མངའ་རིས་འཁོར་ཆགས་དགོན་གྱི་ལོ་རྒྱུས་དང་། སྐྱེས་མཆོག་རིན་ཆེན་བཟང་པོའི་རྣམ་ཐར་ངོ་མཚར་བ་བཞུགས་སོ།།

མངའ་རིས་འཁོར་ཆགས་དགོན་གྱི་ལོ་རྒྱུས་དང་། སྐྱེས་མཆོག་རིན་ཆེན་བཟང་པོའི་རྣམ་ཐར་ངོ་མཚར་བ་བཞུགས་སོ།།

བོད་ཀྱི་མངའ་རིས་སྤུ་ཧྲེང་གི་འཁོར་ཆགས་དགོན་པ་ནི། ཕྱི་ལོ་ 996 ལོར་གངས་རིའི་ཁྲོད་ཀྱི་ཤིང་རྟའི་སྲོལ་འབྱེད་ལོ་ཙཱ་བ་རིན་ཆེན་བཟང་པོས་ (༩༥༨-༡༠༥༥) ཕྱག་བཏབ། འཁོར་ཆགས་དགོན་པ་ནི་སྤུ་ཧྲེང་རྫོང་ཁོངས་སུ་གནས་པ་དང་པུར་རྒྱལ་བཙན་པོའི་གདུང་རྒྱུད་ཀྱིས་དུས་རབས་ ༡༢ པའི་དུས་འགོར་བཞེངས། བཤད་རྒྱུན་ལས། དེའི་དུས་སུ་ཡུལ་ལུང་དེར་ཨ་ཙ་ར་ལུས་སྟོབས་དང་ལྡན་པ་བདུན་བྱུང་བ་དེ་དག་གིས་རྣམ་དཀར་དགེ་ལས་གཞོལ་ཞིང་། མ་ཐོན་གོང་ལ་རྒྱལ་པོར་དངུལ་ཁུག་མ་ཆེན་པོ་བདུན་ཕུལ་བར། རྒྱལ་པོས་ཡ་མཚན་དང་བཅས་ཏེ་བླ་མ་ལ་རྒྱུ་མཚན་ཞུས་པས། བླ་མའི་ཞལ་ནས་རྒྱལ་པོ་ཆེན་པོ་ཁྱེད་ནི་གནོད་སྦྱིན་ཨརྱ་ཛམ་བྷ་ལྷ་ཡིས་ཐུན་མོང་གི་དངོས་གྲུབ་སྟེར་བའི་སྤྲུལ་པ་ཡིན་ལ། ད་དངོས་པོ་ཆུད་མི་ཟ་ཞིང་འགྲོ་བ་རྣམས་བསོད་ནམས་གསོག་པའི་རྟེན་བཟང་པོ་བཞེངས་ཤིག་གསུངས་པར་རྒྱལ་པོས་ཀྱང་སྔོན་གྱི་ཐུགས་བསྐྱེད་རྗེས་དྲན་གྱིས་དཀར་དུང་དུ་མཁར་གོང་འོག་དང་།

གསེར་མཁར་གྲགས་པའི་གཙུག་ལག་ཁང་བཞེངས་ཤིང་དེའི་ནང་རྟེན་དུ་སྔོན་མ་ཨ་ཙ་རའི་དངུལ་ཁུག་མ་ཆེན་པོ་བདུན་ཕུལ་བ་དེ་བསྣམས་ནས་“བཞེར་མགར་ཚང་”བྱ་བའི་བལ་བོད་ཀྱི་ས་མཚམས་དེར་ནེ་པ་ལ་ཡི་བཟོ་བོ་ཨ་ཤྭ་དྷཱརྨ་དང་ཁ་ཆེའི་བཟོ་བོ་ཝད་ཀུ་ལ་སོགས་བཟོ་བོ་མཁས་པ་དག་གིས་དུས་གསུམ་རྒྱལ་བ་ཐམས་ཅད་འཇམ་དཔལ་དབྱངས་ཀྱི་སྐུ་ངོ་མཚར་ཅན་ཞིག་བཞེངས་ཤིང་། ལོ་ཆེན་རིན་ཆེན་བཟང་པོས་བྱིན་གྱིས་བརླབས་ཤིང་རབ་གནས་མཛད། དེ་རྗེས་རིག་རྟེན་དེ་ཉིད་རང་གི་བསྟི་གནས་དཀར་དུང་གི་གཙུག་ལག་ཁང་ཆེན་པོར་སྤྱན་འདྲེན་པའི་ཕྱིར། ཤིང་རྟ་འཁོར་ལོའི་སྟེང་དེ་ཉིད་རང་གི་བསྟི་གནས་དཀར་དུང་གི་གཙུག་ལག་ཁང་ཆེན་པོར་སྤྱན་འདྲེན་པའི་ཕྱིར།ཤིང་རྟ་འཁོར་ལོའི་སྟེང་དུ་བཞུགས་སུ་གསོལ་ནས་དྲངས་པས་རྡོ་རི་ཆུ་རྩི་ཤིང་གང་ལའང་ཐོགས་ཐུག་མེད་པར་ཐལ་ལེར་འབྱོན་བཞིན་པ་ལ་བྱེ་མའི་ཐང་དཀྱིལ་གྱི་རྡོ་ཨ་མོ་ལི་ཀ་དེ་ལ་ཐོགས་པ་དང་ལྷན་ཅིག་རྟེན་འདི་ཉིད་ཀྱི་ཞལ་ནས།“ང་འདིར་འཁོར་ཞིང་འདིར་ཆགས་སོ”ཞེས་གསུང་བྱོན་པས་མངའ་བདག་རྒྱལ་པོ་དེ་རྒྱུན་དུ་བཞད་གཏན་ནས་མི་ཤོར་བས་མཚན་ཡང་ལྷ་ནག་པོ་འཛམ་མེད་ཞུ་བ་ལ། དེ་ཉིན་རྟེན་གྱིས་གསུང་བྱོན་པ་དང་མངའ་རྟེན་འབྲེལ་འགྲིགས་པས།དེར་གཙུག་ལག་ཁང་“ཡིད་བཞིན་ལྷུན་གྲུབ”ཅེས་བྱ་བ་བཟོ་ཁྱད་སྣ་ཚོགས་དང་ལྡན་པ་གསར་དུ་བཞེངས། འཁོར་ཆགས་དགོན་ནི་རྡོ་ཆེན་ཨ་མོ་ལི་ཀའི་མཐའ་སྐོར་དུ་རྒྱ་སྐྱེད་ནས་བཞེངས་པ་ཡིན་པས་མིང་ལའང་འཁོར་ཆགས་དགོན་ཞེས་ཐོགས་ཤིང་། དེ་ནི་འཁོར་ཆགས་དགོན་ལྟེ་གནས་སུ་བྱས་པའི་གྲོང་ཚོའི་མིང་ཡང་ཡིན།

༄༅། །སྐྱེས་མཆོག་རིན་ཆེན་བཟང་པོའི་རྣམ་ཐར་ངོ་མཚར་བ་བཞུགས་སོ།།

 

