མངའ་རིས་ནས་རྙེད་པའི་མངའ་བདག་རྩེ་ལྡེའི་བཀའ་ཤོག་ལ་དཔྱད་པ།

མངའ་རིས་ནས་རྙེད་པའི་མངའ་བདག་རྩེ་ལྡེའི་བཀའ་ཤོག་ལ་དཔྱད་པ།

མངའ་རིས་ནས་རྙེད་པའི་མངའ་བདག་རྩེ་ལྡེའི་བཀའ་ཤོག་ལས་མངོན་པའི་བོད་ཡིག་འཕེལ་འགྱུར་ལ་དཔྱད་པ།

རྩོམ་པ་པོ། ཁ་སྒང་བཀྲ་ཤིས་ཚེ་རིང་། ཧའེ་ཁྲུན་ཧྲེང་།

[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་མངའ་རིས་ས་ཁུལ་ནས་རྙེད་སོན་བྱུང་བའི་མངའ་བདག་རྩེ་ལྡེའི་བཀའ་ཤོག་དེ་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ནས་བསྟན་པ་ཕྱི་དར་བར་གྱི་དུས་ཡུན་རིང་པོའི་ནང་བོད་ཀྱི་ཡི་གེར་འཕེལ་འགྱུར་ཇི་ལྟར་བྱུང་ཚུལ་དང་། སྐབས་དེའི་བོད་ཀྱི་ཡི་གེའི་འབྲི་སྲོལ། བརྡ་སྤྲོད་ཀྱི་སྤྱོད་སྟངས་ཇི་ལྟ་བུ་ཡིན་པ་བཅས་ཤེས་བྱེད་ཀྱི་དཔྱད་གཞི་རིན་ཐང་བྲལ་བ་ཞིག་ཡིན་ཚུལ་བཀའ་ཤོག་དངོས་དང་དེ་བཞིན་འབྲེལ་ཡོད་ཁུངས་བཙུན་གྱི་དཔྱད་ཡིག་ལ་གཞི་བཅོལ་ཏེ་གླེང་བརྗོད་བགྱིས་ཡོད།

[བརྡ་ཆད་གཙོ་བོ།] བཀའ་ཤོག མངའ་བདག་རྩེ་ལྡེ། བོད་ཡིག་འཕེལ་འགྱུར།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)02-024-13

 

 གླེང་གཞི།

 

སྤྱི་ལོ་༨༤༢ལོ་ཙམ་ནས་བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་དང་། དུས་དེ་ནས་མངའ་བདག་རྩེ་ལྡེའི་དུས་བར་མི་ལོ་སུམ་བརྒྱར་ཉེ་བའི་ལོ་རྒྱུས་རིང་མོ་བརྒྱུད་ཡོད་ཅིང་། དུས་སྐབས་དེར་བོད་ཀྱི་ནང་བསྟན་རིག་གཞུང་ཕྱོགས་ཡོངས་ནས་དར་འཕེལ་བྱུང་ཡོད་པ་མ་ཟད། བཙན་པོའི་རྒྱལ་རབས་ཀྱི་སྐབས་ལས་ལྷག་པའི་མཁས་པའི་དཔུང་སྡེས་བོད་ཡུལ་སྟོད་སྨད་ཀུན་ལ་ཁྱབ་པ་ལྟ་བུའི་དུས་སྐབས་ཤིག་ཆགས་ཡོད། ཡིན་ན་ཡང་། དུས་སྐབས་དེའི་བསྟན་བཅོས་མང་པོ་ཞིག་ལ་རྗེས་སུ་བསྐྱར་བཅོས་ཐེངས་མང་བྱས་དབང་གིས་སྐབས་དེའི་ཡི་གེའི་ཁྱད་ཆོས་ཇི་ལྟ་བུ་ཡིན་པར་ད་ལྟ་མཛུབ་མོ་བཙུགས་ནས་ངོས་འཛིན་ཆོག་པའི་དཔྱད་གཞི་ཡིད་བརྟན་འཕེར་བ་ཤིན་ཏུ་དཀོན་པས། མང་པོ་ཞིག་གིས་དུས་སྐབས་དེའི་ཡི་གེའི་འཕེལ་རིམ་གྱི་རྣམ་པ་ངེས་ཅན་ཇི་ལྟ་བུ་ཞིག་ཡིན་པར་ཁ་ཚོན་གཅོད་མ་ཐུབ་པར་ལུས་ཡོད། དེས་ན་མངའ་རིས་ས་ཁུལ་ནས་རྙེད་པའི་མངའ་བདག་རྩེ་ལྡེའི་བཀའ་ཤོག་འདི་ནི་ཕྱིས་ཀྱི་མཁས་པའི་སྨྱུག་རྩེས་བཅོས་བསླད་མ་ཕོག་པ་ཞིག་སྟེ། བོད་བཙན་པོའི་དུས་ནས་བསྟན་པ་ཕྱི་དར་བར་གྱི་དུས་སྐབས་རིང་མོའི་ནང་བོད་ཀྱི་ཡི་གེར་འཕེལ་འགྱུར་ཇི་ལྟར་བྱུང་ཚུལ་དང་། སྐབས་དེའི་བོད་ཀྱི་ཡི་གེའི་འབྲི་སྲོལ་དང་བརྡ་སྤྲོད་ཀྱི་སྤྱོད་སྟངས་ཇི་ལྟ་བུ་ཡིན་པ་གསལ་བའི་ཤོག་དྲིལ་རིན་ཐང་བྲལ་བ་ཞིག་རེད།

བཀའ་ཤོག་འདིར་ཁྱོན་བསྡོམས་ཐིག་ཕྲེང་བཅུ་གཅིག་ཡོད་ཅིང་། བཀའ་ཤོག་གི་ནང་དོན་རགས་བསྡུས་ཤིག་བཀོད་ན། འབངས་དྲི་མེད་ཤེས་རབ་ཀྱི་ཕ་མེས་རྣམས་ནི་མངའ་རིས་རྒྱལ་པོ་རིམ་བྱོན་ལ་བློ་དཀར་ཞིང་ལོག་པའི་སེམས་སྤང་པ་ཞིག་ཡིན་ལ། ད་ལྟའང་རྗེས་རབས་པ་རྣམས་ཀྱིས་སྔོན་མ་ནང་བཞིན་རྒྱལ་སྲིད་ཀྱི་ཞབས་འདེགས་ལ་འབད་ཅིང་ལོག་སེམས་ཅི་ཡང་མེད་པས། བླ་ནས་བཀའ་དྲིན་གྱིས་སྐྱོང་བའི་ཡུལ་དུ་གྱུར་ཏེ་བཀས་གནང་བའི་རྩ་དོན་འདི་ལྟ་སྟེ། སྔར་ཁོ་རང་གི་ལག་ཏུ་ཡོད་པའི་དཀོར་ནོར་ཅི་ཡོད་དང་། ཞིང་ཐང་། ཁོ་བོའི་ཕ་མེས་ཀྱི་རིང་ལ་དབང་བའི་བཀའ་རྟགས་ཀྱི་ཡི་གེར་གསལ་བའི་ཁ་སྣོན་གྱི་ཞིང་ས་དང་། འབྲོག་ཁུལ། ས་ཆ་སོགས་ལག་ཏུ་ཡོད་པ་ཀུན་ཡུན་ནས་ཡུན་དུ་ཁ་སྣོན་དུ་བཀས་གནང་བ་ཡིན་པས། དེར་ཕུ་ནུ་བུ་རྒྱུད་རྣམས་དང་། ཤ་ཉེ་རིང་སུ་དང་གང་གིས་བསྙད་འདོགས་པ་སོགས་ཐབས་སྣ་ཚོགས་ཀྱིས་འཕྲོག་ལེན་བྱེད་མི་ཆོག་པ་དང་།  སྤྱི་སྒོས་ཡིད་ཆེས་པའི་རྟགས་སུ་བཙན་པོའི་ཕྱག་རྒྱ་འཆང་དུ་བསྩལ་བ་ཡིན་ཞེས་པ་ལྟར་ཡིན། མགོ་མཇུག་ཚང་བའི་བཀའ་ཤོག་འདིར་སྐབས་དེའི་ཆབ་སྲིད་ཀྱི་ལམ་ལུགས་དང་སྤྱི་ཚོགས་ཀྱི་སྲོལ་ལུགས་སོགས་ཀྱི་ཐད་ནས་དཔྱད་རིན་ཆེ་བ་གོར་མ་ཆག་ཀྱང་། རྩོམ་ཡིག་འདིར་གཙོ་བོ་བཀའ་ཤོག་གནང་དུས་དང་བཀའ་ཤོག་ལས་མངོན་པའི་སྔོན་གྱི་ཡི་གེ་འགོད་ཚུལ་གྱི་རྣམ་པ་དང་། བོད་ཀྱི་ཡི་གེར་འཕེལ་འགྱུར་ཇི་ལྟར་བྱུང་ཚུལ་བཅས་དང་འབྲེལ་བའི་སྐོར་རགས་ཙམ་ཞིག་གླེང་བར་འདོད་དེ།

 

        དང་པོ། བཀའ་ཤོག་གནང་མཁན་ལྷ་བླ་མ་ཞི་བ་འོད་དང་རྩེ་ལྡེ་རྩན་བྱོན་དུས་ཀྱི་སྐོར།   

 

