མཐོ་ལ་རྔམ་པའི་གཡང་གཟར་གྱི་བཙན་རྫོང་།

མཐོ་ལ་རྔམ་པའི་གཡང་གཟར་གྱི་བཙན་རྫོང་།

བོད་ཡུལ་དུ་རྒྱ་ནག་སོགས་དང་མི་འདྲ་བར་གནའ་ནས་དམག་དང་དགྲ་ཆས་ལ་འབྲེལ་བའི་བཙན་རྫོང་ཁག་རི་མཐོ་གཡར་གཟར་དུ་བཞེངས་པའི་སྲོལ་བྱུང་ཞིང་། དེ་ནི་གཙོ་བོ་དམག་ཐབས། ས་དཔྱད། ཡུལ་གྱི་ཆགས་སྟངས་སོགས་ལ་འབྲེལ་བ་ངེས་ཅན་ཡོད་པ་ཞིག་ཡིན་ཞིང་། ཀུན་མཁྱེན་འཇིགས་མེད་གླིང་པའི་གཏམ་ཚོགས་ལེའུ་བཞི་བཅུ་པ་པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས་པའི་གཏམ་ལས། གཡོ་རུའི་གོ་ཙམ་ན་བཀྲེན་པའི་རྒུད་པ་སེལ་བ་ལ་དཔྱད་ལེགས་པའི་རི་འབྲས་ཀྱི་ལྗང་པ་དཔལ་དུ་འབར་བ་ལྟ་བུའི་ས་འཛིན་ཡར་ཀླུངས་མེ་སྣའི་རི་རྒྱུད་ཤར་ནུབ་དབྱེ་བའི་བྱེད་པོར་བསྐོས་པ་ལྟ་བུའི་རྐྱེན་ལས་ཡུལ་ཡར་མོ་ནུབ་ཏུ་གྲགས་པའི་དབང་པོའི་ཕྱོགས་གནའ་བོའི་དུས་ན་ཆོས་ལྡན་གྱི་སྤྲུལ་བའི་རྒྱལ་བོ་རྣམས་རྨུ་ལུགས་ཀྱི་སྐུ་མཁར་བརྩིགས་པའི་གནས། ཞེས་གསུངས་པ་སྟེ་རྨུ་ལུགས་ནི་བོན་གྱི་ལུགས་ཤིག་ཏུ་གོ་དགོས་པར་སེམས་ལ། བརྡ་རྙིང་པར་རྨུ་ནི་ནམ་མཁའི་མིང་ཡིན་པར་བཤད་པ་དང་། བོན་གྱི་ཐ་སྙད་ལ་ཕྱྭ་དམུ་གཙུག་གསུམ་དང་། དམུ་རིག་གཤེན་གསུམ། དམུ་བོན་སོགས་དམུ་ཡི་སྐོར་བྱུང་བ་ཤིན་ཏུ་མང་ཞིང་། དེ་དག་གི་སྐོར་ལ་བཤད་སྟངས་ཀྱང་སོ་སོ་བ་མང་དུ་ཡོད། གང་ལྟར་སྐབས་འདིར་བཤད་པའི་རྨུ་ལུགས་ནི་བོན་ལུགས་ཤིག་ཡིན་པར་སེམས།

 

འོ་ན་བོན་ལུགས་སུ་མཁར་རྫོང་རྩིག་སྟངས་ཇི་ལྟར་བྱུང་ཡོད་ཅེ་ན། ཕོ་ཡི་དུར་དང་མཁར་གྱི་ས།། མཐོ་ལ་རྔམ་པ་བཟང་བ་ནི།། ཞེས་གསུངས་པ་སྟེ་ཕོ་ཡི་དུར་ས་དང་བཙན་རྫོང་ནི་མཐོ་ལ་རྔམ་པ་ལ་བཟང་བ་སྟེ། བོད་ཀྱི་ལོ་རྒྱུས་ཁྲོད་སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ་ཅེས་པ་དང་། ཡང་སྐབས་དེར་གནམ་བོན་གཤེན་བོ་ཆེ་དང་བོན་གཞུང་བྱུང་ཞེས་བཤད་པ་དེ་བསམ་གཞིག་གི་སྒོ་མོ་འབྱེད་བྱེད་ཅིག་ཏུ་འདོད།  སྔར་བོད་ཀྱི་ཕོ་བྲང་ཡུམ་བུ་བརླ་མཁར་དང་། ཕྱིང་བ་སྟག་རྩེ་སོགས་རི་སྒང་དུ་བརྩིགས་པ་དང་། དེའི་ཤན་ཤུགས་ཀྱིས་ཕྱིས་སུ་ཕོ་བྲང་ཁྲི་རྩེ་དམར་པོའམ་ད་ལྟའི་པོ་ལ་ཏ་དང་། གཞིས་ཀ་བསམ་འགྲུབ་རྩེ་སོགས་ད་ལྟའི་བར་གྱི་བཙན་རྫོང་ཕལ་མོ་ཆེ་རི་བོའི་རྩེར་བཞེངས་ཡོད་པ་ཡང་འདིའི་རྒྱུན་ལས་བྱུང་བ་ཡིན། ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། འཐབ་ཏུ་མི་ཐུབ་བོད་ལ་དམག་གྲངས་ཉུངས།། ཡུལ་གཞན་འགྲོ་བར་རྒྱལ་ཕྲན་གྱིས་མི་སྟེར།། ཐང་ལ་མི་ཆགས་བྲག་རི་བཙན་པོ་འཛིན།། ཞེས་པ་སྟེ་རི་བྲག་གི་ས་བཙན་ཡུལ་བཙན་བཟུང་སྟེ་དགྲ་ཐབས་ཀྱི་བྱ་ར་བྱེད་པར་བཤད་པས་དཔྱད་པ་གཏོང་རྒྱུ་ཡོད་པ་ཞིག་རེད། དེ་ལྟ་བུའི་ཕོ་བྲང་དང་བཙན་རྫོང་རྩིག་སྟངས་ལ་ས་གནས་རང་བཞིན་གྱི་དགྲ་ཐབས་དང་། སྒྱུ་རྩལ་དང་། ལོ་རྒྱུས་སོགས་ཀྱི་ཐུན་མིན་ཁྱད་ཆོས་མང་དུ་ཡོད་དོ།།