ཨོཾ་སྭ་སྟི་སིདྡྷཾ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཀའ་དྲིན་རྗེས་སུ་དྲན་ཕྱིར་དང་། །ལོ་རྒྱུས་ཁུངས་སུ་བཙུན་པའི་ཕྱིར། །སྐྱེས་མཆོག་རིན་ཆེན་བཟང་པོ་ཡི། །ལོ་རྒྱུས་མདོ་ཙམ་བྲི་བར་བྱ། །དེ་ལ་ལོ་ཙཱ་བ་བྱང་ཆུབ་སེམས་དཔའི་གདུང་བརྒྱུད་གང་ཡིན་པ། སྐུ་གང་དུ་འཁྲུངས་པ། རབ་ཏུ་གང་དུ་བྱུང་བ། ལོ་ཙཱ་ཇི་ལྟར་བསླབས་ཤིང་ཆོས་ཇི་ལྟར་བསྒྱུར་བ་དང་། གནས་གཞི་དང་གཙུག་ལག་ཁང་ཇི་ལྟར་བཞེངས་ཚུལ། དགོངས་སྒྲུབ་ཁྱད་པར་ཅན་གར་མཛད་པ། གནས་གང་ནས་མཁའ་སྤྱོད་དུ་གཤེགས་པ་དང་བདུན་ནོ། །དང་པོ་གདུང་རུས། ལྷ་ཉི་མ་ཧྲུགས་ཀྱི་གདུང་བརྒྱུད་ཡིན་པས། ཧྲུགས་ཧོར་ཞེས་ཀྱང་ཟེར་རོ། །ཞང་པོ་ཀླུ་དང་འབྲེལ་བས་ཀླུ་ཟོར་ཞེས་ཀྱང་བྱའོ། །ཁ་ཆེ་ཞེས་བྱ་བ་ནི་ཡུལ་གྱི་མིང་ངོ་། །ཡབ་ནི་བན་ཆེན་པོ་གཞོན་ནུ་དབང་ཕྱུག ཡུམ་ཅོག་རོ་ཟ་ཀུན་བཟང་ཤེས་རབ་བསྟན་ནོ། །དེ་ལ་སྲས་ལྕམ་སྲིང་བཞི་ལས། ཤེས་རབ་དབང་ཕྱུག རིན་ཆེན་དབང་ཕྱུག ཡོན་ཏན་དབང་ཕྱུག་གོ །ལྕམ་མོ་ཀུན་སྲིང་ཤེས་རབ་མཚོ་མོའོ། །ལོ་ཙཱ་བའི་མཚན་ནི་རིན་ཆེན་དབང་ཕྱུག་གོ །གཅེན་ཁྱིམ་པའི་ཆ་བཟུང་། གཅུང་རབ་ཏུ་བྱུང་ནས་ཐུགས་ལས་ཆུང་ངུ་ལ་བཞུགས། ལྕམ་མོ་ནི་དགེ་སློང་༼སློབ་༽མར་བྱས་ནས། སྔགས་ཀྱི་ཆོས་བསླབས་ནས་བསྒྲུབས་པས་གྲུབ་པ་བརྙེས་པའི། རྣལ་འབྱོར་མ་ཆོས་ཀྱི་སྒྲོན་མའོ། །ལོ་ཙཱ་བ་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་གྱི་སྣང་བ་ལ། ཉིན་མཚན་རྟག་ཏུ་སྤྱི་གཙུག་ན་གསེར་གྱི་བྱེའུ་ཆུང་གཡུའི་མཆེ་སྡེར་ཅན། སྙན་པའི་སྒྲ་སྣ་ཚོགས་སྒྲོགས་ཅིང་ཕུར་ཕུར་ལྷབ་ལྷབ་བྱེད་ཅིང་གནས་པའི་སྣང་བ་ཤར་རོ།།

དེ་ནས་བཙའ་བའི་དུས་ལ་བབས་ཙ་ན། གསེར་གྱི་བྱེའུ་ཆུང་ཡུམ་གྱི་སྤྱི་གཙུག་ཏུ་ཐིམ་ནས། གསང་གནས་ནས་གསེར་གྱི་བྱ་ཁྱུང་གཡུའི་མཆེ་སྡེར་ཅན་གཅིག་བྱུང་ནས། ཡུམ་ལ་བསྐོར་བ་ལན་གསུམ་བྱས་ནས། དགུང་འཕངས་གཅོད་ཀྱིན་འགྲོ་བ་རྨིས་སྟེ། དེ་ནས་ཁྱེའུ་ཤ་མདོག་སེར་བ། བྱ་གདོང་དུ་ཡོད་པ། ཕྱག་གཡས་པའི་མཐིལ་ན་འཁོར་ལོའི་རི་མོ་ཡོད་པ་ཞིག་རྟ་ལོ་དབྱར་ཟླ་ཐ་ཆུང་གི་ཚེས་བཅུའི་ཉིན་མོ་སྐུ་བལྟམས་སོ། །དགུང་ལོ་གཉིས་ལོན་མར་བཅད་ཞལ་ནས། ཨ་ཨཱ་ཨི་ཨཱི་ཞེས་གསུང་གིན་ས་ལ་རི་མོ་འབྲི་ཡིན་ཐལ་མོ་སྦྱར་ནས་བཞད་པ་གཅིག་བྱུང་བས། ཡབ་ཀྱིས་ལས་འཕྲོ་ཅན་ཅིག་ཡིན་ནམ་དགོངས་ནས། གོས་སེར་མོ་བསྐོན་ནས་དགེ་བསྙེན་ཙམ་དུ་མཛད་དོ། །གཉིས་པ་འཁྲུངས་ཡུལ་ནི། མེས་གཡུ་སྒྲ་སྟོང་བཙན་གྱིས་མཆོད་པའི་ཡུལ་སྐྱོ་བང་དུ་འཁྲུངས་སོ། །གསུམ་པ་རབ་ཏུ་བྱུང་བ་ནི། མཁན་པོ་ལེགས་པ་བཟང་པོ་ལས་དགུང་ལོ་བཅུ་གསུམ་པ་ལ་མཛད་དོ། །ཟླ་བ་གཅིག་ལ་སུམ་བརྒྱ་པ་འགྲེལ་པ་དང་བཅས་པ་ཐུགས་སུ་ཆུད་དོ།།

བཞི་པ་ལོ་ཙཱ་ཇི་ལྟར་བསླབ་པ་ནི། དགུང་ལོ་བཅུ་བདུན་ལོན་ཙ་ན། ཨོ་རྒྱན་ཡུལ་གྱི་པཎྜི་ཏ་གཅིག་བྱོན་ནས། ཡུམ་ལས་གདན་ཆུང་བླངས་ནས་བཟའ་བ་དྲངས་པའི་ཤུལ་དུ་པཎྜི་ཏའི་རྒྱ་དཔེ་བེའུ་བུམ་ལེགས་མོ་གཅིག་ལུས་པ་ལ་གཟིགས་པས། འདིའི་ནང་ན་གདམ་ངག་ཁྱད་པར་ཅན་འདྲ་བཞུགས་ནས་འོང་སྟེ་རྒྱ་ཡིག་མི་ཤེས་དགོངས་ནས། ཤིང་གི་གྲིབ་མ་གཅིག་ལ་གཟིམས་ནས་བཞུགས་པ་དང་། མནལ་དུ་སོང་བའི་རྣལ་ལམ་དུ། བུད་མེད་ཤ་རྩི་དམར་བ་རིན་པོ་ཆེའི་ཅོད་པཎ་དང་། དར་དཔྱངས་ཤམ་བུ་དོ་ཤལ་རྣམས་ཀྱིས་བརྒྱན་པ། ལག་པ་གཡོན་པ་མེ་ཏོག་སྤར་གང་ཐོགས་པ། གཡོན་པ་ཌ་མ་རུ་ཁྲོལ་བ་གཅིག དབུ་སྔས་སུ་འོངས་ནས་འདི་སྐད་ཟེར་རོ། །སྲིན་བུའི་ཁ་ཆུས་རང་ལུས་བཅིངས་པ་ལྟར། །ཡུལ་ལ་ཞེན་པ་བདུད་ཀྱི་རྒྱ་རུ་ཚུད། །བདེ་འགྲོ་ཐར་པ་འདོད་པའི་མི་སུ་དག །ལྷོ་ནུབ་ཁ་ཆེའི་ཡུལ་དུ་ཕྱིན་ན་བདེ། །ཞེས་ཟེར་བ་ཐོས་ཏེ། མནལ་སད་པ་དང་ལུས་རྔུལ་ནས་ཆུར་ཞུགས་པ་བཞིན་སོང་། ཐུགས་ཀྱང་ཤིན་ཏུ་འཕྱོས། སླར་ཁྱིམ་དུ་གཤེགས་སོ།།

