མཁས་དབང་དཀོན་མཆོག་རྒྱ་མཚོ།
དྭགས་པོ་སྤྱན་སྔ་དཀོན་མཆོག་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ་བམ་ཡོངས་གྲགས་སུ་མཁས་པའི་དབང་པོ་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་ནི། དཔལ་༧འབྲི་གུང་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་བྱང་ཆུབ་གླིང་གི་འདབས་རོལ། འབྲི་གུང་བླ་གཡེལ་ཐང་གི་ཆོས་ཁྲི་ཆེན་པོ་དང་ཉེ་བའི་ར་སེ་གྲོང་དུ་ཡབ་དམ་པ་རྣམ་སྲས་དང་ཡུམ་གཡང་འཛོམས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་སྤྱི་ལོ་(1968)ལོར་སྐུ་འཁྲུངས།
དགུང་ལོ་བརྒྱད་ནས་སློབ་གྲྭར་འགྲིམ། སྔ་ཕྱིར་འབྲི་གུང་ནང་བསྟན་སློབ་གླིང་དང་། བོད་ལྗོངས་སློབ་ཆེན། སྨན་རྩིས་སློབ་གླིང་སོགས་རིག་གནས་སྤྱི་དང་བྱེ་བྲག་ལ་ཐོས་བསམ་བྱས། དེ་ནས་བཟུང་རྣམ་དཔྱོད་ཀྱི་རྩལ་རྒྱས། ཡོན་ཏན་གྱི་གཏེར་ཁ་རྡོལ། ལྷག་ཏུ་དྭགས་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་དཔའ་ཆུང་རིན་པོ་ཆེ་ཉིད་རིགས་ཀྱི་བདག་པོར་བརྟེན་ཏེ་མཉེས་པ་གསུམ་གྱིས་མདོ་སྔགས་ཆོས་ཚུལ་སྤྱི་དང་ཁྱད་པར་དུ་བཀའ་བརྒྱུད་རང་ལུགས་ཀྱི་ཟབ་ཆོས་མ་ལུས་པ་གདམས་པ་མནོས། འབྲི་གུང་སྐྱབས་མགོན་ཟུང་ནས་དྭགས་པོ་སྤྱན་སྔའི་རྣམ་སྤྲུལ་དུ་ངོས་འཛིན་བྱས་ནས་དྭགས་པོ་སྤྱན་སྔ་དཀོན་མཆོག་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ་ཏུ་མཚན་གསོལ།
དགུང་ལོ་ཉི་ཤུ་ནས་རྩོམ་འབྲིའི་བྱ་བར་གཞོལ་ཏེ། འབྲི་གུང་ཨ་མགོན་ཆོས་གྲགས་རྒྱ་མཚོའི་བཀའ་བཞིན་དཔལ་༧འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་མཛོད་པོད་བརྒྱ་དང་ལྔ་བཅུ་ལྷག་ལེགས་སྒྲིག་བྱས་ཡོད་ལ། ཁོང་ཉིད་ནས་བརྩམས་པའི་མདོ་སྔགས་གཞུང་འགྲེལ་གྱི་སྡེ་ཚན་ཁག་བཅུ་བདུན་དང་། ཁྲིད་ཡིག་དང་ཆོ་གའི་སྡེ་ཚན་ཉི་ཤུ་རྩ་གཉིས། ཆོས་འབྱུང་ལོ་རྒྱུས་དང་རྣམ་ཐར་སྡེ་ཚན་ཉི་ཤུ་ལྷག རིག་གནས་ཆེད་རྩོམ་དང་དཔྱད་རྩོམ་གྱི་སྡེ་ཚན་ཁག་བཅོ་ལྔ། འབེལ་གཏམ་ནང་ཆོས་ངོ་སྤྲོད་དང་དཀར་ཆག་སྡེ་ཚན་བཅུ་གསུམ་ལྷག་དང་། དཔར་དུ་འགོད་རྒྱུའི་སྡོམ་གསུམ་གནད་གཅིག དགེ་མི་དགེའི་རྣམ་འབྱེད། ཕྱག་རྒྱ་བཞིའི་འགྲེལ་བ་དང་། བཀའ་བརྒྱུད་ཚིག་མཛོད་ཆེན་མོ་སོགས་མདོར་ན་གསུང་རྩོམ་པོད་གྲངས་བརྒྱ་ལྷག་བརྩམས་ཟིན་ཡོད།
