མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས།

མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས།
 སྒྲུབ་རྒྱུད་བསྟན་པའི་བདག་པོ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ནི་ཡབ་མར་པ་དབང་ཕྱུག་འོད་ཟེར་དང་ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་བོད་ཆུ་བྱི་སྤྱི་ལོ་ ༡༠༡༢ ལོར་ལྷོ་བྲག་ཕུ་ཆུ་ཁྱེར་གྱི་གྲོ་བོ་ལུང་དུ་སྐུ་འཁྲུངས། ཡབ་ཡུམ་འདི་གཉིས་ལ་སྲས་ལྔ་ཡོད་པའི་གསུམ་པ་དེ་ཡིན་ཞིང་། ཁྱིམ་ཚང་འབྱོར་པ་ཤིན་ཏུ་ཆེ་བས་ཡུལ་ཁག་གསུམ་དུ་འཛིན་སྐད། སྐུ་གཞོན་ནུའི་དུས་སུ་ཆང་དང་འཐབ་རྩོད་ལ་དགའ། ཐུགས་གཤིས་རྩུབ་པས་མི་རྣམས་མི་དགའ་བའི་ཡུལ་དུ་གྱུར།
དགུང་ལོ་བཅུ་གཉིས་སྐབས་སུ་སློབ་དཔོན་ཀླུ་བརྒྱད་པ་ཞིག་ལ་ཡི་གེ་འབྲི་ཀློག་སྦྱང་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅོ་ལྔར་ཕེབས་སྐབས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་ནས་སྒྲ་རིག་པར་སྦྱངས་པ་མཛད་དེ་གཟེངས་སུ་ཐོན་པ་བྱུང་། རྒྱ་གར་འཕགས་པའི་ཡུལ་དུ་འབྱོན་པར་དགོངས་སྟེ། བམ་པོ་སྤྱི་ཐེར་བ་ལ་དགྱེས་རྡོར་གདན་བཞི་དུད་སོལ་སོགས་ཞུས། དེ་ནས་པཎྜི་ཏ་ཡེ་ཤེས་སྙིང་པོ་དང་མཇལ་ཀྲི་ཡ་དང་ཨུ་པའི་སྐོར་ཞུས། དེ་རྗེས་དགེ་ཚུལ་ཤེས་རབ་སེང་གེས་ལམ་རྒྱུས་བྱས་ཏེ་རྒྱ་གར་འཕགས་ཡུལ་གྱི་རྟེན་གནས་ནཱ་ལེནྡྲར་ཕེབས། མེ་ཏོག་སྣ་ལྔས་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པར་སློབ་དཔོན་ཆེན་པོ་ནཱ་རོ་པ་དང་མཇལ། དད་གུས་ཅིག་ཅར་དུ་འཆར། དེ་མ་ཐག་ཏུ་སློབ་དཔོན་ཆེན་པོས་ཕྱག་སྤྱི་བོར་བཞག་ནས། བླ་མས་ལུང་བསྟན་བདག་གིས་བུ། །སྣོད་ལྡན་མར་པ་བློ་གྲོས་ཀྱིས། །ཁ་བ་ཅན་ལྗོངས་བྱང་ཕྱོགས་ནས། །རྒྱལ་ཚབ་འཛིན་ཕྱིར་སླེབས་པ་ལེགས། །ཞེས་གསུངས། ཐུགས་ཤིན་ཏུ་དགྱེས་བཞིན་དགྱེས་རྡོར་རྩ་བཤད་ལ་ཚོགས་བཤད་དང་། སློབ་བཤད། མན་ངག་དང་བཅས་པ་སོགས་གནང་། སྔར་གྱི་བླ་མ་པཎྜི་ཏ་ཡེ་ཤེས་སྙིང་པོ་ལས་གསང་བ་འདུས་པའི་དབང་རྒྱུད་མན་ངག་འཕགས་ལུགས་མཐའ་དག་གསན། དེ་ནས་སློབ་དཔོན་ཀུ་ཀུ་རི་པ་དང་མཇལ། མ་ཧཱ་མཱ་ཡའི་དབང་བསྐུར་ཏེ་གསང་མཚན་དུ་བདེ་བའི་རྡོ་རྗེ་ཞེས་བཏགས། རྒྱུད་འགྲེལ་མན་ངག་མ་ལུས་པ་གནང་། དེ་ནས་རི་མེ་ལྟར་འབར་དུར་ཁྲོད་ན་སློབ་དཔོན་ཆེན་པོ་མེེ་ཏྲི་པ་དང་མཇལ། རང་དབང་མེད་པར་མོས་གུས་སྐྱེས། དབང་བསྐུར་ཏེ་གསང་མཚན་ཐུགས་ཀྱི་རྡོ་རྗེར་བཏགས། མཚན་བརྗོད་དང་། དོ་ར། ཕྱག་རྒྱ་ཆེན་པོ་རྣམས་གསན། གཅིག་ཆར་བའི་རྟོགས་པ་ནམ་མཁའ་དང་མཉམ་པར་ཤར། དེ་ནས་བོད་དུ་ཚུར་ཕེབས་སྐབས་བྲམ་ཟེ་ཆེན་པོ་ས་ར་ཧ་དང་མཇལ་ཏེ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས། ཡི་གེ་བཞིའི་ཆོས་གསུངས། ཐུགས་དམ་ཀྱི་རྟོགས་པ་མཐར་ཕྱིན་པར་གྱུར། བོད་དུ་ཕེབས་ཏེ་གྲོ་བོ་ལུང་དུ་བཞུགས། སྔ་རྗེས་སུ་བདག་མེད་ལ་སོགས་བཙུན་མོ་དགུ་ཁབ་ཏུ་བཞེས། བདག་མེད་མ་ལ་ཇོ་སྲས་མདོ་སྡེ་འཁྲུངས། སླར་བལ་ཡུལ་བརྒྱུད་རྒྱ་གར་འཕགས་པའི་ཡུལ་དུ་བྱོན། རྣལ་འབྱོར་པ་ཆེན་པོ་ནཱ་རོ་པ་སོགས་རྩ་བའི་བླ་མ་རྣམས་མཇལ། སྔར་གསན་པའི་ཆོས་རྣམས་ལ་དོགས་དཔྱོད་མཛད། སྤྱིར་མར་པ་ལོ་ཙཱ་བ་འདི་ཉིད་རྒྱ་གར་ཤར་ནུབ་ལྷོ་བྱང་དང་། ཁ་ཆེ། བལ་ཡུལ་སོགས་ནས་པཎྜི་ཏ་དང་། ཀུ་ས་ལི་རྣལ་འབྱོར་པའི་བླ་མ་བརྒྱ་དང་བཅུ་གཉིས་བརྒྱུད་པ་འཛིན་ངེས་ཀྱི་བླ་མ་ལྔ་བཅུ། སྣང་བ་འགྱུར་ངེས་བཅུ་གསུམ། ཁྱད་པར་གྲུབ་ཐོབ་ཞལ་ལྔ། རྗེ་འགྲན་ཟླ་དོ་མེད་གཉིས་ཞེས་གྲགས་པ་ལ། འགྲན་ཟླ་དོ་མེད་གཉིས་ནི་སློབ་དཔོན་ཆེན་པོ་ནཱ་རོ་པ་དང་། མེེ་ཏྲི་པའོ། །ཁྱད་པར་གྲུབ་ཐོབ་ཞལ་ལྔ་ནི། སློབ་དཔོན་འདི་ཉིད་དང་། ཡེ་ཤེས་སྙིང་པོ། ཀུ་ཀུ་རི་པ། ཊ་ཀི་མ་ཆུ་ཤིང་གི་སྙེ་མ་ཅན་བཅས་ལྔའོ། །སྣང་བ་འགྱུར་ངེས་བཅུ་གསུམ་ལས་འཇམ་དཔལ་རྡོ་རྗེ་དང་། བདེ་མཆོག གཤིན་རྗེའི་གཤེད། རྡོ་རྗེ་བདུད་རྩི་ལ་སོགས་གསང་སྔགས་ཀྱི་ཆོས་མང་དུ་གསན། བོད་དུ་ཕྱིར་ལོག་ཕེབས་ཁར་གཏང་རག་གི་ཚོགས་གྲལ་དུ་སྒྲུབ་བརྒྱུད་བསྟན་པའི་བདག་པོ་ནཱ་རོ་པས་ཕྱག་ལྷོ་བྲག་མར་པའི་དབུ་ཐོག་ཏུ་བཞག་ནས་བརྡའི་མགུར་ཞེས་སླར་ཡང་མཇལ་བའི་སྨོན་འདུན་ཡང་ཡང་མཛད། དེ་ནས་མགོ་ལེགས་སོགས་ཀྱིས་བསུ་བ་ཞུས་ཏེ་བོད་དུ་ཕྱིར་ཕེབས། དབུ་རུ་བྱང་དུ་གསེར་གྱི་འབུལ་འདོད་དུ་བྱོན། དེ་ནས་ཡུན་རིང་མ་སོང་བར་གསེར་མང་པོ་བསྣམས་ཏེ་སླར་ཡང་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། སློབ་དཔོན་ཆེན་པོ་ནཱ་རོ་པ་སོགས་སྐྱེས་ཆེན་འགའ་ཞིག་དགོངས་པ་མྱ་ངན་ལས་འདས་པའི་གནས་ཚུལ་ཐོས་རྗེས་ཐུགས་ཤིན་ཏུ་སྐྱོ་བའི་གནས་སུ་ལྷུངས། དེ་ནས་རྣལ་འབྱོར་བ་ཆེན་པོ་མེེ་ཏྲེ་པའི་དྲུང་དུ་བྱོན། དབང་གནང་བའི་ཚེ། དྲི་བཟང་པོའི་ངད་ལྡང་། སྒྲོན་ཤིང་མར་བསེ་མཛུབ་གང་གིས་ཞག་བདུན་ཐུབ། བཀའ་གདམས་མན་ངག་མང་དུ་གསན། དེ་ནས་སློབ་དཔོན་ཆེན་པོ་ཡེ་ཤེས་སྙིང་པོའི་དྲུང་དུ་བྱོན། གསང་སྔགས་ཀྱི་ཆོས་མང་དུ་གསན། ལྷོ་བྲག་མར་པ་ལོ་ཙཱ་བ་འཕགས་ཡུལ་དུ་ཐེངས་གསུམ་པ་ཕེབས་སྐབས་སློབ་དཔོན་ཆེན་པོ་ནཱ་རོ་པ་དང་ཞལ་མི་འཇལ་བ་དང་། ཁོང་རང་ཉིད་སྐུ་གཟུགས་ལ་སྙུང་གཞི་ཕོག་པ་སོགས་དཀའ་སྡུག་ཚད་མེད་བྱུང་ཡང་། ཁོང་གི་དཀའ་ངལ་ཁྱད་སད་མཛད་ནས་སློབ་དཔོན་ཆེན་པོ་མེེ་ཏྲེ་བ་དང་ཡེ་ཤེས་སྙིང་པོ་སོགས་ཀྱི་དྲུང་ནས་བཀའ་གདམས་མན་ངག་མང་དུ་གསན་ཐུབ་པ་བྱུང་བས་ཐུགས་འདུན་ཡོངས་སུ་བསྒྲུབས།
     མར་པ་ལོ་ཙཱ་བས་སྔ་རྗེས་སུ་རྒྱ་གར་འཕགས་པའི་ཡུལ་དུ་ལན་གསུམ་དང་བལ་ཡུལ་དུ་ལན་བཞི་ཙམ་བྱོན་ནས་ལོ་ངོ་ཉི་ཤུ་རྩ་གཅིག་ཙམ་རིང་སློབ་དཔོན་ཆེན་པོ་ནཱ་རོ་པ་དང་། ཡེ་ཤེས་སྙིང་པོ། མེེ་ཏྲེ་བ་སོགས་བསྟན་པའི་བདག་པོ་བདག་ཉིད་ཆེན་པོ་རྣམས་ཀྱི་བཀའ་དང་གདམས་ངག་མང་དུ་འཐོབ། བོད་དུ་ཕྱིར་ལོག་ཕེབས་རྗེས་བསྟན་པ་རྒྱ་ཆེར་སྤེལ་བས་སློབ་མ་ཤིན་ཏུ་མང་། དེ་དག་གི་ནང་ནས་གཙོ་བོར་གྱུར་པ་ནི། དོལ་པ་གོག་སྟོན་དང་། གྲེའི་མིའུ་ཆུང་། ཆུ་གོང་དཔལ་ལེ། དགེ་བཤེས་ཁེ་གད་བཅས་ཐུགས་སྲས་བཞི་དང་། རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་གི་རྡོ་རྗེ། མེས་ཚོན་པོ་བསོད་ནམས་རྒྱལ་མཚན། མི་ལ་རས་པ་བཅས་ཀ་ཆེན་བཞི་སོགས་ཡིན། ལྷོ་བྲག་མར་པས་ཁ་བ་ཞི་ལ་སློབ་མ་སོ་སོའི་ཁྱད་ཆོས་ལ་ཞིག་སྟེ་ཁག་སོ་སོར་གདམས་ངག་མང་པོ་གནང་། མར་པ་ལོ་ཙཱ་བས། དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལེའུ་བདུན་ཅུ་རྩ་བདུན་པ་དང་། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་དུ་ཞེས་བྱ་བ་སོགས་བཀའ་བསྟན་མང་པོ་བོད་ཡིག་ཏུ་བསྒྱུར། བཀའ་བརྒྱུད་པའི་སྲོལ་གཏོད། མཐར་དགུང་ལོ་གྱ་དྲུག་པ་རབ་བྱུང་གཉིས་པའི་མེ་གླང་སྤྱི་ལོ་ ༡༠༩༧ ལོར་སྐུ་བདེ་བར་གཤེགས་པ་བཅས་སོ།།   །།

མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས (༡༠༡༢-༡༠༩༧) ཁོང་ནི་ལྷོ་བྲག་ཆུ་ཁྱེར་དུ་ཆུ་བྱི་ལོར་འཁྲུངས། དང་པོ་འབྲོག་མིའི་དྲུང་དུ་ལོ་ཙཱ་བསླབས། རྗེས་སུ་རྒྱ་གར་དུ་ལན་གསུམ་དང་བལ་ཡུལ་དུ་ལན་བཞི་བྱོན། པཎ་ཆེན་ནཱ་རོ་པ་དང་མངའ་བདག་མེ་ཏྲི་བ་སོགས་གྲུབ་ཐོབ་ཀྱི་བླ་མ་མང་དུ་བསྟེན། ཀྱེེ་རྡོར་དང་། གསང་འདུས། ཕྱག་རྒྱ་ཆེན་པོ་སོགས་གསང་སྔགས་ཀྱི་གདམས་པ་མཐའ་ཡས་པ་བསླབས། སླར་བོད་ཡུལ་དུ་ལོག་ནས་ལྷོ་བྲག་གྲོ་བོ་ལུང་དུ་བཞུགས། ཀ་ཆེན་བཞི་སོགས་སློབ་མ་མང་དུ་བསྐྲུན། བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། རང་ལོ་གྱ་དྲུག་པ་མེ་གླང་ལོ་ལ་འདས། ཞེས་རོང་བན་གྱིས་བོད་རྒྱ་ཚིག་མཛོད་ཆེན་པོ་ལས་དྲངས་སོ།།

