མཐའ་མཇུག་གི་རི་དྭགས་རྔོན་ཐེངས་གཅིག

༄༅།། མཐའ་མཇུག་གི་རི་དྭགས་རྔོན་ཐེངས་གཅིག

རྣམ་སྲས།

མདོ་ལ་རིང་མོའི་རི་འདབས་སུ། ཨ་ཇོ་དགྲ་འདུལ་གྱིས་རི་དྭགས་སོད་སོད་ཅིག་སུས་ཀྱང་གསོད་མི་ཐུབ། ཡུལ་དེར་
མི་ལ་ལས་ཨ་ཇོ་དགྲ་འདུལ་གྱིས་ཨ་མྱེས་བྲག་དཀར་བསྟེན་ཡོད་པར་བཤད་ཅིང༌། སྐབས་འགར། རྫ་གསེང་ནགས་གསེབ་
ཏུ་ཁོ་རང་གཅིག་པུར་འགྲོ་སྐབས་རྟ་ར་རའི་སྟེང་དུ་ཞོན་པའི་ཕྱིང་ལྭ་དང་ཕྱིང་ཞྭ་གྱོན་མཁན་ཞིག་མཐོང་བའང་མང་ཟེར།
གང་ལྟར་ཁོང་རི་དྭགས་རྔོན་དུ་འགྲོ་ཐེངས་རེར་ལག་སྟོང་ལ་ཕྱིར་མི་ལོག་པ་ཕལ་ཆེར་ཐག་ཆོད་ཡིན། བརྔོན་བྱའང་ཆེ་ཤ་
བ་དང་དྲེད་མོ། གླ་བ་དང་དགོ་བ་ནས་ཆུང་རི་བོང་དང་དེ་ཕོ་ཡན་ཆད་ཁོང་གི་ལག་ནས་ཐར་ཐབས་བྲལ་བ་རེད། མི་ལ་
ལས་ཡུལ་འདི་བསོད་ནམས་དམན་པའི་ལྟས་སུ་ཤན་པ་རྨེ་རུའི་ཡང་སྤྲུལ་མངོན་སུམ་དུ་བྱོན་པ་ཡིན་ནའང་ཐང་ཞེས་ཀྱང་
གླེང་ངོ༌། །ལོ་འདི་འགའི་རིང་ལ་ཨ་ཇོ་དགྲ་འདུལ་གྱིས་རི་བརྒལ་ལ་བརྟོལ་ཐུབ་པའི་ནུས་སྟོབས་ལ་བརྟེན་ནས་ཡོང་སྒོ་ཇེ་
མང་དང་འཚོ་བ་ཇེ་ལེགས་སུ་བཏང་བ་དང༌། སྡེ་བའི་ནང་ཁོང་ཚང་གི་ཆ་རྐྱེན་ཅུང་ལེགས་པའི་གྲས་སུ་བགྲང་ཆོག་ཉེ་
ཆར་གོང་རིམ་གྱིས་རི་དྭགས་རྔོན་མི་ཆོག་པའི་བསྡམ་ར་ཡང་དང་ཡང་དུ་བཞག་ན་ཡང “བཀག་རྒྱ”དེ་རིགས་
གསན་ཚེ། ཁོའི་སེམས་སུ་ད་དུང“མི་ཚང་མ་རི་དྭགས་རྔོན་པར་སྐུལ་ཀྱང་ལ་ལུང་བརྒལ་བའི་ཚེགས་སུ་ཞིག་གིས་མྱོང་
ཐུབ་བམ། ད་ལྟ་སྔོན་ཆད་དང་མི་མཚུངས་པ་རེད……”ངོ་མ་བཤད་ན་དེ་ཡང་གནས་ཚུལ་དངོས་རེད། ན་གཞོན་
འགའ་རེས་ཁོང་ལ་སློབ་སྦྱོང་བྱས་ཏེ། ལྐོག་ཏུ་རི་དྭགས་རྔོན་དུ་སོང་མོད། དེ་རྣམས་བཟེ་རེ་ཆེ་ལ་སྡུག་བསྲན་མེད་པས་རི་
དྭགས་གཅིག་ཀྱང་མ་སོད་པ་རེད། ཨ་ཇོ་དགྲ་འདུལ་ལ་མཚོན་ནའང་ལྕགས་ཀྱིས་བརྡུངས་པ་ཞིག་ག་ལ་ཡིན། ཁོང་གི་ལུས་
སྟེང་དུ་ན་སོས་ཐུབ་པའི་རྟགས་མཚན་ཡང་སྣ་ཚོགས་ཤིག་མཐོང་རྒྱུ་འདུག ལྷག་པར་དུ་ད་ལོ་ནས་བཟུང་རི་མགོར་སོང་
ན་དབུགས་འཚང་བ་དང་ཡུལ་དུ་སླེབས་ན་མཁལ་སྐེད་ན་ཞིང་རྐང་ལག་རེངས་ནས་བརྐྱངས་སྐུམ་དཀའ་བ་སོགས་ཁོ་
རང་གི་སེམས་སུའང་ཁྲིགས་ཁྲིགས་རེད། ཡིན་ན་ཡང༌། ཁོང་གིས་ཁྱིམ་ཚང་དང་ཕྱིན་ཆད་ཀྱི་འཚོ་བ་བསམས་ནས་བརྔོན་
མཚམས་མ་བཞག་གོང་ལ་བུ་ཆུང་བ་རྡོ་སྐྱབས་ལ“འཚོ་ཐབས”འདི་སློབ་ཏུ་འཇུག་བསམ་པའི་བློ་སྔ་མོ་ནས་ཤར་
ཡོད་པ་ད་ལྟ་ལག་ལེན་དུ་འདེབས་པའི་དུས་སུ་སླེབས་འདུག་སྙམ།
ཁེ་ཉིན། ཁོང་སྐྱ་རེངས་མ་བཀྱགས་གོང་མལ་ནས་ལངས་ཤིང༌། རྩིབ་ཏུ་ཉལ་འདུག་པའི་རྡོ་སྐྱབས་གཉིད་ལས་
བསླངས། བུས་ཨ་ཕས་དེ་རིང་རང་ཉིད་རི་དྭགས་བརྔོན་པར་འཁྲིད་རྒྱུ་ཡིན་པ་ཤེས་ནས་དགའ་སྤྲོ་ཆེན་པོས་མལ་ནས་
