའམ་བདེ་ཆེན་ལྷུན་གྲུབ་ཟེར་བའི་མཁར་རམ་དགོན་ཤུལ་ཡོད་པ་དེ་ཤམ་བུ་རྩེ་དགུ་ཡིན་པ་དང་དེའི་རྒྱབ་ཀྱི་རི་དེང་སྐབས་རྒྱལ་རྩེའི་དུར་ཁྲོད་རྒོད་ཚང་ཟེར་བ་མཁར་ཤུལ་དེ་སྔར་བོན་གྱི་སྒྲུབ་གནས་དགོན་པ་བྱ་རྒོད་ཚང་ཟེར་བ་དེ་ཡིན”ཟེར་བ་དང་<<མྱང་ཆོས་འབྱུང་།>>ལས་ཤམ་བུ་རྩེ་དགུ་ཡང་རྩེ་ཆེན་ཟེར་ས་འདིར་རྒྱལ་པོ་གྲི་གུམ་བཙན་པོས་ཕོ་བྲང་ཡོད་ཅིང་ཉང་རོ་ཤམ་པོའི་རྩེས་ཕབ་མངའ་དབང་བསྡུས།”ཞེས་དང་<<སྒྲ་འགྲེལ་ལས།>>”དུས་དེ་ཙམ་ནས།ཡུལ་ཉང་རོ་སྟག་ཚལ།མཁར་ཉང་རོ་ཤམ་པོ་ན།བཙན་པོ་ཁྲི་བདེ་ཡག་པ་དང་བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ།སྲས་ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ།ཟླ་དགུ་ངོ་བཅུ་ལ་སྲས་ཞིག་འཁྲུང་པ་སོགས་ནས་སྐུ་གཤེན་ཕ་ཝ་མཚེ་ཅོ་ཡིས།མཚན་ཡང་གྲི་རུམ་བཙན་པོ་བཏགས་སོ།”ཞེས་དང་།<<མྱང་ཆོས་འབྱུང་།>>དེའི་འོག་ཙམ་ན་ཤམ་བུ་རྩེ་དགུ་ཡང་རྩེ་ཆེན་ཡང་ཟེར་ས་འདིར་རྒྱལ་པོ་གྲི་གུམ་བཙན་པོའི་ཕོ་བྲང་ཡོད་ཅིང་།སྔོན་དུས་བོད་ཀྱི་རྒྱལ་པོ་རྣམས་རྒྱལ་སྲིད་ཀྱི་བྱ་བ་ལེགས་པར་འགྲུབ་རྗེས་ལྷ་ཡི་དམུ་ཐག་ལ་བྱོན་ནས་ལྷ་ལུས་རོ་མེད་དུ་གྱུར་པ་ཤ་སྟག་ཡིན་པ་ལ་རྒྱལ་པོ་གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ནས་རང་གི་འབངས་ལ་འཐབ་ཟླ་བྱེད་དགོས་སྨྲས་ནས་རང་གི་རལ་གྲི་གུ་ཟི་ཀླད་ལ་བསྐོར་ནས་ལྷ་ཡི་དམུ་ཐག་དང་རྐྱང་ཐག་བཅད་པ་དང་། རྒྱལ་པོ་འཐབ་གྲལ་དུ་དཀྲོངས་པ་སོགས་ཤམ་བུ་རྩེ་དགུ་པ་འདི་ལ་བྱུང་བ་ཡིན་ནོ།”ཞེས་དང་”འབངས་ཀྱི་མཁར་བཟུང་སྐབས་མཛོ་པ་རུ་ལ་སྐྱེས་ཀྱི་ངར་གསོས་ཀྱི་ཤམ་བུ་རྩེ་དགུའི་རི་ལ་རྒོད་ཚང་དུ་སྡད་ནས་མཁར་ཕབ་ཕོ་བརྒྱ་བསད།མོ་བརྒྱ་གསོག་ཀྱི་ལོ་རྒྱུས་འབྱུང་བ་ཡིན།ཞེས་དང་དར་རྒྱས་གསལ་སྒྲོན་ལས།དེར་རུ་ལ་སྐྱེས་ཀྱིས་སྤུ་ལྡེ་སྤྱན་དྲངས་སོགས་ནས།ལོ་ངམ་ཕ་བརྒྱ་བུ་སྟོང་གྲི་རུ་བསད།”དང་།

གྲི་གུམ་གྱི་ཕོ་བྲང་གནས་སའི་རི་འདི་ཡང་གཞུང་ལམ་ཐོག་ནས་བལྟས་པས་རྟ་སྒ་ཐང་ལ་བཞག་པ་འདྲ་བ་ཞིག་འདུག་པ་འདི་རང་ཡིན་སྟེ།<<མྱང་ཆོས་འབྱུང་།>>མྱང་སྟོད་ལྟས་ངན་རི་བཅུ་གསུམ་ཡོད།ཤམ་བུ་རྩེ་དགུའི་རི་གློ་བ་ཆུས་བཤལ་བ་འདྲ།རྗེ་དྲི་གུམ་བཙན་པོའི་རི་འདི་རྟ་སྒ་སྐྱེ་(སྐེ་)ཉག་འདམས་ལ་བཞག་པ་འདྲ།ཟེར་བ་དེས་ཀྱང་རི་དབྱིབས་ངོས་འཛིན་གནང་བཞག་པ་འདི་མིག་གི་མཐོང་བཞིན་པའོ།  མཛངས་བློན་ཐོག་མ་རུ་ལས་སྐྱེས་ནི་ཡར་ལྷ་ཤམ་པོའི་སྲས་ཡིན་ཏེ་བཙན་པོ་བཀྲོངས་ཤིང་རྒྱལ་སྲས་གཉིས་མཐའ་རུ་སྤྱུགས།   བཙུན་མོ་རྟ་རྫི་བཅོལ་བའི་ལམ་བར་དུ་གཉིད་དུ་ཡུར་བའི་རྨི་ལམ་དུ་མི་དཀར་པོ་ཞིག་དང་འདུས་པ་རྨིས་པ་ལས་སྐུ་ལུས་སྦྲུམ་པར་གྱུར་ཞིང་མི་དཀར་དེ་ཡར་ལྷ་ཤམ་པོས་སྤྲུལ་བ་ཡིན་ཟེར།

