མཉམ་མེད་ཕག་གྲུ་དཀར་བརྒྱུད་པའི་གདན་ས་ཆེན་མོ་སྣ་ཕུ་ཆོས་ལུང་།

འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ།

 

གངས་ཅན་གྱི་ས་ར་ཧ་གྲུབ་ཐོབ་ཆེན་པོ་གླིང་རས་པ།

 

མཉམ་མེད་ཕག་གྲུ་དཀར་བརྒྱུད་པའི་གདན་ས་ཆེན་མོ་སྣ་ཕུ་ཆོས་ལུང་།

 

འབྲུག་པ་བསྟན་འཛིན་རྒྱ་མཚོ།

༄༅། །དཔལ་རྒྱལ་བ་ཕག་གྲུ་དཀར་བརྒྱུད་ཀྱི་གདན་ས་ཆེན་པོ་སྣ་ཕུ་ཆོས་ལུང་ནི། འགྲོ་མགོན་ཕག་མོ་གྲུ་པའི་མཐར་ཕྱིན་གྱི་བུ་ཆེན་བཞིའི་ཡ་གྱལ། རྟོགས་པ་མཐར་ཕྱིན་སྣ་ཕུ་པ་གླིང་རས་པདྨ་རྡོ་རྗེའི་རྩ་བའི་གདན་ས། རབ་བྱུང་གསུམ་པའི་ས་བྱི་༼༡༡༦༨༽ལོར་ཕྱག་བཏབ་པ་ཞིག་སྟེ། དེ་ཡང་གྲུབ་ཆེན་གླིང་རས། རབ་བྱུང་གཉིས་པའི་ས་སྤྲེལ་༼༡༡༢༨༽ལོར། གཙང་མྱང་སྟོད་གླིང་སྨད་ཀྱི་བཞེངས་ཀྱི་གླང་པོ་སྣ་བྱ་བར། ཡབ་རྒྱལ་པོ་སྐྱབ་བེ་དང༌། ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་འཁྲུངས། མཚན་པདྨ་རྡོ་རྗེར་གསོལ། དགུང་ལོ་བརྒྱད་ནས་བཅུ་གསུམ་བར་ལྷ་རྗེ་རས་སྨན་ལས་སྨན་མཁས་པར་བསླབས། བཅུ་བདུན་པ་ལ་ཁུ་བོ་བཀའ་གདམས་པའི་དགེ་བཤེས་གླིང་བྱ་བ་དང་། དབུས་པ་ཞང་། རྭ་འབུམ་སེང་། དགེ་བཤེས་འོམ་ཐང་པ་སོགས་བསྟེན་ནས། མདོ་སྔགས་ཀྱི་ཆོས་སྐོར་དུ་མ་གསན། ཇོ་མོ་སྨན་མོ་ཤེས་རབ་རྒྱན་བྱ་བ་ཞིག་ཀྱང་རེ་ཞིག་ཁབ་ཏུ་བཞེས། རྗེ་ཉིད་ནམ་རྒྱུན་རས་ཆུང་པ་ལ་ཧ་ཅང་དད་ཅིང་མོས་པས། གཉལ་དང་ལོ་རོའི་ཕྱོགས་ཕེབས། མོག་པ་ཚེ་ཀོང་གི་དགོན་པར་རྗེ་རས་ཆུང་པའི་སློབ་མཆོག་རྒྱལ་བ་ལོ། རྗེ་བཙུན་སུམ་པ། རྗེ་བྱེས་འགོལ་བ་སྟེ་དམ་པ་སྐུ་མཆེད་གསུམ་བླ་མར་བསྟེན་ཏེ་རས་ཆུང་པའི་གདམས་སྐོར་ཚང་བར་ཞུས། རྗེ་སུམ་པ་གཤེགས་རྗེས་གདན་ས་པའི་ཁུར་བཞེས་པ་སོགས་འགྲོ་དོན་ཡང་མི་དམན་པར་བྱུང་།

དགུང་ལོ་ཞེ་གཅིག་པ་རབ་བྱུང་གསུམ་པའི་ས་བྱི་༼༡༡༦༨༽ལོར་ཡུལ་དབུས་སུ་ཕེབས་ཏེ། དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་རྗེ་འགྲོ་བའི་མགོན་པོ་ཆོས་ཁྲིར་ཕེབས་པ་དང་མཇལ། མོས་གུས་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེས་པ་དེས་སྒོམ་མེད་ཀྱི་རྟོགས་པ་ཅིག་ཅར་དུ་ཤར། མཁྱེན་པའི་ཤེས་རབ་ཕྱོགས་མེད་རྒྱས་ཏེ། དཔེ་ཡི་གེ་གཅིག་ཀྱང་མ་ཞུས་ཏེ། །རྒྱལ་བའི་གསུང་རབ་རབ་འབྱམས་ལ། །ཤེས་པའི་སྣང་བ་དེ་ནས་ཐོབ། །ཤེས་རབ་ཀྱི་སྤྱན་ཞིག་གནང་བ་འདྲ། །ཞེས་གསུངས་སོ།།