འགྲེ་ལོག་ཅིག་བརྒྱབ་ནས་ཡར་ལངས། འགྲོ་ཁར་ཕ་དགྲ་འདུལ་གྱིས་ཐལ་བར་བསྲེགས་པའི་འཁུར་བ་གཅིག་ཚལ་བར་
བཏང་སྟེ་ཕྱེད་གཅིག་རང་གི་རུམ་ལ་བཅུག་པ་དང༌། ཕྱེད་གཅིག་རྡོ་སྐྱབས་ལ་སྟེར་བཞིན་དུ“འགྲངས་ན་རྒྱགས་མ་རྗེད།
དྲོས་ན་གོས་མ་རྗེད་ཟེར་བ་གོ་ཨེ་མྱོང༌། ” ཞེས་གདོང་ལ་སྤོབས་པས་ཁེངས་བཞིན་སྨྲས།
“ཨ་ཕ། དེ་རིང་ལམ་ཐག་རིང་བོར་འགྲོ་རྒྱུ་ཡིན་ནམ།鉋
“ལོས་ཡིན། རི་བོ་འགའ་ཤས་བརྒལ་དགོས། ”
གྱེན་ལ་བསེགས་པའི་རི་ལམ་གྱ་གྱུའི་ངོས་སུ་རྡོ་སྐྱབས་ཨ་ཕའི་རྗེས་འབྲངས་ཤིང་གནའ་གཏམ་ནང་གི་དཔའ་བོ་
ཞིག་མཐོང་བ་ལྟར་ཤིན་ཏུ་གུས་པའི་རྣམ་འགྱུར་གྱིས་ཨ་ཕའི་ལུས་རྒྱབ་ལ་ལྟ་ཞིང༌། སེམས་སུ“ཨ་ཕས་རྒྱུན་པར་བཤད་
ན། ཁོང་རང་ངའི་ལོ་ཚོད་དུ་ཡོད་དུས་རྙི་རྒྱ་སྣ་ཚོགས་འཛུགས་ཤེས་ཤིང་གོང་མོ་དང་དེ་ཕོ། སྐབས་འགར་ད་དུང་གླ་བ་
དང་དགོ་བའང་འཛིན་ཐུབ་ཟེར། ཁོང་གཅིག་པུ་ས་སྟོང་ལུང་སྟོང་ལ་རི་དྭགས་བརྔོན་དུ་འགྲོ་ཕོད་པ་ཅི་འདྲའི་སྙིང་
སྟོབས་ཆེ་བ་ཞིག་རེད་ཨང༌། ” ཞེས་སེམས་བཞིན།
“ཨ་ཕ། ཁྱོད་ཆུང་དུས་ཡང་རི་བོ་འགའ་རེ་བརྒལ་ནས་རི་དྭགས་ལ་སོང་བ་ཨེ་ཡིན། ”
“ག་ལ་ཡིན། སྐབས་དེར་རི་ངོས་འདི་ཡོངས་རྫོགས་ནགས་ཀྱིས་ཁེབས་འདུག”ཅེས་ཨ་ཇོ་དགྲ་འདུལ་གྱི་མཛུབ་མོས་
ཕྱོགས་བཞིའི་སྐྱ་ཐལ་བར་སྣང་བའི་རི་རྩེ་རྣམས་སྟོན་བཞིན་ཁ་ཕྱིར་འཁོར་བ་དང༌། རང་གི་ཁང་ཁྱིམ་ལ་ལྟ་ཙམ་བྱས་ཏེ།
“ཐ་ན་འུ་ཚང་གི་ཁང་བའང་ལྗོན་པའི་གྲིབ་བསིལ་གྱི་ཁྲོད་དུ་ཡོད་པས། ཁྱིམ་ནས་ཉན་ན་དགོ་བ་དང་གླ་བ་སོགས་ཀྱི་
སྐད་སྒྲ་གོ་ཐུབ། ”
“འོ་ན། སྡོང་བོ་དེ་ཚང་མ་གང་ལ་སོང་ངམ། སྐྱ་སྐོག་སྐོག་ཏུ་གྱུར་པ་འདི་ཅི་ཡིན་ནམ། ”རྡོ་སྐྱབས་ཀྱིས་དོན་མ་
རྟོགས་པར་མིག་ཀླད་ལ་འཁོར་ཞིང་སྐེ་བསྲིངས་ནས་དྲིས།
“མི་རྣམས་ཀྱིས་བཅད་ནས་ཚར་སོང༌། ”
“ཨ་མ་མ། ཅི་འདྲའི་ཕངས་པ་ལ་ཨང༌། ”
ཨ་ཇོ་དགྲ་འདུལ་གྱིས་རང་ཉིད་ཀྱི་བུ་ཆུང་གིས་ཁ་ལས་ཐོན་བྱུང་བ་ཡིད་ལའང་ཤར་མ་མྱོང༌། ཁོས་བསམས་ཀྱིན་
བསམས་ཀྱིན་བྲང་ཁོག་ལྗིད་དིག་གེར་གྱུར་ཅིང་ཕངས་སེམས་སྐྱེས། ཁོ་རང་རྡོ་སྐྱབས་ཀྱི་ལོ་ཚད་དུ་ཡོད་སྐབས། སྒོར་བུད་
མ་ཐག་ཏུ་ནགས་ནང་ལ་འཛུལ་ནས་སྡོང་བོར་འཁྱུད་དེ་རྩེད་མོ་རྩེ་བ་དང༌། མིག་ལམ་དུ་ཡུལ་འདིར་ཚེ་སྲོག་ལྡན་པ་ལྟར་
སྔོ་ལྗང་ལྗང་གི་རྦ་རླབས་དལ་གྱིས་གཡོ་ཞིང་བསྐྱོད་པ་ཅི་འདྲའི་བརྗེད་དཀའ་བ་ཞིག་རེད། ཡིན་ནའང༌། ཕྱིས་སུ་གཞུང་
ལམ་ལས་ནས་མཐོ་སྒང་གི་རི་ཁུལ་འདིར་སླེབས་པ་དང་དེས་མི་རྣམས་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་དང་སྟབས་བདེ་ཁྱེར་