༼དུས་དེབ་ཁག ༽ བོད་ལྗོངས་ཞིབ་འཇུག བོད་ལྗོངས་ནང་བསྟན། གངས་ལྗོངས་རིག་གནས། གངས་ལྗོངས་རྩོམ་རིག་སྒྱུ་སྩལ། སྤང་རྒྱན་མེ་ཏོག བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག བདག་པོ། གངས་ལྗོངས་གསོ་རིག་མྱུ་གུ་བཅས་དུས་དེབ་ཁག་མང་པོར་བརྩམས་ཆོས་སྤེལ་མྱོང་ལ། བརྩམས་པ་དག་ཀྱང་གྲངས་འབོར་ཙམ་མ་ཡིན་པར་མཁས་དབང་དང་། ཀློག་པ་པོ། ཞིབ་འཇུག་པ་མང་པོས་བསྔགས་བརྗོད་ཐོབ་པ་མ་ཟད། ལྷག་ཏུ་སྙན་རྩོམ་༼སེམས་ཁོངས་ནས་བརྡོལ་བའི་གླུ་དབྱངས།༽ཞེས་པ་པར་དམིགས་གསལ་གྱི་བྱ་དགའ་ཐོབ་ཡོད་ལ། ད་ལྟའི་ཆར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ཚོགས་པའི་རྒྱུན་ལས་ཨུ་ཡོན་དང་། བཀའ་བརྒྱུད་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ། དེ་བཞིན་དོན་གཉེར་ཅན་དག་ལ་གཞུང་ཆེན་དང་རང་ལུགས་བསྟན་དགོངས་སོགས་ཀྱི་དཔེ་འཁྲིད་གནང་དང་གནང་བཞིན་པའོ། །
དམ་པ་གང་ཉིད་ད་སྐབས་དགུང་གྲངས་ལྔ་བཅུ་ང་གཅིག་སོང་ཞིང་མཛད་འཕྲིན་གྱི་དབྱར་མཚོ་ལྟར་རྒྱས་ཞིང་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།།
བཀའ་བརྒྱུད་ཚང་གི་འཕྲིན་སྟེགས་ལས་དྲངས།
བོད་ཀྱི་མཁས་དབང་ཆེན་མོ་འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།
ཟླ་བ་དོན་འགྲུབ་ཀྱིས་མཚམས་སྦྱོར་ཞུས།
དེ་ཡང་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་གསལ་བྱེད་བཀའ་བརྒྱུད་བླ་མ་དགྱེས་པའི་འབངས་སམ་ཡོངས་གྲགས་སུ་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་ནི་སྤྱི་ལོ་༼༡༩༦༨༽ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་དྲོ་གུང་དཀར་རྫོང་རྨམ་པ་ཡུལ་ཤོག་ར་སེ་གྲོང་ཚོར་སྐུ་བལྟམས། དགུང་ལོ་བརྒྱད་ནས་སློབ་གྲར་འགྲིམ། སྔ་ཕྱིར་འབྲི་གུང་ནང་བསྟན་སློབ་གླིང་དང་། བོད་ལྗོངས་སློབ་ཆེན། སྨན་རྩིས་སློབ་གླིང་སོགས་རིག་གནས་སྤྱི་དང་བྱེ་བྲག་ལ་ཐོས་བསམ་བྱས། དེ་ནས་བཟུང་རྣམ་དཔྱོད་ཀྱི་རྩལ་རྒྱས། ཡོན་ཏན་གྱི་གཏེར་ཁ་བརྡོལ། ལྷག་ཏུ་དྭགས་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་དཔའ་ཆུང་རིན་པོ་ཆེ་ཉིད་རིགས་ཀྱི་བདག་པོར་བསྟེན་ཏེ་མཉེས་པ་གསུམ་གྱིས་མདོ་སྔགས་ཆོས་ཚུལ་སྤྱི་དང་། ཁྱད་པར་དུ་བཀའ་བརྒྱུད་རང་ལུགས་ཀྱི་ཟབ་ཆོས་མ་ལུས་པའི་གདམས་པ་མནོས། དགུང་ལོ་ཉི་ཤུ་ནས་རྩོམ་འབྲིའི་བྱ་བར་གཞོལ་ཏེ། འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་མཛོད་པོད་བརྒྱ་དང་ལྔ་བཅུ་ལྷག་མྱུར་སྐྱོབ་བྱས་ཡོད་ལ། ཁོང་སྒེར་ངོས་ཀྱིས་བརྩམས་པའི་གཞུང་ཆེན་གྱི་སྐོར་སོགས་དཔེ་དེབ་ཁག་ལྔ་བཅུ་ལྷག་ཡོད་དེ།
