མི་མཐུན་གཡུལ་རྒྱལ་གྱི་མཚོན་དོན་འགྲེལ་བཤད།

མི་མཐུན་གཡུལ་རྒྱལ་གྱི་མཚོན་དོན་འགྲེལ་བཤད།

དེ་ཡང་མི་མཐུན་གཡུལ་རྒྱལ་ཞེས་པ་ནི།  དགྲ་གཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་རེ་གཟུགས་འདྲེས་མར་བྱས་པ་སྟེ།  དེའི་མཚོན་དོན་ནི་མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་པ་དང༌།  ཡང་ན་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའམ་མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་དོན་ཡིན་པས་མིང་ལའང་མི་མཐུན་གཡུལ་རྒྱལ་ཞེས་འབོད།  དེའི་རི་མོ་ནི།  སེངྒེ་དང་བྱ་ཁྱུང་འདུས་པ་ལས་བྱུང་བའི་གངས་ཀྱི་སེངྒེ་ཁྱུང་གི་གཤོག་པ་ཅན་ཁྱུང་རྭ་ནོར་བུ་འབར་བས་བརྒྱན་པ་དང་གཅིགཆུ་སྲིན་དུང་ན་གནས་པའི་ཚུལ་ལ་མཇུག་མ་པ་ཏྲ་འཁྱིལ་བས་མཛེས་པ་དང་གཉིས།  ཉ་དང་སྲམ་འདུས་པ་ལས་སྲམ་གསེར་ཉའི་མགོ་ཅན་ལ་ཁ་སྤུ་དཀར་པོས་མཛེས་པ་དང་གསུམ་འབྲི་ཚུལ་ཁྱབ་ཆེ་ཞིང༌།  སྟག་དང་འབྲུག་འདུས་པ་ལས་རྒྱ་སྟག་ཁྲ་བོ་གཟིག་འདྲ་བ་ལ་མགོ་བོ་འབྲུག་ཅན་བྲིས་ཏེ་ཟུར་རམ་ཕྱོགས་བཞིར་འགོད་སྲོལ་ཡོད་པའང་སྣང་སྐད་དོ།།

གཡུལ་ལས་རྣམ་པར་རྒྱལ་བའི་མཚན་ནི།  ཁྱུང་དང་སེང་གེ་འདུས་པ་ལས་སེང་གེ་ཁྱུང་གི་གཤོག་པ་ཅན་དང༌།  དུང་དང་ཆུ་སྲིན་འདུས་པ་ལས་ཆུ་སྲིན་དུང་གི་མཇུག་མ་ཅན།  ཉ་དང་སྲམ་འདུས་པ་ལས་ཉ་སྤུ་ཅན་སྲམ་གྱི་སྡེར་མོ་ཅན་ཏེ་མི་མཐུན་གཡུལ་རྒྱལ་ཏེ་མི་མཐུན་དྲུག་སྦྱོར་གྱི་རྟགས་ཀྱང་ཟེར།

འདུལ་བ་མདོར།  སེངྒེ་རྐང་པ་བརྒྱད་པ་དང༌།  ཉ་སྤུ་རྒྱས་པ་སོགས་སྲོག་ཆགས་གཉིས་འདུས་ཀྱི་གཟུགས་ཁྱད་པར་བས་མཚན་པ་རྒྱལ་མཚན་དུ་གསུངས་པས།  མཚན་མ་དེ་འདྲ་ཡོད་པ་རྒྱལ་མཚན་དང༌།  མེད་པ་བ་དན་དུ་འཇོག་པ་སྟེ།  རྗེ་ཐམས་ཅད་མཁྱེན་བློ་བཟང་གྲགས་པས་མཛད་པའི་གསང་འདུས་ཀྱི་མཆོད་ཕྲེང་ལས།  མཛེས་པའི་སྲོག་ཆགས་མཚན་མ་ཡོད་མེད་ཀྱི།  །  མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་དང༌།  །  རབ་མཛེས་བ་དན་རྣམས་ཀྱིས་མཆོད་པར་བྱ།  །  ཞེས་གསུངས་པ་ལྟར་སྲོག་ཆགས་ཀྱི་མཚན་མ་ཡོད་པ་རྒྱལ་མཚན་དང༌།  མེད་པ་བ་དན་ཡིན་པར་བཞེད་དོ།  །

དེ་ལྟར་སྲོག་ཆགས་ཀྱི་མཚན་མ་ཡོད་པའི་བསྟན་པའི་རྒྱལ་མཚན་ནམ་མི་མཐུན་གཡུལ་རྒྱལ་དུ་གྲགས་པའི་རི་མོ་འདི་ཡང་རང་ཅག་བོད་མིས་མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་ཅིང༌།  མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་མཚོན་དོན་དུ་མི་མཐུན་གཡུལ་རྒྱལ་གྱི་རི་མོ་འདི་ཉིད་དགོན་སྡེ་དང༌།  གཙུག་ལག་ཁང་གི་ལྡེབས་རིས།  ཕོ་བྲང་གི་དབུ་རྩེའི་གསེར་ཟངས་ཀྱི་རྒྱལ་མཚན་སོགས་སུ་བཀོད་སྲོལ་ཡོད།

