མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་གི་སྐུ་ཚེ་ལོ་རྒྱུས་སྙིང་བསྡུས།

མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་གི་སྐུ་ཚེ་ལོ་རྒྱུས་སྙིང་བསྡུས།

དེང་རབས་བོད་ཀྱི་ཤེས་རིག་སྤྱི་དང་། ལྷག་པར་དཔེ་སྐྲུན་གྱི་བྱ་བར་མཛད་རྗེས་ཤིན་ཏུ་ཆེ་བའི་མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་ནི། བོད་ལྗོངས་གཙང་གཡས་རུའི་ཆར་གཏོགས་པའི་ངམ་རིང་རྫོང་གི་མདོག་གཞུང་ཁྲབ་བླ་བྲང་ཆུ་མིག་པ་ཞེས་པའི་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོ་སྟེ་ཕྱི་ལོ་ ༡༩༡༣ ལོར་སྐུ་འཁྲུངས། དགུང་ལོ་དྲུག་གི་ཐོག་ཡབ་ཀྱི་མདུན་ནས་ཀློག་བསླབས། དགུང་ལོ་བཅོ་བརྒྱད་བཞེས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོ་སྟེ་ཕྱི་ལོ་ ༡༩༣༠ ལོར་རྩེ་དྲུང་ཐུབ་བསྟན་འཇམ་དབྱངས་ཀྱིས་ཨ་ཝ་མཚོ་སྒོའི་སྲས་དོན་གྲུབ་ཚེ་རིང་གི་གཡོག་ཏུ་གཏོང་གནང་བཞིན་སྲས་དོན་གྲུབ་ཚེ་རིང་དང་ལྷན་དུ་བཀྲ་ཤིས་ལྷུན་པོར་ཕེབས། ཕྱག་ལས་ལོ་ལྔ་ཙམ་མཛད་ཞོར་དུ་དཀྱིལ་འཁོར་གྲྭ་ཚང་གི་ཚད་མ་རིག་པའི་སློབ་དཔོན་དཀའ་ཆེན་འགྱུར་མེད་མཆོག་དང་། དཀར་ལེབ་དྲུང་ཡིག་པདྨ་རྡོ་རྗེ་སོགས་ཀྱི་དྲུང་དུ་བརྩོན་པ་ཆེན་པོས་བརྡ་སྤྲོད་རིག་གནས་ཁག་ལ་སློབ་གཉེར་མཐར་ཕྱིན་པ་མཛད།

རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོ་སྟེ་ཕྱི་ལོ་ ༡༩༣༥ ལོ་ནས་མཁན་དྲུང་མཁྱེན་རབ་དབང་ཕྱུག་གི་དྲུང་ཡིག་མཛད་དེ་ལོ་གསུམ་ཙམ་བཞུགས། དེ་རྗེས་རྩེ་དྲུང་ཐུབ་བསྟན་འཇམ་དབྱངས་ནས་ཟངས་རིའི་རྫོང་ཚབ་ཏུ་བསྐོ་བཞག་གནང་བ་ལྟར་ཟངས་རིའི་རྫོང་དཔོན་གནང་སྟེ་ལོ་གཉིས་ཙམ་བཞུགས། དེ་ནས་གྲོ་སྤྱི་རིམ་བཞི་སྤོམ་མདའ་ཡར་འཕེལ་གྱི་དྲུང་ཡིག་ལོ་བཞི་ལྷག་ཙམ་མཛད།   རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ཕྱི་ལོ་ ༡༩༤༦ ལོར་རྩེ་དྲུང་ཐུབ་བསྟན་འཇམ་དབྱངས་ཀྱི་སྲས་ཀུན་དགའ་རྒྱལ་མཚན་གྱི་ཞབས་གཡོག་མཛད་ནས་རྒྱ་གར་དྷི་ལིར་ཕེབས། དེའི་ཕྱི་ལོར་སྤོམ་མདའ་ཡར་འཕེལ་གྱི་སྐུ་ཚབ་མཛད་དེ་ས་སྐྱར་ཕེབས་ཏེ་ལོ་གསུམ་ཙམ་གྱི་རིང་ས་སྐྱའི་ལྷ་ཁང་ཆེན་མོ་ཉམས་གསོའི་ཨར་ལས་ཀྱི་དོ་དམ་མཛད། དེ་རྗེས་ཁོང་ཉིད་ལྷ་སར་ཕེབས་ཏེ་བོད་དམག་ཁུལ་ལས་བྱེད་སློབ་གྲྭའི་དགེ་རྒན་གནང་སྟེ་བརྡ་སྤྲོད་རིག་པ་དང་། སྙན་ངག ལོ་རྒྱུས་བཅས་ཀྱི་སློབ་ཁྲིད་གནང་།

རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཕྱི་ལོ་ ༡༩༥༤ ལོར་པེ་ཅིན་ལ་ཕེབས་ཏེ་མི་རིགས་དཔེ་སྐྲུན་ཁང་དུ་བོད་ཡིག་གི་བསྒྱུར་ཡིག་ཞུ་དག་གི་ཕྱག་ལས་གནང་བ་དང་ཆབས་ཅིག་མཚན་མོར་ལས་ཞོར་སློབ་གྲྭར་ཕེབས་ནས་རྒྱའི་སྐད་ཡིག་སློབ་སྦྱོང་གནང་སྟེ་ལོ་གསུམ་ཙམ་སོང་རྗེས་རྒྱ་ཡིག་ནས་བོད་ཡིག་དུ་བསྒྱུར་བའི་ཡིག་ཆ་ཚང་མར་ཞུ་དག་ཕྱིན་ཅི་མ་ལོག་པར་གནང་ཐུབ་པ་བྱུང་སྟེ་བསྒྱུར་ཡིག་གི་ཐ་སྙད་གསར་པ་ཁག་ཅིག་གཏན་འབེབས་མཛད། ལོ་བཅུའི་ཟང་ཟིང་ནང་འཚོ་བའི་དཀའ་ངལ་སོགས་གྲངས་ལས་འདས་པའི་དཀའ་སྡུག་གི་འཕྲོད་དུའང་བོད་ཀྱི་ཤེས་རིག་ལྐོག་ཏུ་དཔེ་གཟིགས་དང་ལྗགས་རྩོམ་སོགས་གནང་ཡོད།

རབ་བྱུང་བཅུ་དྲུག་པའི་ས་རྟ་ཕྱི་ལོ་ ༡༩༧༨ ལོར་ཟང་ཟིང་གི་དུས་མཇུག་འགྲིལ་བ་དང་ཆབས་ཅིག་ཁོང་ཉིད་ལའང་གུ་ཡངས་ཐོབ་ནས་གདན་ཞུས་ལྟར་ཁྲེན་ཏུའུར་ཕེབས་ཏེ་བོད་རྒྱ་ཚིག་མཛོད་ཆེན་མོའི་གཙོ་སྒྲིག་གཞོན་པའི་ཐུགས་འགན་བཞེས། ལྕགས་བྱ་ ༡༩༨༡ ལོར་སླར་ཡང་མི་རིགས་དཔེ་སྐྲུན་ཁང་དུ་ཕེབས་ནས་བར་ལམ་གཡོན་གྱི་བསམ་བློའི་ཤུགས་རྐྱེན་ངན་པའི་དབང་ལས་གཏོར་བརླག་ཚབས་ཆེན་ཕོགས་ཏེ་ཐ་ན་དཔེ་རྒྱུན་ཡང་བརླག་ལ་ཉེ་བའི་སྐབས་དེར་ཁོང་གིས་ཐུགས་འགན་བཞེས་ཏེ་བོད་ཀྱི་གནའ་དཔེ་ཁག་གཅིག་བདམ་སྒྲིག་གནང་ནས་དཔེ་སྐྲུན་མཛད། ཤིང་གླང་ཕྱི་ལོ་ ༡༩༨༥ ལོར་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལ་ཞུ་དག་མཛད་དེ་སྙུན་གཞི་དྲག་པོ་ཕོག་རུང་ཕྱག་ལས་བར་མཚམས་ཆད་མྱོང་མེད།