བཀའ་ཤོག་གི་ཐིག་ཕྲེང་དང་པོའི་ནང་། “  x  x  xགི་ལོ་རྒུན་སླ་ར་བ་ Xལ། ལྷ་བླ་མ་ཞི་བ་འོད་ཀྱི་ཞ་སྔ་ནས་དང་།  མངའ་བདག་ཆེན་པོ་རྩེ་ལྡེ་རྩན་གྱི་ཞ་སྔ་ནས་”ཞེས་བཀའ་ཡིག་འདི་ནམ་བྱུང་ཐད་ཀྱི་ལོ་ཁམས་ངེས་ཅན་བཀོད་ཡོད་ཀྱང་། དུས་ཡུན་རིང་པོ་སོང་བའི་རྐྱེན་གྱིས་ཡི་གེ་མི་གསལ་བར་གྱུར་ནས་ད་ལྟ་ལོ་ཚིགས་གང་ཡིན་ཤེས་རྟོགས་དཀའ་བའི་གནས་སུ་ལུས་ཡོད། ཡིན་ན་ཡང་། བཀའ་ཡིག་གནང་མཁན་གྱི་རྒྱལ་པོ་ཞི་བ་འོད་དང་རྩེ་ལྡེ་རྩན་དུ་གྲགས་པ་དེ་གཉིས་ནི། གུ་གེའི་རྒྱལ་སྲིད་རིམ་བྱོན་གྱི་ཐོག་མ་ལྷ་བླ་མ་ཡེ་ཤེས་འོད་དང་། དེ་ནས་འཁོར་རེ། ལྷ་ལྡེ། བཀྲ་ཤིས་ལྡེ། ཞི་བ་འོད། རྩེ་ལྡེ་བཅས་རིམ་པར་བགྲངས་པའི་རྒྱལ་པོ་རྗེས་མ་གཉིས་ཀྱི་མཚན་ཡིན། རྒྱལ་པོ་དེ་གཉིས་ཀྱི་འཁྲུངས་ལོ་ངེས་ཅན་ལོ་རྒྱུས་ཡི་གེར་འཁོད་མེད་ཀྱང་། ལྷ་བླ་མ་ཞི་བ་འོད་ཀྱི་འདས་ལོའི་སྐོར་ལ་《མངའ་རིས་རྒྱལ་རབས་》ལས། “ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མེ་ཕོ་ཁྱི་ལོ་ལ་མངའ་རིས་སུ་དམ་པའི་ཆོས་དར་བ་བཀའ་སྩལ་ནས་ལོ་བརྒྱ་ཉི་ཤུ་རྩ་དྲུག་སོང་། ལྷ་བཙུན་པ་ཞི་བ་འོད་གྲོངས་པའི་ལོ། ལྕགས་མོ་ཡོས་ཡན་ཆོད་ལ། སངས་རྒྱས་མྱ་ངན་ལས་འདས་ནས་བསྟན་པ་ལོ་ལྔ་བརྒྱ་པ་ཕྲག་བཅུར་གནས་པའི་སྟེང་ནས་ལོ་གསུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་བཞི་སོང་”①ཞེས་བྱུང་བའི་ལྕགས་མོ་ཡོས་ལོ་ནི། ལྷ་བཙུན་པ་ཞི་བ་འོད་གྲོངས་པའི་ལོ་སྟེ། སྤྱི་ལོ་༡༡༡༡ལོར་འཁེལ་གྱི་ཡོད། ལོ་ཚིགས་འདི་གཞིར་བཟུང་ནས་ལུགས་ལྡོག་གིས་བརྩིས་ན། ལྷ་བཙུན་པ་ཞི་བ་འོད་རབ་ཏུ་བྱུང་བའི་ལོ་དང་། ཁོང་གི་གཅེན་པོ་འོད་ལྡེ་སྐུ་གཤེགས་པའི་ལོ། འོད་ལྡེའི་སྲས་མངའ་བདག་རྩེ་ལྡེ་རྒྱལ་སྲིད་ལ་བཞུགས་པའི་ལོ་བཅས་ཤེས་ཐུབ་སྟེ།  《མངའ་རིས་རྒྱལ་རབས་》 ལས།“གཅུང་པོ་སྲོང་ལྡེ་ནི་མེ་ཕོ་སྤྲེའུ་ཡི་ལོ་ལ་རབ་ཏུ་བཤེགས་ཏེ་ཞི་བ་འོད་དུ་མཚན་གསོལ་ནས་ལོ་བཞི་བཅུ་རྩ་གཅིག་བཞུགས་”ཞེས་བྱུང་བའི་མེ་ཕོ་སྤྲེའུ་ནི། ཞི་བ་འོད་རབ་ཏུ་བྱུང་བའི་ལོ་སྟེ། སྤྱི་ལོ་༡༠༧༠ལོ་ཡིན་པ་རྟོགས་ཐུབ་པ་དང་། ཡང་《མངའ་རིས་རྒྱལ་རབས་》ལས། “ཁོང་གཅེན་འདས་ནས་སུམ་ཅུ་རྩ་བཞི་བཞུགས་”ཞེས་པ་ནི་ཁོང་གི་གཅེན་པོ་འོད་ལྡེས་བྲུ་ཤར་དམག་བྱས་པར་ཕམ་ཉེས་བྱུང་སྟེ།  བཙོན་དུ་ཡུན་རིང་བཞུགས་པ་ནས་སྐུ་གཤེགས་པའི་ལོ་སྟེ། སྤྱི་ལོ་༡༠༧༧ལོ་ཡིན་པ་ཤེས་ཐུབ་པ། ཡང་དེ་ལས། “དེའི་ཚེ་དབོན་མངའ་བདག་རྩེ་ལྡེ་དང་། མོ་ལ་སྡུམས་གཅིག་ཏུ་མཛད་ནས་ཡབ་མེས་འཕྲུལ་བག་ཅན་གྱི་མཛད་སྤྱོད་བཟང་པོའི་སྲོལ་ལ་བརྟེན་པ་དང་། བསྟན་པ་ཡུན་རིང་དུ་གནས་ཞིང་དར་བར་མཛད་པའི་ཕྱིར། དམ་པའི་ཆོས་བསྒྱུར་བར་མཛད་ཅིང་། དཀོན་མཆོག་གསུམ་གྱི་རྟེན་བཙུགས། སྔར་བོད་ཀྱི་མཁས་པ་མང་པོ་སྤྱན་དྲངས་ནས་ཞབས་ལ་སྟུགས་ཏེ། ཆོས་མང་དུ་གསན་ནས་སེམས་ཅན་ཐམས་ཅད་ལ་དགེ་ལེགས་སྒྲུབ་པའི་ཕྱིར་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་རྫོགས་པར་མཛད་དོ་”②ཞེས་བྱུང་བ་ནི་མངའ་བདག་རྩེ་ལྡེའི་ཡབ་སྐུ་གཤེགས་པའི་ལོ་སྟེ། སྤྱི་ལོ་༡༠༧༧ལོར་ཁོང་ཉིད་རྒྱལ་ཚབ་ཏུ་དབང་བསྐུར་ཏེ་སྲིད་དབང་དངོས་སུ་འཛིན་པ་ཡིན་ཚུལ་བསྟན་པ་བཅས། དེ་ལྟར་ལྷ་བཙུན་པ་ཞི་བ་འོད་ཀྱི་གྲོངས་ལོ་ནི་སྤྱི་ལོ་༡༡༡༡ལོར་འཁེལ་ཞིང་། ཁོང་གི་སྐུ་ཚ་མངའ་བདག་རྩེ་ལྡེ་རྒྱལ་སྲིད་ལ་བཞུགས་དུས་ནི་ཁོང་གི་གཅེན་པོ་འོད་ལྡེ་སྐུ་གཤེགས་པར་ངོས་འཛིན་དགོས་པ་ཡང་《མངའ་རིས་རྒྱལ་རབས་》 ལས།  “ཁོང་གཅེན་འདས་ནས་སུམ་ཅུ་རྩ་བཞི་བཞུགས་” ཞེས་བྱུང་བ་འདིས་ཤེས་ཐུབ།

མངའ་བདག་རྩེ་ལྡེ་ནི་སྟོད་ཀྱི་མགོན་གསུམ་གྱི་རྒྱུད་པ་མངའ་བདག་བང་ཆུབ་འོད་ཀྱི་གཅེན་པོ་འོད་ལྡེའི་སྲས་ཡིན། རྒྱལ་པོ་འདི་ལ་མཚན་མི་འདྲ་བ་དུ་མ་ཡོད་པ་ཡང་གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས། “མངའ་བདག་ཁྲི་བཀྲ་ཤིས་འོད་ལྡེ་བཙན་ལ་སྲས་གསུམ་སྟེ། སོ་ལོན་ཚ་བཙན་སྲོང་།  ཆོ་ཆེན་ཚ་རྩེ་ལྡེ། ལྡོང་རྩ་ཁྲི་སྲོང་། མཚན་གྲགས་མཚན་ལྡེ་ཡང་ཟེར་རོ། །ཆེ་བ་བཙན་སྲོང་ནི་པུ་ཧྲངས་ལ་མངའ་མཛད། བླ་ཆེན་རྩེ་ལྡེ་ནི་གུ་གེ་ལ་མངའ་མཛད་དོ་”③ཞེས་མངའ་བདག་རྩེ་ལྡེའི་མཚན་ཧྲིལ་པོར་ཆོ་ཆེན་ཚ་རྩེ་ལྡེའམ་བླ་ཆེན་རྩེ་ལྡེ་ཞེས་གསུངས་པ་ལྟར་དང་། གཞན་ཡང་། 《མངའ་རིས་རྒྱལ་རབས་》ལས། “མངའ་བདག་འོད་ལྡེ་བཙན་ལ་སྲས་གསུམ་སྟེ་སོ་སོ་བློག་རྩ་བཙན་སྲོང་། ཕྱེ་ཚ་རྩེ་ལྡེ། ལྡེ་རྩ་ཁྲི་སྲོང་ལྡེ་གྲགས་བཙན་ལྡེ་ཡང་ཟེར། དེ་ལ་པུ་ཧྲངས་ཀྱི་མངའ་མཛད་ནི་བཙན་སྲོང་། གུ་གེའི་མངའ་མཛད་ནི་རྩེ་ལྡེ་”④ཞེས་རྩེ་ལྡེའི་མཚན་གཞན་ལ་ཕྱེ་ཚ་རྩེ་ལྡེ་ཞེས་བྱུང་བ་ལྟར་དང་། དེ་བཞིན་བཀའ་ཤོག་འདིར་མངའ་བདག་ཆེན་པོ་རྩེ་ལྡེ་རྩན་ཞེས་བྱུང་བ་ལྟར་ཡིན། རྒྱལ་པོ་འདི་ནི་དམ་པའི་ཆོས་ལ་མཛད་རྗེས་ཆེ་བ་ཞིག་ཡིན་ཚུལ་《དུང་དཀར་ཚིག་མཛོད་ཆེན་མོ་》ལས། རྒྱལ་པོ་འདིས་“རབ་བྱུང་དང་པོའི་མེ་འབྲུག་( ༡༠༧༦) ལོར་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་མངའ་རིས་སུ་འདུས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་བླ་ན་མེད་པ་མཛད་པ་མ་ཟད། རྒྱ་གར་ནས་བྱོན་པའི་པཎྜི་ཏ་དེ་རྣམས་དང་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་བསྒྱུར་ཞུས་ཀྱིས་རྒྱ་ཆེར་སྤེལ་བས་བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་ཁག་མང་པོ་ཐོན་པའི་འགོ་ཚུགས། དེ་བཞིན་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་དུ་བརྫངས་པའི་བདག་རྐྱེན་མཛད་པ་སོགས་བོད་ཀྱི་རིག་གནས་ཆེས་ཆེར་སྤེལ་བའི་བྱ་བར་མངའ་བདག་འདི་ཉིད་ཀྱིས་མཛད་རྗེས་ཆེན་པོ་འཇོག་གནང་མཛད་”ཅེས་གསུངས་པ་དང་། འཇིག་རྟེན་སྲིད་ཀྱི་ལས་ཀར་མཛད་རྗེས་ཆེ་ཚུལ་སྐོར་ལ་《མངའ་རིས་རྒྱལ་རབས་》ལས། “བོད་ཀྱི་ལྷ་བཙན་པོ་རྩེ་ལྡེའི་ཞལ་མངའ་ནས། ཆུ་ཕོ་ཕག་གི་ལོ་ལ། གྱེ་སར་འདུལ་བའི་དབུས་བྱང་ངེས་པ་ཐང་ནས་གདན་སྟེགས་ནས། རྒྱའི་དུ་རམ་ཐང་དུ་རྒྱ་དང་སྣོལ་ཐབས་མཛད་པའི་ཚེ་སང་ནང་ན་བློན་ཆེན་དབང་གྲུབ་དང་། སང་ནང་བ་ཆིབས་དཔོན་སྣང་གྲགས་དང་། སང་ནང་བའི་སྐུ་ཚ་བོ་ཇོ་སྲས་རྒྱལ་མཚན་རྡོ་རྗེ། གཤེན་བློན་གཡུང་རྡོར་དང་། སང་ནང་བ་གསེར་རྗེ་མུ་རུ་དང་ལྔས་དཔའ་བའི་དར་མཛད་པའི་འཁྲུལ་སྟོན་ནས། རྒྱའི་རྒྱན་པོ་བཅུ་གསུམ་སྐུམ་ནས། ཆབ་སྲིད་ཕྱག་ཏུ་ཕུལ། ་་་་་་ཤར་ཕྱོགས་མདོ་སྨད་ལ་སོགས་པ་སྣ་གསུམ་བརྒྱའི་གོང་ཁ་དམག་རུ་ཚུན་ཆོད་མངའ་འོག་ཏུ་བསྡུས། ལྷོ་ཕྱོགས་བྲེ་སང་གི་ཡུལ་དང་། ཡ་རྩེ་ཆུ་ལ་མེ་འབང་སོགས་ཚང་ལྕགས་ཀྱི་རྡོ་རིང་ཚུན་ཆོད་དགུ བོད་ཤིང་ཚེར་མ་འགོར་པོ་བདུན་སྤྱོད་ཤིང་བཙུགས། ར་གན་གྱི་འབྲེང་ཤིང་། ཚོང་འདུས་འབའ་ར། ཁ་ཆེ་ཙེ་སྟེང་ཚུན་ཆོད། བྱང་ཕྱོགས་ལ་འཇིངས་ལ་གནན། དེའི་མཆོད་རྟེན་ཚུན་ཆོད་མངའ་འོག་ཏུ་བསྡུས། བླ་ཤིང་ཀོ་རྩེ་ཐུང་བཙུགས། ལོ་གཉིས་གཉིས་ནས་ཕྱག་དང་། སྤྱ་འབུལ་ཞིང་ཞལ་ལྟ་རུ་འོང་། ཡབ་མེས་ཀྱི་བཀའ་སྲོལ་ལྟར། དཀོན་མཆོག་ལ་ཤིན་ཏུ་དད་པ་”⑤ཞེས་བྱུང་། འདིའི་ནང་གི་“རྒྱ་དང་སྣོལ་ཐབས་མཛད་པ་”ཞེས་པ་ནི་དགྲ་ཕྱོགས་སུ་དམག་མཛད་པར་གོ་བ་དང་། “རྒྱའི་རྒྱན་པོ་བཅུ་གསུམ་སྐུམ་ནས། ཆབ་སྲིད་ཕྱག་ཏུ་ཕུལ་”ཞེས་པ་ནི་སྐབས་དེའི་དགྲ་ཕྱོགས་ཀྱི་ཧྲག་དམག་གམ་དཔའ་བོ་བཅུ་གསུམ་བཀྲོངས་པའམ་ཡང་ན་ཡུལ་བཅུ་གསུམ་དབང་དུ་བསྡུས་ཏེ་ཆབ་སྲིད་མཛད་པར་གོ་བ་དང་། “ཤར་ཕྱོགས་མདོ་སྨད་ལ་སོགས་པ་སྣ་གསུམ་བརྒྱའི་གོང་ཁ་དམག་རུ་ཚུན་ཆོད་མངའ་འོག་ཏུ་བསྡུས་”ཞེས་པ་ནི་དུས་སྐབས་དེར་ཤར་ཕྱོགས་མདོ་སྨད་མཚོ་སྔོན་དང་ཀན་སུའུ།  སི་ཁྲོན་སོགས་ཀྱི་ཡུལ་ཁམས་དང་ཡུལ་སྡེ་མི་འདྲ་བ་སུམ་བརྒྱ་དང་དེའི་དམག་སྡེ་ཀུན་མངའ་འོག་ཏུ་བསྡུས་པར་གོ་བ། “ལྷོ་ཕྱོགས་བྲེ་སང་གི་ཡུལ་དང་”ཞེས་པ་ནི་ལྷོ་ཕྱོགས་རྒྱ་གར་བྲམ་ཟེའི་ཡུལ་ལ་ཐུག་པར་ཡུལ་ཁམས་རྒྱ་བསྐྱེད་ཚུལ་དང་། “ཁ་ཆེ་ཙེ་སྟེང་ཚུན་ཆོད་”ཅེས་པ་ནི་ནུབ་ཕྱོགས་ཁ་ཆེ་ཡུལ་ལ་ཐུག་པར་མངའ་མཛད་པའི་ཚུལ་དང་། “བྱང་ཕྱོགས་ལ་འཇིངས་ལ་གནན་”ཞེས་པ་ནི་བྱང་ཕྱོགས་ཧོར་གྱིང་གར་གྱི་ཡུལ་ཏེ། གྲུ་གུ་དང་སོག་པོ་སོགས་ལ་ཐུག་པར་བདག་ཏུ་མཛད་ཚུལ་དང་། “ལོ་གཉིས་གཉིས་ནས་ཕྱག་དང་། སྤྱ་འབུལ་ཞིང་ཞལ་ལྟ་རུ་འོང་”ཞེས་པ་ནི་མཐའ་བཞིའི་ཡུལ་གྲུ་ཁག་ནས་སྐྱབས་སུ་བྱས་པའི་ཁམས་རྒྱལ་ལྟ་བུ་རྣམས་དུས་ལྟར་ཏེ། ལོ་གཉིས་རེ་མཚམས་སུ་ཕྱག་བྱ་བ་སྟེ་སྐྱེས་འབུལ་དུ་སླེབས་པ་དང་། སྤྱ་འབུལ་བ་སྟེ་དཔྱ་ཁྲལ་འཇལ་བ། ཞལ་ལྟ་བ་སྟེ་གང་གི་སྐྱབས་འོག་ཏུ་སྡོད་པ་དེ་རྣམས་ཀྱིས་སྔར་བཞིན་སྐྱབས་འོག་ཏུ་སྡོད་པའི་རྣམ་འགྱུར་བསྟན་པ་དང་སྐྱབས་འོག་ཏུ་ཚུད་མེད་པ་རྣམས་ལ་དམག་དྲངས་མ་དགོས་པར་ངོར་ལྟ་བ་སྟེ། ཞི་བའི་མགོ་འདོགས་ཞུ་བའི་ཚུལ་བསྟན་པ་སོགས། གོང་ཞུས་དུམ་བུ་དེ་ནི་རྒྱལ་པོ་འདིས་ཕྱོགས་བཞིའི་ཡུལ་གྲུ་ཀུན་ལ་དབང་མཛད་པའི་མཛད་འཕྲིན་རྒྱ་ཆེ་ཚུལ་བསྟན་པའི་ལོ་རྒྱུས་ཤིག་ཡིན། མདོ་སྨད་དུ་འོད་སྲུངས་ཀྱི་རྒྱུད་ལས་མཆེད་པའི་རྒྱལ་རབས་བྱུང་ཚུལ་དེ་ཡང་ལོ་རྒྱུས་རྒྱབ་ལྗོངས་འདི་འདྲ་ཞིག་གི་ངོས་ནས་འཆད་ན་འོས་པར་སེམས།