འོངས་ཤིང༌། འཚོ་བའི་མཁོ་རྫས་ཕུན་སུམ་ཚོགས་པའང་དེ་དང་འགྲོགས་ནས་འོངས་པ་རེད། ཡང་གཅིག་བཤད་ན།
སྐབས་དེ་ནས་མགོ་བརྩམས་ཏེ། འཛུགས་སྐྲུན་སྣ་ཚོགས་ལ་ཤིང་ཆ་མཁོ་བས་ནགས་ཚལ་ལ་དཔུང་འཇུག་བྱས་ཏེ་སྟ་གྲིའི་
ཐག་སྒྲ་དང་སོག་ལེའི་སིར་སྒྲ། ངལ་རྩོལ་གྱི་ཁ་གཡང་གསང་མཐོར་སྒྲོག་པའི་ཁྲོད་དུ་མཐོན་པོ་དགུང་ལ་བསྙེགས་པའི་
གསོམ་སྡོང་དང་ཤུག་སྡོང༌། དབྱར་སྡོང་དང་ལྕང་སྡོང་སོགས“སྐག་སྐག་སྐག་དང་ལྡིག་ལྡིག་ལྡིག”རྩ་བ་ནས་འགྱེལ་
བ་དང༌། དེར་མཐུད་ནས་གོང་རིམ་གྱིས“འབྲུ་རིགས་རྩ་བ”ཡིན་པའི་འབོད་སྐུལ་བཏང་ཞིང༌། རྨོད་ཞིང་གི་རྒྱ་ཁྱོན་
ཆེར་བསྐྱེད་པའི་ཕྱིར་དུ་མི་ཚོས“སྡོང་བོ་བཞག་ནས་ཅི་བྱེད། ཟོས་ན་བཟའ་གོ་མི་ཆོད། གྱོན་ན་གོས་གོ་མི་ཆོད……
”ཅེས་ཟེར་ཞིང་འུར་ལངས་ནས“ནགས་ཚལ་ལ་འབྲུ་རིགས་སློང་བའི”མཐོ་རླབས་ཚ་དྲག་ཅིག་བསླངས་ཤིང་མེ་
ལྕེ་ཡུག་གཅིག་གིས་རྩི་ཤིང་དང་ལྗོན་པ་མ་ལུས་པར་ཐལ་བར་བསྲེགས་པ་རེད། འདི་ལྟ་བུའི་རྩུབ་སྤྱོད་ལ་གནམ་རྒན་མ་
ཐུགས་ཁྲོས་པའམ། ཚན་རིག་མ་ཤེས་པའི་ཉེས་དམིགས་ཡིན། ཡང་ན་རང་བྱུང་གིས་ཉེས་ཆད་བཅད་པ་གང་ཡིན་མི་ཤེས།
གང་ལྟར་ལོ་ཏོག་ས་ལ་བཏབ་པ་གཅིག་ཀྱང་ཡར་སྐྱེ་རྒྱུ་མེད་པར་མ་ཟད། ཆར་ཞོད་འབབ་ཐེངས་རེར་རི་སྐེད་ཀྱི་སྐས་ཞིང་
ཐམས་ཅད་ཆུ་ལོག་གིས་ཁུར་ནས་དེ་སྔ་ལྗང་ལྡེམ་ལྡེམ་དང་སྔོ་ཡུག་ཡུག་ཏུ་སྣང་བའི་རང་བྱུང་སྐྱེད་ཚལ་དེ་ད་ལྟ་ལ་ལུང་
གྲོག་ཤུར་གྱིས་ཁེབས་ཤིང༌། བལྟས་ཚོད་ཀྱིས་རྨ་བྱའི་ལུས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་སྒྲོ་སྤུ་མ་ལུས་པར་བཏོགས་ཏེ། སྐྱི་
གཉེར་དང་རུས་མདོང་འཇའ་འཇུར་དུ་ཐོན་པའི་ཤ་ཁོག་ལྟར་ས་ཤུན་མེད་པར་དམར་རྗེན་རྗེན་དུ་མངོན་པ་ཅི་འདྲའི་
ཡ་ང་བ་ཞིག་རེད་ཨང༌།
ཨ་ཇོ་དགྲ་འདུལ་གྱིས་མིག་ཟིམ་མེར་རི་མགོ་ཡོངས་ལ་སྐོར་ལྟ་ཞིག་བྱས་ཤིང༌། ཅང་མི་སྨྲ་བར་མགོ་སྒུར།“ཨ་ཕ། སྔོན་ཆད་འདི་ནས་རི་དྭགས་མཐོང་ཨེ་ཐུབ། ”
“ལོས་ཐུབ། ”
“དེས་ན་རི་དྭགས་བརྔོན་རྒྱུ་ཅི་འདྲའི་སྟབས་བདེ་ཞིག་ཡིན་རྒྱུ་རེད་ཡ། རྙི་བཀྲམ་རྗེས་ཕྱིར་ཁྱིམ་དུ་སོང་ནས་འོ་ཇ་
འཐུང་བཞིན་བསྒུགས་བསྡད་ན……”
“དེ་ལོས་ཆོག”ཅེས་ཕྱིར་དྲན་གྱི་ལམ་རིང་ལ་ཞུགས།
སྐབས་དེར་གནའ་བ་དང་དགོ་བ་ཁྱུ་ཁྱུ་བྱས་ནས་ཡོད་ཅིང༌། གླ་བའང་ཞོགས་པ་གཅིག་ལ་བཅུ་ཕྲག་གཅིག་ལྷག་
མཐོང་ཐུབ་ལ། ནགས་བྱ་སྣ་ཚོགས་ཁང་ཀླད་ལའང་འབབ་པར་བྱེད། ཐེངས་ཤིག་ཁོས་སྐྱར་བའི་མདའ་གཞུས་ཁང་ཀླད་
དུ་བབས་འདུག་པའི་བྱ་ཝང་ཞིག་བསད། ཕལ་ཆེར་དེ་ནས་བཟུང་ཁོང་རི་དྭགས་རྔོན་པའི་ལམ་ལ་འགྲོ་མགོ་བརྩམས་པ་
རེད། ཏན་ཏན་རྡོ་སྐྱབས་ལངས་འདུག་པའི་ས་དེར་ཐེངས་དང་པོར་གླ་བ་བཟུང་བ་ཡིན། འཕྱུགས་མེད། འདིར་ལམ་ཕྲན་