གོང་གི་ལུང་འདྲེན་བགྱིས་ཡིག་ཚང་ཚད་ལྡན་དེ་དག་ལ་བལྟས་ཤིང་མནོ་བསམ་བྱས་ཡོང་ན་བོད་བཙན་པོ་རྒྱལ་པོ་དྲི་གུམ་བཙན་པ་དང་རྒྱལ་ས་མཁར་མྱང་རོ་ཤམ་པ་ཞེས་ཞིག་ཡོད་པ་ཤེས་ཐོབ་ལ་དེའི་རྒྱལ་འབངས་རྣམས་ལ་ཉིན་གྱི་བྱ་ར།  མཚན་གྱི་མེལ་ཚེ་བ་ལྷ་སྲུང་ལྷ་ཆེན་ཤམ་པོ་ཞེས་པ་ཡོད་པ་ངང་གིས་ཤེས་ཐུབ།    དེ་ལྟར་ན་ཤམ་པོ་ནི་བདེ་འབྱུང་གི་སྐད་དོད་མིན་པར་བོད་ཀྱི་ཡ་ཐོག་སྟོད་སྟེང་གཉིས་སྐབས་སུ་ཡུལ་དབུས་རྒྱལ་ས་ཞིག་ཡིན་ཞིང་ཕོ་བྲང་གི་མིང་ཡིན་པ་གསལ་པོ་རྟོགས་ཐུབ་ཅིང་དེ་ལྟར་ཡར་ལྷ་ཤམ་པོའི་མིང་དེ་རྒྱལ་པོའི་ཕོ་བྲང་གི་མིང་ལྷ་མིང་ལ་ཐོགས་པ་ཞིག་ཡིན་པར་རྟོགས་དགོས། དེ་ལྟར་ན་མྱང་རོ་ཤམ་པོ་རྩེ་དགུ་ནི་གྲི་གུམ་གྱི་མཁར་ཡིན་ཞིང་རྗེས་སུ་ལོ་ངམ་གྱིས་མཁར་ས་དེ་བླངས།    དེས་ནས་རུ་ལས་སྐྱེས་དང་སྤུ་ལྡེ་གུང་རྒྱལ་སོགས་ཀྱིས་ལོ་ངམ་བསད་ནས་མཁར་དེ་ཚུར་བླངས་པ་ཡིན་པ་རྟོགས་ཐུབ།  ཤམ་པོ་ཞེས་པ་འདི་བོན་ཆོག་དང་སྐུ་གཤེན་དག་གིས་ངེས་ཚིག་རེ་དྲངས་སུ་ཡོད་སྲིད་ཀྱང་ཁོ་བོས་ད་ཕན་དཔྱད་གཞིར་ཡིག་ཆ་ཉུང་སྟབས་འཚེངས་རེ་བ་ཞིག་བཤད་རྒྱུ་མེད།

ཡར་ལྷ་ཤམ་པོ་འདི་ནི་ཡབ་འོད་དེ་གུང་རྒྱལ་དང་ཡུམ་ཐང་ང་ཡར་མོ་བཤོས་པ་ལས་བྱུང་བའི་སྲིད་པ་ཆགས་པའི་ལྷ་དགུ་དང་མེས་བཙན་པོ་རྣམས་ཀྱི་རྗེ་ཡི་མགུར་ལྷ་བཅུ་གསུམ(མཆན།  ཡབ་འོ་དེ་གུང་རྒྱལ།    ཡར་ལྷ་ཤམ་པོ།    གཉན་ཆེན་ཐང་ལྷ།  རྨ་ཆེན་སྤོམ་ར།    སྒྱོགས་ཆེན་ལྡོང་ར།   སྒམ་པོ་ལྷ་རྗེ། ཞོགས་ལྷ་རྒྱུགས་པོ།   ཇོ་བོ་གཡུལ་རྒྱལ།   ཤེའུ་ཁ་རག    ཇོ་བོ་མཆིམས་ལྷ།  ཇོ་བོ་ངོས་གསུམ།    ཇོ་བ་གཡའ་སྤང་།    ཇོ་བོ་ཁུག་ལྷ།)་གྱི་གྲས་ཡིན།    མིང་འདི་ནི་རི་མིང་མཁར་ལ་ཐོགས་པའམ་མཁར་མིང་རི་ལ་ཐོགས་པ་གང་རུང་རིགས་ཡིན།    དཔེར་ན་རྨ་ཆེན་སྤོམ་ར་ནི་རྨ་ཡུལ་ན་གནས་པའི་རི་ལ་རྨ་ཆེན་སྤོམ་ར་ཞེས་ཡུལ་མིང་ཁྱད་གཞིར་བྱས་ནས་ཐོག་པ་དང་སྒ་ཇོ་བོ་སྒྱོགས་ཆེན་ལྡོང་ར་སོགས་རུས་མིང་ཡུལ་ལ་ཐོགས་པ་དང་ཡུལ་མིང་ཁྱད་གཞིར་བྱས་ནས་རི་ལ་ཐོགས་པ།   དྭགས་ལྷ་སྒམ་པོའང་རུས་མིང་ཡུལ་ལྷར་ཐོགས་པ་རེད།    དེ་ལྟར་བལྟས་ཡོང་ན་ཡར་ལྷ་ཤམ་པོ་ཞེས་པ་འདི་རུས་མིང་མཁར་ལ་ཐོགས་པ་དང་རི་ལ་ཐོགས་པ།   མཁར་མིང་རི་ལ་ཐོག་པ་གང་རུང་ཡིན་ཆོག་ཨང་སྙམ།   དེར་འབབས་པའི་ཆུ་ལ་ཤམ་ཆུ་ཞེས་བཏགས།      དེ་ནས་ཤམ་པོ་ནི་བོད་ཀྱི་བརྡ་རྙིང་ཡིན་ཞིང་རུས་པ་ཞིག་མིང་ངམ་ས་ཆའི་མིང་།    ཡང་རྒྱན་ཚིག་ཞིག་སྟེ།   ཤམ་ཤམ་དང་འདྲ་བར་འཕྱང་འཕྲུལ་དང་བརྗིད་ཆགས་དང་བབས་ཆགས་ཀྱི་དོན་གོ་བ་ནང་བཞིན།  མྱང་རོ་ན་བཏབ་པོ་མཁར་ན་གཡར་པོ་དང་བརྗིད་ལྷུག་ལྷུག་ཡོད་ཙང་།  ཤམ་པོ་ཞེས་སྦྱར་བའང་ཡིན་སྲིད།     དེ་ལྟར་ཤམ་པོ་ཞེས་པ་འདི་མངའ་མཛད་བཅུ་དང་གནམ་གྱི་ཁྲི་བདུན།  ས་ཡི་ལྡེ་བརྒྱད་བཅས་ཀྱི་སྐབས་སུ་རུས་དང་གཞན་གྱི་མིང་གང་ཡིན་ལས་ཆེ་མོད།    སྟོད་ཀྱི་སྟེང་གཉིས་སྐབས་སུ་ནི་རྒྱལ་སའི་མཁར་གྱི་མིང་དུ་འདུག་གོ     ཕྱིས་སུ་ཤམ་པོ་དང་ཤམ་བྷ་གཉིས་ཉ་ཉུང་མཉམ་བསྲེ་བྱས་ནས་ཐོག་མའི་བརྡ་དོན་དེ་བསྒྲིབས་ཤིང་སྣང་མེད་དུ་སོང་ནས་མི་ཤེས་པའི་ཚད་དུ་ལྷུངས་སོང་།      གང་ལྟར་མཁར་ཤམ་པོ་རྩེ་དགུ་ལས་གལ་ཆེ་བ་ཞིག་ཡོད་པ་ནི་སྲིད་པའི་ལྷ་ཆེན་ཡར་ལྷ་ཤམ་པོ་འདི་རེད།

