ཚངས་མགུར་དུ་གྲགས་པའི་མགུར་གླུ་འདི་དོན་ངོ་མ་སུས་བརྩམས་པ་རེད།

ཚངས་མགུར་དུ་གྲགས་པའི་མགུར་གླུ་འདི་དོན་ངོ་མ་སུས་བརྩམས་པ་རེད།

ངས་ལོ་ཤས་སྔོན་དུ་ཞིབ་འཇུག་བྱས་ཏེ་ཚངས་མགུར་དུ་གྲགས་པ་འདིའི་ཐད་དུ་དཔྱད་རྩོམ་ཐུང་ངུ་ཞིག་བྲིས་ཀྱང་། དེ་ཉིད་ཐོག་མའི་གླེང་སློང་མཁན་ལྟ་བུར་གྱུར་ན་ཉེས་པ་ཏོག་ཙམ་མེད་དམ་སྙམ་ནས་ཁྱབ་སྤེལ་མ་བྱས་པར་བཞག་པས་དེ་ཉིད་བོར་བརླག་ཏུ་ཤོར། གནས་ཚུལ་དེ་གླེང་སྐབས་རྩོམ་གྲོགས་འགས་བློ་འགྱོད་གནང་སྟབས། སླར་ཡང་འདིའི་ཐད་དུ་སྐད་ཆ་ཉུང་ཙམ་གླེང་འདོད་ཀྱིས་ཞིབ་འཇུག་བྱས་པས། མགུར་གླུ་འདི་ཚངས་དབྱངས་རྒྱ་མཚོའི་གསུང་རྩོམ་ཡིན་མིན་ཐད་དུ་སྔར་ནས་བཞེད་སྲོལ་མི་མཐུན་པ་ཁ་ཤས་བྱུང་འདུག་སྟབས་འདིའི་ཐད་དུ་བསམ་ཚུལ་ཞིག་བཤད་ཀྱང་འགལ་བ་དེ་ཙམ་མེད་ངེས།

སྔར་ལྟར་ཞིབ་འཇུག་བྱེད་ཐུབ་པ་མི་འདུག་ཀྱང་གླེང་གཞི་སྔར་ལྟར་སྤྱད་དེ་ཅུང་ཟད་གླེངས་ན།  སྤྱིར་བཏང་མགུར་གླུ་ཚིག་བཅད་ཁ་ཤས་བདག་ཐོབ་སུ་ལ་ཡོད་མེད་ལ་གལ་ཆེ་རྒྱུ་མེད་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན་མི་རིགས་འདིའི་ལོ་རྒྱུས་བཙལ་དགོས་ན་མི་རིགས་འདིའི་རྩོམ་རིག་གི་ཁུངས་སྣེ་འཚོལ་དགོས་པ་དང་། ལྷག་པར་དུ་དུས་རབས་གང་དང་གང་ཡིན་ཡང་དེའི་དུས་ཀྱི་མི་རྣམས་ཀྱི་ལོ་རྒྱུས་ཤེས་དགོས་ན། དེའི་དུས་ཀྱི་ངལ་རྩོལ་མི་དམངས་ཐུན་མོང་གི་དགའ་སྐྱོ་ཆགས་སྡང་དང་འཚོ་བའི་རྣམ་འགྱུར་ཕྱིའི་ངག་གི་དབྱངས་རྟ་རུ་དྲངས་པའི་དམངས་གླུ་དང་དམངས་གཞས་དག་ལས་དཔོག་དགོས། དེས་ན་མི་རིགས་འདིའི་ལོ་རྒྱུས་མཐོང་བའི་མེ་ལོང་ངོ་མ་ནི་འདས་སོང་གི་མེས་པོ་ངག་གི་སྒྱུ་རྩལ་བ་དུ་མའི་ཤེས་རིག་གི་ཀློང་ནས་བརྡོལ་བའི་ཐོལ་གླུ་སྟེ། དེའི་དུས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