ཞིག་ཡོད་པའི་ནང་ནས་རྙི་བཙུགས་པས……
“ཨ་ཕ། ཁྱོད་ཀྱིས་ཅི་ཞིག་འཚོལ་བཞིན་ཡོད་དམ། ” རྡོ་སྐྱབས་ཀྱིས་ཨ་ཕའི་བྱ་སྤྱོད་ལ་ཁྲིགས་མ་ཞོག་པར་དྲིས།
“ཅང་བཙལ་གི་མེད། ཨོ—ཆུང་དུས་ངས་གླ་བ་ཨང་དང་པོ་འདི་ནས་བཟུང་བ་ཡིན། ”
“གླ་བ་འདི་ལྟ་བུའི་ས་སྐྱ་སྐྱའི་ནང་དུ་འོང་སྲིད་དམ། ”
“ངས་ད་ཅི་མ་བཤད་དམ། དེ་དུས་འདི་ཚང་མ་ནགས་ཀྱིས་ཁེབས་འདུག”ཐལ་སྐྱ་སྤུངས་པ་དང་འདྲ་བའི་ས་དམར་
རྗེན་འདི་འདྲའི་སྟེང་དུའང་ཤིང་ནགས་སྐྱེས་སམ། རྡོ་སྐྱབས་ཨ་ཕའི་སྐད་ཆར་སོམ་ཉི་སྐྱེས་ཀྱང༌། ཁོང་གིས་རྫུན་མི་བཤད་
པར་ཡིད་ཆེས་ཡོད་པས་རེ་ཞིག་ཁོའི་སེམས་རྨོངས་པར་གྱུར།
“ཨ་ཕ། འོ་ན་རི་དྭགས་དེ་རྣམས་གང་དུ་སོང་བ་རེད། ”
“མང་ཆེ་ཤོས་མི་རྣམས་ཀྱིས་འཛིན་བཟུང་བྱས་པ་དང་ཉུང་ཉུང་ཞིག་ནགས་ཚལ་འཚོལ་དུ་སོང་བ་རེད། ”
“དེ་ཚོ་རྟ་ནོར་ལུག་གསུམ་དང་མཚུངས་པར་འཕེལ་རྒྱུ་མེད་དམ། ”
“གླེན་གཏམ་མ་བཤད། དེ་ལྟར་ག་ལ་སྲིད……”བུས་བཏོན་པའི་གནད་དོན་སྤྱིར་བཏང་བ་ཞིག་ཡིན་ཀྱང་ལན་
ལྡོན་ཐབས་བྲལ་བའི་སྣང་བ་ཞིག་སྐྱེས། རེད་ཡ། དེ་ཚོར་འཕེལ་ཁ་ཞིག་ཡོད་ན་ཅི་མ་རུང༌། ཡིན་ན་ཡང་འཕེལ་ཁ་ཞིག་ག་
ལ་ཡོད། ང་ཚོའི་བསམ་པར་ཤིན་ཏུ་ཐག་རིང་ཞིང་ཡང་གཅིག་བསམས་ན་ཁ་སང་གི་ཉིན་ཏེ་ལོ་ངོ་གསུམ་ཙམ་གྱི་སྔོན་གྱི་
ཉིན་ཞིག་གི་ཞོགས་པར་མི་རྣམས་ཀྱིས་གློ་བུར་དུ་ནགས་ཚལ་གྱི་ཁྲོད་དུ་རིན་པོ་ཆེ་སྦས་པ་གསར་དུ་རྙེད་པ་ལྟར། ཕོ་མོ་
རྒན་གཞོན་ཀུན་གྱིས་རང་རང་གི་ནུས་ཚོད་ཀྱིས་སོག་ལེ་དང་སྟེའུ། ཤང་ལང་དང་མེ་བུའུ་ཐོགས་ཏེ་ནགས་སུ་བརྒྱུགས་པ་
དང༌། དྭངས་ཤིང་གསལ་བའི་རླངས་འཁོར་གྱི་དུང་བརྡ་དང་བསྡེབས་ཏེ་རི་ཁུལ་གྱི་གྲོང་སྡེར་ཆེས་སྔོན་ཐོན་གྱི་རི་དྭགས་
རྔོན་པའི་ཡོ་བྱད་རྔོན་མདའ་དང་མེ་མདའ་ཁ་ཆུང༌། སྦྲིད་སྨན། གཞན་ཡང་གཅན་གཟན་དང་རི་དྭགས་ཆེ་ཁག་གསོད་
པར་ནུས་པ་ཆེན་པོ་ཡོད་པའི་སྦག་སྦག་མེ་མདའ་བཅས་ཁྱེར་འོངས་ནས་ནགས་ཚལ་གྱི“རིན་པོ་ཆེ”སྣ་ཚོགས་སྔོག་
འདོན་བྱས་པ་རེད། དེ་ལོས་ཡིན། རྒྱལ་ཁབ་དབུལ་པོ་ཞིག་ལ་མཚོན་ན་རིན་ཐང་བྲལ་བའི་ཤ་རྭ་དང་གླ་རྩི། དྲེད་མཁྲིས།
འབྲོང་སྙིང༌། ཁ་དོག་སྣ་ལྔ་འཚེར་བའི་པགས་རིཊ་དང་སྒྲོ་མདོངས་སོགས་ཅི་འདྲའི་མཁོ་ཆེ་བ་ཞིག་རེད་ཨང༌། དེ་དག་གི་
རིན་གོང་ལྡབ་འགྱུར་གྱིས་ཇེ་མཐོར་སོང་བ་དང་བསྟུན་ཏེ། གོང་རིམ་གྱིས་ཀྱང་མི་རྣམས་ལ་རི་དྭགས་བསད་དེ་རྒྱལ་ཁབ་
ལ་བྱས་རྗེས་ཆེ་ཙམ་འཇོག་པར་སྐུལ་སློང་བྱས་ཤིང༌། ཨ་ཇོ་དགྲ་འདུལ་གྱི་རྔོན་རྩལ་ལ་མི་རྣམས་ཀྱིས་མཐོང་ཆེན་གནང་སྟེ་
ཁོང་ལ་རྫོང་དང་ཀུང་ཧྲེ། རུ་ཆེན་བཅས་རིམ་པ་གསུམ་གྱིས་གཟེངས་བསྟོད་དང་“རྔོན་པ་འཇོན་ཐང་ཅན”གྱི་