སྤྱིར་ན་ལྷ་ཡི་སྐུ་མདོག་ཕྱག་མཚན་གར་སྟབས་ཕྱག་རྒྱ།  རྒྱན་གོས་བཞོན་རྟ་ལ་བརྟགས་ནས་སྐབས་དེའི་མི་རིགས་དང་དེའི་ཐོན་སྐྱེད།   འཚོ་བ་སྤྱི་ཚོགས་ཤེས་རྟོགས་བྱ་ཐབས་དེ་ནི་དགེ་ཆོས་ཀྱིས་འཛམ་གླིང་ལོ་རྒྱུས་རིག་པ་བ་ཚོས་དཔྱད་ཐབས་རབ་ཅིག་ཡིན་པ་བསྔགས་པ་ཇི་བཞིན།    ཡར་ལྷ་ཤམ་པོ་སྐུ་མདོག་ཕྱག་མཚན།   ཆིབས་པ་སོགས་ལ་གཞིགས་ནས་སྐབས་བབས་དེའི་བོད་ཀྱི་སྤྱི་ཚོགས་དང་འདུ་ཤེས་འཛིན་སྟངས།   འཚོ་བའི་ཡོ་བྱེད།    ཡུལ་སྲོལ་གོམ་གཤིས་རྩིངས་རགས་ཤིག་གོ་བ་རྙེད་དུ་ཡོད་དོ།    མ་གཞི་འུ་ཚོ་གངས་ཅན་བོད་འདི་ཆོས་ལུགས་རིགས་གནས་ཆེས་ཚན་ཁ་དར་ས་ཞིག་ཡིན་པས་གནའ་བོའི་བོན་ཆོས་ཡིན་ན་འདྲ།     བོད་རྒྱུད་ནང་བསྟན་སྔགས་དང་སྒྲུབ་ཐབས་འདྲ་མིན་ཅི་རིགས་ནས་ལྷ་རབས་འདྲ་མིན་བཅོ་བརྒྱད་ཡོད་པ་དང་བོད་ཀྱི་ལྷ་རིགས་དང་ཞི་བདག་དང་ཅི་རིགས་ཡོད་པ་སློབ་དཔོན་པད་མས་མཛདད་པའི་<<རྒྱགས་བརྔན་ཆེན་མོ>>ལས་བལྟས་ན་ཤེས་ཐུབ་ཡིན།    ལྷ་ཚོགས་དེ་དག་ཆོས་ལུགས་གསར་བརྗེ་དང་རིག་གནས་རིམ་འགྱུར་གྱི་དབང་གིས་ར་མགོ་ལུག་སྦྱར།   ཞྭ་དཔེ་ལྷམ་འགེབས།  ཉ་ཉུང་མཉམ་བསྲེ།   གངས་མ་ཆར།    བོན་མ་བན།  བན་མ་བོན་ཀྱི་ལྷ་ཚོགས་མང་པོ་བྱུང་ཞིང་རང་རང་ཆོས་ལུགས་ཆོས་གའི་དགོས་མཁོ་དང་དད་མོས་ཡི་དམ་ཆེད་ལྷ་ཚོགས་ཅི་རིགས་བསྐྲུན་བཞེངས་བྱས་པའམ་གཏེར་ཆོས་བཞེས་པ་ཡིན།   ཡང་གཅིག་བཤད་ནི་དེ་ནི་ཧ་ལས་དགོས་པ་ཅི་ཡང་མིན་འཛམ་གླིང་ལྷ་རིགས་གྱེས་སྟངས་ཞིག་དང་ལྷ་ཚོགས་འཕེལ་རྒྱས་འགྲོ་སྟངས་སྤྱི་འགྲོས་ཀྱི་ཆོས་ཉིད་དང་མཐུན་པ་ཡིན་པས་བན་བོན་འདྲེས་པ་ཁོ་ནས་ངོ་མཚར་ཅན་དུ་འཛིན་དགོས་པའི་གནས་གང་ཡང་མ་མཆིས་མོད།

རེད་དེ་དག་རིག་གནས་སྔ་ཕྱི་དང་སྤྱི་ཚོགས་གསར་རྙིང་གི་གསང་གནད་མང་དག་ཞིག་གོ་རྒྱུ་ཡོད་པས་དེ་དག་རུས་སྦལ་ཆུ་ལས་འོ་མ་ལེན་ལྟར་ཕྱེ་ཐུབ་ན་ལོ་རྒྱུས་ཀྱི་གསང་བ་མོད་པོ་ཞིག་ངང་གིས་མངོན་རྟོགས་བྱེད་ཐུབ་བོ།།