དེ་ནས་ལོ་ཙཱ་བའི་ཐུགས་དགོངས་ལ། བདག་ལ་མཁའ་འགྲོ་མའི་ལུང་བསྟན་ནས། ཁ་ཆེར་མ་ཕྱིན་ན། སྲོག་དང་ཆོས་ཀྱི་བར་ཆད་དུ་འགྲོ་བར་འདུག འགྲོ་ན་ས་རྒྱུས་ཀྱང་མེད་ལ། ཕ་མ་གཉིས་ཀྱི་སེམས་ཀྱང་དཀྲུགས་ན། བདག་ལ་བག་ཆགས་ངན་པ་འགོས་པར་འདུག་པས། ཇི་ལྟར་བྱ་སྙམ་ནས་ཐུགས་འཁོར་ཞིང་བཞུགས་པ་ལས། ཡུམ་གྱིས་སྲས་ཀྱི་གདོང་པ་ལ་བལྟས་པས་སྔར་བས་ཤིན་ཏུ་ནག་པར་གཟིགས་ནས། བུ་ནའམ། སྡུག་བསྔལ་ཅི་བྱུང་དྲིས་པས། སྔར་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་སྨྲས་སོ། །དེ་ནས་ཡབ་ཡུམ་དང་མཆེད་ཟླ་རྣམས་ཀྱིས་གྲོས་བྱས་ཏེ། བུ་འདི་མ་བཏང་ན་བར་ཆད་དུ་འགྱུར་ཉེན་འདུག་པས། བཏང་དགོས་ཞེས་གྲོས་བྱས་ནས་ཁོང་ཁ་ཆེའི་ཡུལ་དུ་གཤེགས་པར་བྱས་སོ། །དེ་ནས་ཁོང་པའི་ཨ་པོ་དགེ་བསྙེན་རྩེ་མོ་བྱ་བ་གཅིག་ལ་རོགས་བཅོལ་ནས། ཕག་ལོ་དགུང་ལོ་བཅོ་བརྒྱད་ལོན་ཙ་ན་གཡུལ་ཐོན་པ་དང་། འགྲོན་བུ་དྲུག་བརྒྱ་ཙམ་དང་། ཡུམ་གྱིས་ཞིམ་ལ་གཤིན་པའི་གསོལ་ཟས་མང་དུ་བསྐུར། ན་བཟའ་བག་རུལ་དུ་བྱས་ཏེ་ཆས་པ་ལས། མགུལ་ཆམ་དྲག་པོ་གཅིག་གིས་ཞག་འགའ་ཆག །དེས་དུས་ལྷ་བླ་མའི་ཐུགས་ལམ་དུ། སྤྱན་རས་གཟིགས་ཀྱིས་ཐུགས་ཀར་སྲིན་ལག་གིས་རེག་མཛད་ནས། བུ་གཅིག་སྨོན་ལམ་དག་པས་ཁ་བའི་ལྗོངས་སུ་འཁྲུངས། ལུང་བསྟན་པ་ཡི་གཞི་འཛིན་བྱ་ཡི་གདོང་པ་ཅན། ལྷོ་ནུབ་ཁ་ཆེའི་ཡུལ་དུ་འགྲོ་བ་ལ། འཚོ་བའི་ཡོ་བྱད་དོན་ཅན་སྙིང་པོ་ལོང་། གསུངས་པའི་རྗེས་ལ་མི་སྣང་བར་སོང་ངོ་། །ལུང་བསྟན་བྱུང་བ་ལ་དྲི་བ་བྱ་དགོས་སྙམ་ནས་དྲིས་པས། བན་ཆེན་པོའི་སྲས་བར་པ་ཁ་ཆེར་བཞུད་པ་ལ། མགུལ་ཆམ་བྱུང་ནས་ཞག་འགའ་ཆག་ཞུས་པས། ང་ལ་ལུང་བསྟན་ཡོད་པས་ཤོག་གྱིས། བན་ང་རང་གི་བློན་པོ་ཡིན་པ་ལ་ང་ལ་མ་ཞུས་པར་བུ་གཏོང་བ་མི་འཐད་གསུང་ནས། མང་འཁོར་བ་དགེ་ལྡན་སྤྱན་འདྲེན་དུ་བཏང་བས་བྱོན། གསེར་སྲང་བཅུ་གཉིས་ལྔ་ལ་བཏུམས་ནས་བརྫངས། ལམ་རིམ་པ་བཞི་པ་ཡང་གསུངས། ཚར་གཅིག་ལ་མཁྱེན། ལྷ་བླ་མའི་ཞལ་ནས། བསྟན་པ་ལ་ཕན་ནས་མཆི། སྤྱན་རས་གཟིགས་ཀྱི་ཐུགས་རྗེས་བཟུང་ནས། འུ་མཁའ་སྤྱོད་དུ་མཇལ་མཆི་གསུང་། རོང་ཆུང་པ་བློ་བདེ་དང་། ཀྱི་ནོར་བ་གྲུབ་པ་གཉིས་རོགས་ལ་བརྫངས། ཁོ་པ་ཤི་ཡིས་དོགས་ནས་ཕྱི་ཕྱག་བྱས་ནས་མ་བྱོན། དེར་མས་ཉུག་ཏིའི་མོན་འཁྱམས་པ། ས་རྒྱུས་ཤེས་པ་གཅིག་དང་འགྲོགས་ནས། གར་ཞ་ལ་བཤུལ་ཐོན་ནས། ལྡོམ་བུ་མཛད་ཀྱིན་གཤེགས་སོ།།

དེ་ནས་ཟླ་གཅིག་ཞག་གསུམ་གྱི་ངོ་ལ་ཀེ་རི་ཀ་བྱ་བའི་ཡུལ་དུ་སླེབ་པ་དང་། རོགས་པོ་ཉུག་ཏི་བ་རྒྱུ་འགྲུལ་འཚེར་ནས་ཕྱི་ཕྱག་བྱས་མ་བྱུང་ངོ་། །ཁོང་པ་དཔོན་གཡོག་གིས་ཁྱི་ལྤགས་འདོམ་ལ་དཀྲིས་ནས། དེ་ནས་ཞག་གསུམ་གྱི་ལམ་དུ་བསྐྱོད་པ་དང་། མ་ཧཱ་སང་ག་ལ་བྱ་བའི་ཟམ་པ་ཆེན་པོ་གཅིག་ཏུ། ཤོ་གམ་འདོན་པའི་འཕྲང་བསྲུངས་པའི་གྲོང་གསུམ་ཡོད་པ་ལས། འགྲོན་བུ་ལྔ་བཅུ་ཙམ་བྱིན་ནས། ནུབ་གཅིག་ཞེ་འཚེར་རེ་བ་ལ་དེར་གཟིམས་སོ། །ནང་པར་ནམ་ལངས་པ་དང་། ཟམ་པ་བརྒལ་ནས་བསྐྱོད་པས། ཟམ་པའི་སུམ་གཉིས་ཙམ་ཐོན་ཙ་ན། རོགས་པོ་ནད་དྲག་པོས་ཟིན་ནས་ཤི་ལ་ཐུག་པ་དང་། ཁོང་རང་ཡང་སྐུ་ལུས་ཤིན་ཏུ་ངལ་བར་རྣལ་དུ་སོང་ངོ་། །སྐབས་དེར། ཤི་སྐྱིད་ཀྱི་ཆོམ་རྐུན་གསུམ་ཞིག་རྒྱུ་འགྲུལ་བྱེད་པ་དང་འཛོམ་དུ་ཉེ་བ་ལས། ཐུགས་ལམ་དུ། སྔར་གྱི་ཡུལ་དུ་ལུང་བསྟན་པའི་མཁའ་འགྲོ་མ་དེ་འོངས་ནས། བུ་ལོངས་ཤིག ནད་པ་ལ་ནི་མདངས་ཀྱི་ཟམ་འཕྲང་ན་ཆོས་ལ་མི་དགའ་བའི་གནོད་སྦྱིན་མོ་གཅིག་ཡོད་པ་དེས་བར་ཆད་བྱེད་པར་རྩོམ་པ་ཡིན། དེ་བདག་གིས་བཟློག་ནས་ནད་མྱུར་པོ་སོས་པ་འདུག་སྟེ། ཤི་སྐྱིད་ཀྱི་ཇག་པ་བྱུང་ངོ་། །ལམ་གོལ་སར་འདུག་ལ་བླ་མ་དཀོན་མཆོག་ལ་གསོལ་བ་ཐོབ་ཅིག་ཅེས་ཟེར་བའི་སྒྲ་ཐོས་ཏེ། སྐྲག་གིན་བཞེངས་ནས་ནད་པ་ལག་ནས་ཁྲིད་དེ། བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་ཀྱིན་གོམ་པ་བཞི་བཅུ་ཙམ་སྤོས་ནས། སླར་གཟིགས་པ་དང་། ད་ཅིའི་བཞུགས་ས་རུ་ཤི་སྐྱིད་ཀྱི་ཇག་པ་རྣམས་མཚོན་ཆ་རྣམས་བཏོན་ནས་སླེབས་སོ། །དཀོན་མཆོག་གི་སྐུ་སྐྱབས་དང་། མཁའ་འགྲོ་མའི་བྱིན་རླབས་ཀྱིས་ཁོང་མ་མཐོང་བར་ལམ་དྲང་པོ་ལ་ཞུགས་ནས་སོང་ངོ་།།

དེ་ནས་དར་གཅིག་བཞུགས་པ་དང་ནད་པ་ཡང་སོས་སོ། །ཇག་པའི་འཇིགས་པ་དང་བྲལ་ནས་དབུགས་ཕྱུང་ནས་དགའ་ཞིང་སྤྲོ་བའི་སེམས་ཀྱིས། ལ་ཐོན་པོ་དེ་རྒལ་ནས་གཤེགས་པ་དང་། ཟ་ལ་གསོལ་དུ་གསོལ་ཆས་ཅི་ཡང་མི་མངའ་སྟེ། ནགས་གསེབ་ཀྱི་བཤུལ་ཁ་གཅིག་ན་ཡར་གཤེགས་པ་དང་། རྒན་མོ་མ་སྨད་གཉིས་འབྲས་ཁུར་རེ་ཁུར་ནས་འོང་བ་དང་འཕྲད་པ་དེ་ལ་ཕྱག་བཟེད་བས། འབྲས་སྤར་མོ་བཞི་བཞི་ཕུལ་ནས། འབྲས་ཆན་བཀོལ་ནས་གསོལ་བས་གྱ་ནོམ་པར་གྱུར་ཏོ། །དེ་ནས་སྦྱིན་ལན་གསུང་གིན་ཐུགས་དགོངས་ལ། རྒན་མོ་མ་སྨད་འདི་གཉིས་ནི་མ་དང་སྲིན་མོའི་དོད་དུ་བྱུང་བས། དྲིན་ལན་དུ། རྒན་མོ་ལ་སང་ཤིད་གཅིག་དྲིན་ལན་གཅིག་བཏབ་དགོས་དགོངས་ནས། རྒན་མོ་ལ་ཁྱོད་ཀྱི་སྐྲའི་རྩེ་མོ་ནས་དུམ་གཅིག་བླང་ཅེས་ཕྱག་བརྡ་མཛད་པས། རྒན་མོ་ཤིན་ཏུ་སེམས་དཀར་བ་གཅིག་ཡོད་པས། དགོས་ན་སྐྲ་རངས་པ་ཆོད་ཅིག་ཅེས་ལག་བརྡ་བྱེད། དེར་ཁོང་གིས་བ་སོའི་ཐུགས་རྗེ་ཆེན་པོ་མཚོན་གང་པ་ཙམ་མངའ་བ་བཏོན་ནས། ཙེ་ཏྲིའི་དཔེ་མཛད། འདིར་བསྲེ་བའི་ཆེད་ཡིན་ཞེས་ཕྱག་བརྡ་མཛད་པས། རྒན་མོ་རྗེས་སུ་ཡི་རང་ནས། སྐྲའི་རྩེ་ནས་དུམ་གཅིག་བཅད་ནས་ཕུལ་ཏེ། ཕྱག་འཚལ་ནས། །ལྕེ་ལ་ལག་པ་ཉུག་གིན་འདི་ཆད་ནས་མེད་ཟེར་ཞིང་མཆི་མ་བཏོན་ནས་སོང་ངོ་། །དེ་རུ་ཁོང་ཡང་ཐུགས་རྗེ་སྐྱེས་ནས་མཆི་མ་གཅིག་ཤོར་གསུངས། ཕྱིས་ཁ་ཆེ་རུ་རྒན་མོའི་དོན་དུ། རི་ཏིའི་མཆོད་རྟེན་བཞེངས་ནས། ཙེ་ཏྲི་མང་དུ་བཏབ་སོ། །དེ་ནས་ཉི་མ་ཕྱེད་ཙམ་དུ་བསྐྱོད་པ་དང་ཁ་ཆེའི་ཡུལ་སྣ་ཟིན་ཏེ། བྲམ་ཟེ་གྲོང་བདུན་པ་ཅིག་ཏུ་སླེབ་ནས་དེ་རུ་ཟླ་བ་གཅིག་ཏུ་བཞུགས་ནས་འཕྲལ་སྐད་ཨེན་ཚོད་གཅིག་བསླབས་སོ།།

དེ་ནས་ཞག་གི་ཤུལ་དུ་བསྐྱོད་པ་དང་། ཤིང་དྲུང་གཅིག་ན་ཛོ་ཀི་གཅེར་བུ་བ་གཅིག་མི་རྐང་གི་གླིང་བུ་འབུད་པ་གཅིག་དང་མཇལ་ནས། ཛོ་ཀིས་ལོ་ཙཱ་བའི་མགོ་ལ་གླིང་བུ་ལན་གསུམ་རྒྱབ་ནས་ནགས་གསེབ་ཏུ་གར་གཤེགས་ཆ་མེད་དོ། །ཕྱིས་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་རཏྣ་སིདྡྷི་ཏེ་གྲུབ་ཐོབ་རིན་ཆེན་དངོས་གྲུབ་ཅེས་བྱ་བ་དེ་དུས་བྱིན་བརླབས་ལ་བྱོན་པ་ཡིན་འདུག་སྟེ་ཞལ་མ་མཚོན་པས་འགྱོད་པ་དྲག་པོ་སྐྱེས་གསུངས། དེ་ནས་ཅུང་ཟད་ཡར་གཤེགས་པ་དང་། སྟག་གྲུས་མ་གཅིག་དང་ཕྲད་པ་ལ། ནགས་གསེབ་ནས་མི་རྐང་གི་གླིང་བུ་གཅིག་སིང་ཞེས་པའི་སྒྲ་ཞིག་གྲགས་པས། སྟག་གྲུས་མ་ལོགས་ལ་བཟུར་ནས་སོང་སྟེ། ད་ཅིའི་ཛོ་ཀིའི་བྱིན་བརླབས་ཡིན་པར་ཤེས་ནས་མོས་གུས་དྲག་པོ་སྐྱེས་གསུང་། དེ་ནས་ཅུང་ཟད་གཅིག་པར་གཤེགས་པ་དང་། ཚོང་པ་མང་པོ་དང་མཇལ་ནས་བསོད་སྙོམས་མཛད་པས་འབྲས་མང་པོ་འབུལ་དུ་བྱུང་ངོ༌། །དེ་ནས་ནུབ་གཅིག་ཚོང་པ་དེ་ཀུན་གྱི་རྩ་རུ་གཟིམས་ནས། ཕྱིས་དེ་ཞག་རྒྱུས་ལེགས་མོ་དྲིས་ནས། ཉི་མ་དྲོས་ཀྱི་བར་དུ་བྱོན་པས། ཀཱ་ལ་ཙཀྲི་ཅེས་བྱ་བའི་གྲོང་དུ་སླེབས་སོ། །ཐོག་མར་ཁ་ཆེའི་བྱིས་པ་རྣམས་འོངས་ནས། འདི་ལྟ་བུའི་སྨྲ་ར་མེད་ལ་ལུས་པོ་སེར་པོའི་མི་གཅིག་ལྟོས་ཟེར་གྱིན་ག་ཞ་མང་པོ་བྱེད་དུ་བྱུང་ངོ་།།

དེ་ནས་ཁྱིམ་བདག་རྒན་པོ་གཅིག་ལ་གནས་ས་གཡར་ནས་ཞག་འགའ་བཞུགས་ཏེ། ཞག་གཅིག་གྲོང་གི་དབུས་སུ་བསོད་སྙོམས་ལ་བྱོན་པས། བྲམ་ཟེ་རྒན་པོ་གཅིག་དང་མཇལ་ནས་ལག་བྲིས་གཟིགས་པས། བྲམ་ཟེ་ཅང་མི་སྨྲ་བར་ཁྱིམ་དུ་ལོགས་སོང་ངོ་། །དར་གཅིག་ཙ་ན་དངུལ་གྱི་ཕོར་བ་གཅིག་མེ་ཏོག་གིས་བཀང་ནས་ཁོང་ལ་ཕུལ་ཏེ་ཕྱག་འཚལ་དུ་བྱུང་བ་དང་། ཁོང་གིས་མ་བསྣམས་པས་ཐུ་བ་ནས་འཇུས་ཀྱིན་ཕུལ་ཏེ། ཁྱེད་ཚེ་རབས་ནས་ཚེ་རབས་སུ་ཚོགས་བསགས་པའི་ལས་ཅན་གཅིག་འདུག་པས། ཚེ་འདི་ལའང་ཆོས་མང་དུ་ཤེས་ཤིང་། སེམས་ཅན་ལ་ཕན་མང་དུ་ཐོགས་པར་འདུག་གིས། བདག་གིས་ཕུལ་བའི་མེ་ཏོག་དང་པོར་བུ་འདི་ཁྱོད་ཀྱིས་ལོང་ཅིག་ཟེར་བས་ཁོང་གིས་ཕྱག་ཏུ་བླངས་ནས། བོད་ཀྱི་སྐད་དུ། །ཡོན་བསྔོ་བ་མཛད་པས། མི་གཞན་ཀུན་གྱི་སྔར་བོད་སྐད་མ་ཐོས་པས། བཞད་གད་དང་གད་མོ་རུ་བྱེད། བྲམ་ཟེ་ནི་རྗེས་སུ་ཡི་རངས་ནས་ཁྱིམ་དུ་སོང་ངོ་། །དེ་ནས་ཀཱ་ལ་ཙཀྲའི་གྲོང་དེ་ནས་ཅུང་ཟད་ཤར་ངོས་སུ་གཤེགས་པ་དང་། གྲོང་ཁྱེར་ཀ་ལི་བྱ་བའི་དབུས། ལོ་ཀ་ཀིརྟི་མཧཱ་བི་ཧ་ར་བྱ་བའི་གཙུག་ལག་ཁང་དུ་བྱོན་པས། པཎྜི་ཏ་གུ་ཎ་མི་ཏྲ་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མ་རྨོངས་པར་ཁྱད་པར་ཅན་ཞིག་པཎ་ཆུང་ལྔ་བརྒྱ་ཙམ་ཙམ་ལ་ཆོས་སྟོན་ཅིང་བཞུགས་པ་དང་མཇལ་ནས། སྔར་བྲམ་ཟེས་ཕུལ་བའི་དངུལ་གྱི་ཕོར་བུ་དེ་མེ་ཏོག་གིས་བཀང་ཏེ་ཕྱག་རྟེན་བྱས་ནས། ཕྱག་འཚལ་ནས་གསོལ་བ་བཏབ་སྟེ་ཟླ་བ་བཅུ་བདུན་དུ་ལོ་ཙཱ་བསླབས། སྒྲ་ཚད་བྱང་མོར་གྱུར་ཏོ། །ཁ་ཆེའི་མཁན་པོ་དྷརྨཱ་ཤཱནྟི་ལས་བསྙེན་པར་རྫོགས་སོ། །སྔར་གྱི་དེ་ནས་གསེར་སྲང་གཅིག་ལ་འབུལ་བ་བྱས། སྲང་ཕྱེད་ལ་རྗེས་ཀྱི་འབུལ་སྣོད་དང་ཆ་རྐྱེན་མཛད། དེ་ནས་མཁས་ཆེན་པ་སྤྲུའི་སོ་ན་ར་ག་ཛིའི་དོ་ས་ཡ། ཨ་ལུའི་སང་ཁ་བ། ཤོ་རའི་སང་ཁ་བ། ཤོ་རའི་མི་ཐི་བ། ན་ཛུའི་ཨ་པ་ར། ལ་ཀའི་སངས་ཀ་ར། དེ་རྣམས་ལ་གསེར་སྲང་དྲུག་ཕུལ་ནས་ཆོས་མང་དུ་ཉན་ནོ།།