མཚན་གནང་བར་མ་ཟད། བྱ་དགའ་ཡང་རབ་དང་རིམ་པར་ཐོབ། ངོ་མ་བཤད་ན་རང་དོན་འཁྱོངས་མི་འདོད་པའི་མི་
སུ་ཞིག་ཡོད་དམ། ད་རེས་འབད་པའི་ལས་འདིས་རང་ལ་དགེ་མིང་སྟེར་བ་ལས་གཞན་ད་དུང་ཤ་དང་པགས་པ། སྒོར་
མོ་སོགས་ཀྱི་དངོས་པོའི་ཁེ་ཕན་ཞོར་དུ་འགྲུབ་པས་ན། སྐབས་དེ་ནི་རི་ཁུལ་གྲོང་སྡེ་ལ་མཚོན་ན་ཆེས་དར་རྒྱས་ཆེ་བའི་
དུས་ཤིག་ཡིན།
མི་ཚང་མས་སྨྱོན་པ་ལྟར་རི་དྭགས་བརྔོན་པའི་འགུལ་སྐྱོད་ཁྲོད་དུ་ཆེས་གལ་ཆེ་ཞིང་མཐོང་ཆེན་བྱེད་ས་དེ། རི་
དྭགས་རྔོན་བྱེད་ཀྱི་ཡོ་བྱད་ལས་མ་འདས་ཤིང༌། ལག་ལེན་གྱིས་བདེན་དཔང་བྱས་པ་ལྟར་ན་ཆེས་མཆོག་ཏུ་གྱུར་པ་ནི་ལྡེམ་
ཤུགས་ལྡན་ལ་དཀར་ཀྱུག་ཀྱུག་གི་རྣོ་སྐུད་ཕྲ་མོ་དེ་རང་རེད། དང་ཐོག་མི་སུ་འདྲ་ཞིག་གིས་དེའི་ཟིལ་ཤུགས་ལ་ཤེས་རྟོགས་
བྱས་ཤིང་ནགས་སུ་ཁྱེར་འོངས་པ་མི་ཤེས་མོད། གང་ལྟར་དེ་ནི་རི་དྭགས་རྔོན་པའི་ལོ་རྒྱུས་སྟེང་གལ་ཆེ་བའི“གསར་
བཅོས”ཤིག་ཏུ་རྩི་ཆོག དེ་བཀོལ་སྤྱོད་བྱེད་རྒྱུ་ཤིན་ཏུ་སླ་སྟེ་ཐབས་དང་ནུས་རྩལ་གང་ཡང་སློབ་མི་དགོས་པར། རྒྱུགས་
མདུད་ཅན་གྱི་ཨ་ལོང་བཅོས་ནས་ནགས་དང་རྩི་ཤིང་གི་ཧྲག་བར་དུ་སོ་སོར་བཀྲམ་པ་ཙམ་གྱིས་ཆོག་ཅིང༌། དེའི་རིན་
ཐང་དམའ་ལ་བྱིས་པ་ལོ་བཅུ་ཅན་གྱིས་ཀྱང་ལྟ་ཐེངས་གཅིག་གིས་ཤེས་ཐུབ་པའི་ཡོན་ཏན་ལྡན་པར་མ་ཟད། རྔོན་པ་
གཅིག་གིས་དེ་ལྟ་བུའི་ཨ་ལོང་བརྒྱ་ཕྲག་འགའ་རེ་ནགས་སུ་ཁུར་ནས་འཛུལ་སའི་ཁུང་དང་འགྲོ་སའི་ལམ་སོགས་མ་ལུས་
པར་བཀྲམ་ན་ས་ལ་འགྲོ་ཞིང་གནམ་ལ་འཕུར་བའི་སྲོག་ཆགས་ཐམས་ཅད་ཕོ་མོ་དང་ཆེ་ཆུང་མེད་པར་རྙི་ལ་འགུགས་
ཐུབ་པས་ན། སྦྲང་ནག་དང་ཙི་གུ་མ་གཏོགས་རྣོ་སྐུད་ཀྱི་རྙི་ལས་ཐར་མི་ཐུབ།
“ཨ་ཕ། རི་མགོའི་རི་དྭགས་བསྡད་ཀིན་བསྡད་ཀིན་ཇེ་ཉུང་ལ་འགྲོ་གི་ཡོད་པ་ཨེ་རེད། ”
“ཨིན”
“ལོ་མང་པོའི་རྫེས་སུ། རི་དྭགས་བཟུང་ནས་ཚར་སྲིད་དམ། ”
“ལོ་མང་པོ་ག་ལ་དགོས། ད་ལྟའང་རེ་གཉིས་མ་གཏོགས་མཐོང་རྒྱུ་མེད། ”
“འོ་ན། ཁྱོད་ཀྱིས་ང་ལ་རྒྱུན་པར་རི་དྭགས་རྔོན་ཐབས་ལ་སློབ་སྦྱོང་ཡག་པོ་བྱས་ནས་ཆེར་སྐྱེས་ན་ཁྱོད་ལྟ་བུའི་རྔོན་པ་
ཞིག་བྱེད་དགོས་ཟེར། སྐབས་དེར་རི་དྭགས་ཚང་མ་བཟུང་ཚར་སོང་ན་ངས་ཅི་ཞིག་འཛིན། ” རྡོ་སྐྱབས་ཀྱི་སྐད་
གདངས་ལས་ཅུང་སེམས་ཁུར་བྱེད་པའི་ཚུལ་མངོན་ཞིང༌། མདུན་དུ་གོམ་པ་འགའ་སྤོས་ནས་ཨ་ཕའི་གདོང་ལ་ཅེར་ཞིང་
ཁོང་གི་ཚིག་ལན་ལ་བསྒུགས།
ཨ་ཇོ་དགྲ་འདུལ་གྱིས་གོམ་འགྲོས་ཇེ་དལ་དུ་བསྒྱུར་ཅིང༌། མོག་མོག་ཏུ་གྱུར་པའི་སྤྱན་གྱིས་དལ་བུར་ལྟ་ཙམ་ལྟ་
ཙམ་བྱས་རྗེས། སྐད་ཆ་ཅི་ཡང་མི་བཤད་པ་དང༌། ཟངས་དམར་གྱི་མདངས་དང་གཉིས་སུ་མེད་པའི་གདོང་ལ་དར་ཁུ་