་དབྱངས་སུ་གྱེར་བའི་མགུར་གླུ་འདི་ཚོ་ཡིན་ན། འདི་ཚོའི་ལོ་རྒྱུས་ཀྱི་སྣེ་མོ་ཡར་གཏུགས་ཅི་ཐུབ་བྱེད་མ་ཐུབ་ནའང་། བླ་ཆེན་མི་ཆེན་རེ་འགའ་དང་གང་ཟག་སྒེར་པ་འགའི་མཚན་སྙན་རྒྱས་ཆེད་དུ་འུ་ཚོ་དང་ཐག་ཇེ་ཐུང་དུ་གཏོང་བ་ནི། མི་རིགས་འདིའི་བླ་ན་མཐོ་བའི་བྱས་རྗེས་དག་གང་ཟག་སྒེར་པ་འགའི་སྒེར་བདག་བྱས་པ་ཡིན་པས་དེ་ཙམ་འོས་འཚམ་མ་ཡིན། “ བོད་རིག་པའི་མཁས་དབང་བཀྲ་ཤིས་ཚེ་རིང་གི་གཏམ་བཤད་ཅིག་ལས། “ད་ལྟ་ང་ཚོ་ཡོད་པའི་ལོ་རྒྱུས་ལ་བལྟས་བསྡད་ན། རྒྱ་གར་དང་། རྒྱ་ནག་ཚང་མ་མི་ཆགས་ཚར། ཤེས་ཡོན་ཡོད་པ་ཆགས། རིག་གནས་ཡོད་པ་ཆགས་ཚར་དུས། ང་ཚོ་ད་དུང་སྤྲེའུ་བྱས་ནས་བསྡད་ཡོད་རེད། དེ་འགྲིག་གི་མི་འདུག”

”ཁྱིམ་མཚེས་རྒྱལ་ཁབ་ཚང་མ་རིག་གནས་ཅན་ཆགས་ཚར་དུས། ང་ཚོ་ཀློ་པ་བྱས་ནས་བསྡད་ཡོད་རེད། ཀླ་ཀློ་བྱས་ནས་བསྡད་ཡོད་རེད། དེ་འགྲིག་གི་མི་འདུག “ཟེར་བ་ལྟར་ཡིན་ན་ང་ཚོའི་ལོ་རྒྱུས་ཀྱི་ཁུངས་སྣེ་གཞན་ཞིག་འཚོལ་དགོས་པ་ནི་རིགས་ལ་དུང་བ་ཟབ་པའི་གདོང་དམར་བ་ཀུན་ལ་འགན་འཁྲི་ཡོད།

སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་བསྒྱུར་བྱེད་མྱོང་བའི་མི་རིགས་འདིའི་ལོ་རྒྱུས་དངོས་ནི། ཆེད་ལས་རྟོག་ཞིབ་པས་ཤེས་རྟོགས་བྱུང་བ་ལྟར་ན། རྡོ་ཆས་གསར་རྙིང་གི་དུས་རབས་ཀྱི་རྗེས་ཏེ། ལོ་ངོ་སྟོང་ཕྲག་དྲུག་གི་གོང་རོལ་ནས་རིག་གནས་སྣ་འཛོམས་ཀྱི་མི་རིགས་ཤིག་ཡིན་པའི་བདེན་དཔང་རྙེད་ཡོད་ཅིང་། མ་ཟད་སྟོད་མར་ཡུལ་ལ་དྭགས་ནས་སྨད་རྒྱལ་རོང་རྒྱལ་ཁམས་ཀྱི་བར་དུ་རིག་གནས་ཀྱི་ཁྱབ་ཁོངས་གཅིག་དང་། རིག་གནས་ཀྱི་འབྱུངས་ཁུངས་གཅིག