བཀའ་ཤོག་འདི་ནི་ཡུལ་མངའ་རིས་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ལྟར། ཆོས་སྲིད་གཉིས་ཀྱི་ཡོ་ལང་རྒྱ་ཆེར་དར་བའི་དུས་སྐབས་ཀྱི་མངའ་བདག་རྩེ་ལྡེའི་བཀའ་ཡིག་ཅིག་ཡིན་ཞིང་། བཀའ་ཤོག་གི་དབུ་ཚུགས་པའི་མགོར། “ལྷ་བླ་མ་ཞི་བ་འོད་ཀྱི་ཞ་སྔ་ནས་དང་། མངའ་བདག་ཆེན་པོ་རྩེ་ལྡེ་རྩན་གྱི་ཞ་སྔ་ནས་”ཞེས་བཀོད་ཡོད་པ་དེས་ལྷ་བླ་མ་ཞི་བ་འོད་སྐུ་བཞུགས་དུས་ཀྱི་སྤྱི་ལོ་༡༠༧༦ལོ་ནས་སྤྱི་ལོ་༡༡༡༡ལོའི་བར་གྱི་མི་ལོ་སུམ་ཅུ་ལྷག་འགོར་བའི་ནང་ཙམ་ལ་སྤེལ་བའི་བཀའ་ཤོག་ཅིག་ཡིན་པར་ངོས་འཛིན་བྱེད་ཆོག་པས། བཀའ་ཤོག་འདི་ནི་ལོ་ཚིགས་ངེས་ཅན་ཡོད་པའི་བཀའ་ཤོག་ཅིག་ཡིན་པ་ཤེས་ཐུབ། འདིར་གསལ་མངའ་བདག་རྩེ་ལྡེ་ནི་ཁོང་གི་ཡབ་འོད་ལྡེ་སྐུ་མ་གཤེགས་པའི་སྔོན་གྱི་སྤྱི་ལོ་༡༠༧༦ལོར་སྲིད་ཁྲིར་བཞུགས་ཡོད་པར་བཤད་པ་དེ་ཉིད་ལུགས་དང་འགལ་བ་ལྟ་བུར་གྱུར་ཡོད་ཀྱང་། ཡབ་བཙོན་བཞུགས་སྐབས། རྒྱལ་ཚབ་དུ་བཞུགས་ནས་རྒྱལ་སྲིད་མཛད་པའི་ཚུལ་རྒྱུ་མཚན་དུ་བྱས་ནས་ལོ་རྒྱུས་ཡོངས་གྲགས་རྣམས་སུ་དེ་ལྟར་བཀོད་ཡོད་པས། འགལ་བ་མེད་པ་ཤེས་དགོས་སོ། །

 

        གཉིས་པ། མངའ་བདག་རྩེ་ལྡེའི་བཀའ་ཤོག་ལས་གསལ་བའི་བོད་ཀྱི་ཡི་གེའི་འཕེལ་རིམ་སྐོར།   

 

བཀའ་ཤོག་འདིའི་ཡི་གེའི་འགོད་ཚུལ་དང་བརྡ་སྤྲོད་ཀྱི་ཚུལ་སོགས་ནི་དུས་སྐབས་དེའི་བོད་ཡིག་འཕེལ་རིམ་ཇི་ལྟ་བུ་ཡིན་པ་མཚོན་བྱེད་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། བོད་ཀྱི་ཡི་གེའི་འཕེལ་རིམ་དཔྱོད་པར་མེད་དུ་མི་རུང་བའི་ཤོག་དྲིལ་རིན་ཐང་ཆེ་བ་ཞིག་ཡིན།

 

        གཅིག བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་ཁག་གཅིག་གི་འབྲི་སྟངས་རྒྱུན་འཁྱོངས་བྱས་ཡོད་པ།   

 

མངའ་བདག་རྩེ་ལྡེའི་བཀའ་ཤོག་འདིའི་ནང་དུ་བོད་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་ཁག་གཅིག་གི་འབྲི་སྟངས་དང་བེད་སྤྱོད་བྱེད་སྟངས་རྒྱུན་འཁྱོངས་བྱས་ཡོད་པའི་ཚུལ་དེ་ཤེས་ན། ཕྱིས་སུ་བརྡ་རྙིང་སྤྱོད་ཚུལ་ཡོད་པ་ཐམས་ཅད་བཙན་པོའི་དུས་སྐབས་ཀྱི་ཡིན་པར་ངོས་འཛིན་པའི་ནོར་འཁྲུལ་ལ་ཡོ་བསྲང་དང་བོད་ཁུལ་གྱི་རིག་གནས་འཕེལ་རིམ་ཐད་བློ་བསྐྱེད་གསར་པ་ཞིག་འབྱུང་ཐུབ།

༡ མངའ་བདག་རྩེ་ལྡེའི་དུས་སུ་བཙན་པོའི་དུས་སྐབས་ཀྱི་དབུ་ཁྱུད་འབྲི་སྲོལ་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་པ། བོད་ཀྱི་ཡིག་མགོའི་དང་ཀྱོག་བྱ་བའི་ཕྱེད་ཁྱུད་༄འདི་འདྲ་བའི་འབྲི་སྲོལ་ནི། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ནས་བརྒྱད་པ་བར་གྱི་ལེགས་སྦྱར་ཡི་གེར་བྱུང་⑥ཞིང་། བོད་ཀྱི་རྡོ་རིང་དང་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་རྣམས་ལའང་ལེགས་སྦྱར་གྱི་དབུ་ཁྱུད་འདི་འདྲ་འབྲི་སྲོལ་རྒྱུགས་ཆེ་བ་བཞིན། མངའ་བདག་རྩེ་ལྡེའི་དུས་སུ་ཡང་ད་དུང་དབུ་ཁྱུད་ཆ་མ་ཡིན་པའམ་དབུ་ཁྱུད་ཕྱེད་ཀྱི་འབྲི་སྲོལ་སྤྱོད་ཀྱི་ཡོད་པ་ནི། མངའ་བདག་རྩེ་ལྡེའི་སྲིད་སྐྱོང་དུས་ཀྱི་ཤོག་གུར་བྲིས་པ་རྣམས་ལ་ཡང་རྣམ་པ་འདི་སྤྱོད་བཞིན་ཡོད་པ་མ་ཟད། དུས་སྐབས་དེའི་མཁས་པ་རྔོག་བློ་ལྡན་ཤེས་རབ་(༡༠༥༩ནས་༡༡༠༩)ཀྱི་གསུང་རྩོམ་《ཚད་མ་རྣམ་ངེས་ཀྱི་བསྡུས་དོན་》ཞེས་པ་དེ་ད་ལྟ་《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་》ཀྱི་དེབ་དང་པོའི་ནང་དཔར་སློག་གནང་བའི་ཤོག་ངོས་དགུ་པ་དང་སྤྱིའི་ཤོག་གྲངས་༣༨༥ཡི་མཚམས་ནས་སྔོན་གྱི་འབྲི་སྲོལ་གྱི་རྣམ་པ་ཅུང་ཙམ་དང་། དབུ་ཁྱུད་ཀྱང་མངའ་བདག་རྩེ་ལྡེའི་དུས་སྐབས་ཀྱི་དབུ་ཁྱུད་འབྲི་སྲོལ་དང་། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་རྣམས་ཀྱི་དབུ་ཁྱུད་འབྲི་སྲོལ་ཇི་བཞིན་བྱུང་ཡོད་པས། མངའ་བདག་རྩེ་ལྡེའི་དུས་སྐབས་དེར་བོད་ཡུལ་སྟོད་སྨད་ཀུན་ཏུ་དབུ་ཁྱུད་འབྲི་ཚུལ་ཕལ་ཆེ་བ་དེ་ལྟའི་རྣམ་པར་གནས་ཡོད་པ་ཤེས་ཐུབ།