དེ་ནས་ལྷན་ཅིག་སྐྱེས་སྦྱོར་གསན་ཏེ་ལོ་བདུན་ཟླ་བ་བདུན་ཞག་བདུན་གྱི་མཚམས་ཀྱི་དམ་བཅའ་ཕུལ་ཏེ། གདན་ས་ཐེལ་གྱི་ད་ལྟའི་གླིང་རས་ཕུག་ཏུ་གྲགས་པར་འདག་སྦྱར་ལ་བཞུགས་ནས་ཞག་ལྔ་སོང་བའི་ཉིན་སླར་ཕེབས་པ་ལ། འགྲོ་མགོན་ཕག་མོ་གྲུ་པས། ཁྱོད་དམ་བཅས་པ་ལྟར་མི་སྡོད་པར་གྲོལ་འོང་བ་ཅི་ཡིན་གསུངས་པ་ལ། རྗེ་ཡི་ཞལ་ནས་གཉུག་མའི་དོན། །སྒོམས་ཤིག་གསུངས་ནས་བསྒོམས་ལགས་པས། །བསྒོམ་བྱ་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་ཐུན་མཚམས་སུ་གཟུང་རྒྱུ་ཡང་མི་གདའོ། །སོགས་རྟོགས་པ་ཕུལ་བས། རྒྱ་གར་ཆུ་བོ་གངྒཱ་ཕན་ཆོད་ལ་ས་ར་ཧ་ཆེན་པོ་རྟོགས་པ་མཐོ། དེ་ཚུན་ལ་ཁྱོད་རྟོགས་པ་མཐོ་བ་ཡིན་སོགས་ཀྱིས་བསྔགས། ལོ་དེར་སྣ་ཕུ་ཆོས་ལུང་བཀྲ་ཤིས་དགེ་གླིང་གི་ཕུག་པར་བཞུགས་པར་གསུངས་པས། རྗེ་ཕག་མོ་གྲུ་པ་མཇལ་བའི་ལོ་དེར་སྣ་ཕུའི་གདན་ས་ཕྱག་བཏབ་པར་མངོན་ནོ།།

དཔལ་ཕག་མོ་གྲུ་པ་གཤེགས་ནས་འགྲོ་དོན་མཛད། ནོར་བྱུང་ཚད་ཀྱིས་ཆ་ལང་ཆེན་པོ་ཞིག་ཉོས་ཏེ་ཕག་མོ་གྲུར་ཕུལ། སླར་ལོག་ནས་བསམ་ཡས་སུ་ཞག་བཞུགས་མཛད་པའི་ཐོ་རངས་ཤིག་ལ། བུད་མེད་སྔོ་བསངས་མ་ཞིག་གིས་བཀའ་འགྱུར་རོ་ཅོག་གི་གླེགས་བམ་ཡིན་སྙམ་པ་ཞིག་ལྗགས་སྟེང་དུ་བཞག་པ་ཁོང་དུ་སོང་བ་རྨིས། དེ་ཕྱིན་བཀའ་འགྱུར་རོ་ཅོག་བློ་ལ་ཟིན་ཅིང་བཤར་འདོན་ཆོག་པའི་ངོ་མཚར་ཡང་བྱུང་། བསྟན་བཅོས་ཀྱང་དུ་མ་མཛད། རྫུ་འཕྲུལ་དང་གྲུབ་རྟགས་ནི་བསམ་གྱིས་མི་ཁྱབ་པར་བསྟན་པའི་ཚུལ་ཞིབ་མོ་རྣམ་ཐར་ཁག་ལས་ཤེས་སོ།།

འགྲོ་མགོན་རྒྱ་རས་དང་ལོ་རོ་ཞིག་པོ་སོགས་སྐལ་ལྡན་གྱི་གདུལ་བྱ་རྣམ་མང་སྨིན་གྲོལ་གྱི་ས་ལ་བཀོད་དེ། དགུང་གྲངས་རེ་གཅིག་ས་སྤྲེལ་༼༡༡༨༨༽ལོའི་དབྱར་རའི་ཉེར་བརྒྱད་ལ་གཟུགས་སྐུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ།།

གྲུབ་ཆེན་གླིང་རས་གཤེགས་ནས་དབོན་གདན་ས་པ་གདན་སའི་ཁྲིར་ཕེབས་ཏེ་འཛིན་སྐྱོང་གནང་བ་སོགས་མི་ཐོག་ཁ་ཤས་ལ་གདན་སའི་བླ་མ་ཁྲི་པ་རིམ་པར་ཕེབས་ཤིང་། གདན་ས་འབྲུག་དང་གཙོ་བོ་ར་ལུང་ནས་གཟིགས་རྟོག་ཆེ་བར་མཛད། ཕྱིས་སུ་ཀུན་མཁྱེན་པདྨ་དཀར་པོ་དང་རྗེ་ལྷ་རྩེ་བ་ཡབ་སྲས་ཀྱིས་གཟིགས་སྐྱོང་ལེགས་པར་མཛད། དེ་ཕྱིན་འབྲུག་བདེ་ཆེན་ཆོས་འཁོར་གླིང་གིས་བདག་སྐྱོང་གནང་སྲོལ་ཡོད་འདུག་ཀྱང་རིམ་པས་གདན་ས་ཉམས་ཏེ། མཐར་རིག་གནས་གསར་བརྗེ་ཆེན་པོས་རྩ་གཏོར་ཐེབས་ནས་ད་ལྟ་སླར་གསོ་མ་གྲུབ་པར་ཡོད་དོ།།

