མྱང་སྟོད་སྒོ་བཞི་རེ་ཐང་། ཁག་དང་པོ།

མྱང་སྟོད་སྒོ་བཞི་རེ་ཐང་། ཁག་དང་པོ།

   མྱང་སྟོད་སྒོ་བཞི་རེ་ཐང་།

     གནོད་སྦྱིན་གང་བཟང་བརྒལ་ནས་གཡས་རུ་རྒྱལ་རྩེའི་ཕྱོགས་སུ་འགྲོ་གྲབས་ཡོད་སྐབས་ཤིག་ལ།    ཁ་པར་དུ་བརྡ་འཕྲིན་ཞིག་འབྱོར།   དེ་ནི་ལྷ་ལྡན་སྨན་རྩིས་ཁང་གི་མཁྱེན་ཡངས་འབུམ་རམས་པ་རིག་འཛིན་ལགས་ཀྱིས་བསྐུར་བའི་བརྡ་འཕྲིན་ཞིག་རེད།    ཁོང་གི་”གནོད་སྦྱིན་གངས་བཟང་བརྒལ་ནས་རྒྱལ་རྩེར་མ་སླེབས་པའི་བར་དུ་མྱང་སྟོད་ཀྱི་སྒོ་བཞི་རེ་ཐང་མཇལ་ཐུབ་”ཅེས་གསུངས་འདུག་ཅིང་རྗེ་བཙུན་གཡུ་ཐོག་གསར་མའི་འཁྲུངས་ཡུལ་སྒོ་བཞི་རེ་ཐང་གི་ངོ་སྤྲོད་བསྡུས་པ་པར་རིས་དང་སྦྱར་བ་ཞིག་ཀྱང་བསྐུར་འདུག   ཕྲན་གྱིས་སྔོན་ནས་རྗེ་བཙུན་གཡུ་ཐོག་གསར་མའི་རྣམ་ཐར་ལ་སློབ་སྦྱོང་བྱེད་སྐབས་སྒོ་བཞི་རེ་ཐང་ཞེས་མང་དུ་ཐོས་མྱོང་བས་བག་ཆག་ཕྲན་ཙམ་རེ་འདུག་ཀྱང་ཆེར་མི་དྲན་པར་བརྗེད་ངས་རྐུན་པོས་ཁྱེར་ཚར་འདུག

 

དོན་དམ་པར་རྗེ་བཙུན་གཡུ་ཐོག་པའི་འཁྲུངས་གཞིས་སྒོ་བཞི་རེ་ཐང་ནི། མྱང་ཡུལ་གྱི་སྟོད་ཀྱི་ཕྱོགས་ཡིན་ཞིང་།  མྱང་ཡུལ་ནི་མྱང་ཆུ་བཞུར་བའི་ལུང་རྒྱུད་ལ་ཐོགས། ཆུ་བོ་དེ་རྒྱལ་རྩེར་སླེབས་དུས་ཉིང་རོའི་ཆུ་བོ་སོགས་དང་འདྲེས་ཤིང་ཡུལ་དེའི་འབྲོག་རྩེ་ཡན་ལ་མྱང་སྟོད་དང་།   དེ་མན་ལ་མྱང་སྨད་ཅེས་གྲགས་པའི་མྱང་སྟོད་ཀྱི་ས་ཆར་གཏོགས། སྒོ་བཞི་རེ་ཐང་ཞེས་སྒོ་བཞི་ནི་སྔོན་དུས་རྫོང་མཁར་ཞིག་གི་མིང་སྟེ། སྒོ་བཞི་པོ་རེ་རེ་ནས་བགྲང་སྲོལ་ཡོད། དེ་ཡང་མྱང་ཆོས་འབྱུང་ལས། “ཤར་སྒོ་རྭ་ལུང་ཆོས་ཀྱི་སྒོ།   ལྷོ་སྒོ་ཉིང་རོ་ཤིང་གི་སྒོ།   ནུབ་སྒོ་རྒྱ་བྲག་ནས་ཀྱི་སྒོ།   བྱང་སྒོ་རྡོ་ལྕགས་ལྕགས་ཀྱི་སྒོ་” ཞེས་གསུངས་པའི་སྒོ་བཞི་དང་།  རེ་ཐང་ནི་མཁར་རྫོང་དེའི་ཁོངས་གཏོགས་རེ་ཐང་ཞེས་པའི་ཁྱིམ་དུ་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་སྐུ་འཁྲུངས་པས་སྒོ་བཞི་རེ་ཐང་དུ་ཐོགས།   དེང་གི་ས་ཁོངས་ཀྱི་དབང་དུ་བྱས་ན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཕྲ་རིང་ཡུལ་ཤོག་རྒྱ་སྨད་གྲོང་ཚོ་ན་ཡོད།  ཁོ་བོ་སྤྱི་སྤྱོད་རེས་འཁོར་གྱི་ནང་དུ་ཡོད་པས། ལམ་ནས་རླངས་འཁོར་ལ་སྡོད་ཟེར་ས་ཡང་མ་བདེ་བར་ཐད་ཀར་རྒྱལ་རྩེ་རྫོང་ལ་སོང་ཞིང་།    བར་ལམ་ནས་སྒོ་བཞི་རེ་ཐང་ཡིན་ས་རེད་སྙམ་པ་ཞིག་ལས་གསལ་ཐག་ཡོད་པ་ཞིག་མ་མཇལ་བས་འདིའི་སྐོར་གྱི་མཐོང་ཐོས་ཅི་ཡང་མ་བྱུང་།

