མངའ་རིས་ནས་གནའ་རྫས་རྙེད་སོན་བྱུང་བ།

མངའ་རིས་ནས་གནའ་རྫས་རྙེད་སོན་བྱུང་བ།

བོད་ལྗོངས་ནུབ་རྒྱུད་ས་མཐོའི་དར་གོས་འགྲུལ་ལམ་དུ་གནའ་རྫས་དཔྱད་ཞིབ་བྱས་ནས་རིག་དངོས་ཤུལ་བཞག་གལ་ཆེན་གསར་དུ་རྙེད་པ་དང་། དེ་ཡང་བོད་སྐྱོར་གྱི་མིང་བཏགས་པའི་རྒྱ་ནག་གི་གནའ་རྫས་རྟོག་ཞིབ་ཚན་པ་ཞིག་གིས་བོད་མངའ་རིས་ནས་གནའ་བོའི་བང་སོ་གྲངས་ ༩ བསྔོགས་འདོན་བྱས་ཏེ་གནའ་རྫས་རིགས་མང་པོ་ཞིག་རྙེད་སོན་བྱུང་ཡོད་འདུག

མི་དམངས་དྲ་བར་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་བ་ ༡ ཚེས་༢༨ ཉིན་རྒྱ་ནག་ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཚན་པ་ཞིག་གིས་ཕྱིར་བསྒྲགས་བྱས་པར་གཞིགས་ན། བོད་མངའ་རིས་རྩ་མདའ་རྫོང་གོམ་སྲུལ་ལ་མགོ་ཞེས་པའི་གནའ་བོའི་བོད་ཀྱི་དར་གོས་ཚོང་ལམ་ཞིག་ནས་བང་སོ་གྲངས་ ༩ གསར་རྙེད་བྱུང་སྟེ་སྔོག་འདོན་བྱས་པའི་བང་སོ་དེ་དག་གི་ནང་ནས་རྫ་ཆས་དང་། རྡོ་ཆས། དེ་བཞིན་ཟངས་རྒྱུ་དང་། ལྕགས་རྒྱུ། ཤེལ་སྒོ། ཤིང་རྒྱུ། པེ་རྒྱན་སོགས་དང་། གཞན་ཡང་པགས་རིགས་བཅས་ལས་བཟོས་པའི་དངོས་རྫས་རིགས་ ༣༠༠ ལྷག་དང་། མི་དང་སྲོག་ཆགས་ཀྱི་རུས་པ་གྲངས་ ༡༠༠ ལྷག་ཙམ་འཚོལ་སྡུད་རྙེད་སོན་བྱུང་ཡོད་འདུག

བང་སོ་དེ་དག་ལས་གྲངས་ ༨ ས་དུང་རྡོ་ཁང་དང་། བང་སོ་གཅིག་ནི་མཉམ་དུ་སྦས་པའི་ས་དུང་ཡིན་ཞིང་། བང་སོ་ནས་རྙེད་པའི་དངོས་རྫས་དག་ལ་གནའ་རྫས་རྟོག་ཞིབ་པས་ཞིབ་འཇུག་བྱས་འབྲས་སུ། བང་སོ་དེ་དག་སྤྱི་ལོའི་སྔོན་གྱི་དུས་རབས་ ༣ པ་ནས ༧ པ་བར་དྲུས་པའི་བང་སོ་ཡིན་པ་དང་། བང་སོ་དེ་དག་ལས་གཅིག་ནི་དུས་རབས་ཅུང་ཕྱི་བའི་རྒྱ་ནག་ཧན་དང་ཅིན་རྒྱལ་རབས་སྐབས་སུ་བྱུང་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཆེད་མངགས་བཏང་བའི་བོད་ཁུལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་མགོ་འཁྲིད་ཀྲང་ཅན་ལིན་གྱིས་ས་འོག་ནས་ཐོན་པའི་རིག་དངོས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རིགས་འདེད་རགས་ཙམ་བྱས་པ་ལྟར་ན། བང་སོ་དེ་དག་གི་གྲུབ་ཚུལ་དང་། དུར་སར་འཇུག་སྲོལ། དུར་རྫས་སོགས་ཀྱི་ཁྱད་ཆོས་ལ་བྱང་རྒྱུད་རྩྭ་ཐང་རིག་གནས་ཀྱི་ཁྱད་ཆོས་མངོན་ཡོད་པ་དང་། ས་ཁུལ་དེ་དང་ཨེ་ཤེ་ཡའི་དབུས་རྒྱུད་དང་། ཨེ་ཤ་ཡ་ལྷོ་རྒྱུད། ཤིན་ཅང་སོགས་ཀྱི་བར་གནའ་སྔ་མོ་ནས་རིག་གནས་སྤེལ་རེས་དང་འབྲེལ་འདྲིས་བྱུང་ཡོད་པ་གསལ་རྟོགས་ཐུབ་པ་ཡོད་པར་བརྟེན། བང་སོ་འདི་དག་ནི་བོད་ཡུལ་ས་མཐོའི་དར་གོས་ཚོང་ལམ་གྱི་རིག་དངོས་ཤུལ་བཞག་གལ་ཆེན་ཞིག་རེད། ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་ཧྲན་ཞི་ཞིང་ཆེན་བོད་སྐྱོར་གནའ་རྫས་རྟོག་ཞིབ་སྡེ་ཚན་ཞེས་པ་ཞིག་བོད་ཁུལ་དུ་ཆེད་མངགས་བྱས་ཏེ་གནའ་རྫས་ཁག་ལ་རྟོག་ཞིབ་བྱེད་དུ་འཇུག་གི་ཡོད་པ་དང་། བོད་སྐྱོར་གྱི་མིང་བཏགས་པའི་གནའ་རྫས་རྟོག་ཞིབ་ཚན་པ་དེས་ཕྱི་ལོ་ ༢༠༡༧ ལོར་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་གནའ་རྫས་རིགས་འདྲ་མིན་འཚོལ་བསྡུ་བྱས་ཡོད་འདུག་པ་བཅས་སོ།།

 

 

བརྒྱུད་སྐུལ།

མཆན་སྤེལ།