དེ་བོད་རང་རེ་ལ་མཚོན་ན་ཆོས་ལུགས་གཉིས་ལས་མ་དར་བའི་རྐྱེན་གྱིས་ཕར་བལྟས་ཚོད་ལ་ལྷ་ཚོགས་དེ་དག་འདྲ་པོ་འདྲ་པོ་ཞིག་སྣང་མོད།     བློ་ཞིབ་མོས་མནོས་ན་ལྷ་ཚོགས་དེ་དག་གི་སྐུ་མདོག་ཕྱག་མཚན་དང་ཆིབས་པ་གོས་སྟབས་ལ་བརྟེན་ནས་རྒྱ་གར་ནས་དར་ཡོང་པའི་ལྷ་རིགས་གཅིག་དང་།      བོད་རང་ས་ནས་དར་བསྡད་པའི་ལྷ་རིགས་གཅིག་ཡོད་པ་རྟོགས་ཐུབ།   སྔ་མ་ནི་སྒྲུབ་ཐབས་དང་སྔགས་ལས་གསལ་བའི་ལྷ་ཚོགས་སྟེ།    རྒྱ་གར་གྱི་ཆ་ལུགས་ཁོ་ན་སྤྲས་པ།  དཔེར་ན་ཆོས་སྐུ་ཀུན་བཟང་།   ལོངས་སྐུ་རྡོར་སེམས།   སྤྲུལ་སྐུ་སྣང་མཐའ་ལོངས་སྐུའི་ཆ་ལུགས་ཅན་དང་སྤྲུལ་སྐུ་ཆ་ལུགས་ཅན་རེད།  དབུ་རྒྱན།  སྙན་རྒྱན།   ཕྱག་གདུབ་ཞབས་གདུབ།  དོ་ཤལ་སྐ་རགས་བཅས་གོས་སྲབ་མོ་ཞིག་གོན་ཏེ།    རྒྱ་གར་ཚ་ངད་ཡུལ་གྱི་གོས་ལུགས་བྱས་ཡོད།     ཆིབས་པ་ནི་མ་ཧེ་ཆུ་གླང་།    དུག་སྦྲུལ་ཆུ་སྲིན།    གླང་སྟག་དོམ་སེང་།   མཚོ་ཁའི་སྲོག་ཆགས་བཞོན་པ་བྱས་པ་གཙོང་ཆེ།     ཕྱི་མ་ནི་བསང་ཡིག་དང་གླིང་སྒྲུང་ལས་གསལ་བའི་གཞི་བདག་རིགས་སྟེ།      བོད་རང་སའི་རྒྱན་ཆ་ལུགས་བསྣབས་པ།    དཔེར་ན་ཡར་ལྷ་ཤམ་པོ།    མི་ཉག་གཡུ་རི་རྩེ་རྒྱལ།    དྲིལ་ཤོད་ཁ་བ་ལོག་རི།     བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས།   མགུར་ལྷ་བཅུ་གསུམ། དབུ་གཙང་རུ་བཞི།  མདོ་ཁམས་སྒང་དྲུག་བཅས་ཀྱི་ཡུལ་ལྷ་གཞི་བདག་སོགས་ཡིན།    བེར་སྨུག་དང་ཟ་འོག་བསྣམ་པ།    སོག་ལྷམ་མཆིལ་ལྷམ།   པྲོག་ཞུ་དང་ཐང་ཞུ་གསོལ་བ།    ཆིབས་པ་ནི་གཡག་ལུག་ར་རྟ།     སྟག་གཟིགས་དོམ་དྲེད།  ཤ་གནའ་རྒོ་གཉན།  རྩྭ་ཐང་གི་སྲོག་ཆགས་བཞོན་པ་དག་ཡིན།   འདི་ལྟར་རོབ་ཙམ་ཞིག་གིས་རྒྱ་བོད་ཀྱི་ལྷ་ཚོགས་ཤན་ཕྱེ་བ་འགྱུར་ལ་བོད་རང་གི་ལྷ་ཚོགས་ལས་རང་ཉིད་ཀྱི་རིག་གནས་ཀྱི་གཏིང་མང་པོ་ཞིག་རྟོགས་ཡོང་།     དེ་ལས་ཤར་ལྷ་ཤམ་པོ་འདི་ནི་གཙོ་བོ་གཅིག་ཡིན།  ཡར་ལྷ་ཤམ་པོའི་སྐུ་མདོག་ཆ་ལུགས།   ཕྱག་མཚན་གར་སྟབས་ནི་<<ཤམ་པོའི་གསོལ་ཁ>>” སྲིད་པའི་ལྷ་རབ་ཤམྦྷོ་སྐུ་མདོག་ཤེལ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟར་གསལ་ཞིང་དྭངས་པ།   ཞལ་གཅིག་ཕྱག་གཉིས་འཕྲོས་པའི་རྣམ་པ་ཅན།   སྨ་ར་དང་སྨིན་མ་དམར་སེར་མེ་ལྟར་འབར་བ།  དབུ་སྐྲ་རལ་པ་ཁམ་ནག་རྒྱབ་ཏུ་བསྙིལ་བའི་གཙུག་ན་རྡོ་རྗེ་སེར་པོ་ཕྱེད་པས་མཚན་པ།    ཕྱག་གཡས་རལ་གྲི་ནམ་མཁར་མཁའ་ལ་ཕྱར་ཞིང་གཡོན་པའི་མདུང་རྣོན་དར་དཀར་གྱི་བ་དན་ཤམ་བུ་དམར་པོ་ཅན་འཕྱར་བ།    སྐུ་ལ་དར་དཀར་གྱི་གྱི་རྩེ་གོས་ཟ་འོག་སྔོན་པོའི་མཐའ་ཅན།  རིན་པོ་ཆེའི་ཐོད་དང་ཕྱག་ཞབས་གདུ་བུ་དང་སྙན་ཆ་དོ་ཤལ་སོགས་ཀྱིས་སྤྲས་པ།  ཞབས་ལ་སག་ལྷམ་དམར་པོ་གསོལ་བ།    འབྲོང་གཡག་དཀར་པོ་རྭ་དང་རྨིག་པ་བཻཌཱུརྱའི་མདོག་ལྟར་འཚེར་ཞིང་ཁ་རླངས་ན་བུན་ལྟར་ཐུལ་བར་བཅིབས་ནས་མེ་རླུང་འཚུབ་མའི་དབུས་ན་བཞུགས་པ།”ཞེས་གསལ་ལ་ <མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བའི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ།>ལྟར་ན།     ཡར་ལྷ་ཤམ་པོ་དེ་ཉིད་ནི་མི་དཀར་གཡུ་ཡི་སྨིན་མ་ཅན་དང་དུང་གི་སོ་འཁོར་ཡོད་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཞིག་ཏུ་ཡོད་པ་དང་དེའི་འཁོར་དུ་རྔ་ཤང་ཅན་སྟོང་ཕྲག་མང་པོ་ཡོད་གསུངས་འདུག    མདོག་དཀར་པོ་ཞེས་ནི་གཅིག་སྲིད་པའི་གངས་རི་དཀར་པོ་ཡིན་པ་དང་གཉིས་ནས་བོད་མཛེས་རྟོག་དྭངས་གཙང་ཁ་དོག་དཀར་པོ་ཡིན་པ།   གསུམ་ནས་བོད་ཀྱི་ཕྱིང་དཀར་གྱོན་ལུགས་ཡོད་པས་བརྗོད་བའི་སྟབས་ཁ་འགྲིག་ལ་ཕྱག་མཚན་ཆ་ནས་དང་པོ་གནོད་སྦྱིན་ནག་པོའི་དབང་བྱས་ནས།།ཡུལ་གྱི་མིང་ནི་བཟངས་ཡུལ་རྒྱན་མེད་བཏགས།། མཚོ་ཆ་མདའ་གྲི་དེ་ཡི་དུས་སུ་བྱུང་།།”ཞེས་པ་ལྟར་རལ་གྲི་དང་མདུང་བསྣམས་པ་ནི་སྐབས་དེའི་དཔའ་རྟགས་དང་སྤྱི་ཚོགས་ཡང་ཡང་འཁྲུགས་པ་བྱུང་གི་ཡོད་པའི་སྟབས་ཀྱིས།  དགྲ་ལྷ་དང་མགུར་ལྷ་ཡིན་པ་མཚོན་ཡོད།    ཆིབས་པ་ནི་འབྲོང་དཀར་པོ་དང་གཡག་དཀར་པོ་ཆིབས་པ་བྱས་པ་སྟེ། <པད་མ་བཀའ་ཐང་>ལས་”དེ་ནས་ཤམ་པོ་ལུང་དུ་བྱོན་ཙ་ན།  ཤམ་པོས་གཡག་དཀར་རི་ལོགས་ཙམ་ཞིག་སྤྲུལ།   ཁ་རླངས་སྣ་རླངས་ཁ་བ་བུ་ཡུགས་འཚུབས། “ཞེས་དང་ “ཤམ་པོའི་གཡག་དཀར་རི་རབ་ཙམ།    ཁ་རླངས་ནམ་མཁའི་སྤྲིན་དང་མཉམ།  སུག་བཞི་བརྡབ་ན་མེ་སྟག་འབར།”ཞེས་ཤམ་པོ་གཡག་གཉིས་མཚམས་རེ་ངོ་བོ་གཅིག་ཡིན་ལ་མཚམས་རེ་ཁོང་གི་ཆིབས་པ་རེད།  འབྲོང་ངམ་གཡག་ནི་རྒྱུད་པ་གཅིག་པ་ཡིན།    བྲེ་སེར་འབྲོང་གཡུང་ཕབས་པ་གཡག་དང་ཁ་དཀར་རྐྱང་་གཡུང་ཕབས་པ་རྟ།    རི་སྤྱང་སྔོན་མོ་གཡུང་ཕབས་པ་ཁྱི་དང་གཉན་དང་ལུག་བཅས་བོད་ཀྱི་ཐོན་སྐྱེད་བརྟེན་ས་ཉག་ཅིག་དག་དེ་དག་ལས་སྤྲུལ་པའི་ལྷ་ནི་བོད་ཀྱི་ལྷ་ཚོགས་ཉག་གཅིག་ཡིན།     གཡང་གི་སྒོ་བ་ར་བཞི་སྟེ། འདོ་བ་རྟ།    གཡང་མོ་ལུག   ཁྱུང་དཀར་མཛོ།   མཚེ་མཚེ་ར།    སྲུང་མ་ཁྱི་དང་བཅས་པ་སྒང་པ་བོད་ཀྱི་ལྷ་སྲུང་བྱེད་ཆོག་ཆོག་ཞིག་ཡིན།      དེས་ན་ཡར་ལྷ་ཤམ་པོ་བལྟས་ན་འབྲོང་དཀར་རམ་གཡག་དཀར་བཞོན་པ་ནི་བོད་རང་གི་ལྷ་སྲུང་ངོ་མ་དེ་ཡིན་པར་མཚོན་པ་རེད།    འུ་ཚོ་ནི་འབྲོང་གི་བུ་རྒྱུད་ཡིན་པ་མཚོན་པ་རེད།    རོམ་ལ་སྤྱང་མོ་ཞིག་གིས་འོག་ཏུ་ཕྲུག་གུ་གཉིས་ཀྱི་ནུ་མ་བསྣུན་བཞིན་ཡོད་པའི་རྡོ་བརྙན་ཞིག་ཡོད་ཡོད། དེ་ནི་ཁོ་ཚོས་བླ་དད་མཚོན་ཞིག་ཁོ་ཚོ་ནི་སྤྱང་གི་བུ་རྒྱུད་ཡིན་ཟེར།     དེ་བཞིན་སོག་པོའི་图腾བླ་དད་སྤྱང་ཡིན་ཟེར།     ང་ཚོ་བོད་ལ་མཚོན་ན་བོད་ཀྱི་རིག་གནས་གཏིང་ནི་བླ་དད་རིག་རིག་གནས་ཤིག་ཡིན།   སྒྲུང་རབས་དང་གཏམ་དཔེ།   སྲིད་པའི་མདོས་ཆེན་དག་ལས་ཕྱི་སྣོད་ཀྱི་རི་ར་བ་བྲག་ཁང་ཁྱིམ།     ནང་བཅུད་ཀྱི་སྦལ་ལྕོང་ཉ་སྲིན་ཡར་བརྩིས་པ་སྐྱེ་འགྲོ་ཐམས་ཅད་བླ་འཁོར་སའམ་བླ་དད་བྱེད་པའི་སྲོལ་ཡོད།  བོད་རང་གི་བླ་རི་གངས་དཀར་རི་བོ་དང་བླ་མཚོ་གཡུ་མཚོ་སྔོན་མོ།     ལ་ཟོག་བྲེ་སེར་འབྲོང་ལོ།    བླ་བྱ་ཐང་དཀར་རྒོད་པོ་བཅས་བྱེ་བྲག་མི་རེ་ལ་བླ་གནས་མི་འདྲ་བ་དད་སྲོལ་ཡོད།