༢ མངའ་བདག་རྩེ་ལྡེའི་དུས་སུ་བཙན་པོའི་དུས་སྐབས་བཞིན་ཤད་ཀྱི་གོང་དུ་ཚེག་འབྲི་བ་དང་ཤད་ཀྱི་གཅོད་མཚམས་རང་དབང་དུ་བྱེད་པའི་སྲོལ་གནས་པ། བཙན་པོའི་དུས་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཤོག་དྲིལ་ཁག་ལས། ཤད་ཀྱི་གོང་དུ་ཚེག་འབྲི་བ་དང་མི་འབྲི་བའི་རྣམ་པ་དང་། རྗེས་འཇུག་ང་མཐའི་ཤད་ཀྱི་གོང་དུ་ཚེག་འབྲི་སྲོལ་ཡོད་མེད་ཅི་རིགས་སུ་བྱུང་བའི་རྣམ་པ་དེ་ནི། དུས་སྐབས་ནམ་ཞིག་ནས་ད་ལྟ་བཞིན་ལུགས་སྲོལ་ཅན་དུ་གྱུར་བའི་ཚུལ་ལ། ཞིབ་འཇུག་པ་མང་པོ་ཞིག་གིས་མགོ་འཁོར་བའི་དཔྱད་བརྗོད་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད་པ་མ་ཟད། ཕལ་མོ་ཆེས་ཆོད་སྡོམ་ཡང་དག་པ་ཞིག་བཞག་ཐུབ་མེད་པར་ལུས་པའི་སྐབས་འདིམར། མངའ་རིས་ནས་རྙེད་སོན་བྱུང་བའི་མངའ་བདག་རྩེ་ལྡེའི་བཀའ་ཤོག་འདི་ནི་གནད་དོན་དེ་རིགས་ཐག་གཅོད་བྱེད་པ་ལ་སྔ་ན་མེད་པའི་དཔྱད་གཞིའི་ཡིག་ཆ་ཞིག་ཡིན་ཚུལ་ཡང་བཀའ་ཤོག་འདི་ལས། “ལྷ་བླ་མ་ཞི་བ་འོད་ཀྱི་ཞ་སྔ་ནས་དང་། མངའ་བདག་ཆེན་པོ་རྩེ་ལྡེ་རྩན་གྱི་ཞ་སྔ་ནས། ཁུ་དབོན། ཐུགས་དམ་པ་ཐོ་ལིང་། གཞིའ་ན་བདན་འཚོམ་བའ་དུས་སུ། བཀའ་རྟགས་ཀྱི་ཕྱག་རྒྱ་ཕོག་སྟེ་འབངས་དྲི་མེད་ཤེས་རབ་མཆིས་པ་ཡང་། ཕ་མེས་ནས་ཀྱང་། གློ་བ་ཉེ་ཞིང་”ཞེས་བྱུང་བ་འདིས། དུས་སྐབས་དེར་ད་དུང་བཙན་པོའི་རྒྱལ་རབས་ཀྱི་སྐབས་བཞིན་ང་མཐའ་ཡིན་མིན་ཅི་རིགས་སུ་ཤད་ཀྱི་གོང་དུ་ཚེག་འབྲི་བའི་སྲོལ་ཡོད་པ་ཤིན་ཏུ་གསལ་ལོ། དེ་བཞིན་ཤད་ཀྱི་གཅོད་མཚམས་རང་དབང་དུ་བྱེད་པའི་ཚུལ་ཡང་བཀའ་ཤོག་འདིའི་ཁྲོད་ཀྱི།  “ཁུ་དབོན།  ཐུགས་དམ་པ་ཐོ་ལིང་། གཞིའ་ན་བདན་འཚོམ་བའ་དུས་སུ།”ཞེས་པའི་ཚིག་དུམ་འདི་དག་ལས་ཤེས་ཐུབ་ཅིང་། ད་ལྟའི་འབྲི་ཚུལ་ལྟར་བྱས་ན།“ཁུ་དབོན་ཐུགས་དམ་པ་ཐོ་ལིང་གཞིའ་ན་བདན་འཚོམ་བའི་དུས་སུ།”ཞེས་གོང་དུ་ཤད་གསུམ་སྤྱད་ནས་བྲིས་པ་དེ་ཤད་གཅིག་གིས་འཐུས་པ་དང་། ཡང་བཀའ་ཤོག་འདིའི་ནང་།“འབངས་དྲི་མེད་ཤེས་རབ་མཆིས་པ་ཡང་། ཕ་མེས་ནས་ཀྱང་། གློ་བ་ཉེ་ཞིང་།”ཞེས་བྱུང་བ་འདི་ཡང་། “འབངས་དྲི་མེད་ཤེས་རབ་མཆིས་པ་ཡང་། ཕ་མེས་ནས་ཀྱང་གློ་བ་ཉེ་ཞིང་།”ཞེས་ཤད་གཉིས་ཙམ་གྱིས་ཆོག་པ་སོགས། ཚུལ་འདི་ལས་དུས་སྐབས་དེར་ཚིག་གི་བསྟན་དོན་མི་ནོར་བའི་ཆེད་དུ་ཤད་ཀྱི་གཅོད་མཚམས་ཀྱང་སྔོན་བཙན་པོའི་དུས་སྐབས་ཀྱི་འབྲི་སྲོལ་བཞིན་རང་དབང་དུ་སྤྱོད་སྲོལ་ཡོད་པ་རྟོགས་ཐུབ།

༣ མངའ་བདག་རྩེ་ལྡེའི་དུས་སུ་བཙན་པོའི་དུས་སྐབས་ཀྱི་རྣམ་པ་བཞིན། མིང་གང་རུང་གི་མཐར་འ་ཡིག་སྦྱོར་བའི་སྲོལ་གནས་པ། མིང་གང་རུང་གི་མཐར་འ་ཡིག་སྦྱོར་བའི་སྲོལ་དེ་ནི་བཙན་པོའི་དུས་སྐབས་སུ་སྤྱོད་སྒོ་ཡངས་པ་ཞིག་ཡིན་ཞིང་། 《བསྟན་འགྱུར་》གྱི་ཁྲོད་བཞུགས་པའི་《སྒྲའི་རྣམ་པར་དབྱེ་བ་བསྟན་པ་》ལས། “གཞན་ཡང་མིང་གང་ཡང་རུང་བའི་ཐ་མ་ན་འས་བརྟེན་ལ། དེ་གཉིས་པ་ལས་སུ་སྦྱོར་ན་རུ་ཁོ་ནར་སྦྱོར་ཏེ། མིང་གི་མཐའ་མ་འ་ཡིས་བརྟེན་ཞེས་པའང་། མིང་གང་ཡང་རུང་པའི་ཐ་མ་ན་ན་རོ་གུ་གུ་ལ་སོགས་པའི་ཡན་ལག་གང་འདུག་ཀྱང་རུང་སྟེ། ཡི་གེ་གཞན་གང་གིས་ཀྱང་མ་བརྟེན་པ་དེ་ནི་འ་ཁོ་ནས་བརྟེན་པ་ཡིན་ཏེ། དཔེར་ན་མ་གདྷ་རུ་འགྲོ་ཞེས་པ་ལ་སོགས་པའི་ལས་རྣམས་རུང་སྟེ་འའི་རྗེས་འཇུག་སྡུད་པར་བལྟའོ་”⑦ཞེས་གསུངས་པ་ནི་མིང་གང་རུང་གི་མཐར་འ་ཡིག་སྦྱོར་བའི་འབྲི་སྲོལ་གྱི་ཁུངས་མཚོན་པའི་གཞུང་ལུགས་ཤིག་ཡིན། སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་དུའང་བརྡ་སྤྲོད་ཀྱི་གཞུང་ལུགས་དེ་ལྟར་སྤྱོད་བཞིན་ཡོད་པ་ནི་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ཁག་ལས་གསལ་བ་ཡིན། མངའ་བདག་རྩེ་ལྡེའི་དུས་སུ་རྣམ་པ་དེ་ད་དུང་ལྷག་མར་ལུས་པའི་ཚུལ་དུ་སྤྱོད་པ་ནི་བཀའ་ཤོག་འདི་ལས། “ཁུ་དབོན། ཐུགས་དམ་པ་ཐོ་ལིང་། གཞིའ་ན་བདན་འཚོམ་བའ་དུས་སུ་”ཞེས་པ་དང་། “བཀས་གནང་བའི་མདོའ་”ཞེས་པ་སོགས། གཞིའ་ཞེས་དང་མདོའ་ཞེས་པར་འ་མཐའ་བྱུང་བ་རྣམས་ལས་རྟོགས་ཐུབ་བོ། བོད་ཡུལ་སྤྱི་ལའང་རྣམ་པ་འདི་འདྲ་དུས་ཡུན་ཅུང་རིང་ཙམ་ཞིག་གནས་ཡོད་པ་ནི། ཕྱིས་ཀྱི་མཁས་པ་བཅོམ་ལྡན་རིག་པའི་རལ་གྲིས་(༡༢༢༨ནས་༡༣༠༥)མཛད་པའི་《བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་》ཅེས་པ་སྣར་ཐང་གི་དབུ་མེད་བྲིས་དཔེ་ལས།“དཔེའ་ལེའུ་འདིའ་ཡི་ནང་ན་”ཞེས་པ་དང་། “གངས་རིའི་ཁྲོད་འདིར་ཤཀྱ་ཐུབ་པ་མ་བྱོན་པ་རྩོད་དུས་ཀྱི་མགོའ་འཛིན་པའི་ཚེ”ཞེས་དང་། “ཆོས་དགེའ་བ་བཅུའང་བཙལ་ཏེ་བྱོན་ནོ་” ཞེས་པ་སོགས་ཀྱི་གསུང་ཚིག་རྣམས་སུ་དཔེའ་དང་། མགོའ། དགེའ་བཅས་ལ་འ་མཐས་བརྒྱན་ཡོད་པ་འདི་དག་གིས་ཤེས་ནུས།

༤ མངའ་བདག་རྩེ་ལྡེའི་དུས་སུ་བཙན་པོའི་དུས་སྐབས་བཞིན་གསལ་བྱེད་ལྦ་ཡིག་གི་དོད་དུ་འྭ་ཡིག་སྤྱོད་པའི་རྣམ་པ་ལྡན་པ། ད་ལྟའི་ལྦ་ཡིག་གི་སྔོན་གྱི་འབྲི་སྲོལ་ནི་འྭ་ཡིག་ལ་ཙ་རྟགས་ལྡན་པ་འདི་འདྲ་ཞིག་ཡིན་པའི་ཚུལ་ནི་ཁོ་བོས་བྲིས་པའི་《ཁྲ་འབྲུག་དགོན་པའི་ཅོང་ཡིག་དང་ཞོལ་རྡོ་རིང་ཡི་གེ་ཕབ་བཤུས་ནོར་བཅོས་སུ་འབྲེལ་བའི་དཔྱད་པ་ཕྲན་བུ་》ཞེས་པའི་དཔྱད་རྩོམ་དུ། ད་ལྟའི་ལྦ་ཡིག་གི་འབྲི་སྲོལ་འདི་ནི་“སྲོང་བཙན་གྱི་དུས་སུ་བྱུང་བ་མིན་ལ། ལ་ལ་བ་བཏགས་ནས་བཟོས་པའི་ཡི་གེ་ཡང་མིན་པར་”སྔོན་གྱི་དུས་སུ་ལྦ་ཡིག་གི་དོད་དུ་ཛ་ཡིག་འདི་འདྲ་སྤྱོད་པ་ནས་འདིའི་ཨི་རིང་མཚོན་བྱེད་ཙ་རྟགས་ལྟ་བུ་གོང་དུ་ཡོད་པའི་གནས་དེ་ཡི་གེ་འབྲི་མཁན་རྣམས་ཀྱིས་སྐབས་འགར་གཤམ་དུ་བསྣུར་ཏེ་ལྦ་ཟུར་འདོགས་ཅན་གྱི་གོང་དུ་བྲིས་པའི་“རྣམ་པ་དེ་རིམ་གྱིས་འགྱུར་བ་ལས་བྱུང་ཞིང་དུས་རབས་༡༡པའི་ཡས་མས་སུ་ལྦ་ཡིག་ཏུ་འགྱུར་བའི་གོ་རིམ་དེ་ཡོངས་སུ་རྫོགས་པའི་དུས་རིམ་གསར་པ་ཞིག་ཏུ་སླེབས་”⑧ཞེས་དུས་ཚིགས་རགས་ཙམ་ཞིག་ངོས་བཟུང་ཡོད་ལ། ཐེངས་འདིར་མངའ་བདག་རྩེ་ལྡེའི་བཀའ་ཤོག་ལས།“ཕ་མེས་ཀྱི་རིང་ལ། ཁུམས་པའི་ཕྱག་རྒྱ་རྙིང་པ་ལས་སྨོས་པ། གུང་ཁྭར་འྭང་གི་ཞིང་དང་འབྲོག ། ས་། འཚམས་། དྭང་ནི་ལོབ། ཀྱི་ཉེར་བུ་དང་། རྡིབས་དང་། ཚ་འྭཏ་ཙེ་གོང་འོག་དང་ཆས་པ་དང་”ཞེས་བཙན་པོའི་དུས་སྐབས་ཀྱི་ལྦ་ཡིག་གི་འབྲི་སྲོལ་མངོན་པར་གསལ་བའི་འྭ་ཡིག་འདི་ལྟ་བུ་ཐེངས་གཉིས་བྱུང་བ་ནི། ད་ལྟའི་གསལ་བྱེད་ལྦ་ཡིག་གི་བྲིས་གཟུགས་འདིའི་ཡར་སྔོན་གྱི་གསལ་བྱེད་ལྦ་ཡིག་གི་འབྲི་ཚུལ་དེ་ལགས་ཤིང་། འབྲི་ཚུལ་དེ་ནི་སྔོན་བཙན་པོའི་དུས་སྐབས་སུ་གསལ་བྱེད་ལྦ་ཡིག་གི་དོད་དུ་འྭ་ཡིག་འདི་འདྲ་འབྲི་བའི་རྣམ་པར་འགྱུར་བ་མེད་པར་རྒྱལ་པོ་འདིའི་དུས་སུ་ད་དུང་སྤྱོད་བཞིན་ཡོད་པའི་དཔང་པོར་གྱུར་ཡོད། དེ་བཞིན་དུས་རབས་བཅུ་གསུམ་ནས་བཅུ་བཞི་པའི་བར་དུ་མཛད་པའི་《སརྒྱས་ཐུབ་པའི་སྐྱེས་རབས་རྒྱ་ཙ་ཆོས་རྗེ་དཔའ་བོ་རང་བྱུང་རྡོ་རྗེས་མཛད་པ་བཞུགས་སོ་》ཞེས་དབུ་ཅན་དུ་བྲིས་པའི་ནང་། “རང་བྱུང་རྡོ་རྗེ་ཡིས་སྦྱར་པ་ཡོངས་སུ་རྫོགས་སྟོ །མཾགྷལཾབྷའྭན་ན་ཏུཿཤུ་བྷཾ་”⑨ཞེས་ལྦ་ཡིག་གི་དོད་དུ་སྔར་བཞིན་འྭ་ཡིག་བྲིས་འདུག་པས། དུས་དེར་ཡང་ད་དུང་འྭ་ཡིག་གི་སྤྱོད་སྲོལ་ཡོངས་སུ་ཉམས་མེད་པའི་དཔང་རྟགས་སུ་གྱུར།