རིག་གནས་ཀྱི་རྩ་བ་གཅིག་ལ་བརྟེན་ནས་ད་བར་དུ་གནས་ཡོད་པ་ཤེས་རྟོགས་བྱུང་ཡོད། འགྲོ་བ་མིའི་ལོ་རྒྱུས་ཀྱི་མུ་ཁྱུད་རི་མོ་བརྩིགས་པའི་ཁྲོད་དུ་སུས་ཀྱང་འགྲན་བཟོད་པ་དཀའ་བའི་རླབས་ཆེན་གྱི་མི་རིགས་འདིའི་ལོ་རྒྱུས་དངོས་དེར་ཟོལ་མེད་དྲང་བཞག་གི་བློས་དཔྱད་ཡོང་ན། ང་རྒྱལ་དང་སྤོབས་པས་མགྲིན་པ་རྣོང་འགྲོ་བ་ཞིག་རེད། དེ་ལྟར་ནའང་སྐྱི་གཡའ་བའི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་ནས་མི་རིགས་འདི་ཉིད་རྒུད་པའི་ལམ་དུ་ཆས་ཡོད་ནའང་། ལོ་རྒྱུས་ངོ་མ་དེ་ངོས་ཟིན་ཐུབ་པ་ཞིག་བྱུང་ན་འགྲོ་བ་མིའི་ཡ་རབས་ཀྱི་སྣང་བ་འདྲེན་པའི་ཉིན་བྱེད་དུ་ཆགས་ངེས་པས། གཡམ་བཤད་དང་ཅལ་འདྲོགས་ཀྱི་རྗེས་སུ་མི་འབྲང་བ་བདེན་ཚིག་སྨྲ་བའི་སྤོབས་པ་ཙམ་ཞིག་ཅིས་ཀྱང་ཡོད་དགོས་པར་འདོད།

མི་རིགས་འདིའི་ལོ་རྒྱུས་ཀྱི་འདས་དོན་འཚོལ་བ་ལ་མི་རིགས་འདིའི་རྩོམ་རིག་གི་ལོ་རྒྱུས་ངེས་ཅན་ཞིག་ཡོད་དགོས་ཀྱང་། དེ་སྔོན་ས་བཅད་མ་སྟོང་ཙམ་ལས་”རྩོམ་རིག་གི་ལོ་རྒྱུས་”ཚད་ལྡན་ཞིག་མི་འདུག་པས། འདིའི་སྟོང་ཆ་ངེས་པར་དུ་དགང་དགོས་པར་སེམས།  བོད་བཙན་པོའི་དུས་ནས་གངས་ཅན་ལྗོངས་འདིར་གླུ་གར་དང་སྙན་ངག་གི་རྒྱ་མཚོའི་རླབས་ཕྲེང་འཕྱུར་ས་དང་སྒྱུ་རྩལ་གྱི་ཕ་ས་ཡིན་པ་ལོ་རྒྱུས་ཀྱི་ཉིན་སྲིབ་ཏུ་གསལ་བ་ཡིན་ན། ད་ལྟ་སྤྱོད་བཞིན་པའི་དམངས་ཁྲོད་དུ་དར་བའི་མགུར་གླུའི་རྩོམ་རིག་གྲགས་ཅན་ཁག་ཀྱང་ལོ་ངོ་སྟོང་ཕྲག་གི་གོང་རོལ་ནས་དར་ཡོད་པ་དཔོག་ཐུབ། དེས་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་རུ་གྲགས་པ་འདི་ཉིད་ཀྱང་རྒྱ་ཆེའི་མང་ཚོགས་ཁྲོད་ནས་ངག་གི་སྒྱུ་རྩལ་བ་དུ་མའི་རིག་པའི་ཀློང་ནས་བརྡོལ་བའི་ཐོལ་གླུ་སྙན་ཚད་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་རྩོམ་བྱང་གཅིག་གི་ནང་དུ་བསྡུས་པ་མིན་ནམ་བསམ་ཤོར་བ་ཞིག་རེད། འདི་ལྟར་བསམ་གཞིག་གི་སྒོ་མོ་ཐད་ཀྱིས་བསྲིངས་དོན་ནི། ལོ་རྒྱུས་དངོས་གང་ཡིན་པ་དེ་ཉིད་ཤེས་པའི་ཆེད་ཡིན་པ་ལས་སུ་ཞིག་ལ་རྒོལ་འདོད་ཀྱི་བསམ་པ་ལར་ནས་མེད་པས། ཕྱོགས་རིས་ཀྱི་འཆིང་རྒྱ་དང་གུ་དོག་གི་བསམ་བློའི་བཅའ་ཁྲིམས་ལས་བརྒལ་ཐུབ་པ་ཞིག་ཅིས་ཀྱང་གནང་རོགས།

