མྱུ་གུ་ལུང་གི་གནས་ཡིག

མྱུ་གུ་ལུང་གི་གནས་ཡིག

མྱུ་གུ་ལུང་གནས་ཡིག་ལས་བླ་ཆེན་འབྲོག་མི་ལོ་ཙཱ་བའི་ཆོས་ཁྲི་ཡོད་པའི་མཆོད་རྟེན་ཁང་བུ་བརྩེགས་ཀྱི་གནས་བཤད། ཡང་སྐབས་ཤིག་ལ་བླ་ཆེན་ཉིད་ལ་དད་ལྡན་ཆོས་ཞུ་བ་ལྷ་རྩེ་བཙན་པོ་གསོགས་མང་དུ་སླེབས་ནས། མྱུ་གུ་ལུང་དུ་ཆུར་ཐབས་བྲལ་བས། ལྷོ་ནུབ་ཕྱོགས་ན་ཐང་ཞིག་ཡོད་པ་དེར་ཆོས་ཞུ་བ་མང་པོ་ལུས་པ་ཐམས་ཅད་ལ། སྐྱབས་འགྲོ་དང་ལས་འབྲས་ལས་བརྩམས་པའི་གསུང་ཆོས་འཕྲལ་དང་ཡུན་དུ་ཕན་པའི་དགེ་བ་ལ་ལེགས་པར་སྦྱར་ནས་ཐར་པའི་ས་བོན་བསྐྲུན།



བླ་ཆེན་ཉིད་མྱ་ངན་ལས་འདས་ནས་དད་ལྡན་བུ་སློབ་དང་མི་དམངས་རྣམས་ཀྱི་ཆོས་ཁྲི་ཉམས་ཆག་བྱུང་བར་དོགས་ནས་མཆོད་རྟེན་ཁང་བུ་མ་གཅིག་བཞེངས་ཏེ་དེའི་ནང་དུ་བཞུགས་སུ་གསོལ་བ་ཡིན། མཆོད་རྟེན་དེའི་དབུ་སྤེན་དང་། ཞབས་ཀྱི་བང་རིམ་རྣམས་ཉམས་ཆག་ཆེན་པོ་བྱུང་ཡོད་པས། དད་ལྡན་ཤེས་རབ་ལགས་ཀྱིས་ཉམས་གསོ་གནང་སྐབས་དབུ་ནས་མར་ཙམ་གས་སྐྱོན་ཡོད་པ་བཤིག་པ་ན། གཙང་རྡོ་རིལ་རིལ་བརྩིགས་པའི་དབུས་སུ་རྫ་བུམ་ཞིག་འདུག་ཅིང་། དེ་ཁ་ཕྱེ་སྐབས་ནང་དུ་སྐུ་ཞལ་སྦྱོར་ཅན། ཆེ་ཚད་ཨིན་ཅི་བཞི་ཙམ་ཡོད་པ་ཞལ་གྲངས་དགུ་འདུག་པས། གཅིག་དབུས་དང་གཞན་རྣམས་ཀྱིས་མཐར་བསྐོར་འདུག དེར་རྒན་རྣམ་པ་གཉིས་ནས་དབུས་གྲྭ་པ་རྣམས་དང་། སྐྱ་བོ་རྡོ་རྩིག་སོགས་ལས་མི་རྣམ་པས་མཇལ་ཁ་ཞུས། དེ་ནས་རྒན་རྣམ་པ་གཉིས་ནས་ཁྲུས་གསོལ་མདོར་བསྡུས་དང་མཇལ་དར་བཅས་ཕུལ་ནས་སླར་ཡང་དེའི་ནང་ཞུགས་སུ་གསོལ་ཡོད། ཉམས་གསོ་གྲུབ་ནས་ཚོགས་ཡོངས་ལ་བསྙེན་བཀུར་དང་། མཆོད་རྟེན་གྱི་དྲུང་དུ་ཁྲུས་གསོལ་རབ་གནས་བཅས་གནང་ཡོད།

དེ་དང་ཉེ་བ་ན་རྡོ་དཀར་པོ་མིའི་སྐེད་ཙམ་སླེབས་པ་ཞིག་ལ་བླ་ཆེ་འབྲོག་མི་ལོ་ཙཱ་བའི་ཞབས་སྤུས་ཀྱི་རྗེས་རེད་ཟེར་བའི་རང་བྱོན་དང་། ཁྱི་ཡི་ལག་པའི་རང་བྱོན་བཅས་ཡོད་ཅེས་ཟེར་སྲོལ་ལ། བླ་ཆེན་ཉིད་སྐུ་སངས་ཕེབས་དུས་ཁྱི་ཞིག་གིས་རྗེས་དེད་བཏང་བས་དེའི་སྐབས་རྡོ་དེ་ལ་ཞབས་རྗེས་དང་། ཁྱིའི་ལག་རྗེས་བཞག་པ་རེད།

ལྷ་རྒོད་གངས་རི་ནས་མྱུ་གུ་ལུང་ཕྱག་བཏབ་ནས་ལོ་དགུ་རྒྱ་བདུན་ཅུ་དོན་གཅིག་སོང་བའི་ཉིན་བྲིས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།