༥ མངའ་བདག་རྩེ་ལྡེའི་དུས་སུ་ལོ་ཚིགས་འབྲི་སྐབས་བཙན་པོའི་དུས་སྐབས་བཞིན་རྒུན་སླ་ར་བ་ཞེས་པ་ལྟ་བུའི་སྤྱོད་སྲོལ་ཡོད་པ།  ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ P. T.1205གཡུ་རྨང་བརྩན་གྱིས་ནང་རྗེ་བོ་བློན་བཙན་བཟང་ལ་མཆིད་གསོལ་བའི་ཡི་གེའི་ཐིག་ཕྲེང་༧པ་ལས། “ཁོ་བདག་ཀྱང་སྦྲུལ་གྱི་ལོའྀ་དཔྱིད་སླ་འབྲིང་པོ་ཚེས་བཅུ་བཞྀ་ལ་ཡྀག་ཙང་གཡུ་སྩལ་ཏེ་བློན་ཅེར་སྩལ་པར་ཆད་དོ་”ཞེས་དང་།    P. T.1082ཤོག་དྲིལ་ནང་གི་ཏེང་རེ་ཧེ་པུར་ཁ་གན་གྱི་བཀའ་ཡིག་ཏུ“རྀ་མོ་མཁན་ནྀ་ལས་མ་ལགས། །སྟོན་སླ་ར་བ་ཉ་ནས། བརྫང་བར་འཚལ་”ཞེས་པ་ལྟ་བུ་བཙན་པོའི་དུས་སྐབས་སུ་འབྲི་སྲོལ་ཡོད་པ་བཞིན། མངའ་བདག་རྩེ་ལྡེའི་དུས་སུ་ཡང་ད་དུང་དེ་ལྟར་སྤྱོད་མུས་སུ་གནས་པ་ནི་ཁོང་གི་བཀའ་ཤོག་འདི་ལས། “  x  x  x  x  xགི་ལོ་རྒུན་སླ་ར་བ་ Xལ་། ལྷ་བླ་མ་ཞི་བ་འོད་ཀྱི་ཞ་སྔ་ནས་དང་། མངའ་བདག་ཆེན་པོ་རྩེ་ལྡེ་རྩན་གྱི་ཞ་སྔ་ནས་”ཞེས་བྱུང་བ་འདིས་ཤེས་ཤིང་། འདིའི་ལོ་ཁམས་སྦྱར་བའི་རྣམ་པ་ཁ་གསལ་མེད་ཀྱང་། བཙན་པོའི་དུས་སྐབས་ཀྱི་འབྲི་ཚུལ་བཞིན་སྤྱོད་པ་ནི་ཡི་གེའི་འགོད་ཚུལ་ལས་ཤེས་ཐུབ། “རྒུན་སླ་ར་བ་ Xལ་”ཞེས་པ་ནི་དགུན་ཟླ་བ་ར་བ་ཞེས་པའི་འབྲི་ཚུལ་ཞིག་ཡིན་ཞིང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། “ལུགས་འདི་ལ་དཔྱིད་སླ་རྭ་བ་སོགས་ཡོད་པ་དེ། སྐད་གསར་བཅད་ཀྱིས་ཟླ་བར་བསྒྱུར་བ་ཡིན་ནོ་”⑩ཞེས་སླ་བ་དེ་ཟླ་བར་འགྱུར་དུས་ནི་སྐད་གསར་བཅད་ཀྱི་དུས་སུ་ཡིན་པར་གསུངས་ཤིང་། ཁོང་གི་ཚིག་རང་ངོས་ནས་དུས་ནམ་ཞིག་ལ་སྐད་གསར་བཅད་བྱས་པ་ཚོད་དཔག་བྱེད་དཀའ་ཡང་། བཀའ་ཤོག་འདི་ལས་སྤྱི་ལོ་༡༡༡༡ལོར་ད་དུང་དེ་འདྲའི་བསྒྱུར་བཅོས་སམ་སྐད་གསར་བཅད་བྱས་མེད་པ་མཐོང་ཐུབ། དུས་སྐབས་དེར་བོད་ལ་དུས་འཁོར་གྱི་རབ་ལོ་རྩི་ལུགས་དར་ནས་མ་མཐར་ཡང་ལོ་ལྔ་བཅུ་ནས་དྲུག་ཅུ་ཙམ་སོང་ཟིན་ཡང་བཀའ་ཤོག་འདིའི་ཡི་གེར་རྣམ་གཞག་དེ་དག་སྤྱད་མེད་པ་ཤེས་ཐུབ།

 

        གཉིས། མངའ་བདག་རྩེ་ལྔེའི་དུས་སུ་ཡིག་རྙིང་ཁག་གཅིག་གི་འབྲི་སྟངས་བསྒྱུར་ཏེ་ད་ལྟའི་འབྲི་སྲོལ་ཆགས་པ།  

 

བཀའ་ཤོག་འདིར་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་གི་སྤྱོད་སྟངས་ཁག་གཅིག་རྒྱུན་འཁྱོངས་བྱས་ཡོད་ཚུལ་གོང་དུ་བརྗོད་ཟིན་པ་དང་། གཤམ་ལ་བཙན་པོའི་དུས་སྐབས་ཀྱི་རྣམ་པ་ལས་བརྒལ་བའི་མིང་བརྡའི་སྤྱོད་སྟངས་ཐད་འགྱུར་བ་བྱུང་བའི་ཁྱད་ཆོས་ཁག་གཅིག་བརྗོད་འདོད་དེ།

༡ ཐོབ་ཐང་གི་རྣམ་གཞག་ངེས་སྲོལ་ཅན་དུ་གྱུར་བའི་རྣམ་པ་ལྡན་པ། བོད་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་དང་ཁྲམ་ཤིང་སོགས་ལ་ད་ལྟའི་ཐོབ་ཐང་གི་རྣམ་གཞག་བཞིན་ངེས་སྲོལ་མེད་པ་ཀུན་ལ་གསལ་ཞིང་། མངའ་བདག་རྩེ་ལྡེའི་དུས་སུ་བཙན་པོའི་དུས་སྐབས་ལྟ་བུ་མ་ཡིན་པར། ཐོབ་ཐང་གི་རྣམ་གཞག་གསལ་པོ་ཞིག་ཡོད་པ་ནི་བཀའ་ཤོག་འདི་ལས། “ཕ་མེས་ཀྱི་རིང་ལ། ཁུམས་པའི་ཕྱག་རྒྱ་རྙིང་པ་ལས་སྨོས་པ། གུང་ཁྭར་འྭང་གི་ཞིང་དང་འབྲོག །ས། འཚམས་”ཞེས་པའི་ཚིག་དུམ་ནང་གི་“ཕ་མེས་ཀྱི་རིང་ལ་”ཞེས་དང་། “གུང་ཁྭར་འྭང་གི་ཞིང་དང་འབྲོག་”ཅེས། དུས་སྐབས་དེར་འབྲེལ་སྒྲའི་ཐོབ་ཐང་ད་ལྟ་བཞིན་ཡོད་པ་ནི་སའི་རྗེས་སུ་ཀྱི་དང་ངའི་རྗེས་སུ་གི་ཐོབ་པའི་ཚུལ་བཀོད་ཡོད་པ་ལས་གསལ་པོར་རྟོགས་ནུས། དེས་ན་རྔོག་ལོའི་(༡༠༥༩ནས་༡༡༠༩)དག་ཡིག་ཏུ་གྲགས་པ་ལས། “ད་བ་ས་ཀྱི་ག་ང་གི །ན་མ་ར་ལ་གྱི་སྟེ་དཔེར། ཁྱོད་ཀྱི་རྐྱབ་ཀྱི་ངོས་ཀྱི་ཆ། བདག་གི་གདོང་གི་ངོས་ན་མཆིས། མདུན་གྱི་རུམ་གྱི་སྐོར་གྱི་ནི། མངལ་གྱི་སྒོ་དེ་བདག་ལ་སྟོན་”ཞེས་བྱུང་བ་འདིས་མངའ་བདག་རྩེ་ལྡེའི་དུས་སུ་ད་ལྟ་བཞིན་ཐོབ་ཐང་གི་རྣམ་གཞག་ངེས་སྲོལ་ཅན་དུ་གྱུར་ཡོད་པར་ངོས་འཛིན་བྱེད་ཆོག་ཀྱང་། དག་ཡིག་དེའི་མཛད་པོར་གྲགས་པའི་རྔོག་བློ་ལྡན་ཤེས་རབ་ཀྱི་རང་རྩོམ་《ཚད་མ་རྣམ་ངེས་ཀྱི་བསྡུས་དོན་》 ལས།  “མངོན་སུཾ་ཀྱི་ལེའུ་རྫོགས་སྷཱོ་” ཞེས་དང་།“རང་གི་དོན་ཀྱི་རྗེས་སུ་དཔག་པ་”⑾ཞེས་དང་། “རྨི་ལམ་གི་སྔོན་པོ་བཞིན་ནོ་”⑿ཞེས་རྗེས་འཇུག་མ་ཡི་རྗེས་སུ་ཀྱི་དང་གི་དང་། ནའི་རྗེས་སུ་ཀྱི་བཅས་རྔོག་ལོ་རང་གི་དག་ཡིག་ཏུ་གྲགས་པའི་ནང་དོན་དང་འགལ་བའི་རྣམ་པ་འདི་འདྲ་བྱུང་ཡོད། འདིའི་ཐོག་ནས་རྔོག་ལོའི་རང་རྩོམ་དུ་ཐོབ་ཐང་གི་རྣམ་གཞག་ད་ལྟ་བཞིན་བྱུང་མེད་པའང་གསལ་པོར་ཤེས་ཐུབ། ཚུལ་འདི་ལས་དོན་དག་གཉིས་གསལ་བཤད་བྱ་ཐུབ་སྟེ། གཅིག་ནི་ཕོ་བྲང་ནང་ཁུལ་དུ་འབྲེལ་སྒྲའི་ཐོབ་ཐང་ཁག་གཅིག་ད་ལྟ་བཞིན་སྤྱོད་བཞིན་ཡོད་པ་དང་། ཕོ་བྲང་ཕྱི་རོལ་ཏུ་ཡི་གེའི་ཐོབ་ཐང་དང་འབྲི་སྲོལ་ཁག་གཅིག་བཙན་པོའི་དུས་སྐབས་བཞིན་སྤྱོད་བཞིན་ཡོད་པ། གཉིས་ནི་རྔོག་ལོའི་དག་ཡིག་ཏུ་གྲགས་པ་དེ་ཡང་དོན་ངོ་མར་རྗེ་ས་པཎ་གྱིས་མཛད་པའི་《དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ་》ཞེས་པ་ནས་ཁོལ་ཏུ་ཕྱུང་བའི་བསྟན་བཅོས་ཤིག་ཡིན་པར་འདོད་དེ། མངའ་བདག་རྩེ་ལྡེའི་དུས་སུ། ཕོ་བྲང་ནང་ཁུལ་ནས་ཐོབ་ཐང་གི་རྣམ་གཞག་དེ་ལྟར་སྤྱོད་པ་ནས་རིམ་གྱིས་རྗེ་ས་པཎ་སོགས་ཀྱིས་རྣམ་གཞག་དེ་ཉིད་ཁྱབ་གདལ་དུ་བཏང་གནང་སྟེ། “རྗེས་འཇུག་ཇི་ལྟར་ཐོབ་ཚུལ་དཔེར། །ད་བ་ས་ཀྱི་ག་ང་གི །ན་མ་ར་ལ་གྱི་སྟེ་དཔེར། །ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆ། །བདག་གི་གདོང་གི་ངོས་ན་མཆིས། །མདུན་གྱི་རུམ་གྱི་སྐོར་གྱི་ནི། །མངལ་གྱི་སྒོ་དེ་བདག་ལ་སྟོན། །”ཞེས་པའི་རྩོམ་གཞུང་མཛད་ཅིང་། དེ་ནས་བཟུང་བོད་ཁུལ་ཡོངས་ལ་དེ་ལྟར་དར་བ་ཡིན་སྙམ་པ་བཅས་སོ།