གཞན་ཡིག་ཐོག་གི་མཐོང་ཐོས་ཤིག་བཤད་ན་སྒོ་བཞི་རེ་ཐང་གི་སྨན་གྱི་སློབ་གྲྭ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཤིན་ཏུ་གལ་ཆེ་བ་ཞིག་སྟེ།

བོད་ཀྱི་གསོ་ལོ་རྒྱུས་ཁྲོད་ཀྱི་སྨན་གྱི་སློབ་གླིང་དང་པོ་ཀོང་པོ་སྨན་ལུང་གི་སྨན་གྱི་སློབ་གླིང་ལྟ་ན་སྡུག་དང་།   གཉིས་པ་ནི། མངའ་རིས་གུ་གེའི་སྨན་གྱི་སློབ་གྲྭ་དྲང་སྲོང་དགའ་བའི་ཚལ།    གསུམ་པ་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་ཕྱག་བཏགས་པའི་སྒོ་བཞི་རེ་ཐང་གི་སྨན་སློབ་གྲྭ་ཡིན་པར་བོད་ཀྱི་གསོ་རིག་མཁས་དབང་དག་གིས་གསུངས་ཡོད།

རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི་བོད་རབ་བྱུང་གཉིས་པའི་མེ་རྟ་སྤྱི་ལོ་༡༡༢༦ལོར་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང་ཡུམ་པད་མ་འོད་ལྡན་གཉིས་ཀྱི་སྲས་སུ་གཙང་མྱང་སྟོད་སྒོ་བཞི་རེ་ཐང་དུ་སྐུ་འཁྲུངས་ཤིང་།  རྒྱ་གར་དུ་ལན་དྲུག་དང་།  བལ་ཡུལ།  སིང་ག་ལ། གསེར་གླིང་ཚུན་ཆད་དུ་ཕེབས་ནས་མཁས་གྲུབ་དུ་མ་ལས་གསོ་དཔྱད་གསན་བཞེས་མཛད། ཁོང་རང་ཉིད་ཀྱིས།   རྒྱལ་བའི་བཀའ་ཆོས་ཡན་ལག་བརྒྱད་པ་དང་། །ཀླུ་སྒྲུབ་གཞུང་དང་ཟླ་ཟེར་དཀར་ནག་དང་། །དྲང་སྲོང་ལུགས་དང་ཕ་ཁོལ་གཞུང་རྣམས་དང་། །རྒྱ་གར་རྒྱ་ནག་མཁས་པའི་གཞུང་རྣམས་དང་། །བོད་དང་ལི་ཡུལ་སྨན་པའི་ཉམས་མྱོང་རྣམས། །མཁའ་འགྲོའི་ལུང་དང་བུ་སློབ་བསོད་ནམས་ཀྱིས། །རྒྱ་ཆེའི་གཞུང་དང་བླ་མ་མང་བསྟེན་ནས། །སྐྱེ་བ་སྔོན་དུ་རང་རྒྱུད་སྦྱངས་པ་ལས། །ད་ལྟ་གཡུ་ཐོག་རིག་པ་ཁོང་ན་ཤར། །ཞེས་གསུངས་པ་ལྟར་ལགས་ཤིང་། ཐུགས་ཀ་ཆོས་ཀྱི་འཁོར་ལོ་ལས། །གསོ་དཔྱད་རིན་ཆེན་གཏེར་ཕྱུངས་ཏེ། །ཕྱི་རབས་རྗེས་འཇུག་གསོ་བའི་ཕྱིར། །ཞེས་གསུངས་ཏེ་བརྒྱད་པ་ཆེ་ཆུང་གི་སྙིང་པོ་