དེ་ནས་ཆོས་ཇི་ལྟར་བསྒྱུར་བ་ནི། གྲོང་དེ་ནས་ཤར་ཕྱོགས་སུ་ཉི་མ་དྲུག་གི་ལམ་ན་གྲོང་ཁྱེར་ཏ་མ་ལ་སིནྟ་ཏ་བྱ་བ་ན། ཤིན་ཏུ་སྙན་པ་ཆེ་བའི་པཎྜི་ཏ། རིག་པའི་གནས་ལྔ་ལ་མ་རྨོངས་པ་གཅིག་བཞུགས་པ་གསན་ནས་སྔར་གྱི་བླ་མ་རྣམས་ལ་ཕྱི་ཕྱག་འཚལ་བ་མཛད་དེ། གཤེགས་པའི་ཤུལ་ཁ་ནས་བྱ་རྒོད་ལྡིང་བའི་གྲིབ་མ་ལྟར་མགྱོགས་པའི་ཛོ་ཀི་གཅིག་དང་མཇལ་ནས། རྐང་མགྱོགས་ཀྱི་རྟེན་འབྲེལ་མངའ་བར་རིག་སྟེ། ཞབས་སྤྱི་བོར་བླངས་ནས་བདག་ཐག་རིང་པོའི་མི་རྒྱུས་མེད་འགྲུལ་མི་ནུས། ཟང་ཟིང་གི་འབུལ་བ་འབུལ་དུ་སྤྲང་པོའི་ཤུལ་རྒྱགས་ལ་ཟད་ཅིང་། ཅང་མ་མཆིས་པས། ཐུགས་རྗེ་ཆེན་པོས་དགོངས་ལ་བདག་ལ་རྐང་མགྱོགས་ཀྱི་དངོས་གྲུབ་གནང་བར་ཞུ་ཞུས་པས། ཁྱོད་ཐག་རིང་གི་མི་ལ་གདམ་ངག་གནང་སྟེ་རྐང་མགྱོགས་མཁའ་འགྲོ་མའི་ཆོས་ཡིན་པས། བྱིན་བརླབས་དང་ཚོགས་མཆོད་མེད་པར་མི་གནང་གསུང་པས། ཛོ་ཀིའི་ཕྱག་ཕྱིར་འབྲེངས་ནས། གྲོང་ཁྱེར་བིན་དྷི་རི་བྱ་བ་རུ་ཚོགས་མཆོད་ཀྱི་ཆ་རྐྱེན་བླངས་ནས་ཆ་རྐྱེན་ཚང་བ་ཁུགས་ནས་ཞུས་པས། ད་གནང་གི་གསུངས་ནས་བྱིན་རླབས་དང་ཚོགས་མཆོད་མཛད་དོ། །རས་བུབས་གཅིག་གིས་ལོ་ཙཱ་བའི་མགུལ་ནས་བཏགས་ཏེ། ལུས་ངག་ཡིད་གསུམ་བླ་མ་ལ་ཕུལ་ནས་རྐང་མགྱོགས་ཡིད་བཞིན་བསམ་འཕེལ་ཞེས་བྱ་བ་གཟིགས་ནས། དྲིན་ལན་ལ་སྔར་ཆོས་སློབ་པ་ལ་བསྐུར་བའི་ནོར་ལྷག བླ་མའི་གསུང་དང་འགལ་བསམ་ནས་མ་ཕུལ་བ་ལ། རྨི་ལམ་གྱི་སྣང་བ་ལ། ཆོས་སྒྲུབ་གེགས་སེལ་ང་ཎ་ཆེན་ལ། །ཀུ་ལའང་གསེར་གྱི་མཎྜལ་ཕུལ། །ཅེས་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་མཁའ་འགྲོ་མ་གསེར་གྱི་གོ་ཆའི་ལུང་ཐོབ་ནས། སྲང་གཅིག་མཁའ་འགྲོ་མས་བྱིན་པ་ཡིན་བྱས་ནས་ཕུལ་ལོ།།

དེ་ནས་གྲོང་ཁྱེར་ཏ་མ་ལ་སིནྟ་རུ་གཤེགས་ཏེ། ཤུདྡྷ་ཀ་ར་ཝརྨ་དང་མཇལ་ནས། ཕྱག་ན་རྡོ་རྗེ་བསྒྲུབ་པའི་ལུང་བསྟན་ནས། གནམ་ལྕགས་འབར་བའི་རི་ལ་རྒྱ་རིམ་གསུམ་བཏབ་ནས་ཡོད་པ། ང་སྟོན་པའི་རྡོ་རྗེ་མཁྱིད་གང་པ་དང་། མ་ཧཱ་ཤང་ཀའི་ཕྲེང་བ་བརྒྱད་རྩ་གཅིག་གནང་། སྔགས་ཀྱི་བདག་པོ་གྱིས་གསུངས་སོ། །གསོལ་བ་བཏབ་ན་དགོས་འདོད་འབྱུང་གསུངས་སོ། །ཡང་སྤྲུལ་པའི་ཡིད་ཀྱི་ཆོས་གསུང་བར་གསོལ་བ་བཏབ་པས་གནང་ནས། ལོ་གཉིས་སུ་རྣལ་འབྱོར་ཡོ་གའི་རྒྱུད་སྒྲུབ་ཐབས་མན་ངག་དུ་མ་གསན་ནོ། །གསེར་ལྷག་མ་རྣམས་མ་ལུས་པར་ཕུལ་ལོ།།

དེ་ནས་ཡུལ་དུ་སྤྱོད་པར་འདོད་པས། ཐུགས་ལམ་ན། བོད་ཀྱི་མི་གཅིག་གིས་རྒྱ་མཚོའི་གླིང་ནས། ནོར་བུ་རིན་པོ་ཆེ་མང་དུ་ཁུག་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཅིག་ལུས་སུ་འཇུག་པར་འདུག དེ་རྗེ་བཙུན་ཆེན་པོ་ན་རོ་པའི་ཕྱག་ན་མངའ་བ་ཡིན། ཅེས་ཐུགས་ལམ་དུ་བྱུང་ནས། རྣལ་སད་པ་དང་། བླ་མ་ཤཱདྷཱ་ཀ་ར་ལ་ལོ་རྒྱུས་དེ་ཞུས་པ་དང་། བླ་མའི་ཞལ་ནས་དེ་ལྟར་ཡིན་ན། རྗེ་བཙུན་ཆེན་པོའི་དྲུང་དུ་འགྲོ་དགོས་སོ། །ཁོང་གི་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གདམ་ངག་མང་དུ་མཁྱེན་པ་ཡིན་གསུང་ནས། བླ་མ་ཐུགས་རྗེ་དང་ལྡན་པས་ཞོ་གསུམ་གནང་ནས། བཀའ་བཞིན་ཐུགས་ལམ་བཟུང་ནས། བྱང་ཕྱོགས་སུ་མཧཱ་རིའི་དཔལ་མེ་ཏོག་བརྒྱན་པའི་གྲོང་ཁྱེར་ནས་པར་བསྐྱོད་དོ། །མྱུར་དུ་རྗེ་བཙུན་ཆེན་པོ་དང་མཇལ་ནས་མཎྜལ་ཕུལ་ཏེ་བྱིན་རླབས་དང་གདམ་ངག་ཞུ་བར་གསོལ་བ་བཏབ་པས། བཀའ་གནང་སྟེ། ལྷན་ཅིག་སྐྱེས་པ་ཟབ་མོ་སྤྲོས་པ་དང་བྲལ་བ། དེ་ཁོ་ན་ཉིད་ཀྱི་གདམ་ངག་ཁྱད་པར་ཅན་གྱི་གདམ་ངག་དང་བྱིན་རླབས་དང་ངོ་སྤྲོད་མང་པོ་གསན་ནོ། །དེ་ནས་གདམས་པ་རྣམས་ཚར་བ་དང་། བླ་མ་ལ་ཕྱི་ཕྱག་ཕུལ་ནས་སླར་ཡང་བསྐྱོད་པའི་ཤུལ་ཀ་རུ། པཎྜི་ཏ་ཀཱ་མ་ལ་གུཔྟ་དང་མཇལ་ནས། གདམ་ངག་མང་དུ་གསན་ནོ། །མཁའ་འགྲོ་མ་དབང་དུ་འདུ་བའི་ཁྲི་སྙན་ས་ལེའི་རྭ་ཅོ་གཅིག་གནང་ངོ༌། །དུས་བཞིར་བུས་བསོད་ནམས་ཀྱི་དཔལ་ཐོབ་འོང་གསུང་། སྔར་ཡུལ་དུ་གཟིགས་པའི་རྒྱ་དཔེའི་བུམ་ནང་ནས། མཁའ་འགྲོ་མ་གསེར་གྱི་འོད་ཟེར་ཅན་ཞེས་བྱ་བའི་སྒྲུབ་ཐབས་ཟབ་མོ་གཅིག་ཡོད་པ། པཎྜི་ཏ་དེས་མཁྱེན་ནས་བསླབས་སོ། །མཁའ་འགྲོ་མ་དེ་ནི་སྔར་ལུང་བསྟན་བྱེད་པ་དེ་ང་ཡིན་པས། དེ་མན་ཆད་མ་དང་སྲིང་མོའི་ཚུལ་དུ་ལས་བྱེད་དོ།།