  

མར་པ་ལོ་ཙཱ། ༼༩༨༢—༡༠༦༩༽ རྒན་དྷཱི༔ལྷ་ལྡན་མཆོག་གིས།

 

སྤྱིར་མར་པ་ལོ་ཙཱའི་འཁྲུངས་འདས་ལོ་ཚིགས་ལ་མི་མཐུན་པ་བཅུ་ལྷག་ཅིག་བྱུང་བས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་ནའང་། དེབ་འདིར་འཁོད་ཀྱི་རྣམ་ཐར་དུ“དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བྱ་ལོ་རྟའི་ཟླ་བའི་ཚེས་བཅོ་ལྔའི་ཉི་མ་རྩེ་ཤར་ལ”ཞེས་དགུང་ལོ་གྱ་བརྒྱད་ལ་བཞུགས་པ་དང་། གྲོངས་ལོ་བྱ་ཡིན་པ་

སོགས་གསལ་ཞིང་། དེ་ཉིད་མར་པའི་དངོས་སློབ་དྲུག་གི་གསུང་རྒྱུན་ཟིན་བྲིས་རྗེ་སྒམ་པོ་ཁུ་དབོན་ནས་བརྒྱུད་པའི་བརྩི་ལུགས་ལྟར་ཡིན་པའི་དབང་དུ་ན། ཀ༔་ཐོག་ཚེ་དབང་ནོར་བུ་མཆོག་གིས་གསུང་རྒྱུན་དེ་ཡི་དགོངས་པ་བླངས་པ་ལྟར་མར་པ་ལོ་ཙཱ་བ་མཆོག་གི་འཁྲུངས་ལོ་ནི་རབ་བྱུང་སྔོན་གྱི་ཆུ་རྟ་སྟེ། ཇོ་བོ་རྗེ་

ཨ་ཏི་ཤ་དང་དགུང་སྙིང་གཅིག་ཏུ་བབས་ཡོད། དེ་ལྟར་ན་ཇོ་བོ་བོད་དུ་ཕེབས་དུས་རབ་བྱུང་དང་པོའི་ཆུ་རྟ་ཡིན་པས་ཁོང་དགུང་ལོ་རེ་གཅིག་ལ་ཕེབས་ཡོད་ཅིང་། ལམ་ནས་མར་པ་ཁོང་དང་མཇལ་བ་རྣམ་ཐར་ཁག་ཏུ་གསལ་བས་མར་པ་ཡང་དུས་དེར་དགུང་ལོ་རེ་གཅིག་ལ་སླེབས་ཡོད་དགོས། དེ་ཡང་ཡིན་ཏེ། ཁོང་རྒྱ་གར་དུ་ལན་གསུམ་པ་ཕེབས་སྐབས་སྐུ་ན་བགྲེས་ནས་ཡོད་པ་བུ་སློབ་སོགས་ཀྱིས་བཤོལ་བཏབ་བྱེད་སྐབས། “ད་སྐུ་ན་བྱོན་པ་དང༌། རྒྱ་གར་གྱི་འབྱོན་ལམ་ལ་དཔལ་མོ་དཔལ་ཐང་ཞེས་བྱ་བའི་ཐང་ཆེན་པོ་རྟ་ཡང་ངལ་དུབ་ཆད་པ་དང༌། ”ཞེས་སོགས་སྐུ་ན་བགྲེས་པས་འབྱོན་མི་རུང་ཚུལ་སོགས་ཞུས་ཤིང་། ཁོང་གིས་ཀྱང་ལན་ཏུ། “ང་ལུས་ཅུང་ཟད་རྒས་རུང་རྒྱ་གར་མི་བགྲོད་པའི་རྒན་པོ་མིན།” ཞེས་གསུངས་པ་སོགས་ཀྱིས་ཀྱང་སྐབས་དེར་ཁོང་དགུང་ལོ་དྲུག་ཅུ་ཡས་མས་ཙམ་སླེབས་ཡོད་པ་ཤེས་ནུས་སོ། །

