མངའ་རིས་ནས་བོད་ཀྱི་བང་སོ་སྔ་ཤོས་དེ་རྙེད་འདུག

   བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སའོ་དང་། ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་རྩྭ་མདའ་རྫོང་གླང་ཆེན་ཁ་འབབ་ཀྱི་ཆུ་ལག་གསང་མདའ་གཙང་པོའི་འགྲམ་གྱི་གད་པ་གསེར་མདའ་གནའ་ཤུལ་དང་གླང་ཆེན་ཁ་འབབ་བར་རྒྱུད་ཀྱི་འབྲེལ་ཡོད་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་བྱེད་སྐབས་ད་བར་ཤེས་རྟོགས་ཐུབ་པའི་བོད་ཀྱི་བང་སོ་སྔ་ཤོས་དེ་རྙེད་འདུག

 

        བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སོའོ་གནའ་རྫས་རྟོག་ཞིབ་ཀྱི་ཆེད་ལས་མཁས་དབང་ཤར་རྒན་དབང་འདུས་ཀྱིས་ཚེས་ ༩ ཉིན་གྱི་ལོ་འཁོར་གྱི་ལས་སྒོའི་ལས་དོན་སྤྱི་དམངས་ལ་མཉམ་སྤྱོད་བྱེད་པའི་སྙན་ཞུའི་ནང་ངོ་སྤྲོད་བྱས་པར། འགྱེད་འཕྲོའི་རང་བཞིན་གྱི་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ས་ཁོངས་དེའི་བང་སོ་ལོ་རབས་ཁག་གཉིས་ལ་དབྱེ་བ་སྟེ། ད་བར་ལོ་ ༣༥༦༠ ནས་ལོ་ ༣༠༠༠ བར་དང་། ད་བར་ལོ་ ༢༣༡༠ ནས་ལོ་ ༢༡༢༧ བར་ཡིན།  སྔ་མོའི་བང་སོ་མང་ཆེ་བ་ནི་རྡོ་ཁང་ལས་གྲུབ་པ་དང་ཕྱིས་སུ་ས་ཁང་ལས་གྲུབ་པ་ཡིན།
       ངོ་སྤྲོད་བྱས་པར་གཞིགས་ན།  ད་ཐེངས་ཀྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་ལས་རྫ་རྒྱུ་དང་། རྡོ་རྒྱུ། རུས་རྒྱུ། ཟངས་རྒྱུ། ལྕགས་རྒྱུ། ཤིང་རྒྱུ། ཤེལ་སྒོ། པགས་པ་སོགས་གནའ་ཤུལ་སྣ་ཚོགས་ ༣༠༠ ལྷག་ཙམ་ཤེས་རྟོགས་བྱུང་བ་དང་། མི་རུས་དང་སྲོག་ཆགས་ཀྱི་རུས་སྒྲོམ་ཁག་གཅིག་འཚོལ་བསྡུ་བྱས་པ་དང་ཤིང་རུལ་དང་། སོལ་བ། སྐྱེ་དངོས་ཀྱི་སོན་སོགས་ཀྱི་མ་དཔེ་ ༢༠ ལྷག་ཙམ་འཚོལ་བསྡུ་བྱས་འདུག
       གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱེད་རིང་། གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་ཤུལ་ཚང་མར་མཁའ་ཐོག་པར་ལེན་དང་དཔེ་དབྱིབས་བཟོས་པར་མ་ཟད། དེའི་ནང་གི་བང་སོའི་གནའ་ཤུལ་གཅིག་གི་མགོ་རུས་དང་མགོ་རྒྱན་ལ་རྡོ་རྒྱུ་དཀར་པོས་ཐུམ་བརྒྱབ་སྟེ་སླད་ཕྱིན་ཚོད་ལྟ་ཁང་དུ་མགོ་རུས་དང་། དེ་བཞིན་མགོ་རྒྱན་ལ་དེ་བས་ཚན་རིག་དང་མཐུན་པའི་གཙང་བཤེར་བྱས་ཏེ་སླར་གསོའི་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། 

བརྒྱུད་སྐུལ།

མཆན་སྤེལ།