མང་མཁར་ཐུབ་བསྟན་དགེ་འཕེལ་དགོན་གྱི་ལོ་རྒྱུས་རགས་བསྡུས།

དཔལ་ལྡན་ཚར་པའི་གདན་ས་ཆེན་མོ་མང་མཁར་ཐུབ་བསྟན་དགེ་འཕེལ་དགོན་གྱི་ལོ་རྒྱུས་ངོ་སྤྲོད་རགས་བསྡུས།

 

༄༅། །དཔལ་ལྡན་ཚར་པའི་གདན་ས་ཐུབ་བསྟན་དགེ་འཕེལ་དགོན་ནི་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་ནས་ནུབ་ཕྱོགས་སུ་ཞག་གཅིག་བགྲོད་པའི་ས་ན་དཔལ་ས་སྐྱའི་གསུང་ངག་ལམ་འབྲས་འཆད་སྤེལ་གནང་སའི་གནས་མུ་གུ་ལུང་དང་ཉེ་བ། སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས། ལུང་ལྔ་གླིང་གཅིག་ལྗོངས་གསུམ་གངས་ཉི་ཤུ༔ ཅེས་པ་སློབ་དཔོན་པདྨས་བྱིན་གྱིས་རླབས་པའི་གནས་གངས་ཉི་ཤུའི་ཡ་གྱལ་ལྷ་རྒོད་གངས་རིའི་འདབས་གཞོལ་རི་བོའི་སྤོར་ཆགས་ཡོད།

དབེན་གནས་དམ་པ་འདི་ནི་ཐོག་མར་རྗེ་བཙུན་གོང་མ་རྣམ་ལྔའི་ཡ་གྱལ་ས་པཎ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གྱི་གཟིམས་ཁང་ཡིན་ཅིང་། དེའི་རྗེས་སུ་ཀུན་མཁྱེན་གོ་རམ་པ་བསོད་ནམས་སེངྒེའི་ཞལ་སློབ་ཆོས་རྗེ་བསོད་ནམས་དཔལ་འབྱོར་གྱིས་རྒྱ་འགྱེད་གནང་བ་དང་ཚར་ཆེན་ཆོས་ཀྱི་རྒྱལ་པོས་ཆོས་འཁོར་རྒྱ་ཆེར་སྤེལ་ནས་འདུས་ཚོགས་ཡང་རྒྱ་ཆེར་སྤེལ་ད་བར་ལོ་ངོ་༨༠༠ལྷགས་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ལ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་སོགས་པ་རྣམས་ཀྱི་ཚར་ཆེན་གྱི་གདན་ས་ཡིན་པར་ངོས་འཛིན་གནང་ཡོད།

འདིར་རྟེན་གཙོ་ཚར་ཆེན་བློ་གསལ་རྒྱ་མཚོའི་སྐུ་བརྙན་ང་འདྲ་གསུང་བྱོན་མ་དང་། ཐུབ་དབང་ལྷ་ཕེབས་མ། བ་གསོ་ལས་གྲུབ་པའི་མཁའ་སྤྱོད་མ། འཇམ་མགོན་ཨ་མྱེས་ཞབས་ཀྱིས་ཕྱག་བཟོ་ལས་གྲུབ་པའི་ཞིང་སྐྱོང་ཡབ་ཡུམ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་ཆ་ལུང་རྡོ་རྗེའི་བྲག་རྫོང་ནས་གཏེར་ལ་བཞེས་པའི་སིལ་སྙན་དང་ནམ་ལྕགས་རྩེ་དགུ་པ་། བླ་མ་བཟང་ཚ་བསོད་ནམས་རྒྱལ་མཚན་གྱི་ཕུག་པའི་མདུན་ནས་གཏེར་དུ་བཞེས་པའི་གནས་བརྟན་བཅུའི་རང་བྱོན་ལྡན་པའི་ཆོས་དུང་། རྗེ་ཉིད་ཀྱི་ཕྱག་རྗེས་ཀྱི་ཞལ་ཐང་། གསེར་བྲིས་ཀྱི་བརྒྱད་སྟོང་པ། སྟོན་པའི་མཛད་བཅུའི་ཞལ་ཐང་སོགས་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་དག་བཞུགས་སུ་གསོལ་ཡོད།