འདིའི་ཐད་དུ་བསམ་ཚུལ་ཤོད་མཁན་ཁ་ཤས་ཡོད་པའི་ཁྲོད་ནས་མང་ཤོས་ཀྱིས་མགུར་གླུ་ཚིགས་བཅད་གྲངས་ཀའི་ཐད་དུ་བསམ་ཚུལ་མི་མཐུན་པ་དུ་མ་ཡོད་པས་འདིའི་ཐད་དུ་དཔྱད་བརྗོད་སྤེལ་བ་ལས་གཞན་དག་གླེང་མཁན་ཉུང་། གཞས་ཚིག་གི་གྲངས་འབོར་ཐད་ལ་ཁག་གཅིག་གིས་ཚིགས་བཅད་ལྔ་བཅུ་ལྷག་ཡོད་པར་སྨྲ་ཞིང་། དེ་ནི་ལྷ་སའི་ཤིང་པར་རྙིང་པའི་ནང་དུ་ཚིགས་བཅད་ང་བདུན་ཡོད་པས་དེ་ཉིད་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་དངོས་ཡིན་པ་ལས་གཞན་དག་བསྲེས་ལྷད་ཅན་ཡིན་པར་བཤད། ༡༩༣༠ ལོའི་པར་མ་ཡིན་པའི་ཅོ་ཧྲུག་ཡོ་ཏོ་ཁྱོན་གྱིས་བསྒྲིགས་བསྒྱུར་བྱས་པའི་ཚངས་མགུར་རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཡོད་པ་དེའི་ནང་དུ་ཤོ་ལོ་ཀ་དྲུག་ཅུ་རེ་གཉིས་བསྡུས་ཡོད།

༡༩༧༨ ལོར་དངོས་སུ་འགོ་བཙུགས་ཤིང་། ༡༩༧༩ ལོར་«བོད་རྒྱ་ཚིག་མཛོད་ཆེན་མོ»བསམ་འཆར་ཞུ་བྱེད་མ་ཡིག་པར་སྐྲུན་བྱེད་པ་སོགས་རྒྱ་བོད་ཀྱི་མཁས་པ་དུ་མས་ལོ་ལྔའི་རིང་ལ་རྩོམ་སྒྲིག་བྱས་པའི་སྤུས་ཚད་ལེགས་ཤིང་ཚིག་མཛོད་སྐད་གྲགས་ཆེ་ཤོས་ཡིན་པའི་«བོད་རྒྱ་ཚིག་མཛོད་ཆེན་མོ།» ཞེས་པ་དེའི་ནང་དུའང་ཚངས་དབྱངས་རྒྱ་མཚོས་བརྩམས་པའི་སྙན་ངག་ཤོ་ལོ་ཀ་དྲུག་ཅུ་རེ་གཉིས་”ཡོད་ཅེས་བཤད་ཡོད། ༡༩༧༨ ལོར་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཅུའི་དཔྱད་གཞི་ཡིག་རིགས་ཁང་གིས་བསྡུས་པ་དང་བསྒྲིགས་པའི་«ཚངས་དབྱངས་རྒྱ་མཚོའི་མགུར་གླུ»ཞེས་བྱ་བ་ལ་ཤོ་ལོ་ཀ་དྲུག་བཅུ་རེ་དྲུག་ཡོད། དེའི་ནང་གི་ཤོ་ལོ་ཀ་རེ་གཉིས་ནི་ཅོ་ཧྲུག་ཡོ་ཏོ་ཁྱོན་གྱི་དེབ་དང་མཚུངས་པ་ཡིན།”མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་བསྒྱུར་ཁང་ནས་ ༡༩༨༠ ལོར་པར་གཞི་དང་པོ་བསྒྲིགས་ཤིང་། ༡༩༩༤ ལོར་པར་སྐྲུན་བྱེད་པའི་«ཚངས་དབྱངས་རྒྱ་མཚོའི་མགུར་གླུ»ཞེས་པའི་རྒྱ་བོད་ཤན་སྦྱར་གྱི་དེབ་དེའི་ནང་དུ་ཚིགས་བཅད་དོན་བཞི་བཀོད་ཡོད། དེ་དང་མཚུངས་པར་ཚིགས་བཅད་བརྒྱ་དང་ཉི་ཤུ་ལྷག་ཡོད་པ་དང་། བརྒྱ་དང་དྲུག་ཅུ་ལྷག་ཡོད་པ་སོགས་ཆ་འཇོག་མི་ཐུབ་པའི་ཡི་གེ་སྣ་ཚོགས་ཡོད། ལ་ལས་ཚངས་མགུར་ལ་ཤོ་ལོ་ཀ་སྟོང་ཕྲག་ལྷག་ཡོད་པར་བཤད་འདུག དེ་ལྟར་ཡིན་ན་སྙན་ཞིང་འཇེབས་པ་དང་སྒྱུ་རྩལ་གྱི་སྒུལ་ཤུགས་ཕ་མཐར་སོན་པའི་བོད་ཀྱི་དམངས་གླུ་དམངས་གཞས་བདག་བཟུང་མེད་པ་ཡོངས་རྫོགས་ཚངས་མགུར་ཞེས་པའི་མིང་བྱང་གཅིག་གི་འོག་ཏུ་བསྡུ་མི་འགྲོའམ་སྙམ་པའི་དངངས་འཚབ་སྐྱེ་ཡོང་བ་ཞིག་རེད།

དེང་གི་དུས་ལ་བོད་ནི་ཅི་ཡང་མི་ཤེས་པའི་བླུན་པོ་ཟེར་ནས་གཉའ་གནོན་དང་། མཚང་འབྲུ། སུན་འབྱིན་བྱེད་སའི་ཡུལ་ཞིག་ཡིན་ནའང་། སྔོན་གྱི་དུས་ལ་དེ་ལྟར་མིན་པར་ངེས་ཏེ། བོད་དམངས་ཁྲོད་དུ་དར་བའི་ཁ་ཡི་རྒྱན་དུ་གྱུར་པའི་གཏམ་དཔེ་ལ་བསམས་ནའང་ཆེ་མཐོང་དང་གདེང་འཇོག་བྱ་འོས་པ་ཞིག་ཡིན་པར་མ་ཟད། འཛམ་གླིང་ཤར་ནུབ་ཀྱི་བསམ་བློའི་གོ་རྟོགས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས་འབུར་དུ་ཐོན་པ་ཞིག་ཀྱང་རེད། དཔེར་ན་འཛམ་གླིང་ཤར་ནུབ་ཀྱི་གྲགས་ཅན་མཁས་དབང་ཁག་གི་སྡོམ་ཚིག་ཇི་ལྟར་ཟབ་མོ་ཞིག་ཡིན་ནའང་བོད་དམངས་ཁྲོད་དུ་དར་བའི་གཏམ་དཔེ་ཁག་གི་བརྗོད་བྱའི་ཁྱབ་ཁོངས་སུ་མ་ཚུད་པ་ཁེ་རུ་མ་ཞིག་མེད། ཡོད་ན་སྟོན་དང་སུ་ལའང་སྟོན་རྒྱུ་མེད་པ་མིག་མཐོང་ལག་ཟིན་རེད། དེས་ན་བོད་ཀྱི་སྒྱུ་རྩལ་གྱི་རྩོམ་རིག་འདི་ཡང་མི་གཅིག་གིས་བྱས་པ་ལས་གཞན་གྱིས་མི་ཤེས་པ་དང་