དེས་ན་ཡར་ལྷ་ཤམ་པོའི་འབྲོང་གཡག་དཀར་པོ་དེ་བླ་དད་ཀྱི་ངོ་བོ་དང་བོད་ཀྱི་རིག་གཞུང་གི་སྟེང་ན་མཚོན་སྟོབས་ཆེན་པོ་ཡོད།      ད་རུང་ཡར་ལྷ་ཤམ་པོ་ནི་ཕྱག་མཚན་འུར་རྡོ་བསྣམས་པ་ཞིག་ཡིན་འདུག་སྟེ། “གུ་རུས་མདའ་བུ་བྲག་གི་གཟིམ་ཕུག་ནས་ཤམ་པོར་མདའ་རྒྱབ་པ་དང་ཤམ་པོའི་འུར་རྡོ་འཕངས་ཤིང་།   འུར་རྡོ་འཕངས་པའི་རྡོ་ཀླུ་ཁང་ཞེས་པ་ལུང་པ་དེའི་ནང་འཇལ་རྒྱུ་ཡོད།”ཞེས་དེ་ལྟར་བལྟས་ཡོང་ན་ཡར་ལྷ་ཤམ་པོ་ནི་ཞབས་ལ་སག་ལྷམ་གྱོན་ཞིང་གཡག་དཀར་ལ་བཞོན།   སྐུ་ལ་ཕྱིང་དཀར་གྱོན།  སྐེད་ལ་འུར་རྡོ་འཛེར།   མདུན་ལ་རལ་གྲི་བཏགས་ཤིང་རྒྱབ་ལ་མདུང་དར་ཤམ་བུ་ལྷབ་ལྷུབ་གཡུགས་པའི་བོད་ཀྱི་སྟག་ཤ་ར་དགྲ་ཡི་ཐོ་བ་ཞིག་སྣང་ལམ་འཆར་ཡོང་།