༢ མངའ་བདག་རྩེ་ལྡེའི་དུས་སུ་ནམ་ཞའི་འབྲི་ཚུལ་ལ་འགྱུར་བ་བྱུང་བ། བོད་རྒྱལ་ཁྲི་རལ་པ་ཅན་གྱི་དུས་ཏེ། སྤྱི་ལོ་༨༢༣ལོར་བསླངས་པའི་བོད་ཐང་རྡོ་རིང་གི་ནུབ་ངོས་ཐིག་ཕྲེང་༦༡ཏུ།  “ནམ་ཞར་མྱྀ་འགྱུར་བར། །དཀོན་མཆོག་གསུམ་དང་། །”ཞེས་པ་དང་། ཡང་དེའི་ཐིག་ཕྲེང་༧པར།“ནམ་ཞར་ཡང་མྱྀ་འགྱུར་བར། ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་ཏེ་”ཞེས་དུས་ཡུན་རིང་པོ་སྟོན་པའི་དོད་དུ་ནམ་ཞ་ཞེས་པའི་མིང་འདི་སྤྱད་ཡོད་པ་དང་། མངའ་བདག་རྩེ་ལྡེའི་དུས་སུ་ཡང་བཙན་པོའི་དུས་སྐབས་བཞིན་མིང་བརྡ་འདི་སྤྱད་ཡོད་པ་མ་ཟད། བརྡ་རྙིང་དེ་ཀུན་གྱིས་གོ་སླ་བའི་འབྲི་ཚུལ་བྱུང་བ་ནི་བཀའ་ཤོག་འདི་ལས། “སུག་ན་མཆིས་ཚད་། འདི་རྣམས། ནམ་ཞ་ཡུན་ཏུ། སྣོན་བཀས་གནང་བ་ཡིན་པས་”ཞེས་པའི་ཚིག་དུམ་ལས་ཤེས་ཏེ། དུས་སྐབས་དེར་བརྡ་རྙིང་ནམ་ཞ་ཞེས་པར་ནམ་ཡང་ངམ་ཡུན་ནས་ཡུན་དུ་ཞེས་པའི་དོན་ཡོད་པ་མཚོན་བྱེད་དུ་“ཡུན་ཏུ་”ཞེས་འགྲེལ་བཤད་ཀྱི་ཚུལ་དུ་བྲིས་པས། དེས་སྔོན་གྱི་དུས་སུ་ཞ་ཡིག་དང་ཡ་ཡིག་གཉིས་འདྲ་མཚུངས་སུ་སྤྱོད་ཀྱི་ཡོད་པ་མཐོང་ཐུབ་ལ། ནམ་ཞ་ཞེས་པ་ནས་“ཡུན་ཏུ་”ཞེས་པའི་བརྗོད་ཚུལ་དུ་འགྱུར་བའི་རྣམ་པ་ཡང་མཐོང་ཐུབ་བོ།

༣ སྔོན་གྱི་ཡིག་རྙིང་གི་གུག་གུ་ཕྱིར་ལོག་པ་སྤངས་ཏེ་ད་ལྟའི་འབྲི་སྲོལ་ལྟར་འགྱུར་བ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་ཅོང་ཡིག་དང་། སྟག་སྒྲ་ཀླུ་ཀོང་གི་བྱས་རྗེས་ལ་གཟེངས་སུ་བསྟོད་པའི་རྡོ་རིང་ཡི་གེ དེ་བཞིན་སྤྱི་ལོ་༨༢༣ལོར་བཞེངས་པའི་བོད་ཐང་རྡོ་རིང་ཡི་གེ་རྣམས་སུ་གུག་གུ་ཕྱིར་ལོག་ཏུ་བྲིས་པ་མང་བ་དང་། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ཁག་ཏུ་གུག་གུ་ཕྱིར་ལོག་ཏུ་བྲིས་པ་གང་སར་མཐོང་རྒྱུ་ཡོད་པ། སྤྱི་ལོའི་དུས་རབས་བཅུ་གཅིག་པར་བྱོན་པར་གྲགས་པའི་མཁས་པ་རོང་ཟོམ་གྱི་བཀའ་འབུམ་ཁྲོད་དུའང་གུག་གུ་ཕྱིར་ལོག་ཏུ་བྲིས་པ་མང་ཚུལ་དེང་སང་དཔར་དུ་བཏབ་པ་ལས་གསལ་བ། དུས་རབས་བཅུ་བཞི་པར་འཁྲུངས་པའི་རྗེ་རིན་པོ་ཆེའི་གསུང་འབུམ་དུའང་གུག་གུ་ཕྱིར་ལོག་ཏུ་འབྲི་བའི་སྲོལ་ཡོད་ཚུལ་མཁར་བྱམས་མཐར་གྱིས། “དགའ་ལྡན་པར་རྙིང་གི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ནི་ཆེས་སྔ་བའི་ཤིང་པར་དུ་བརྐོས་པ་ཞིག་ཡིན་པས་ན། པོད་རྟགས་དང་། པར་བྱང་སྨོན་ཚིག་མེད་པ་དང་། ཡང་འཇུག་རྗེས་འཇུག་གི་འོག་ཏུ་བྲིས་པ་སོགས་ཡིག་རྙིང་གི་འབྲི་སྟངས་མང་པོ་ཞིག་འདུག་”⒀ཅེས་བརྗོད་པ་ལས་ཤེས་ཐུབ་པ་སོགས། དེ་དག་ལ་གཞིགས་ན། བོད་ཀྱི་གུག་གུ་ཕྱིར་ལོག་ཏུ་འབྲི་བའི་སྲོལ་དེ་དུས་རབས་བཅུ་བཞི་ནས་བཅོ་ལྔའི་ནང་ཙམ་ལའང་ད་དུང་ཡོད་པར་ངོས་འཛིན་དགོས་ཀྱང་། མངའ་བདག་རྩེ་ལྡེའི་བཀའ་ཤོག་འདིར་ཐིག་ཕྲེང་༡༡དང་གུག་གུ་བསྡོམས་པས་༤༦ཡོད་པ་རྣམས་ཕྱིར་ལོག་ཏུ་བྲིས་མེད་པར་ད་ལྟའི་རྣམ་པ་ལྟར་བྱུང་། མངའ་བདག་རྩེ་ལྡེ་ཁོང་ནི་དུས་རབས་བཅུ་གཅིག་པ་ནས་དུས་རབས་བཅུ་གཉིས་པའི་དུས་སྟོད་དུ་འཚོ་བའི་རྒྱལ་པོ་ཞིག་ཡིན་པར་ཆ་བཞག་ན། དུས་སྐབས་དེར་དབྱངས་ཡིག་གུག་གུ་ཕྱིར་ལོག་ཏུ་འབྲི་བའི་སྔོན་གྱི་སྲོལ་སྤངས་ཏེ་ད་ལྟའི་ཕྱིར་ལོག་མེད་པའི་རྣམ་པ་འདི་འདྲ་འབྲི་སྲོལ་དར་ཡོད་པ་གསལ་པོར་ཤེས་ཐུབ། ར་སེ་དཀོན་མཆོག་རྒྱ་མཚོས་《འབྲས་སྤུངས་གི་དཔེ་མཛོད་དམ་སྦྱར་མ་ལས་གསར་དུ་རྙེད་པའི་བཙན་པོ་ཁྲི་ལྡེ་སྲོང་གཙུག་བཙན་གྱི་བཀའ་གཙིགས་ཀྱི་ཡི་གེ་ཐོར་བུ་》ཞེས་པ་ངོ་སྤྲོད་ཞུ་བ་ལས།“༄། བྱི་ལོ་དཔྱིད་ཟླ་ཐ་ཆུང་གིས་ངོ་ལ། དཔལ་བཙན་པོ་ཡེ་ཤེས་འོད་ཡབ་སྲས་ཕོ་བྲང་དབེན་ནས་”ཞེས་དང་། “༄།མེ་མོ་ཁྱིའི་ལོ་ལ་གཙང་གི་ཀ་པེ་ཧྲག་དུ། གཅེན་འཁོར་རེ། ཁྲི་ལྡེ་སྲོང་གཙུག་ཡབ་མཆེད་ཁུ་དབོན་རྣམས་གདན་འཇོམས་”⒁ཞེས་བྱུང་བའི་“དཔལ་བཙན་པོ་ཡེ་ཤེས་འོད་”ཅེས་པ་དང་། “ཁྲི་ལྡེ་སྲོང་གཙུག་”ཅེས་པ་ནི་མངའ་རིས་གུ་གེའི་རྒྱལ་པོ་ཐོག་མ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་མཚན་ཡིན་པར་ངོས་འཛིན་གནང་ཡོད། བླ་མ་ཡེ་ཤེས་འོད་ཀྱི་འཁྲུངས་ལོའི་ཐད་བཞེད་པ་མི་མཐུན་པ་དུ་མ་ཡོད་ཀྱང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། སྤྱི་ལོ་༩༦༥ལོར་འཁྲུངས་པ་དང་། སྤྱི་ལོ་༩༩༦ལོར་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས་པར་གསུངས་པ་ལྟར་ན། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པ་ནས་བཅུ་གཅིག་པའི་དུས་སྟོད་དུ་འཚོ་བཞིན་བཞུགས་པ་ཞིག་ཡིན་ཞིང་། འདིར་འཁོད་བཀའ་ཤོག་ཀྱང་དུས་སྐབས་དེའི་རྗེས་ཙམ་ལ་བཀྲམས་པ་ཞིག་ཡིན་དགོས་པ་མ་ཟད། བཀའ་ཤོག་བཤུ་འབྲིའི་ཐད་ནོར་བ་མེད་ཚེ།  དུས་སྐབས་དེ་ཙམ་ནས་དབྱངས་ཡིག་གུག་གུའི་འབྲི་སྲོལ་དེ་ད་ལྟའི་སྲོལ་བཞིན་ཐོན་ཡོད་པར་འདོད། གཞན་ཡང་། མངའ་རིས་ནས་ཤོག་ལྷེ་མདའ་ཚད་མ་ཞིག་རྙེད་པར་གུག་གུ་ཕྱིར་ལོག་པ་གཅིག་ཀྱང་མེད་ཅིང་། ཤོག་ལྷེ་དེར་གདམས་པའི་རྒྱུད་པ་ངོ་སྤྲོད་གནང་བ་ལས། “བླ་མ་དམྱལ་བ་དེ་བླ་མ་བོ་དོང་བ་ཆེན་པོ་དེ་ལ་གནང་། བླ་མ་དེ་ཡབ་སྲས་ལ། །བླ་མ་ཞེས་སྡང་རྡོ་རྗེས་སོ་”ཞེས་བྱུང་བའི་བླ་མ་བོ་དོང་བ་ཆེན་པོ་ནི་པོ་ཏོ་བ་སྟེ། སྤྱི་ལོ་༡༠༢༧ནས་༡༡༠༥ལོའི་བར་འཚོ་བཞུགས་གནང་བ་དེ་ལགས་ཤིང་། བླ་མ་ཞེས་སྡང་རྡོ་རྗེ་ནི་རྔོག་མདོ་སྡེ་གྲགས་སམ་རྔོག་ཞེ་སྡང་རྡོ་རྗེ་ཞུ་བ་དེ་ཡིན། ཁོང་གི་འཁྲུངས་ལོར་འདོད་ཚུལ་མི་མཐུན་པ་དུ་མ་ཡོད་ཀྱང་། རབ་བྱུང་དང་པོའི་ས་རྟ་སྟེ། སྤྱི་ལོ་༡༠༧༨ལོར་འཁྲུངས་པར་ཕལ་ཆེ་བས་བཞེད་པས། ཤོག་ལྷེ་དེར་ཡང་མངའ་བདག་རྩེ་ལྡེའི་བཀའ་ཤོག་ལྟར་ད་ལྟའི་གུག་གུའི་འབྲི་སྲོལ་གྱི་རྣམ་པ་ཐོན་ཡོད་པས། ཚུལ་དེ་དག་ལ་བརྟགས་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་དེ་ལྟའི་བཅོས་བསྒྱུར་བྱས་པ་ནས་བོད་རྒྱལ་ཞི་བ་འོད་དང་མངའ་བདག་རྩེ་ལྡེའི་དུས་སྐབས་སུ་ད་དུང་དེའི་མུར་གནས་ཤིང་། རིམ་གྱིས་མངའ་རིས་ས་ཁུལ་ནས་དེ་ལྟའི་བཅོས་བསྒྱུར་བྱུང་བར་བཤད་ན་འོས་སོ་སྙམ་པ་དང་། དེ་དང་དུས་མཚུངས་ཡུལ་དེ་དང་ཁད་རིང་བའི་ལྷ་ས་དང་ཏུན་ཧོང་སོགས་ས་ཁུལ་ཁག་ཏུ་ད་དུང་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་བཞིན་དབྱངས་ཡིག་གུག་གུ་ཕྱིར་ལོག་ཏུ་འབྲི་བའི་སྲོལ་གནས་ཡོད་པར་ཁོ་བོས་འདོད།