། དེ་ཡང་ལོ་བརྒྱ་ཕྲག་གཅིག་གཉིས་ཀྱི་ལོ་རྒྱུས་ལས་མེད་པར་བཤད་པ་ནི་ནོར་འཁྲུལ་ཚབས་ཆེན་ཡིན་པར་སེམས། ཚངས་དབྱངས་རྒྱ་མཚོ་སངས་རྒྱས་བྱང་སེམས་ཡིན་མིན་ཐད་དུ་རྩོད་པ་མེད་ཅིང་། སྐབས་འདིར་གླེང་བྱ་དེ་མ་ཡིན། འདིར་མིའི་འཚོ་བ་དང་འབྲེལ་བའི་རྩོམ་རིག་རང་གི་ཐད་དུ་དཔྱད་གླེང་ཡིན་པས་གོ་བ་གཞན་དུ་ལེན་པར་མི་བྱ། ཚངས་དབྱངས་རྒྱ་མཚོས་མཛད་པར་གྲགས་པའི་སྙན་ངག་ཤོ་ལོ་ཀ་དེ་སྔོན་ཕྱོགས་བསྡུས་བྱས་པའི་མགུར་ཚིག་ལ་གྲངས་ཀ་མི་མཐུན་པ་སྣ་ཚོགས་ཡོད་པའི་ནང་ནས་ཀུན་གྱི་མ་ཕྱི་ལྷ་སའི་ཤིང་དཔར་རྙིང་པའི་ནང་དུ་འཁོད་པ་དེ་ཡིན་དགོས་པས། ཚིགས་བཅད་ང་བདུན་པོ་དེ་དག་ཀྱང་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ཡིན་པ་ལ་བདེན་དཔང་ཡོད་མེད་ཐད་དུ་ཞིབ་འཇུག་ཏོག་ཙམ་བྱས་ན། དང་པོ་ཁོང་ནི་བོད་དམངས་ཁྲོད་དུ་གྲགས་པ་ལྟར་སྙན་གྲགས་ཆེ་བའི་སྙན་ངག་པ་ཞིག་ཡིན་མིན་ཐད་དུ་དཔྱད་དགོས་པས། ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་དངོས་ཀྱི་ཐད་ལ་བཞེད་པ་གཅིག་མཐུན་བྱུང་མེད་ནའང་། ཚད་ལྡན་ཡིག་ཆ་ལྟར་ན། ཕྱི་ནང་གི་ཆབ་སྲིད་ཀྱི་གནད་དོན་མང་བའི་དབང་གིས། ཁོང་ངོས་འཛིན་དང་ཁྲི་འདོན་ནི་དགུང་ལོ་བཅོ་ལྔ་བར་དུ་ཐུབ་མེད། དེ་ནས་དགུང་ལོ་བཅོ་བརྒྱད་དང་བཅུ་དགུའི་བར་དུ་བྱིས་པའི་དུས་ཚོད་ལྟ་བུ་ཡིན་པས། ཡོངས་འཛིན་རྣམས་དབང་བཙན་པས་ནང་དོན་རིག་པ་ཙམ་ལས་ཐ་སྙད་རིག་གནས་སྦྱོང་བཅུག་མེད་པར། སྐབས་དེ་དུས་ཀྱི་སློབ་གསོ་བའི་གསུང་གིས་བདེན་དཔང་བྱ་ཐུབ་པ་ཞིག་རེད། རྣམ་ཐར་འགའི་ནང་དུ་འབྱུང་བ་ལྟར་ན། དགུང་ལོ་ཉི་ཤུའི་རྗེས་ལ་བསྙེན་རྫོགས་ཀྱང་བཞེས་རོགས་མ་གནང་བར་གྲོང་དུ་རྒྱུ་བ་སོགས་གྲུབ་ཐོབ་ཀྱི་སྤྱོད་པར་གཤེགས་ཚུལ་བཤད་པ་ལ་དཔགས་ན་སྙན་ངག་གཙོས་ཐ་སྙད་རིག་གནས་