༡༽ སོ་སོ་ཐར་པའི་མདོའི་མཆན་འགྲེལ་དྲང་སྲོང་དགྱེས་པའི་ཞལ་ལུང་།
༢༽ གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཆན་འགྲེལ་དམ་པའི་ཞལ་ལུང་།
༣༽ ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་ལེགས་བཤད་ཐོགས་མེད་ཞལ་ལུང་།
༤༽ ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།
༥༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་མཆན་འགྲེལ་རྒྱས་སྲས་ཞི་བའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།
༦༽ དབུ་མ་ལ་འཇུག་པའི་མཆན་འགྲེལ་དཔལ་ལྡན་ཟླ་བའི་ཞལ་ལུང་།
༧༽ དབུ་མ་རྩ་བ་ཤེས་རབ་ཀྱི་མཆན་འགྲེལ་ཀླུ་སྒྲུབ་དགྱེས་པའི་ཞལ་ལུང་།
༨༽ རྣལ་འབྱོར་སྤྱོད་པ་དབུ་མའི་བསྟན་བཅོས་བཞི་བརྒྱ་པའི་མཆན་འགྲེལ་འཕགས་མཆོག་དགྱེས་པའི་ཞལ་ལུང་།
༩༽ འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་རྣམ་པར་འགྲེལ་པ་ཤཱཀྱ་ཐུབ་པའི་ཞལ་ལུང་།
༡༠༽ བླ་མ་བསྟེན་ཚུལ་ཚིགས་སུ་བཅད་པ་ལྔ་བཅུ་པའི་རྣམ་པར་བཤད་པ་གསང་བ་འཛིན་པའི་ཞལ་ལུང་།
༡༡༽ རྡོ་རྗེ་ཐེག་པའི་རྩ་ལྟུང་བཅུ་བཞིའི་འགྲེལ་བ་རིག་པ་འཛིན་པའི་ཞལ་ལུང་།
༡༢༽ བཤེས་པའི་སྤྲིངས་ཡིག་གི་མཆན་འགྲེལ་དགེ་བའི་བཤེས་གཉེན་གྱི་ཞལ་ལུང་།
༡༣༽ དམ་ཆོས་དགོངས་པ་གཅིག་པའི་རྩ་བའི་གཞུང་གི་མཆན་འགྲེལ་འཇིག་རྟེན་གསུམ་གྱི་མགོན་པོའི་ཞལ་ལུང་།
༡༤༽ སྨོན་ལམ་ཆེན་མོའི་འགྲེལ་པ།
༡༥༽ སྡོམ་གསུམ་གྱི་རྩ་བ།
༡༦༽ འབྲི་གུང་ཆོས་འབྱུང་།
༡༧༽ སྐྱོབ་པ་འཇིག་རྟེན་མགོན་པོའི་རྣམ་ཐར།
༡༨༽ འབྲི་གུང་ཐེལ་དགོན་གྱི་ལོ་རྒྱུས།
༡༩༽ གྲུབ་དབང་ཨ་མགོན་རིན་པོ་ཆེའི་རྣམ་ཐར།
༢༠༽ འབྲི་གུང་རྟེན་ཕྱག་གི་ལོ་རྒྱུས།
༢༡༽ དཀར་ཟས་རིང་ལུགས་ཀྱི་ཕན་ཡོན།
༢༢༽ འབྲི་གུང་ཨ་ཕྱིའི་རྣམ་ཐར།
༢༣༽ བཀའ་བརྒྱུད་རྟེན་འདུས་ཀྱི་དཀར་ཆག
༢༤༽ ལྷག་བསམ་གྱི་འབེལ་གཏམ།
༢༥༽ གདན་ས་ཕག་གྲུའི་ལོ་རྒྱུས།
༢༦༽ གངས་ཏེ་སེའི་གཟི་འོད།
༢༧༽ ཡང་སྒར་དགོན་གྱི་ལོ་རྒྱུས།
༢༨༽ མེས་པོའི་ཤུལ་ལམ་གྱི་རྗེས་དྲན།