བསྡུས་པ་མན་ངག་ཤོག་དྲིལ་སྐོར་གསུམ། ཉམས་ཡིག་བུ་དོན་མ་སོགས་གསོ་དཔྱད་ཀྱི་དགོངས་དོན་བཀྲལ་བའི་བསྟན་བཅོས་མང་དུ་མཛད། ཁྱད་པར་ཕྱི་རབས་པའི་དོན་དུ་དཔལ་ལྡན་རྒྱུད་བཞིའི་བཀའ་རྒྱ་བཀྲོལ་ནས་ཁ་སྐོང་རྩོམ་སྒྲིག་དང་སྐད་གསར་བཅད་ཀྱི་གཏན་ལ་ཕབས་ཏེ་སློབ་མའི་གཙོ་བོ་སུམ་སྟོན་ཡེ་ཤེས་གཟུངས་ལ་བུམ་པ་གང་བྱོས་ཚུལ་དུ་གནང་ཞིང་།   རྗེ་རང་ཉིད་ཀྱིས་དཔལ་ལྡན་རྒྱུད་བཞི་ལ་བུའི་དོན་དུ་གསེར་མཆན་དང་།  སློབ་མའི་དོན་དུ་ཟོང་མཆན་གཉིས་བཏབ། རྗེ་འདི་ཉིད་ཀྱིས་དགོངས་ལོ་བརྒྱད་ཙམ་ནས་གདན་ས་སྒོ་བཞི་རེ་མཛད་དེ་གསོ་བ་རིག་པའི་འཆད་ཉན་རྒྱ་ཆེར་སྤེལ་བ་ནས་མཚན་སྙན་གང་སར་ཁྱབ་སྟེ།    རྗེས་འཇུག་སློབ་མའི་ཚོགས་མང་དུ་འདུས་ཤིང་། དེ་དག་ལས་སྣོད་ལྡན་གྱི་སློབ་མའི་གཙོ་བོ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་གཙོར་བྱས་པའི།   ལྗང་སྨན་ལེབ་སེ་དང་།   འབལ་སྨན་ཉི་མ།   སྟོན་པ་ཨ་ཚེས།  ཤག་རམ་ཉི་མ་དཔལ།   གཡུ་ཐོག་བསོད་ནམས་སེང་གེ  །དགེ་བཤེས་རོག་ཆུང་སོགས་མིང་དོན་མཐུན་པའི་མཁས་པ་སྐད་གྲགས་ཅན་སུམ་བརྒྱ་ཙམ་དང་།    དོན་གཉེར་ཅན་གྱི་སློབ་མའི་ཚོགས་བགྲང་གིས་མི་ལངས་པ་གསོ་སྐྱོང་གནང་།   ཉིད་ཀྱི་ཞལ་ནས།   ཀུན་དང་ཞལ་མཇལ་གདམས་པ་སྣ་ཚོགས་ཐོས། །བླ་མ་བསྟེན་དང་གསོ་དཔྱད་བསྐྱངས་པ་ཡིས། །མི་ལོ་མང་པོ་འཇིག་རྟེན་ཁམས་སུ་བསྡད། །བུ་སློབ་དོན་དུ་ཤོག་དྲིལ་སྐོར་གསུམ་བཀོད། །ད་ནི་གཡུ་ཐོག་ཤི་ཡང་འགྱོད་པ་མེད། །ཞེས་གསུངས་ནས་དགུང་ལོ་དོན་དྲུག་པ་བོད་རབ་བྱུང་གསུམ་པའི་ལྕགས་བྱ་སྟེ་སྤྱི་ལོ༡༢༠༡ལོར་སྐུ་གཤེགས་སོ། །

 

ཤར་མཚམས་སྤྲིན་ནམ་གྱིས་བྲིས་པའི་དབུས་གཙང་བསྐོར་བའི་མཐོང་ཐོས་ཞེས་པ་ལས་ཁོལ་དུ་ཕྱུང་ནས་སྤེལ་བའོ།།

 

 

བརྒྱུད་སྐུལ།

མཆན་སྤེལ།