སྦྱོང་བའི་རང་དབང་ཞིག་ཐོབ་ཡོད་ནའང་། ཡུལ་ལུང་གང་སར་བྱོན་པའི་དུས་ཚོད་ལ་བགོ་བཤའ་བརྒྱབས་ན། དགུང་ལོ་ཉེ་བཞི་ཐོག་ནས་སྐུ་གཤེགས་སོང་འདུག་པས། སྙན་ངག་སྦྱོང་བའི་དུས་ཚོད་ཙམ་ལས་རྩོམ་པ་པོའི་དུས་ཚོད་ལ་ཕེབས་ཐུབ་མེད་པ་ཟུར་བལྟས་ལེབ་མཐོང་རེད། ལོ་རྒྱུས་ཞིབ་འཇུག་པ་ལ་ལས་འཁྲུངས་ལོ་ ༡༦༨༣ ལོར་ཡིན་པར་གླེང་འདུག་བས། དེ་ཉིད་འདས་ལོ་དང་བསྡུར་ཡོང་ན་དགུང་ལོ་ཉི་ཤུ་ཙམ་ལས་བཞུགས་མེད་པས། དེ་བས་ཀྱང་སྙན་ངག་གི་རྩོམ་རིག་སྨྲ་བ་ཞིག་ལ་ཕེབས་ལོང་རེད་མེད་པར་ཤེས་ཐུབ། གཉིས་པའི་ཆ་ནས་བཤད་ན། ཁོང་ངོ་མ་སྙན་ངག་སྨྲ་བ་ཞིག་ཡིན་ན་མགུར་གླུ་འདི་མ་ཡིན་པའི་རྩོམ་ལུས་གཞན་དག་ཅན་གྱི་སྙན་ངག་གི་རྩོམ་རིག་ཡོད་དགོས་པ་དང་། མ་ཟད་རྩོམ་ཡིག་ཚིག་བཞི་ལས་མ་བྲིས་ནའང་མགོར་མཚན་བྱང་དང་སྣེ་ལ་མཇུག་བྱང་དང་ཟླ་དུས་ཚེས་གྲངས་འབྲི་བ་སྐབས་དེའི་དུས་ནས་བོད་ཀྱི་ཡིག་འབྲི་བ་ཀུན་སྤྱི་འགྲོས་ཡིན་ན་འདི་ལ་མེད་དོན་ཅི་རེད། མགུར་གླུ་འདི་ཚིགས་བཅད་རེ་རེ་ཡུལ་དུས་མི་འདྲ་བ་སོ་སོར་གསུངས་པས་རྩོམ་རིག་གཞན་དང་མི་འདྲ་ཟེར་ན། མ་མཐའ་ཡང་ཚིག་རྐང་གཅིག་ལ་མགོ་ལ་ཨོཾ་དང་མཇུག་ལ་སྭ་ཧཱ་ཡང་མེད་པས་དེའང་བསམ་གཞིགས་དགོས་སའི་གནད་དོན་ཞིག་རེད། དེས་ན་འདི་ཚོ་གདོད་མའི་བོད་ཀྱི་མགུར་གླུ་རྩོམ་སྟངས་ལས་སྐབས་དེ་དུས་ཀྱི་རྩོམ་རིག་འབྲི་སྟངས་འདྲ་བོ་མེད། དེ་བཞིན་ཕྱོགས་བསྡུས་བྱས་པའི་མགུར་ཚིག་རང་གི་ཐད་དུ་དཔྱད་ནའང་། དཔེར་ན། “བྱ་དེ་ཁྲུང་ཁྲུང་དཀར་མོ།། ང་ལ་གཤོག་རྩལ་གཡོར་དང་།། ཐག་རིང་རྒྱང་ལ་མི་འགྲོ། །ལི་ཐང་བསྐོར་ནས་སླེབ་ཡོང་།། “ཞེས་པ་འདི་ཚངས་མགུར་རྩོད་མེད་དུ་གྲགས་པར་མ་ཟད་འདི་ཉིད་མ་འོངས་ལུང་བསྟན་ཡིན་པ་གྲགས་ཀྱང་། འདི་འབྲུག་རྒྱལ་ཁབ་ཀྱི་དམངས་གཞས་རྙིང་པ་ཡི་གེར་བཀོད་པ་ལས། “བྱ་འདི