༢༩༽ དགོངས་གཅིག་གི་དགོངས་རྒྱན།
༣༠༽ དགོངས་གཅིག་གི་མཛེས་རྒྱན།
༣༡༽ དྲི་ལན་དོན་གཅིག་མ།
༣༢༽ ཚ་བ་མདའ་སྨྱུག་ལ་ཕུལ་བའི་གཏམ་གཟུར་གནས་རིག་པའི་དཔྱད་ལན་༼ནང་བསྟན་ལ་བཅངས་པའི་ལྷག་བསམ།༽
༣༣༽ འབྲི་གུང་སྤྲེལ་ལོ་འཕོ་བ་ཆེན་མོའི་ལོ་རྒྱུས།
༣༤༽ ལྔ་ལྡན་སྔོན་འགྲོའི་ཁྲིད་ཡིག
༣༥༽ ནང་བསྟན་ལ་འཇུག་པའི་ལམ་ཡིག
༣༦༽ སྐྱབས་འགྲོའི་ཁྲིད་ཡིག
༣༧༽ བཀའ་བརྒྱུད་པའི་ཕྱག་བཞེས་ཕྱོགས་སྒྲིག་ཆེན་མོ།
༣༨༽ གངས་ཅན་བོད་ཀྱི་མཛངས་མིའི་ལོ་རྒྱུས།
༣༩༽ དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་འབྱུང་།
༤༠༽ ཤེས་རབ་ཀྱི་མེ་ལྕེ།
༤༡༽ བོད་རེ་བ་ཅན།
༤༢༽ རྒོད་ཕུག་དགོན་གྱི་ལོ་རྒྱུས།
༤༣༽ རྩེ་བ་དགོན་གྱི་ལོ་རྒྱུས།
༤༤༽ འབྲི་གུང་ཆོས་མཛོད་ཆེན་མོའི་དཀར་ཆག
༤༥༽ གངས་ལྗོངས་སྐྱེས་མའི་ལོ་རྒྱུས།
༤༦༽ ཕྱག་ཆེན་ལྔ་ལྡན་གྱི་སྟོང་ཐུན།
༤༧༽ ཆོས་ལུགས་རྒྱུན་སྤྱོད་ཤེས་བྱ།
༤༨༽ དེང་རབས་ཆོས་ལུགས་པའི་སྨྱོ་གར།
༤༩༽ རྟགས་ཙམ་འཛིན་པའི་ཆོས་པའི་སྐྱོ་གར།
༥༠༽ ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་སོགས་དཔེ་དེབ་ཁག་ལྔ་བཅུ་ལྷག་བརྩམས་ཟིན་པ་མ་ཟད་༼དུས་དེབ༽ བོད་ལྗོངས་ཞིབ་འཇུག བོད་ལྗོངས་ནང་བསྟན། གངས་ལྗོངས་རིག་གནས། གངས་ལྗོངས་རྩོམ་རིག་སྒྱུ་སྩལ། སྤང་རྒྱན་མེ་ཏོག བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག བདག་པོ། གངས་ལྗོངས་གསོ་རིག་མྱུ་གུ་བཅས་དུས་དེབ་ཁག་མང་པོར་བརྩམས་ཆོས་སྤེལ་མྱོང་ལ། ཀློག་པ་པོ་དང་ཞིབ་འཇུག་པ་མང་པོས་བསྔགས་བརྗོད་ཐོབ་པ་མ་ཟད། ལྷག་ཏུ་སྙན་རྩོམ་༼སེམས་ཁོངས་ནས་བརྡོལ་བའི་གླུ་དབྱངས།༽ཞེས་པར་དམིགས་བསལ་གྱི་བྱ་དགའ་ཐོབ་ཡོད། ད་ལྟ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་དང་། བཀའ་བརྒྱུད་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་དང་རང་ལུགས་བསྟན་དགོངས་ཀྱི་འཆད་འཁྲིད་སོགས་རླབས་ཆེན་གྱི་བྱ་བཞག་གིས་དུས་འདའ་བའོ།།
དམ་པ་གང་ཉིད་ཀྱི་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་ཞིང་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།། ཅེས་པ་འདི་དམ་པ་གང་གི་ཞབས་རྡུལ་སྤྱི་བོར་ལེན་པ་དཀོན་མཆོག་ཉིན་བྱེད་ནས། ཉིས་སྟོང་བཅུ་བཞིའི་ས་ག་ཟླ་བའི་ཚེས་བརྒྱད་ལའོ།།
ཡོང་ཁུངས། ཁ་བརྡ།