༤ སྔོན་གྱི་ཡིག་རྙིང་གི་རྣམ་པ་མ་ལ་ཡ་བཏགས་པའི་སྲོལ་སྤངས་ནས་མེ་དང་མིའི་འབྲི་སྲོལ་བྱུང་བ། དཔའ་བོ་གཙུག་ལག་ཕྲེང་བས་( ༡༥༠༤ནས་༡༥༦༦) མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “ཡི་གེ་ཉུང་བའི་ཁྱད་དུ་མ་མྱ་ད་དྲག་རྐྱང་པའི་འ་བརྟེན་སོགས་དོར་ཏེ་གཞུང་ཚད་རྣམས་ཀྱང་བམ་གྲངས་སོགས་ངེས་པར་དཀར་ཆག་ཏུ་བསྣན་ཏེ་སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང་། ཕྱིས་མཆིམས་ཕུ་མ་དང་འཕང་ཐང་མ་སྟེ་གསུམ་དུ་བྱུང་ལ་”⒂ཞེས་མ་ལ་ཡ་བཏགས་པའི་ཡི་གེ་མྱེ་དང་མྱི་སོགས་སྔོན་གྱི་འབྲི་སྲོལ་རྣམས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་སྤངས་བར་གསུངས་ཡོད་ཀྱང་། ཞོལ་རྡོ་རིང་གི་ཐིག་ཕྲེང་༤༩པར། “སྲུངས་སུ་གནང་བ་ལས། སྡེ་ཆ་གུདུ་མྱྀ་སྤོའ་མྱི་བསྒྱུར་བར་གནང་ངོ་”ཞེས་བཀོད་པ་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དེ་ལྟ་བུའི་འབྲི་ཚུལ་སྤངས་མེད་པའི་རྟགས་དང་། ཁྲི་རལ་པ་ཅན་གྱི་དུས་སུའང་དེ་ལྟའི་འབྲི་སྲོལ་དོར་མེད་པའི་རྟགས་སུ། བོད་ཐང་རྡོ་རིང་གི་ནུབ་ངོས་ཐིག་ཕྲེང་༧པར། “ནམ་ཞར་ཡང་མྱྀ་འགྱུར་བར། ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་ཏེ་”ཞེས་པ་སོགས་བྱུང་བས། དུས་སྐབས་དེ་དག་ཏུ་མ་ལ་ཡ་བཏགས་པའི་འབྲི་སྲོལ་ལ་བཅོས་བསྒྱུར་བྱུང་མེད་པ་གསལ་པོ་ཡིན། མངའ་བདག་རྩེ་ལྡེའི་དུས་ཀྱི་མཁས་པ་རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་《ཚད་མ་རྣམ་ངེས་ཀྱི་འགྲེལ་པ་》ཡི་ནང་། “མྱེ་ཡོད་པ་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ་”ཞེས་པ་དང་། “སྔ་མ་ནི་དེ་མྱིགས་པས་རང་གིས་ཁྱབ་བྱེད་དང་”ཞེས་དང་། “དངོས་འགལ་དམྱིགས་པ་དང་བརྒྱུད་འགལ་དམྱིགས་པའོ་” ཞེས་དང་། “དེའི་གཞིའ་མྱེ་དང་ལྡན་པ་མ་ཡིན་པའི་ཕྱིར་”⒃ཞེས་སོགས་བྱུང་བས། ཁོང་གི་དུས་སྐབས་སུ་འབྲི་ཚུལ་དེ་དག་ཡོད་པ་མ་ཟད། དུས་རབས་བཅུ་གཉིས་པའི་ནང་འཚོ་བའི་ཁོང་གི་སློབ་མ་འབྲེ་ཤེས་རབ་འབར་གྱི་གསུང་འབུམ་དུ།“འདུའ་མྱི་བྱེད་པ་ལ་གསུམ་སྟེ་”ཞེས་བྱུང་བ་དང་། དེ་བཞིན་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ཁག་ལའང་མ་ལ་ཡ་བཏགས་པའི་སྔོན་གྱི་འབྲི་སྲོལ་གང་སར་ཁྱབ་ནས་མཆིས་མོད། མངའ་བདག་རྩེ་ལྡེའི་ཤོག་དྲིལ་འདིའི་ཐིག་ཕྲེང་༣པར།“འབངས་དྲི་མེད་ཤེས་རབ་མཆིས་པ་ཡང་། ཕ་མེས་ནས་ཀྱང་”ཞེས་དང་། ཐིག་ཕྲེང་༡༠པར། “འདི་ལ། ཕུ་ནུ་དང་ཉེ་རིས་དང་། ཕྱི་ནང་གང་གིས་ཀྱང་། སྙད་མི་གདགས་ཤིང་ཏང་ཟི་གླན་ཀ་མི་བྱེ་”ཞེས་དྲི་མེད་དང་ཕ་མེས། སྙད་མི་གདགས། གླན་ཀ་མི་བྱེ་ཞེས་པའི་མིང་བརྡ་རྣམས་ཀྱི་མ་ལ་ཡ་བཏགས་སྤངས་པ་ཡང་གསལ་པོ་ཡིན། དེས་ན་དེ་ལྟའི་དུས་སྐབས་གཅིག་གི་ནང་དུ་འབྲི་སྲོལ་མི་འདྲ་བའི་ཁྱད་པར་དེ་འདྲ་ཇི་ལྟར་བྱུང་ཚུལ་གསལ་པོ་ཤེས་དཀའ་ཡང་། ཧ་ལམ་རྒྱལ་པོའི་ཕོ་བྲང་ནས་སྤྱོད་པའི་བཀའ་ཡིག་ཁག་ལ་མ་ལ་ཡ་བཏགས་པའི་སྲོལ་དེ་སྤངས་ནས་འབྲི་བ་མིན་ནམ་སྙམ་མོ།

༥ ད་ལྟ་བཞིན་ལྦ་ཟུར་སྤྱོད་པའི་སྲོལ་བྱུང་བ། སྔོན་གྱི་ཡི་གེར་ལྦ་ཟུར་བྱུང་བ་ཁག་གཅིག་ནི་མགོ་ཅན་ལ་མིང་གཞི་བ་ཡིག་སྦྱར་བའི་ཚུལ་དུ་སྣང་སྟེ། “ས་དགུའ་རྀམ་འོག་དུ་སྭས་པ་ཡང་བཟུང་དེ་བསད་དོ་”ཞེས་པ་ལྟ་བུ་དང་། “ཆུ་བས་ནི་ལྭ་དྲག”(P. T. 990-2)ཞེས་པ་ལྟ་བུ་ནི་ར་མགོ་རྦ་རླབས་ཀྱི་འབྲི་ཚུལ་དང་། “ལྭ་ཀློང་དེར་ནི་འགྲོ་དགོས་ན་”(P. T.990-2)ཞེས་པ་ནི་ཝ་སྟེ། རྦ་ཀློང་གི་འབྲི་ཚུལ་གཞན་ཡིན་པ་ལྟ་བུའོ། ལེགས་སྦྱར་ཡི་གེར། “ལྦ་བཏགས་ཕལ་ཆེར་ན་རོ་སྟེ། ལྦ་སྒྲ་ཅུང་ཞིག་ལྡན་པར་བཀླགས་”ཞེས་པ་ལྟར། ལྦ་ཟུར་ཨོར་འདོན་རུང་དུ་བྱས་ཏེ་མི་རིགས་གཞན་གྱི་སྒྲ་གདངས་འགོད་སྐབས་ལྦ་ཟུར་སྤྱད་པ་དཔེར་ན། “རྒྱ་རྗེ་གྭང་བུ་ཧྭང་ཏེ་བསྐོས་སོ་”ཞེས་རྒྱ་ཡིག་ཧོང་(皇)གི་སྒྲ་འགོད་དུས་ལྦ་ཟུར་སྤྱད་པ་ལྟ་བུ་དང་། “འབྱྀ་ལིག་ཧྭ་ཤང་གི་བསམ་བརྟན་གྱི་མདོ་”( P. T.116V-186. 2)ཞེས་རྒྱའི་ཡི་གེ་ཧོ་(和)ཡི་སྒྲ་འགོད་སྐབས་ལྦ་ཟུར་སྤྱད་པ་ལྟ་བུ་དང་། “ལྭང་ཀུན་ཅྀ་ལ་ཁལ་དྲུག །ཅང་པེའུ་ཧིང་ལ་ཀལ་གསུཾ་”( P. T.1101-5)ཞེས་པ་ལྟ་བུ་རྣམས་སོ། ཡང་ལྦ་ཟུར་ཨོར་འདོན་དུ་མེད་པའི་ཚུལ་དུ་སྤྱད་པ་དཔེར་ན། “རྒྱའྀ་མཁར་དར་ཁྭ་ཧྱན་(达化县)ཕབ་”ཅེས་པའི་ཁྭ་ལྟ་བུ་དང་། “སྟག་ལ་རྒྱ་དུར་དུ་རྒྱའྀ་དམག་པོན་འྭང་(王)ཞྔ་ཤོ་དྔ་གཡུལ་སྤྲདེ་རྒྱ་མྔ་པོ་བཀུཾ་བར་ལོ་ཆིག །”ཅེས་འ་ཡིག་ལྦ་ཟུར་ཅན་ལྟ་བུ་དང་། དུས་རབས་བཅུ་གཉིས་པ་སྟེ། སྤྱི་ལོ་༡༡༧༦ལོར་བསླངས་པའི་ཆུ་ནག་ཟམ་སྣེའི་རྡོ་རིང་ངོས་སུ། “མེ་ཕོ་སྤྲེའུ་ལོ་ཟླ་ལྭ་རྒུ་པན་ཤུ་ལྔ་ཉི་མ་ལ་རྡོ་ཡིག་བསླངས་”( D. T 31-18)ཞེས། ཟླ་བ་ཞེས་པའི་བ་ཡིག་ལ་ཡིག་ཏུ་བྱས་ཤིང་དེར་ལྦ་ཟུར་བཀོད་པ་ལྟ་བུ་ཡིན། གང་ལྟར་བཙན་པོའི་དུས་སྐབས་ནས་དུས་རབས་བཅུ་གཉིས་པའི་ལོ་དུས་བར། ལྦ་ཟུར་གྱི་སྤྱོད་ཚུལ་ལ་རིགས་དུ་མ་བྱུང་བ་དེ་དག་རྗེས་ཀྱི་ཡི་གེར་བྱུང་མིན་ཅི་རིགས་སུ་གནས་ལ། དེ་དག་ལས་ལྦ་ཟུར་ཡོད་པ་ཁྭ་ལྟ་བུ་ནི་རྒྱའི་ཡི་གེ་化ལྟ་བུའི་སྒྲའི་འགོད་ཚུལ་དུ་སྤྱོད་པ་ལས་གཞན་ཡང་། སྔོན་བཙན་པོའི་དུས་སུ་བོད་རང་སྐད་དུ་ལྦ་ཟུར་སྤྱོད་ཚུལ་དོན་དུ་མར་འཇུག་པ་འདི་ལྟ་སྟེ། “ཁྭ་དང་ཆད་ཀ་”( D. T.10-29)ཞེས་པའི་ཁྭ་ནི་འབྲུ་རིགས་སྤྱིའི་མིང་དུ་གོ་བ་དང་། “དགུང་ཡང་ཁྭ་སྐེགས་ཚང་མྱི་འཆའ་”(I.0 737A-148)ཞེས་པའི་ཁྭ་ནི་བྱ་ཁྭ་ཏའི་མིང་ལ་འཇུག་པ། “ཁྭ་ཟངས་གཅྀག་”( P.T.997-30)ཅེས་པའི་ཁྭ་ནི་ལྕགས་རིགས་འཁར་ཟངས་ཀྱི་དོད་དུ་སྤྱོད་པ་སོགས། དེ་དག་ནི་ཡིག་རྙིང་ཁྲོད་དུ་བྱུང་བའི་ལྦ་ཟུར་སྤྱོད་སྟངས་ཀྱི་རྣམ་པ་ཙམ་ཡིན། རྗེས་ཀྱི་མཁས་པ་དབྱངས་ཅན་རོལ་པའི་འོ་མཚོས་མཛད་པའི་《དག་ཡིག་མཁས་པ་དགའ་སྐྱེད་》ལས། “ལྦ་བཏགས་ཀྭ་ཡེ་འདབ་ཆགས་ཁྭ། །བརྩྭ་བརྒྱད་ཉྭ་བཞི་དྭ་ཕྲུག་བུ། །རྩྭ་སྔོན་ལན་ཚྭ་ཕྲུག་ཞྭ་གྱོན། །རྭ་ཅོ་ཤྭ་དྲག་ལྭ་བའི་ཧྭ། །”ཞེས་དང་། དཔའ་རིས་འཇིགས་མེད་དམ་ཆོས་(དུས་རབས་༡༨)ཀྱིས་མཛད་པའི་《དག་ཡིག་ཤེས་བྱ་རབ་གསལ་》ལས། “གྭ་པ་གདོང་པ་དཀར་བའི་ཕྱུགས་”ཞེས་པ་སོགས་ལྟར། ལྦ་བཏགས་ཅན་གྱི་ཡི་གེའི་གྲངས་འདྲེན་དང་སྤྱོད་རྒྱ་སྔར་བས་ཆེ་རུ་སོང་མོད། མངའ་བདག་རྩེ་ལྡེའི་བཀའ་ཤོག་འདིའི་ཐིག་ཕྲེང་༦ནས་༨བར་དུ། “ཕ་མེས་ཀྱི་རིང་ལ་། ཁུམས་པའི་ཕྱག་རྒྱ་རྙིང་པ་ལས་སྨོས་པ། གུང་ཁྭར་འྭང་གི་ཞིང་དང་འབྲོག །ས་འཚམས། དྭང་ནི་ལོབ་། ཀྱི་ཉེར་བུ་དང་། རྡིབས་དང་། ཚ་འྭཏ་ཙེ་གོང་འོག་དང་ཆས་པ་དང་། ཀིས་སླ་ X  X  Xཔག་རྡང་ཁྭར་དབང་གི་འཚལ་ཞིང་”ཞེས་ལྦ་ཟུར་ཅན་གྱི་ཡི་གེ་ཁ་ཤས་བྱུང་བའི་ཁྭ་ལྦ་ཟུར་ཅན་ནི་མིའི་མིང་དུ་སྤྱད་པ་དང་། འྭ་ལྦ་ཟུར་ཅན་ནི་བཙན་པོའི་དུས་སྐབས་བཞིན་ལྦང་གི་དོད་དུ་སྤྱད་པ་དང་། ཀི་ནི་ད་ལྟའི་ཀྭ་ཡེ་ཞེས་པའི་འབྲི་ཚུལ་ཡིན་པ་བཅས། དེས་ན་བཀའ་ཤོག་འདི་ལས་ལྦ་ཟུར་ཅན་གྱི་ཡི་གེ་དེ་ཙམ་ལས་ཐོན་མེད་པས། དུས་སྐབས་དེའི་ལྦ་ཟུར་ཅན་གྱི་ཡི་གེ་སྤྱོད་སྟངས་ཆ་ཡོངས་སུ་ཚང་བ་ཞིག་ཤེས་ཐབས་བྲལ་ཡང་། ད་ལྟ་དང་ཁྱད་པར་ཆེ་ཙམ་ཡོད་པ་ནི་དུས་སྐབས་དེའི་ཁྱད་ཆོས་སུ་ཤེས་པར་བྱའོ།