དེ་ཡང་ཡིན་ཏེ་”གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་”ཞེས་པའི་སྐབས་སུ་ཡར་ལྷ་ཤམ་པོ་འདི་ནི་སློབ་དཔོན་པདྨ་དང་འགྲན་ཡ་དང་ཆོས་ལུགས་རྙིང་པའི་རྒྱབ་རྩ་ལ་རུ་འདྲེན་དམག་དཔོན་གལ་ཆེན་ཞིག་ཀྱང་ཡིན།

ཡིག་ཚང་ཁག་ལས་འཁོད་པ་ལྟར”གུ་རུས་ཤམ་པོའི་ཉེ་འགྲམ་དུ་ཡོད་པའི་ཉི་ཟླ་སྟེང་ཞེས་པར་ཕེབས་རྗེས་ཤམ་པོས་ལྷས་རྫིང་དང་།    བར་རྫིང་།  སྐྱུར་རྫིང་གསུམ་དུ་བྲམ་ཟེ་ཆུ་ལ་བསྐུར་བའི་སྒྲུབ་རྟགས་བསྟན་པས།  གུ་རུས་ཀྱང་གནས་སྐབས་ཆུས་འཁྱེར་བའི་ཁུལ་དུ་གནང་ཞིང་གང་འཚམ་ནས་ཆུ་ལས་ཐོན་ཏེ་ས་སྐམ་པོ་ཞིག་ལ་ན་བཟའ་སྐམ་ནས་བཞུགས་པས་ས་དེར་སྐམ་མིག་ཐང་ཞེས་འབོད།”ཞེས་དང་”ཤམ་བུས་ལྷ་རྫིང་གིང་འོག་ཏུ་ཆུ་བསྐྱིལ་ནས་ཆུ་བཏང་བ་ལས་ཨུ་རྒྱན་གྱིས་སྡིགས་འཛུབ་གཏད་ནས་ཆུ་གྱེན་དུ་ཟློག་པས་འཁྱིལ་མགོ་དང་འཁྱིལ་ཞབས་སུ་ཐོགས་པ་རེད།”ཞེས་དང་། མདའ་བུ་བྲག་ཞེས་པའི་གནས་དེ་རུ་གུ་རུ་སྒྲུབ་པ་གནང་ནས་བཞུགས་སྐབས་ཤམ་པོས་རྡོའི་ཆར་ཕབ་ནས་གུ་རུར་མཐོ་མཚམས་པའི་སྦྱོར་བ་བླངས།  གུ་རུས་ཀྱང་སྡིགས་འཛུབ་བསྟན་ནས་ཤམ་པོ་དམ་ལ་བཏགས་པ་ཡིན་པས་སོ།   ཡང་དེར་བཞུགས་སྐབས་ཤམ་པོས་དྲུག་ཅུ་སྐེ་རིང་ཞེས་པའི་རི་རྒྱུད་དེའི་རི་དེ་དག་དམག་གྲ་བསྒྲིགས་ནས་བཏང་བ་ན།   གུ་རུས་མདའ་འཕངས་ནས་དམག་གྲ་བསྒྲིགས་པའི་རི་དེ་དག་བཀག་པས་ལྷ་ཐོ་དམར་པོ་ཞེས་པའི་བྲག་རི་དམར་པོ་དེ་ཡང་གུ་རུས་རི་དེ་དག་མི་ཡོང་བའི་ཕྱིར་གཏོར་རྒྱག་བསྐྱོན་པའི་གཏོར་མ་ཡིན་པར་བརྗོད།”ཞེས་སྲིད་གཞུང་རྒྱབ་སྐྱོར་གལ་ཆེན་ཡོད་པའི་པད་མ་འབྱུང་གནས་དང་འཐམ་མོ་བཀྱེ་མཁན་དང་སྲིད་གཞུང་གི་ཆོས་ལུགས་ངོ་ལོག་རྒྱག་མཁན་དང་ཆོས་ལུགས་རྙིང་པའི་སྲུང་མ་ཞིག་ཡིན།    ཡང་མིན་ན་བོན་ལ་དད་པའི་བོད་ཀྱི་དཔའ་བོ་སྟག་ཤར་ཞིག་ཀྱང་ཡིན་ཆོག     ཤམ་པོས་གུ་རུ་ལ་དྲུག་ཅུ་སྐེ་རིང་ཞེས་པ་དམག་རྒྱབ་ལ་མདའ་གྲི་མདུང་གསུམ།       འུར་རྡོ་རྦབ་རྡོ།    མེ་ཆུ་སོགས་ཀྱིས་རྒོལ་ཅི་ཐུབ་མཛད་རུང་མཐར་སྲིད་གཞུང་གིས་རྒྱབ་སྐྱོར་ཡོད་པའི་གུ་རུ་པད་མ་འབྱུང་གནས་རྒྱལ་ཏེ།   དམ་ལ་བཏགས་པའམ་ཚར་བཅད་པ་ཡིན་ཏེ།