གཞན་ཡང་རང་ཅག་གངས་ཅན་པ་རྣམས་ལ་ཐུགས་རྗེ་དང་བཀའ་དྲིན་གྱི་བདག་ཉིད།  མཛད་རླབས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་བོད་རྗེ༑འཛམ་གླིང་གསུམ་གཉིས་ས་ལ་མངའ་དབང་བསྒྱུར་བའི་གངས་ཅན་བོད་ཀྱི་ཆོས་རྒྱལ་རིམ་བྱོན་གྱི་ཁྲོད་ནས།  རྒྱལ་མཚན་གྱི་ཏོག་ལྟར་མཚན་སྙན་གྱི་གྲགས་པ་རླུང་ལྟར་གྲགས་པ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ།  བོད་རྒྱལ་ཁབ་ནི་དབུས་ཨེ་ཤེ་ཡའི་ནང་སྟོབས་འབྱོར་མངའ་ཐང་དང༌།  ཆབ་སྲིད།  དཔལ་འབྱོར།  རིག་གནས།  དམག་དོན།  ཁྲིམས་སྲོལ་སོགས་ཕྱོགས་གང་ཐད་ནས་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན།

ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོག་མར་བོད་ཁམས་གཅིག་འགྱུར་གྱི་སྲིད་དབང་བཙུགས་པ་དང༌།  སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཁྲིམས་སྲོལ་དང་ཀུན་སྤྱོད་ལམ་སྲོལ་གཏན་འབེབས།  དམག་དོན་གྱི་སྟོབས་ཤུགས་སྒྲིག་འཛུགས།  བོད་ཡིག་གསར་བཅོས་སོགས་རླབས་ཆེན་གྱི་མཛད་པ་རིམ་པར་བསྐྱངས་པ་ལས།  བོད་ཀྱི་དམག་དཔུང་རྣམས་རུ་ཆེན་ལྔ་དང༌།  ཁོས་དྲུགརྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་སོགས་སུ་དབྱེ་བ་མ་ཟད།  རུ་དར་དང༌།  དཔའ་དར།  རུ་རྟ་བཅས་ཀྱི་མདོག་དང་དབྱིབས་སོགས་གཏན་ལ་ཕབ་སྐབས་བོད་དམག་གི་དམག་སྡེ་ཁག་ལ་དར་ཆ་འདྲ་མིན་ཡོད་པ་ལས་བོད་རྒྱལ་ཁབ་གཅིག་གྱུར་གྱི་མཚོན་བྱེད་དར་ཆ་དམིགས་བསལ་མེད།

ཕྱིས་སུ་བོད་ལྗོངས་འདི་ཉིད་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ཅིག་ཏུ་འཕོ་འགྱུར་གྱིས་དེའི་མཚོན་བྱེད་དར་ཆ་དངོས་ཐོག་མར་བྱུང་བ་དེར་བསྟན་པའི་རྒྱལ་མཚན་ནམ་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་སུ་གྲགས་པ་དེ་ཉིད་ཡིན་ཞིང༌།  དར་ཆ་དེའི་སྟེང་སེངྒེ་ཁྱུང་གི་མགོ་ཅན་དང༌།  སྲམ་ཉ་ཡི་མགོ་ཅན།  ཆུ་སྲིན་དུང་གི་ཤུབས་ཅན་བཅས་སྲོག་ཆགས་གསུམ་གྱི་མཚན་མའམ་དཔེ་རིས་བཀོད་པ་དེ་ཡིན།  དེང་སྐབས་བོད་ཀྱི་རྒྱལ་དར་འདི་བཞིན་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ྋརྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་ནས་ས་རྟ་༡༩༡༨ལོར་བོད་དམག་དབྱིན་ལུགས་སུ་བསྒྱུར་གནང་དང་ཆབས་ཅིག་བོད་དམག་ཁག་གི་དར་ཆ་གཅིག་གྱུར་གཏན་འབེབས་མཛད་པའི་དམག་དར་དངོས་གཞི་དེ་ཡིན་ལ།  ཕྱིས་སུ་དམག་དར་འདི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ལ་ངོས་འཛིན་དང༌།  རྒྱལ་དར་གྱི་འགྲེལ་བཤད་ཕྱག་རྟགས་འབྱར་མ་བཅས་གསོལ་བསྩལ་མཛད་པ་ཞིག་ཡིན།།

བརྒྱུད་སྐུལ།

མཆན་སྤེལ།