མདོར་ན། བོད་ཀྱི་ཡི་གེའི་འཕེལ་རིམ་ལ་དཔྱད་པ་གཏོང་བར་ངེས་པར་དུ་དུས་སྐབས་ངེས་ཅན་ནང་བྲིས་པའི་ཡི་གེ་ངོ་མ་ཡོད་དགོས་པ་གལ་ཆེ། བོད་རྒྱལ་ཞི་བ་འོད་དང་རྩེ་ལྡེ་བཙན་གཉིས་ཀྱི་བཀའ་ཤོག་འདིར། སྔོན་བཙན་པོའི་དུས་ཀྱི་ཡིག་རྙིང་གི་ཁྱད་ཆོས་ཁག་གཅིག་བཀོལ་སྤྱོད་བྱས་ཡོད་ལ། ཁོང་རྣམ་གཉིས་འཚོ་བཞུགས་དུས་སྐབས་ཀྱི་ཡི་གེའི་འབྲི་སྟངས་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་སོགས་ཇི་ལྟ་བུ་ཡིན་ཚུལ་གསལ་ལེར་མངོན་པས། འདི་ནི་བཀའ་ཤོག་འདིའི་རིན་ཐང་ཆེ་ཤོས་དང་ཁྱད་པར་བོད་ཀྱི་ཡི་གེའི་འཕེལ་འགྱུར་ལ་དཔྱད་པ་གཏོང་བར་དཔྱད་གཞི་གལ་ཆེན་ཞིག་ཡིན། དེ་དང་ཆབས་ཅིག་དེང་སྐབས་བོད་ཀྱི་དམངས་ཁྲོད་ནས་སྔོན་གྱི་ཡིག་རྙིང་ཡིན་པར་བསྙད་པའི་ཤོག་དྲིལ་དང་ཆོ་གའི་གླེགས་བམ་མང་དུ་བྱུང་བ་རྣམས་ཀྱི་ལོ་ཚིགས་ཐད་རང་སྣང་གང་དྲན་གྱིས་སྔོན་གྱི་ཡིག་རྙིང་གི་རྣམ་པ་ཅུང་ཡོད་པ་ཙམ་ལ་བརྟེན་ནས་དེ་དག་ཐམས་ཅད་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་ཡིན་པར་བཤད་པ་དང་། ཡང་ན་དེ་ལས་ཀྱང་སྔ་བར་བཤད་པར་སྤྲོ་བ་རྣམས་ལ་བསམ་གཞིག་ཡང་དག་པ་ཞིག་དང་དཔྱད་པ་ཞིབ་མོ་ཞིག་གཏོང་དགོས་པ་ལས། འོལ་ཚོད་ཀྱིས་གཏམ་སྨྲ་མི་རུང་བའི་ཅོང་བརྡ་ལྟ་བུར་གྱུར་ཡོད། །

 

        བཀའ་ཤོག་ཟུར་བཀོད།  

 

X  X  X  X  Xགི་ལོ་རྒུན་སླ་ར་བ་ Xལ། ལྷ་བླ་མ་ཞི་བ་འོད་ཀྱི་ཞ་སྔ་ནས་དང་། མངའ་བདག་ཆེན་པོ་རྩེ་ལྡེ་རྩན་གྱི་ཞ་སྔ་ནས་། ཁུ་དབོན། ཐུགས་དམ་པ་ཐོ་ལིང་། གཞིའ་ན་བདན་འཚོམ་བའ་དུས་སུ། བཀའ་རྟགས་ཀྱི་ཕྱག་རྒྱ་ཕོག་སྟེ་འབངས་དྲི་མེད་ཤེས་རབ་མཆིས་པ་ཡང་། ཕ་མེས་ནས་ཀྱང་། གློ་བ་ཉེ་ཞིང་། ལོག་པར་མི་རྒོངས་པ་ཡིན། ཁོ་རྔོས་ཀྱི་སྐབས་སུ་ཡང། །སྔ་ཕིར་ཞབས་འདེགས་ལ་འབད་ཅིང་། ལོག་པར་མི་རྒོངས་པ་ཡིན་པས། བཀའ་དྲིན་གྱི་གནས་སུ་རྒོངས་སྟེ། བཀས་གནང་བའི་མདོའ། སྔ་ཁོ་རང་གི་སུག་ན་མཆིས་པའི། ནོར་དང་འཚལ་ཐང་། ཕ་མེས་ཀྱི་རིང་ལ། ཁུམས་པའི་ཕྱག་རྒྱ་རྙིང་པ་ལས་སྨོས་པ། གུང་ཁྭར་འྭའང་གི་ཞིང་དང་འབྲོག །ས་འཚམས། དྭང་ནི་ལོབ། ཀྱི་ཉེར་བུ་དང་། རྡིབས་དང་། ཚའྭཏ་ཙེ་གོང་འོག་དང་ཆས་པ་དང་། ཀིས་སླ་ X  X  Xཔག་རྡང་ཁྭར་དབང་གི་འཚལ་ཞིང་། མུར་དང་། གུང་ཚ་དང་། སྤུར་ལེ་དང་། དུམ་ཙེ་ལེ་དང་། རྒྱེ་ཏང་གི་གླང་སྭ། ཤ་འྭན། གྱོམ་ཙེ་ལས་སོགས་པ། སུག་ན་མཆིས་ཚད། འདི་རྣམས། ནམ་ཞ་ཡུན་ཏུ་། སྣོན་བཀས་གནང་བ་ཡིན་པས། འདི་ལ། ཕུ་ནུ་དང་ཉེ་རིས་དང་། ཕྱི་ནང་གང་གིས་ཀྱང་། སྙད་མི་གདགས་ཤིང་ཏང་ཟི་གླན་ཀ་མི་བྱེ། སྤྱི་སྒོ་ཡིད་ཆེས་པའི་རྟགས་སུ་ཕྱག་རྒྱ་འཆང་དུ་སྩལ་པ། །

 

        མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག

 

①④⑤གུ་གེ་མཁན་ཆེན་ངག་དབང་གྲགས་པ། 《མངའ་རིས་རྒྱལ་རབས་》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་༢༠༡༤ལོར་དཔར། ཤོག་ངོས་༡༠༨ ༡༣༤ ༡༡༤བཅས་སུ་གསལ།

②གུ་གེ་མཁན་ཆེན་ངག་དབང་གྲགས་པ། 《མངའ་རིས་རྒྱལ་རབས་》 ༡༩༩༦ལོར་དཔར་བའི་ཀློག་རྡུལ་དཔར་མའི་ཤོག་ངོས་༦༥ན་གསལ།

③གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། 《ཉི་མའི་རིགས་ཀྱི་རྒྱལ་རབས་དང་ཟླ་བའི་རིགས་ཀྱི་རྒྱལ་རབས་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༢༠༡༤ལོར་དཔར། ཤོག་ངོས་༡༥༢ན་གསལ།

⑥ཁ་སྐང་བཀྲ་ཤིས་ཚེ་རིང་། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་སྔ་དར་ལེགས་སྦྱར་གྱི་དབྱངས་ཡིག་འགོད་ཚུལ་གྱི་རྣམ་པར་དཔྱད་པ་》ཞེས་པ་《ཀྲུང་གོའི་བོད་རིག་པ་》 ༢༠༡༢ལོའི་བོད་ཡིག་དུས་དེབ་དང་པོར་གསལ།

⑦《སྒྲའི་རྣམ་པར་དབྱེ་བ་བསྟན་པ་བཞུགས་སོ་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༤ལོར་དཔར། དེབ་༡༡༥པ། སྣ་ཚོགས།(ཅོ) ཤོག་ངོས་༤༤༩ན་གསལ།

⑧《ཀྲུང་གོའི་བོད་རིག་པ་》༢༠༡༣ལོའི་བོད་ཡིག་དུས་དེབ་དང་པོར་གསལ།

⑨འདིའི་མ་ཕྱི་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་ཉར་ཡོད།

⑩《བོད་ཀྱི་བརྡ་སྤྲོད་སྐོར་གྱི་དཔེ་རྙིང་གཅེས་བསྡུས་དེབ་དང་པོ་བཞུགས་སོ་》 ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས། ཤོག་ངོས་༡༩༣ན་གསལ།

⑾⑿⒃《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་》 དེབ་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༦ལོར་དཔར། ཤོག་ངོས་༣༩༢ ༥༡༥ ༦༡༨བཅས་སུ་གསལ།

⒀སྙན་བཟང་པ་མཁར་བྱམས་ཐར། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་ལས་དཔར་ཤིང་མི་འདྲ་བའི་བར་གྱི་གནད་དོན་འགའ་གླེང་བ་》ཞེས་པ་《ཀྲུང་གོའི་བོད་རིག་པ་》 ༢༠༡༧ལོའི་བོད་ཡིག་དུས་དེབ་དང་པོར་གསལ།

⒁《ཀྲུང་གོའི་བོད་རིག་པ་》 ༢༠༡༥ལོའི་བོད་ཡིག་དུས་དེབ་བཞི་པར་གསལ།

⒂《ཆོས་འབྱུང་མཁས་པའི་དགའ་སྟོན་》 སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༦ལོར་དཔར། ཤོག་གྲངས་༤༡༧ན་གསལ།

 

ཡོང་ཁུངས། མིའི་རིགས་འཚོ་གནས་ཀྱི་དར་རྒྱས་ལ་དོ་སྣང་བྱས་པའི་འཕྲིན་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།