དེ་ལྟར་ན་ཁོང་རབ་བྱུང་ཚུགས་ཁ་མའི་ཆུ་རྟ་ཕྱི་ལོ༩༨༢ལོར་འཁྲུངས་ཤིང་། དགུང་ལོ་གྱ་བརྒྱད་རབ་བྱུང་དང་པོའི་ས་བྱ་ཕྱི་ལོ༡༠༧༠ལོར་གྲོངས། གྲོངས་ལོ་འདི་ཚེ་དབང་ནོར་བུའི་གསུང་འབུམ་དུ་ཆུ་བྱ་ཞེས་བྲིས་འདུག་མོད། དགུང་ལོ་གྱ་བརྒྱད་བཞུགས་དུས་འབྱུང་བ་ས་ཡིན་དགོས་པས་ཡིག་ནོར་བྱུང་བ་ཡིན་ནམ་

སྙམ། ཁོང་ཆུང་དུས་ནས་ཆོས་སྒོར་ཞུགས་ཤིང་འབྲོག་མི་ལོ་ཙཱ་བ་བླ་མར་བརྟེན་ནས་འཕྲལ་སྐད་སོགས་བསླབས། དེ་ནས་བལ་ཡུལ་དུ་ཕྱིན་ནས་བླ་མ་རྣམ་གཉིས་བསྟེན་ཏེ་གདམས་པ་ཞུས། བལ་བོའི་བླ་མ་རྣམ་གཉིས་ཀྱིས་མཚམས་སྦྱར་བ་ལ་བརྟེན་ནས་རྒྱ་གར་དུ་བླ་མ་ན་རོ་པ་མཇལ་བར་ཐེགས་ཤིང་། སླར་བོད་དུ་གསེར་བསྒྲུབ་པར་ཕེབས། སྔ་ཕྱིར་རྒྱ་གར་དུ་ལན་གསུམ་ཕེབས་ཏེ། གསང་འདུས་དང་། ཀྱཻ་རྡོར། མ་ཧ་མ་ཡ་སོགས་གདམས་པ་མང་པོ་བོད་དུ་དྲངས། གུང་ཐང་གི་མི་ལ་རས་པ་དང་། མཚུར་སྟོན་དབང་ངེ་། རྔོག་ཆོས་སྐུ་རྡོ་རྗེ། གཙང་རོང་གི་མེས་སྟོན་ཚོན་པོ་སོགས་སློབ་ཆེན་བགྲངས་ལས་འདས་པ་བསྐྱངས་ཏེ། བོད་དུ་བཀའ་བརྒྱུད་པའི་བསྟན་པའི་རྒྱལ་མཚན་བཙུགས་པར་བྱས།

ཁོང་ལ་རྣམ་ཐར་མི་འདྲ་བ་ཉི་ཤུར་ཉེ་བ་ཞིག་ཡོད་པ་ལས། ད་ལམ་གྱི་དེབ་འཕྲེང་འདིར་གཙང་སྨྱོན་རུས་པའི་རྒྱན་ཅན་ཞེས་བྱ་བ་དེ་ཡིས་བྲིས་པའི་རྣམ་ཐར་ཆེན་མོ་མཐོང་བ་དོན་ལྡན་ཞེས་བྱ་བ་དེ་བཀོད་ཡོད། རྣམ་ཐར་འདི་ནི་ཁོང་གི་དངོས་སློབ་རྔོག་ཆོས་རྡོར་དང་། མཚུར་སྟོན་སོགས་ཀྱི་ཞལ་གདམས་གཞི་བཅོལ་

ཏེ་བྲིས་ཤིང་། རྒྱས་བསྡུས་འཚམས་ལ་ཚིག་གི་རོ་ཕུན་སུམ་ཚོགས་པར་འདུག་པས། བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཕུལ་དུ་བྱུང་བའི་རྣམ་ཐར་ཞིག་ཏུ་གྲུབ་བོ།།

བརྒྱུད་སྐུལ།

མཆན་སྤེལ།