སྐྱུར་མོ་ཁམ་གང་འཐུངས་པ་ལྟར་གཉེར་མདུད་ཅིག་བརྒྱབ་པས། རྡོ་སྐྱབས་ཀྱིས་སྐད་ཆ་མང་ན་ཨ་ཕས་གཏམ་གཏོང་
བར་སྐྲག་སྟེ། སྐད་འབྱིན་མི་ཕོད་པར་མགོ་ཐུར་དུ་སྨད་དེ་ལམ་ལ་སོང༌།
ཨ་ཇོ་དགྲ་འདུལ་གྱི་བགྲོད་པ་དལ་ལྷོད་ལྷོད་དང་གོམ་ཁ་ལྗིད་ཏིག་ཏིག་གིས་མགོ་ཐུར་དུ་སྨད་ཅིང་མཐར་ས་ལ་
ཞོམ་མེར་བསྡད། ལག་གཡས་པ་འདའ་ང་ར་རུམ་ལ་བསྲིངས་ནས་རྭ་ཙེ་ཕྱིར་བཏོན་པ་དང་གླ་པགས་ཀྱིས་བཟོས་པའི་
དུད་ཁུག་ཞབས་སུ་རྒྱུན་བུའི་ཙོར་ལོ་དཔྱངས་པ་སི་ལི་ལི་དང༌། ཟངས་སེར་གྱི་རྭ་ཙེ་སྟེང་ལ་དངུལགྱི་པ་ཏྲ་བསྣོལ་མར
ཕབ་པ་མ་བུ་མོས་མཐོང་ཡང་ལན་གསུམ་འཐེན་ན་འདོད། དུས་རྒྱུན་ཨ་ཇོ་དགྲ་འདུལ་ལ་གོམས་འདྲིས་ཤིག་ལོབས་ཡོད་
པ་ནི་ཁོང་གི་རྭ་ཙེ་བྱིས་པའི་ལག་ཏུ་མི་འཇོག་ལ། ཐ་ན་དུ་འཐེན་གཞན་ལའང་མི་གཡོར། རྡོ་སྐྱབས་ཀྱིས་རང་ལ་ཆ་ཡོད་
ཀྱང་རྒྱུས་མེད་པའི་རྭ་ཙེ་ལ་ཞིབ་ཏུ་ལྟ་ཕྱིར་ཨ་ཕའི་གམ་དུ་གཏུགས་ནས་མིག་གཉིས་རིག་རིག་ཏུ་བལྟས། ཨ་ཇོ་དགྲ་འདུལ་
གྱིས་བསྟུད་མར་ཚགས་འགའ་འཐེན་རྗེས། ཕལ་ཆེར་ཁེར་ལབ་གྱི་ཚུལ་དུ“དེ་རིང་ཡང་ལོ་ངན་བྱུང་བ་འདྲ། ” ཞེས་
བཤད་བཞིན་དལ་གྱིས་ལར་ལངས་པ་དང༌། མིག་གིས་བརྒྱད་ཅུ་རྒན་མོའི་གདོང་ལྟར་གྲོག་ཤུར་གྱི་གཉེར་མས་ཡོངས་སུ་
ཁེབས་ཤིང་སྐམ་ལ་གྱོང་བའི་རི་ངོས་ལ་བལྟས་ནས་སེམས་སུ་འཁྱག་བསིལ་བསིལ་དང༌། སྟོང་ལྷང་ལྷང༌། ཁེར་རྐྱང་
བཅས་ཀྱི་སྣང་བ་ཞིག་ཤར་ཞིང་རང་དབང་མེད་པར“ལྗང་ཡུག་ཡུག་གི་ནགས་ཚལ་དང་འདབ་ཆགས་རི་དྭགས་ཚང་
མ་གང་དུ་སོང་ངམ། ཨ—” ཞེས་སྐད་ཅོར་ཤོར།རྡོ་སྐྱབས་ཀྱིས། “ཨ་ཕ། ཁྱོད་ཀྱིས་ད་ཅི་མི་རྣམས་ཀྱིས་བསད་ཚར་སོང་བ་ཡིན་ཞེས་བཤད་པ་བརྗེད་སོང་ངམ།
” ཞེས་སྨྲས་པར།
“དེ་ཨེ……དེ……འགྲོ། བཤད་རྒྱུ་མ་མང༌། འགྲོ། ”ཕལ་ཆེར་མི་གཞན་ཞིག་ལ་བཤད་པ་ལྟར་གོམ་
པའི་འདེགས་འཇོག་ཇེ་མགྱོགས་སུ་བསྒྱུར་ཅིང༌། གོམ་ཁ་ཡང་བ་ལུས་རྩལ་པ་ཞིག་དང་མཚུངས་ལ། རྡོ་སྐྱབས་ཀྱིས་རྗེས་
ཇི་ལྟར་བསྙེཊ་ཀྱང་རྡུལ་མི་འདྲེས་པ་རེད། ཨ་ཕས་གོམ་པ་གང་སྤོས་ན་ཁོས་གོམ་པ་གསུམ་བཞི་བགྲོད་དགོས་ཤིང༌། ཕལ་
ཆེར་བསམ་གཟས་ནས་དཀའ་ལས་ལ་གཏོད་པ་ལྟར་དབུགས་ཨེན་ཙམ་ལེན་དབང་ཡང་མི་སྟེར། ཅང་མ་འགོར་བར། རྡོ་
སྐྱབས་ཀྱི་ཁ་སྣ་གཉིས་ཀས་འགྲན་བཞིན་དབུགས་ཕྱིར་གཏོང་བ་དང༌། གདོང་དམར་པོར་གྱུར་ནས་གར་སྟེགས་སྟེང་གི་
གར་འཁྲབ་པ་ཞིག་དང་མཚུངས།
ཕ་བུ་གཉིས་ལུང་བ་སྲིབ་ལྟ་ཞིག་གི་ཚར་བུ་དང་གླང་མ། སྤེན་མ་སོགས་ཤིང་ཕྲན་གྱི་ཚལ་དུ་ཞུགས་པ་ན། གླ་བ་
ཞིག་རྣོ་སྐུད་ཀྱི་རྙི་ལ་ཚུད་འདུག་པ་མཐོང་ཞིང་རྡོ་སྐྱབས་དགའ་སྤྲོ་ཆེན་པོས་གླ་བའི་ཕྱོགས་སུ་བརྒྱུགས་སོང་བ་དང༌། གླ་