དེ་རྗེས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་དབུ་འཛིན་གཞོན་པའི་ཐུགས་འགན་བཞེས་ཏེ་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་གྱི་ལས་དོན་གཙོ་གཉེར་མཛད་དེ་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་རྣམས་ཀྱི་དགོས་མཁོ་སྐོང་བ་དང་། ལྷག་པར་མི་རིགས་རང་ཉིད་ཀྱི་རྩ་བའི་རིག་གནས་ཕུལ་བྱུང་རྣམས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གཏོང་བ་བཅས་ཀྱི་ཆེད་དུ་བོད་ཀྱི་སྔོན་བྱོན་མཁས་པས་མཛད་པའི་བསྟན་བཅོས་ཁག་ལས་བདམ་བསྒྲིགས་གནང་ནས་གངས་ལྗོངས་ཤེས་རིག་གི་ཉིང་བཅུད་ཅེས་པའི་དཔེ་ཚོགས་འགྲེམ་སྤེལ་བྱ་རྒྱུའི་འཆར་གཞི་བཀོད་གནང་མཛད། གཞན་ཡང་ཁོང་གིས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་གཙོ་བོའི་གྲས་བཀའ་བསྟན་དཔེ་བསྡུར་གྱི་སྒོ་ནས་པར་འགྲེམ་བྱ་རྒྱུ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་སློབ་གླིང་གི་ཆེད་བསྒྲིགས་སློབ་དེབ་གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་པའི་དཔེ་ཚོགས་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཆེད་སྒྲིག་སློབ་དེབ་གངས་ལྗོངས་ཤེས་རིག་ཉིན་བྱེད་མདུན་བསུས་སྐྱ་རེངས་དང་པོ་ཞེས་པའི་དཔེ་ཚོགས་སོགས་དཔར་སྐྲུན་བྱ་རྒྱུའི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་ཡོད། 

མདོར་ན་མཁས་དབང་མཆོག་གི་སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཤེས་རིག་ཡར་ནས་ནས་ཡར་ལྡན་དུ་ཡོང་བའི་བྱ་བ་ཁོ་ནས་དུས་འདའ་བར་མཛད་དེ་མི་རིགས་དཔེ་སྐྲུན་ཁང་གི་ཞུས་ཆེན་པ་དང་། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་མིང་དཔྱད་བསྡུར་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ཞུས་ཞིབ་འཇུག་པ། བོད་རང་སྐྱོང་ལྗོངས་སྐབས་བཞི་པའི་སྲིད་གྲོས་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱུན་ལས་པ། སྐབས་ལྔ་པའི་སྲིད་གྲོས་ལྷན་ཚོགས་ཀྱི་རྒྱུན་ལས་པ།ལྷ་ས་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚིགས་པའི་བློ་འདོན་པ། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་གྲ་སྒྲིག་ཚོགས་པའི་ཚོགས་མི།   ཀྲུང་གོའི་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ནང་བསྟན་ཞིབ་འཇུག་པ། པཎ་ཆེན་རིན་པོ་ཆེ་དྲུང་ཡིགཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་རྩོམ་སྒྲིག་གི་བློ་འདོན་པ་བཅས་ཀྱི་ཕྱག་ལས་ཐུགས་འགན་བཞེས་ཡོད།  

རབ་བྱུང་བཅུ་བདུན་པའི་ལྕགས་ལུག་ཕྱི་ལོ་ ༡༩༩༣ ལོའི་ཟླ་བ་བཅུ་གཉིས་པའི་ནང་གནས་མཆོག་ལྷ་ལྡན་དུ་སྐུ་གཤེགས། བཀའ་རྩོམ་སྐོར་ལ་སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་ཞེས་པ་སོགས་གསུང་རྩོམ་ཁག་བཅུ་ལྷག་ཙམ་ཡོད་པ་དེ་དག་ནི་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དཔེ་དེབ་གཅིག་བཟོས་ཏེ་པར་བསྐྲུན་བྱས་ཡོད་པ་བཅས་ལགས།

བརྒྱུད་སྐུལ།

མཆན་སྤེལ།