དེ་ནས་ཁ་ཆེའི་ཡུལ་དུ་ལོ་དུ་ལོན་དགོངས་ནས་བརྩིས་པས། ལོ་འོན་ཀྱང་མཁའ་སྤྱོད་དུ་མཇལ་བར་བྱ་གསུང་བ་དེ་ཡང་ཐུགས་ལ་དྲན་ནས། གྲོ་ཁ་སེར་པོ་ལ་བཞེངས་པའི་རྒྱ་དཔེ་དུམ་པ་བསྣམས་ནས། རྐང་མགྱོགས་ཀྱི་གདམ་ངག་དང་སླར་གཤེགས་པས་སྐྱོ་བང་དུ་ཞག་དྲུག་གི་ངོ་ལ་སླེབས་པས། ཡབ་ལོ་གཅིག་གི་སྔོན་ལ་གྲོངས་ནས་མ་འཕྲད་དོ། །ཐུགས་ལ་འགྱོད་པ་དྲག་པོ་སྐྱེས་ནས། དཔལ་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཁོང་རང་གི་བདུན་ཙམ་མཛད་དོ། །ཡུམ་སྙུང་གཞི་མེད་པར་བཞུགས་ནས། སྐུ་ཚེ་བསྲིང་བའི་ཆེད་དུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གསུམ་ཙམ་མཛད་དོ། །དེ་མན་ཆོད་ཀྱང་ལོ་བཅོ་བརྒྱད་དུ་སྐུ་ཚེ་བསྲིང་སོ། །དེ་ནས་ལོ་ཙཱ་བའི་ཐུགས་དགོངས་ལ། བདག་གི་མི་ལུས་རིན་པོ་ཆེ་ཐོབ་ནས་བླ་མ་མཁས་པ་དང་མཇལ་ཏེ། དམ་པའི་ཆོས་ལ་སྤྱོད་པ་སུའི་དྲིན་ན། ལྷ་དང་ཡབ་ཡུམ་གྱི་དྲིན་ཡིན་པས། ལྷ་དང་མཇལ་བར་དགོངས་ནས་སྐུ་གཤེགས་པའི་གདུང་དང་མཇལ། མཆི་མ་བཏོན། རྗེས་ཀྱི་བྱ་བ་རྣམས་ཞེན་པ་རྫོགས་པར་མཛད་དོ།།

དེ་ནས་བླ་མ་ལྷ་དང་ཡབ་ཀྱི་དོན་དུ། གསེར་སྲང་ཉི་ཤུའི་རྫས་བསྣམས་ནས་ཁ་ཆེ་རུ་གཤེགས་ཏེ། ར་གན་གྱི་རྫོངས་མཛད་པས་དེ་མ་ཐག་ཏུ་གཟིགས་ཏེ། ལྷ་བཟོ་བ་མཁས་པ་བྷི་དྷ་ཀ་བྱ་བ་ལས། ཡབ་ཀྱི་སྐུ་ཚད་མཉམ་པ་ཐུགས་རྗེ་ཆེན་པོ་གཅིག་བཞེངས་སུ་གསོལ་ནས། བླ་མ་ཤཱདྨ་ཀ་ར་བས་རབ་ཏུ་གནས་པར་མཛད་དོ། །ཡུལ་ནས་བསྣམས་པའི་གསེར་སྲང་ཉི་ཤུ་ནས། གསེར་སྲང་ལྔ་བླ་མ་ལ་མཉེས་པ་མཛད་དོ། །གསེར་སྲང་ལྔ་ལ་རབ་གནས་ཀྱི་ཞལ་སྒྲོལ་མ་ཁའི་དང་། ཛྙཱ་ན་ཤྲཱི། གསོ་མཛད་དོ། །གསེར་སྲང་ལྔ་ལ་ལྷ་བཟོ་བའི་ཆ་རྐྱེན་མཛད་དོ། །གསེར་སྲང་གཅིག་བླ་མ་ལ་བཅོལ་ཏེ། རྟེན་ཁ་ཆེའི་ཡུལ་དུ་ཤིང་རྟ་འཁོར་ལོ་ལ་འདྲེན་པར་རྩོམ་བས། ཤ་ཟ་ལྕེ་སྤྱང་མགོ་ཅན་གྱིས། ཁྱོད་བླ་མ་ལྷའི་རྟེན་ཀྱང་མི་བཞེངས་པ། མ་ཡེངས་པར་གདམས་པ་རྣམས་མི་ལེན་ན། ད་སྟེ་ཞག་བདུན་ན་བར་ཆོད་བྱེད་ཟེར་རོ། །ཁོང་གི་ཐུགས་ལ། ཟོང་སྲང་ཉི་ཤུའི་རྩིས་ལས་མི་འདུག ཕྱིས་ལན་ལ། བོད་ན་ལུགས་སུ་བླུགས་པ་ལ་ཆེ་བ་གཅིག་བཞེངས་བསམ་པ་ལ། མཁའ་འགྲོའི་ཆད་པ་འོང་བར་ཤེས་ནས། གསོལ་བ་བཏབ་ནས། སུ་མ་ཏི་ཙནྡྲ་ལ། སྔགས་རྒྱུད་རྣམ་གསུམ་མཉན་ནས། གར་ཡང་སེམས་མ་ཡེངས་པར། བྱང་སེམས་བསྐྱེད་ནས། རྟེན་འཁོར་ལོ་ལ་སྤྱན་དྲངས་སོ།།