བས་ཚེ་སྲོག་གི་མཐའ་མཇུག་གི་དུས་ཡུན་དུ་འཆི་ཁའི་འཕག་འཚག་རྒྱག་པ་འཛིན་ཐག་གིས་བཟུང་བའི་ལྒང་བུ་ཞིག་ཡར་
ལྡིང་མར་ལྡིང་བྱེད་པ་དང་མཚུངས་ལ། ཡན་ལག་ལྔ་བོས་སར་ལྡིག་པའི་སྒྲ་དག་གིས་སྲོག་གི་གཤེད་མ་ལ་སྟོབས་ཤུགས་
ངོམ་པ་དང་ཡང་མཚུངས་མོད། ཉམས་མྱོང་ལྡན་པའི་ཨ་ཇོ་དགྲ་འདུལ་གླ་བའི་གམ་དུ་སླེབས་མ་ཐག་བྱ་གླག་གིས་རི་བོང་
བཟུང་བ་ལྟར་ཧ་ལམ་ཤེད་ཤུགས་གང་ཡང་མ་བཏོན་པར་པུས་མོའི་འོག་ཏུ་མནན་པ་དང༌། རྡོ་སྐྱབས་ལོགས་སུ་དགའ་བ་
སྐྲག་སྔངས་མཉམ་སྐྱེས་ཀྱི་མིག་ཟུང་ཆེ་ཆེར་བགྲད་དེ་ཨ་ཕས་དེའི་ཚེ་སྲོག་གི་རྒྱུ་བ་ཇི་ལྟར་གཅོད་པར་ཅེར་འདུག སྐབས་
དེ་ཉིད་དུ། “ཧྲགས”སྒྲ་དང་བཅས་གླ་བ་ཨ་ཕའི་ལག་ནས་ཤོར་ཏེ་བྲོས་སོང༌། ལྡེམ་ཤུགས་ལྡན་པའི་རྐང་ལག་བཞི་བོ་
སར་སྤོས་པ་ཙམ་གྱིས་བྱ་འཕུར་བ་ལྟར་སྐད་ཅིག་ལ་གར་སོང་ཆ་མེད་དུ་གྱུར། རྡོ་སྐྱབས་ཀྱིས་ཐོལ་བྱུང་གི་ཚུལ་དེ་མཐོང་
ནས་ཤིང་དུམ་ཞིག་དང་མཚུངས་པར་ཧད་འདུག་པ་དང་ལམ་སང་རྨི་ལམ་ནས་སད་པ་ལྟར“འདི……འདི……
ཨ་ཕ། ཁྱོད་ཀྱིས་དམ་པོར་མི་འཛིན་པར……”ངུ་སྔངས་ཤིག་གིས་ཁོའི་སྨྲ་མཚམས་བཅད་ཅིང༌། ཡུད་ཙམ་འདས་
རྗེས།
“ཁྱོད་རང་སོང༌། ང་མི་འགྲོ”ཟེར་བཞིན་ས་ལ་ཙོག་པུར་བསྡད།
ཨ་ཇོ་དགྲ་འདུལ་གྱིས་ཁ་ཞེང་ཆེ་བའི་བྲང་ཁ་ཡར་དགྱེ་སྟེ་ལག་གི་རྣོ་སྐུད་ཀྱི་རྙི་ཐིག་ཉིས་གུག་སུམ་གུག་བྱེད་བཞིན།
“ཨེ། ཁྱོད་ཀྱིས་གླ་བ་དེ་མོ་ཡིན་པ་མ་ཤེས་སམ། མོ་གླ་ཚང་མ་བསད་ཚར་སོང་ན། གླ་ཕྲུག་སུས་བཙའ……”
རྡོ་སྐྱབས་ཀྱིས་ཕྲག་པ་གློད་ཅིང་མགོ་བོ་སྨད་པའི་ངང་ཡར་ལངས་པ་དང༌། གློ་བུར་དུ་ཨ་ཕའི་གདོང་ལ་མཛུབ་མོ་
བཙུགས་ཏེ“ད་ནས་བཟུང༌། ཕོ་མོ་གང་ཡིན་ཀྱང་གཅིག་ཀྱང་འཆོར་དུ་འཇུག་མི་རུང༌། ”ཞེས་སྐད་ཅོར་བརྒྱབ།
ཡིད་ཕམ་པ་ཞིག་ལ་ཁོང་ཕ་བུ་གཉིས་ཀྱིས་རྙི་ཐིག་བཅུ་ཕྲག་ཁ་ཤས་བསྡུས་ནའང༌། ཚང་མ་སྟོང་བར་སྣང་བ་ལས་
གླ་བ་ལྟ་ཅི་གླ་རིལ་ཡང་མཐོང་རྒྱུ་མི་འདུག ཨ་ཇོ་དགྲ་འདུལ་གྱིས་ཕྲག་གི་རྣོ་སྐུད་ཀྱི་རྙི་ཐིག་ཚང་མ་མར་བླངས་ཏེ་གྲངས་
ཀ་བརྩིས་པར། རྡོ་སྐྱབས་ཀྱིས་ཧ་ཅང་སེམས་ཁུར་བྱེད་བཞིན“ཨ་ཕ། རྙི་འདི་འདྲ་མང་པོ་ཞིག་ནམ་བཀྲམ་ནས་ཚར་
རམ། ཉི་མ་ནུབ་ལ་ཉེ……”ཁོང་གི་གདོང་འཛུམ་གྱི་ལིར་ཡར་འདེགས་ཙམ་བྱས་ཏེ།
“འདི་ཨེ། སླ་མོ་རེད། སླ་མོ་རེད……”ཟེར་བཞིན་སླར་ཕྲག་པར་ཁུར་ཏེ།
“ད་རུང་གཅིག་མི་ཚང—ག་རེ། ཨོ—ཕ་གིའི་རི་སུལ་ན་ཡོད། ” ཅེས་སྨྲས་ཏེ་རི་སྐེད་གཏུབས་ནས་སོང༌།
དགྲ་ལྷ་གཞི་བདག་གང་ཞིག་གི་ནུས་མཐུ་ལོས་ཡིན། མཐའ་མཇུག་གི་རྙི་ནང་ལ་གླ་རྒན་ཞིག་ཚུད་འདུག་ལ། དེས་
ཀྱང་ད་ཅིའི་གླ་བ་དེ་དང་མཚུངས་པར། རང་གི་མགྲིན་པའི་ལ་ཉེ་ལ་མི་ལྟ་བར་ཡར་དཔྱངས་མར་དཔྱངས་དང་ཕར་