“གཡག་ཆད་ལ་ཞེས་པ་ནི་གུ་རུས་ཟངས་ཐག་གིས་སྣ་ལོ་གཅུས་ཏེ་གཡག་ལ་བཞོན།  གསེར་གྱི་རྡོ་རྗེ་རྒྱ་གྲམ་དེ་གཡག་གི་ཐོད་པར་བཞག་ནས་ཤམ་པོ་བཏུལ་ཐོག་གཡག་དེ་གངས་སྐོར་ཕྱིན་ཅི་ལོག་ཏུ་འཁྲིད།  ལ་ཞིག་སླེབས་སྐབས་གཡག་དེ་ཆད་པས།  གཡག་ཆད་ལ་ཞེས་མིང་ཐོགས།   ལུང་ཤུར་ཞིག་ཏུ་སླེབས་ནས་གཡག་དེ་ཤི་ནས་རོ་ལུས་སྐབས་ལུང་ཤུར་དེའི་མིང་ལ་གཡག་རོ་ཞེས་ཐོགས།

གཡག་ཤ་སྐམ་པས་ཤ་སྐམ་ལ་ཐོགས་ཤིང་གཡག་ཀོ་ཡོད་ས་ལ་ཀོ་རིའི་ལྡེབས་ཞེས་ཐོགས།”ཞེས་དང་”གུ་རུས་བཏུལ་བའི་ཤམ་པོ་གཡག་དཀར་གྱི་ཀོ་བ་ཡོད་སའི་རི་ཡིན་པས་ཀོ་རི་ཞེས་བརྗོད།”  ཤམ་པོའི་གཡག་དཀར་མིག་ཆུ་དེ།  གཡག་ཆད་ལ་མོའི་རྩེ་རུ་ཆགས། “ཞེས་གསུངས།   ཞེས་ཤམ་པོ་ཕམ་པ་དང་འབྲེལ་བའི་ས་མིང་རི་མིང་ཐོགས་ཡོད།     གང་ལྟར་ས་མིང་དེ་དག་སྐབས་དེའི་ངག་རྒྱུན་དང་འབྲེལ་མིན་ཇི་ལྟར་ཡིན་ཀྱང་མིང་དེ་དག་ཚང་མ་བོད་རང་ས་རང་ནས་བྱུང་བ་ཤ་སྟག་སྟེ།    ཤ་སྐམ་ལ།   གཡག་རོའི་ནང་།  གཡག་ཆད་ལ།  ཀོ་རི། སོགས་ཚང་མ་སྐབས་དེའི་ཡར་ཀླུང་བུ་རྒྱུད་ཚོས་འབྲོང་གི་ཐོན་སྐྱེད་དང་སྤྱི་ཚོགས་འཚོ་བ།    འཚོ་བའི་དགོས་མཁོ།     བོད་ཀྱི་འབྲོག་ལས་ཐོན་སྐྱེད་རིག་གནས་སྐོར་ནས་ཞབས་རྗེས་གསལ་པོ་ཞིག་ཀྱང་རེད།   མ་ཟད་ས་ཆ་འདི་འུ་ཚོ་བོད་མིའུ་གདུང་དྲུག་གི་མེས་པོ་ཚོས་མཁར་གཞིས་བཟུང་ས་དང་སྲོང་བཙན་ཡན་ཆོད་་བཙན་པོ་དག་གིས་རྒྱལ་ས་དང་སྐུ་མཁར་དང་བང་སོ་འདེབས་ས་ཡིན་པས་དེ་བས་རིག་གནས་ཀྱི་ཆུ་མགོ་དང་དད་མོས་ཀྱི་འབྱུང་ཁུངས་ཀྱང་ཡིན།

ད་རུང་ཐོགས་པའི་ས་མིང་རི་མིང་མཁར་མིང་ལྷ་མིང་རེ་རེ་རང་ཅག་ཁ་བ་ཅན་གྱི་བུ་རྒྱུད་དག་གི་མེས་པོའི་གོང་མ་ཚོས་ཟུངས་ཁྲག་དང་འབྲེལ་ནས་ཡོད་ལ་ས་ཆའི་དེའི་རི་ཆུའི་མིང་འབྲེལ་རེ་རེ་གཡག་དང་ཁ་བྲལ་ཐབས་མེད་པ་ནི་འུ་ཚོས་མེས་པོ་དག་དང་བོད་སྒང་པ་འདི་བྲེ་སེར་འབྲོང་གི་བུ་རྒྱུད་ཡིན་ཞེས་པ་ལ་བདེན་དཔང་ལྷག་མ་ཞིག་བསྣོན་པ་རེད།     རི་ནི་འབྲོང་རི་དང་ས་ནི་འབྲོང་ས།  མི་ནི་འབྲོང་བུ།       ཤམ་པོ་རི་ནི་གངས་དཀར་ཡག་མཐོ་ཞིག་བརྗིད་པ།   ཉི་ཟླའི་རྣ་ཆ་བསྒྲོན་པ།  ཆབ་གཙང་པོའི་སྐ་རགས་བཅིངས་པ། རི་བོ་རྩེ་བཞི་ལས་གྲུབ་ཞིང་གངས་རིའི་ལྟེ་བ་ཤར་གྱི་མ་མ་བུ་འབྱུང་ཡིན།  ལྷོ་ཡི་བློན་པོ་སྐེ་རིང་།    ནུབ་ཀྱི་དམན་ཆུང་གངས་བཟང་།   བྱང་གི་མགར་བ་ནག་པོ་ཡིན། དམངས་ཁྲོད་དུ།  ཤར་གྱི་མ་མ་བུ་འབྱུང་དེ།། བུ་ཆུང་པང་དུ་བཞེས་པ་འདྲ། ལྷོ་ཡི་བློན་པོ་སྐེ་རིང་དེ།།དགེ་སློང་བཀའ་ཆོས་མཛད་མཁན་འདྲ།