འགའ་ཞིག་གི་ངོར་བསྟན་རྒྱམ་གྱིས་བྲིས།

སྣ་ཕུ་ཆོས་ལུང་ནི།

 

ཡར་ཀླུང་གཙང་པོའི་འགྲམ་རྒྱུད། རྙིང་མའི་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་གི་མར་ཟུར་གཡོན་ཕྱོགས་ཀྱི་ལུང་མདའ་དེ་ནས་ལུང་ཕུའི་ཕྱོགས་སུ་ཡར་ལེ་དབར་བཅུ་གྲངས་ཙམ་སོང་ན་ཕྲེང་མགོ་གྲོང་ཚོར་བསླེབ་ཅིང་། ཕྲེང་མགོ་གྲོང་ཚོ་ནས་ཡར་ཅུང་ཟད་སོང་ན་ལུང་མདའ་ཞིག་ཏུ་རུ་ཁག་གཉིས་པ་ཟེར་བའི་གྲོང་ཚོ་ཞིག་འདུག་པ་དེའི་ལུང་པའི་ཕུ་དེ་ཡིན། རུ་ཁག་གཉིས་པ་ཡོད་སའི་ལུང་མདའ་དེ་ནས་ཡར་དེའི་ལུང་པའི་ཕུར་བལྟས་ན་རི་རྩེ་རྫ་སྤང་དང་དེའི་གཤམ་བྲག་རི་ལྗོན་ཤིང་གིས་སྤྲས་པའི་ཞོལ་བྲག་ཕུག་སྣ་ཁུང་གི་དབྱིབས་འདྲ་བ་ཆ་གཅིག་མཐོང་ཐུབ་པས། སྣ་ཕུ་ཞེས་པའི་མཚན་ཡང་འདི་ལས་ཐོགས་པར་ངེས། འོན་ཀྱང་ཡུལ་མིའི་ཁ་སྐད་ལྟར་སྣ་ཕུ་(na wu)ཞེས་མ་སྨྲས་པར། སྣ་ཕུ་ཆོས་ལུང་གང་དུ་ཡོད་ཅེས་དྲིས་ན་ནི་ཁོ་ཚོར་གོ་བརྡ་འཕྲོད་དཀའ་བར་འདུག །འདི་ནས་འཁོར་ལམ་མེད་པས་རྐང་ཐང་དུ་འཛེགས་དགོས། སྤྱིར་བཏང་གི་མི་རྣམས་ཆུ་ཚོད་གཉིས་ཙམ་གྱིས་སྣ་ཕུ་ཆོས་ལུང་གི་གདན་སར་བསླེབ་ཐུབ་པ་འདུག་ཅིང་། རྐང་འགྲོས་ལ་བྱང་བ་ཞིག་ཡིན་ན་ནི་ཆུ་ཚོད་གཅིག་ཙམ་ལས་མི་དགོས་པ་འདྲ། སྣ་ཁུང་དབྱིབས་ཅན་གྱི་བྲག་ཕུག་དེ་གཉིས་ཀྱི་ཞོལ་དང་གཡས་གཡོན་དུ་སྒྲུབ་ཕུག་དང་སྤྱིལ་པོའི་ཤུལ་ཧ་ཅང་མང་ཞིང་། གཙུག་ལག་ཁང་གི་རྩིག་པ་ཡང་ད་དུང་ལུས་འདུག །ཡུལ་མི་ཆ་རྒྱུས་ཅན་རྙེད་ན་གྲུབ་ཐོབ་ཆེན་པོའི་སྒྲུབ་ཕུག་དང་། ཞབས་རྗེས་སོགས་ཀྱང་ངོ་འཕྲོད་པར་འདུག །ཞེས་ཀྱང་མཇལ་སྐོར་བ་དག་ལ་ཕན་རེའི་གསལ་བཤད་ཀྱི་ཚུལ་དུ་པད་དཀར་འཕྲིན་སྟེགས་ནས།

 

སྣ་ཕུ་ཆོས་ལུང་གི་ལུང་མདའ་ནས་མཇལ་ཚུལ།

སྣ་ཕུ་ཆོས་ལུང་གི་ལུང་སྐེད་ནས་མཇལ་ཚུལ།

 

 

གདན་ས་དངོས་དང་ཐག་ཉེ་ས་ནས།

 

གཙུག་ལག་ཁང་གི་གྱང་ཞིག

 

 

 

 

སྒྲུབ་ཕུག་དང་སྤྱིལ་པོའི་ཤུལ།

 

གྲུབ་ཆེན་གླིང་རས་པའི་ཞབས་རྗེས།

 

 

རྩོམ་ཁུངས། འཕྲིན་སྟེགས་པདྨ་དཀར་པོ།

 

 

 

བརྒྱུད་སྐུལ།

མཆན་སྤེལ།