སྔར་ཡུལ་ནས་ཆས་མན་ཚོད་ཟླ་བ་བཅུ་གསུམ་ལ། སླར་རྟེན་དང་ཡུལ་དུ་བྱོན་ནོ། །རྟེན་དེ་ལ་མཐོང་བས་ཡིད་གཡོ། མཆོད་པ་ཆེན་པོ་བྱས་ན་བར་ཆེད་སེལ། བསམ་པའི་དོན་འགྲུབ་བོ་ཞེས་ཇོ་བོས་གསུངས་སོ། །ཁྱད་པར་དུ་ཡང་དུས་ཀྱི་འཁོར་ལོ་ལ་མཁས། དེ་ནས་བླ་ཆེན་པོས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞབས་ཏོག་ལ་གསེར་སྲང་ལྔ་བཅུ་ཁྱེར་ནས། སླར་ཡང་ཁ་ཆེར་ཡང་བྱོན་ནོ། །ཡང་ཁ་ཆེའི་ཡུལ་ན་གྲགས་པའི་སྔགས་རྒྱུད་སྡེ། མདོ་དོན་སྡེབ་སྦྱོར་རྣམས་བྲིས་པས་ལོ་བདུན་འཁོར། དེའི་བར་ལ་བླ་མ་ཤཱདྷ་ཀ་རས་དབུ་མཛད་པའི། པཎྜི་ཏ་ལྔ་བཅུ་རྩ་བདུན་ལ་ཁ་ཆེར་འགྱུར་བའི་ཆོས་མ་ལུས་པར་ལུང་ཐོབ། ཡི་དམ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་བཟུང་ནས། གཞན་གྱི་ཀློག་འདོན་པ་བས་ཁོང་གི་ཐུགས་ལ་འཛིན་པ་མྱུར་བར་བྱུང་། གྲོ་ག་དང་ཏ་ལ་ལ་བྲིས་པའི་དཔེ་པོད་ལྔ་བརྒྱ་བདུན་ཅུ་དོན་གཉིས་གྲུབ། ལྷག་མ་གསེར་སྲང་གསུམ་ལུས་འདུག་པ་ལ། རིགས་གསུམ་མགོན་པོ་བཞེངས་ནས་བྲག་སེངྒེའི་རལ་པ་ཅན་ལ་བདུད་རྩིའི་སྒྲུབ་པ་མཛད། ཕྱག་རྒྱ་ཆེན་པོའི་གྲུབ་པ་ཐོབ་ནས། སླར་ཐོ་ལིང་དུ་བྱོན། རྟེན་རིགས་གསུམ་གདན་འདྲོངས། རྒྱ་དཔེ་སྐྱོ་བང་གི་བྲག་ལ་བཞུགས་སུ་གསོལ། དེ་ནས་ལྷ་ཆེན་པོ་ལྷ་ལྡེ་བཙན་གྱི་བཀས། པཎྜི་ཏ་པྲཛྙཱ་ཀ་ར་ཤྲཱི་མི་ཏྲ་དང་། པཎྜི་ཏ་སུ་བྷ་ཥ་ཏ་ལ་སོགས་མཁས་བཙུན་མང་པོ་སྤྱན་དྲངས་ནས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དམ་ཆོས་མང་དུ་བསྒྱུར་རོ།།

མདོར་ན། པཎྜི་ཏ་བདུན་ཅུ་དོན་ལྔ་ལ་དམ་ཆོས་མང་དུ་ཞུས་གསུང་། ལྔ་པ། དེ་ནས་ལྷ་ལྡེའི་དབུའི་མཆོད་གནས་དང་རྡོ་རྗེ་སློབ་དཔོན་མཛད་དོ། །དགོན་དགུང་ཚེས་བཅུ་བདུན། སྐར་མ་རྟ་པ་ལ་གཞན་དོན་ལ་སྤྱོད་དོ། །དེ་ནས་ཀ་བཞི་གདུང་བརྒྱད་ལ་སོགས་པའི་བུ་སློབ་རྣམས་ཀྱིས་གདུང་སྦྱངས་པས། སྐུ་གདུང་གི་དངོས་པོ་ཡུངས་ཀར་གྱི་ཤུན་པ་ཙམ་ཡང་མ་བྱུང་སྟེ། འཇིག་རྟེན་གྱི་མཐུན་འཇུག་ཏུ། རིང་བསྲེལ་ཤིང་ཐོག་འོ་མ་སེ་ལྟར་དུ་ཤིན་ཏུ་དམར་བ་གསུམ་ཞིག་བྱུང་སྟེ། ནམ་མཁའ་ནས་རོལ་སྒྲ་སྣ་ཚོགས་འབྲུག་ལྟར་གྲགས་ཏེ། མཁའ་སྤྱོད་དུ་གཤེགས་ཏེ། དེ་ནས་ཟླ་བ་གཅིག་ཙམ་དུ། ཡུལ་གྱི་ལྷ་འདྲེ་ཆོས་ལ་དགའ་བ་དང་། དམ་ལ་བཏགས་པ། འཇིག་རྟེན་གྱི་ལྷ་འདྲེ་རྣམས་མཚན་མོ་རེས་ཀྱི་གདུང་མཆོད་ཀྱི་ས་རུ་ངུ་ཆོམ་གྱི་འདེབས་པ་མང་དུ་བྱུང་ངོ་།།

དེ་ནས་ཞག་གཅིག་སྐར་མ་རྟ་པ་དང་ཉའི་དགུང་ཚེས་བཅོ་ལྔ་ལ། གདུང་སྤུར་ས་རུ། འཇའ་ཚོན་དང་མེ་ཏོག་གི་ཆར་མང་དུ་བབས་ནས། དེ་མན་ཆད་ལྷ་འདྲེ་མྱ་ངན་བྱེད་པའི་སྒྲ་ཡང་ཆད་དོ། །རྒྱུ་མཚན་དེ་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་ལ་ཞུས་པས། ལོ་ཙཱ་བ་བྱང་ཆུབ་སེམས་དཔའ། ལྷ་འདྲེ་རྣམས་ལ་སྙིང་རྗེ་བར་དགོངས་ནས་ལྷ་སྲིན་རྣམས་ལ་ནམ་མཁའི་དབྱིངས་ནས། མི་རྟག་པའི་ཆོས་གསུང་དུ་བྱོན་ནས། འདྲེ་སྲིན་རྣམས་ཆོས་ལ་བཀོད་དོ། །དེ་མན་ཆད་མྱ་ངན་སངས་པ་ཡིན་གསུང་། དུས་དིང་སང་ཁོང་ནི་ནུབ་ཕྱོགས་བདེ་བ་ཅན་དུ་མཁའ་འགྲོ་མ་གསེར་གྱི་གོ་ཆས་སྤྱན་དྲངས་ནས། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྤྱན་ལམ་དུ་བཞུགས་ཏེ་མཆིས། གསུང་གིན་ཐལ་མོ་སྦྱར་བ་མཛད་དོ། །ཡང་ཁྱིམ་བདག་སྦས་པས་ཞུས་པ་ན། ཞང་ཞུང་གི་སའི་ཆ། ཁ་ཆེ་རུ་དགེ་སློང་བྱའི་གདོང་པ་ཅན། དམ་བཅའ་རྣམ་བཞི་རྒྱུད་ཐོག་ཏུ་ལོངས་པ་སྐྱེ་བར་འགྱུར། དེའི་རྗེས་སུ་ཞུགས་པས་ཐར་པའི་ལམ་ཐོབ་པར་འགྱུར་ཞེས་ལུང་བསྟན་ཏོ། །ལོ་ཙཱ་བ་སྐྱེས་མཆོག་རིན་ཆེན་བཟང་པོའི་སྐྱེ་བརྒྱུད་དཀའ་བཅད་སྒྲོན་མ་ཁའི་དང་། ཛྙཱ་ན་ཤྲཱིས་ཡི་གེ་རིས་སུ་བྲིས་པ་རྫོགས་སོ།། །།

ཁོང་རང་གི་ཡུལ་ཁ་ཆེ་རུ། སྐྱེས་མཆོག་གི་གདུང་ཉེ་ཤོས། དབོན་པོ་བསོད་ནམས་དཔལ་བཟང་པོ་ལ་ལེགས་པ་ཞུས་ནས་ཟམ་ཁ་བ་བདག་གིས་བྲིས་པ་ལགས་སོ།། །།དགེའོ།། །།

 

 

བརྒྱུད་སྐུལ།

མཆན་སྤེལ།