མཁན་ཐོགས་རིམ་བྱོན་ནི། དགེ་འཕེལ་མཁན་ཆེན་བྱམས་པ་ཤེས་རབ་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཁམ་པ་སངས་རྒྱས་རྡོ་རྗེ། མི་ཉག་མགོན་པོ་འོད་ཟེར། ཆོས་རྗེ་བྲག་ཆོས་པ། ཕུ་མ་དབུ་མཛད་ཚུལ་ཁྲིམས་སོགས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། འཇམ་དབྱང་མཁྱེན་རྩེ་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ།    པན་ཆེན་ངག་དབང་ཆོས་གྲགས་སོགས།  དེ་ནས་རིག་གནས་གསར་བརྗེ་མ་ཤར་བར་དུ་ན་མ་ལྷ་ཁང་གི་མཁན་ཆེན་དང་གཞུང་གཉེར་མཁན་ཆེན་ཆོས་སྒོ་བ་བྱམས་པ་ཤེས་རབ་སོགས་དང་ད་ལྟའི་མཁན་ཆེན་ཚར་པ་མཁན་ཆེན་ཀུན་དགའ་རྒྱན་མཚན་ཡིན།   དེ་ནས་དཔལ་ལྡན་ས་སྐྱའི་མཁན་ཆེན་འཇམ་དབྱངས་བློ་གསལ་བཟང་པོ། མཁན་ཆེན་བྱམས་པ་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་བསོད་དགེ། མཁན་ཆེན་བྱམས་པ་མཐུ་སྟོབས་སེངྒེ་བཅས་རིམ་པར་ཞབས་ཀྱི་བཅགས་ནས་སྐལ་ལྡན་གྱི་སློབ་མ་མང་དག་སྨིན་གྲོལ་ལ་བཀོད་པར་མཛད།

སྔོན་འདུ་ཁང་ཀ་བ་བཅུ་གཉིས་དང་ཚར་ཆེན་ལྷ་ཁང་ན་མ་ལྷ་ཁང་སོགས་ཁྱོན་ལྷ་ཁང་བཅུ་ཙམ་ཡོད་དགེ་འདུན་ཡང་ལྔ་བརྒྱ་ལྷག་ཡོད། ཆོ་ག་ཕྱག་ལེན་ནི། ཚེས་བཅུ། ལྷ་བསངས། རྒྱ་བཞི། བསྟན་གསོལ། ཀུན་རིག །ཚར་ལུགས་བསྐང་གསོ། མཁའ་སྤྱོད་སོགས་ཡིན། དགོན་ལྷག་ལྔ་ཙམ་ཡོད། དགོན་འདིའི་སྒྲུབ་ཁང་ཁག་ནི། ཤར་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། བྱང་སེམས་ཟླ་བ་རྒྱལ་མཚན། ཚར་ཆེན་སོགས་ཀྱི་བྱིན་གྱིས་རླབས་པའི་གནས་ས་སྐྱའི་མི་འགྱུར་བའི་ཟེར་བཞིའི་ཡ་གྱལ་ཆ་ལུང་རྡོ་རྗེའི་བྲག་རྫོང་། ཡན་ལག་བརྒྱད་ལྡན་གྱི་སྒྲུབ་ཆུ་བྱིན་ཅན། ལྷ་རྒོད་གངས་ཀྱི་རྭ་བ། ནུབ་ཏུ་བླ་མ་བཟང་ཚ་བསོད་ནམས་རྒྱལ་མཚན་གྱི་སྒྲུབ་ཁང་སྟེ་བཟང་ཕུག་ཏུ་གྲགས་པ། ཆོས་དུང་གཏེར་བཞེས་ཀྱི་ས་ཞིང་དུང་བདག་མ། དེ་ནས་ཡར་ཙམ་བྱོན་ན་འཇམ་མགོན་ཨ་མྱེས་ཞབས་ཀྱི་གཙོས་གོང་མ་རིམ་བྱོན་རྣམས་དང་། པཎ་ཆེན་སྐུ་ཕྲེང་དགུ་པ་སོགས་ཀྱིས་ཆབ་བཞེས་གནང་མྱོང་ཤིང་བྱིན་གྱིས་རླབས་པའི་གནས་མང་མཁར་ཆུ་ཚན་བཅས་ཡོད་དོ། འདི་དག་ནི་མཚོན་ཙམ་ལས་རྒྱས་པར་འདོད་ན་དགོན་པའི་ལོ་རྒྱུས་སྟེང་དུ་གཟིགས་པར་བྱའོ།། །།

 

བརྒྱུད་སྐུལ།

མཆན་སྤེལ།