ནུབ་ཀྱི་དམན་ཆུང་གངས་བཟང་དེ།།  མཚོན་ཆ་གནམ་ལ་གཟེངས་པ་འདྲ། ཟེར་ཞིང་བོད་ཀྱི་སྲིད་པའི་གངས་རྒན་མཆེད་བརྒྱད་དེ།    མངའ་རིས་གངས་རིན་པོ་ཆེ།    མགོ་ལོག་རྨ་ཆེན་གངས་རི།   ལྷོ་ཁའི་ཤམ་པོ་ལྷ་རྩེ།  ཟལ་མོ་སྒང་གི་སྤུ་རྒྱལ་གངས་དཀར།  ཡུལ་ཤུལ་གྱི་རྡོ་ཐི་གངས་དཀར། དཀར་མཛེས་ཀྱི་རུ་དོམ་ཟིལ་ཁྲོམ།     ཉག་རོང་ཁ་བ་གླང་རི་བཅས་ཀྱི་ཡ་གྱལ་ཡིན་ལ་བོད་སྲིད་པ་རྒན་པོས་ལྷ་སྲུང་མཆོད་སྲུང་།    ཕོ་ལྷ་དགྲ་ལྷ།   ཞང་ལྷ་གཞི་བདག་ཀྱང་ཡིན།   གངས་རི་དཀར་པོ་འདིའི་མཐའ་རོལ་དུ་་སྙིང་སྟོབས་དགུ་འགྱུར་ལྕགས་ཀྱི་དབྱུག་པ་འཕྱར་ཞིང་རྒྱལ་ཁམས་གནོན་པའི་རུ་དར་སྒྲེང་མཁན་གྱི་བཙན་པོའི་དམག་རྟ་རྒྱུགས་ས་ཡིན་ལ་ཆབ་ཆུ་བོ་ཡོན་ཆབ་བཤམས་འདྲ།    རྩྭ་རྩི་ཐོག་སྤྲིན་པ་དཀྲིགས་ཤིང་།     རི་དྭགས་ཤ་རྐྱང་དགོ་གསུམ་རྩེན་གྱིན་སྒོམ་སྒྲུབ་དག་དགེ་སྦྱོར་འཕེལ་སའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན།   ཤམ་པོ་གངས་ལ་ཞབས་ཀྱིས་བཅགས་ཤིང་སྒོམ་སྒྲུབ་དགེ་སྦྱོར་མཛད་མྱོང་མཁན་གངས་མཁས་གྲུབ་བྱེ་བའི་ཁྲོད་ནས་སློབ་དཔོན་པདྨ་འབྱུང་གནས།   འབྲོག་མི་དཔལ་གྱི་ཡེ་ཤེས།   རས་ཆུང་རྡོ་རྗེ་གྲགས་པ།   རྭ་ལོ་རྡོ་རྗེ་གྲགས།   ཕ་དམ་པ་སངས་རྒྱས།   མ་གཅིག་ལབ་ཀྱི་སྒྲོན་མ།    ཀློང་ཆེན་རབ་འབྱམས།   རིག་འཛིན་ཀུ་མ་རཱ་ཛ།  རྒྱལ་བ་གཡའ་བཟང་བ་སོགས་མང་དུ་ཡོད་ལ་ས་ཆ་འདིར་དང་པོ་འབྲོང་གི་རིག་གནས་ཀྱི་སྨྱུ་གུ་འབུས་ས།  བར་དུ་ལོ་ཏོག་རབ་ཏུ་སྨིན་ས།   མཐར་མེ་ཏོག་སད་ཀྱིས་བཅོས་ས་སོགས་བོད་གྱི་ཤེས་དཔལ་ལམ་འབྲོང་གི་རིག་གནས་སྐྱེ་འཆིའི་གནས་ཆེན་གལ་ཆེན་ཞིག་རེད་མོད།   དཔྱད་གཞི་ཡིག་དང་ལོ་རྒྱུས་ཡིག་ཚང་ལས་དེ་ཙམ་གསལ་ཁ་དོད་པ་ཞིག་མིན་ཚོད་འདུག་པས་ཤེས་དམན་ཕྲན་གྱིས་རེ་ཞིག་མཇུག་བསྡུ་བར་བྱའོ།།

མཇུག་བསྡུས་པ།

སྤྱིར་བཏང་མཁར་འདི་དང་གངས་རི་འདི་ནས་གླེང་དགོས་དོན་ཁོ་བོ་འདི་ལ་རྒྱུས་མངའ་ཆེ་བས་མིན་ལ་ལོ་རྒྱུས་བྱང་ཆ་ཆེ་བ་དང་གསང་གནད་གང་ཞིག་བརྟུལ་འདོད་པའི་ཆེད་མིན་པར།    འོ་སྐོལ་བོད་འདི་སྲིད་འབྱོར་རིག་གསུམ་སྐྱེ་འཇིག་གནས་གསུམ་དང་གྲུབ་མཐའ་འཐེན་ཁྱེར་དང་བན་བོན་འཐབ་རྩོད།  རྒྱལ་ཕྲན་དང་ཚོ་ཁག་དམག་འཁྲུག་མང་དག་ཞིག་བྱུང་ཞིང་ས་ཆ་གང་མང་བྱུང་བ་དང་ལྷ་མང་པོ་ཞིག་ཡོད་པ་ལས་མཁར་མྱང་རོ་ཤམ་པོ་དང་ལྷ་ཆེན་ཡར་ལྷ་ཤམ་པོ་འདི་གཉིས་དཔེ་མཚོན་典型ཡག་ཤོས་དེ་རེད་འདུག་སྙམ་པས་དེར་བརྟེན་རང་ཉིད་དང་སྐལ་མཉམ་དག་ལ་དེའི་སྐོར་ཟིན་བྲིས་ཐན་ཐུན་འགའ་འདེབས་པ་ཙམ་དུ་ཟད་དོ་ཞེས་གུས་པས་ནག་ཆུར་ལོ་སར་སྐབས་སུ་སྦྱར་བ་སརྦམངྒལཾ།

 

ཡོང་ཁུངས། སུམ་པའི་རིག་གནས།

བརྒྱུད་སྐུལ།

མཆན་སྤེལ།