འཐེན་ཚུར་འཐེན་བྱེད་པ་བཏགས་ཁྱི་བཙན་པོ་ཞིག་དང་ཨ་ན་མ་ན་རེད།
“ཨ་ཕ། ཁྱོད་ཀྱིས་ཨེ་མཐོང༌། ཡང་གཅིག་བཟུང་འདུག”རྡོ་སྐྱབས་འུར་ལངས་ནས་ཨ་ཕའི་གཡས་གཡོན་ལ་
བུད་ནས་སྐད་བརྒྱབ་ཅིང༌། ཨ་ཇོ་དགྲ་འདུལ་གྱིས་མ་གོ་བ་ཡིན་ནམ། གདོང་ལ་འགྱུར་ལྡོག་གང་ཡང་མེད་པར་གླ་བའི་
གམ་དུ་གཟས་ནས་སོང༌།
“ཨ་ཕ་ལྟོས་དང༌། ད་ཐེངས་བཟུང་བ་ཕོ་གླ་ཞིག་རེད། ལྟོས་ལྟོས། མཆེ་བ་ག་འདྲ་རིང་བོ་ཞིག་འདུག ཤི་བ་མིན་
ན་ད་ཐེངས་གཏན་ནས་འཆོར་གི་མ་འཇུག ཨེ་གོ། ཨ་ཕ། ཨ་ཕ… …”
རྡོ་སྐྱབས་ཀྱིས་ཨ་ཕའི་གོས་སྣེ་བཟུང་སྟེ་གསིག་འཐེན་བྱེད་བཞིན་སྨྲས་ནའང༌། ཨ་ཇོ་དགྲ་འདུལ་ལ་ལན་ཨེན་
ཙམ་ཡང་མེད་པར་སྔོན་ལྟར་གླ་རྒན་དེ་པུས་མོའི་འོག་ཏུ་མནན་པ་དང༌། རྐེ་བའི་རྙི་ཐིག་གློད་དེ་དལ་བུར་ཡར་ལངས་པ་
དང་གླ་བ་དིར་འགུལ་རྒྱུ་ཕྲན་ཙམ་ཡང་མེད་པར་བསྣར་འདུག། རྡོ་སྐྱབས་ཀྱིས་ཨ་ཕའི་མཐུ་རྩལ་ལ་སེམས་གཏིང་ནས་
ཁས་ལེན་བཞིན་གླ་བའི་གམ་དུ་ཕྱིན་ཅིང་རེག་འདོད་མོད། བློས་མ་ཚུགས་པར་ས་ནས་ཤིང་ཕྲན་ཞིག་བསྒྲུགས་ཏེ་གླ་བའི་
མཆེ་བར་བསྣུན་ཙ་ན། དེས་འཕག་ར་ཞིག་བརྒྱབ་སྟེ་ནགས་སུ་ལྡིང་སོང༌། རྡོ་སྐྱབས་ཀྱིས་གློ་བུར་བའི་འགྱུར་ལྡོག་ལ་
བལྟས་ནས་ཁ་གདངས་ཤིང་མིག་ཅེར་ནས་སྡོད་པ་དང༌། ཡུད་ཙམ་ན་རྐང་པ་གཉིས་ཀྱིས་སརརྡུང་བཞིན་“ཁྱོད་ཀྱིས་
བསམ་བཞིན་བཏང་བ་རེད། བསམ་བཞིན་བཏང་བ་རེད། ཨུན་ཨུན་ཨུན……”ཞེས་ངུས་པ་དང༌། ཨ་ཇོ་དགྲ་
འདུལ་གྱིས་དབུགས་རིང་ཞིག་ཕྱུང་སྟེ་ཤེད་ཤུགས་ལྡན་པའི་ཕྱག་གིས་བུའི་ཕྱི་ལྟག་ལ་འཇམ་པོར་བྱིལ་བྱིལ་བྱེད་བཞིན།
“འགྲོ། ང་ཚོ་ཡུལ་ལ་འགྲོ། ” ཞེས་སྨྲས་ཏེ། ཁོར་ཡུག་གི་རི་ངོས་ལ་ཞིབ་ལྟ་ཞིག་བྱས་རྗེས། ཡང“དེ་རིང་
ནས་བཟུང་ས་འདིར་འོངས་ན……”ཞེས་ཕྲག་སྟེང་གི་རྙི་ཚང་མ་གཅུ་ལོག་བརྒྱབ་སྟེ་གཅོང་རོང་དུ་གཡུགས་པ་
རེད།
“འོ་ན། ང……ང་ཡང་མི་ཡོང་ངམ། ”རྡོ་སྐྱབས་ལོ་རྒྱུས་རིང་ཞིང་བྱས་རྗེས་ཆེ་བའི་རྣོ་སྐུད་ཀྱི་རྙི་ལ་སེམས་
ཆགས་ནས་འཚབ་འཚུབ་ཀྱི་ངང་ནས་སྨྲས་པར།
“མི་ཡོང༌། ” ཨ་ཇོ་དགྲ་འདུལ་གྱིས་བུའི་མགོ་བོ་ཕུར་ཕུར་བྱེད་བཞིན།
“དེ་རིང་ཁྱོད་ལ་མཚོན་ནའང༌། མི་ཚེ་གང་བོའི་ནང་ཐེངས་དང་པོར་རི་དྭགས་རྔོན་པ་ཞིག་ཡིན་ལ་ཆེས་མཐའ་མཇུག་
གི་ཐེངས་ཤིག་ཀྱང་ཡིན། ”ཞེས་སྨྲས་པར། ཁོང་གི་སྐད་ཀྱི་གདངས་ནི་དེ་འདྲའི་བརྟན་ཅིང་བརླིང་བ་ཞིག་རེད།
ཕྱིར་ལོག་པའི་ལམ་དུ། ཕ་བུ་གཉིས་ཀྱིས་ལམ་འགྲམ་གྱི་རི་སེའུ་ལ་ལྟ་བཞིན། མཛུབ་མོས་ཡར་སྟོན་མར་སྟོན་བྱེད་
པ་དང༌། སྐབས་འགར་ཧབ་ཆ་དི་རིར་རྒྱག་པའི་དགོད་སྒྲ་དེ་འདྲའི་གཙང་ཞིང་དྭངས་པ་ཞིག་རེད།

བརྒྱུད་སྐུལ།

མཆན་སྤེལ།