དེའི་ཕྱིས་སུ་ནང་བའི་ཆོས་ཀྱི་རྟེན་གཞི་བསམ་ཡས་དགོན་པ་དང་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་སོགས་དགོན་གནས་རྩ་ཆེན་འགའ་རེ་ཐང་དཀྱིལ་དུ་བཞེངས་པ་ནི་རྒྱ་གར་རིག་གནས་ཀྱི་ཤན་ཤུགས་ཐེབས་པ་ཡིན་ཞིང་། ལྷག་པར་བོད་དུ་རྒྱལ་པོའི་གཞུང་གི་ངོས་ནས་བཞེངས་སྐྲུན་བྱས་པའི་དགོན་གནས་མང་པོ་ཞིག་ཐང་གཞུང་དུ་བཞེངས་ཡོད། བསམ་ཡས་སོགས་བོད་ཀྱི་གཙུག་ལག་ཁང་རྣམས་རྒྱ་གར་གྱི་བི་ཀྲ་མ་ཤི་ལ་དང་ཨོ་ཏན་བྷི་རིའི་གཙུག་ལག་ཁང་སོགས་ལ་དཔེ་བྱས་ཏེ། ཕལ་ཆེར་དམ་ཆོས་འདུལ་བ་ལས་བྱུང་བའི་གཙུག་ལག་གི་ཆ་ཚད་ལྟར་བཞེངས་པ་ཡིན་ལ། ཐང་དཀྱིལ་དུ་བཞེངས་པ་ནི་རྒྱ་གར་བའི་ཤན་ཤུགས་ཡིན་པར་དེང་གི་མཁས་པ་ཚོས་ཀྱང་བསམ་གཞིག་བྱེད་ཀྱིན་ཡོད།

འདིའི་སྐོར་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་དུ། ལྷ་སའི་གཙུག་ལག་ཁང་དང་རྒྱ་གར་གྱི་ཞིག་རལ་དུ་སོང་བའི་དགོན་གནས་དག་གི་ཐ་ན་ཀ་བ་ཚུན་ཆད་གཅིག་གི་ཤུལ་དུ་གཅིག་འཛུགས་ནུས་པ་ལྟ་བུར་འདུག་པར་གསུངས་པ་ཡང་ཁོང་གིས་ཡུལ་དངོས་ནས་རྒྱུས་ལོན་བྱས་པའི་གཏམ་ཡིན་ནོ།།

འོན་ཀྱང་སྤྱིའི་ཆ་ནས་བཤད་ན་སྔར་གྱི་དགོན་གནས་སམ་སྒྲུབ་གནས་མང་པོ་ཞིག་ཀྱང་རི་ངོས་སུ་གནས་པ་སྟེ། དཔེར་ན་བསམ་ཡས་མཆིམས་ཕུ་དང་། བྲག་ཡེར་པ་ལྟ་བུ་རེད། གང་ལྟར་བོད་རང་གི་ལུགས་སུ་ནི་ཕོ་བྲང་དང་། བཙན་རྫོང་། དགོན་པ་སོགས་ཆོས་དང་རིག་གནས་ཀྱི་རྟེན་གཞི་གང་ཡིན་ཡང་རི་མཐོ་ས་བཙན་དུ་བཞེངས་པར་དགའ་བ་ཞིག་ཡིན་ནོ།།

༢༠༡༩/༢/༡༤ ཉིན་ཡུལ་ཡར་ཀླུང་སོག་ཁའི་ཕོ་བྲང་ཡུམ་བུ་བླ་མཁར་གྱི་འདབས་ནས་ཤར་མཚམས་སྤྲིན་དུ་འབོད་པས་ཟིན་བྲིས་སུ་བཏབ་པའོ།།

བརྒྱུད་སྐུལ།

མཆན་སྤེལ།