་ཁྲུང་ཁྲུང་དཀར་མོ། །གཤོག་སྒྲོ་གཡར་རོགས་གནང་དང་།། ཐག་རིང་རྒྱང་དུ་མི་འགྲོ། །ལྷོ་མོན་བསྐོར་ནས་ལོག་འོང།། “ཞེས་བྲིས་ཡོད། མཁས་དབང་དགེ་ཆོས་ཀྱིས་བོད་ཀྱི་ཡིག་གཟུགས་འགྱུར་བ་ལར་ནས་མ་སོང་བ་དེ། ལྷོ་ཡིག་དེ་རེད་འདུག་གསུངས་པ་ལྟར། བོད་དམངས་ཁྲོད་ཀྱི་མགུར་གླུ་འགྱུར་བ་མ་སོང་བ་དེ་ཕལ་ཆེར་ལྷོ་གཞས་རྙིང་པ་འདི་རེད་འདུག་དྲན་ཡོང་གི གང་ཡིན་ཟེར་ན། བོད་ནས་ཁྲུང་ཁྲུང་དང་ཁུ་བྱུག་ནི་ནམ་དུས་འགྱུར་བ་དང་བསྟུན་ནས་ལྷོ་རུ་འཕུར་འགྲོ་བ་ཡོངས་གྲགས་ཡིན་པས་སྙན་ངག་གི་ཉམས་ལ་འབྲེལ་བ་ཡོད་ཅིང་། མ་ཟད་ལྷོ་མོན་ལ་སྡོད་མཁན་ཞིག་གིས་”ལྷོ་མོན་བསྐོར་ནས་ལོག་ཡོང”་མི་ཟེར་བས། སྟོད་དབུས་གཙང་གི་དམངས་གཞས་བཅོས་ལྷད་མ་ཐེབས་པ་ཞིག་ཡུལ་གྱར་དུ་སོང་བ་ཡིན་པར་རྟོགས་ནུས། དེ་བཞིན”པོ་ཏ་ལ་རུ་བཞུགས་དུས། །རིག་འཛིན་ཚངས་དབྱངས་རྒྱ་མཚོ། །ལྷ་ས་ཞོལ་ལ་སྡོད་དུས། །འཆལ་པོ་དང་བཟང་དབང་པོ། །”ཞེས་པ་འདི་ཡང་ཁོང་ལ་དད་ཞེན་ཅན་འགས། མི་གཞན་གྱིས་རྒྱལ་བའི་མགུར་གླུར་བཙན་བསྒྲིགས་བྱས་པ་ལས་ཁོང་གི་གསུང་མིན་པར་སྨྲ་མཁན་འདུག་པ་དེར་རྒྱུ་མཚན་མེད་པ་མིན། ཁོང་རྒྱ་ནག་ཏུ་གདན་དྲངས་པའི་ལམ་བར་དུ་གློ་བུར་དུ་འདས་ཚུལ་གྱི་ལོ་རྒྱུས་ལ་དཔགས་ནའང་ཁོང་ཡ་རབས་ཚུལ་མཐུན་བླ་ཆེན་རང་གི་རྣམ་པར་བཞུགས་མཁན་ཞིག་ཡིན་སྟབས། རྒྱ་ནག་དཔོན་རིགས་ཚོས་གདན་འདྲེན་ཞུས་པ་ལས་ཚུལ་མིན་གྱི་སྤྱོད་པ་གནང་མཁན་ཞིག་བཞུགས་ཡོད་ན་སྐབས་དེའི་དུས་གདན་ཞུས་འབུལ་མི་སྲིད། དེ་བཞིན་”སྤྲིན་པ་ཁ་སེར་གཏིང་ནག །སད་དང་སེར་བའི་གཞི་མ། །བན་དྷེ་སྐྱ་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ། །” ཟེར་བ་འདི་ཁོང་གི་གསུང་ཡིན་པའི་དབང་དུ་བཏང་ན་གོང་དེ་འདྲ་གནང་མི་སྲིད་ཅིང་། རང་ཉིད་མཛད་སྤྱོད་གོང་དེ་འདྲ་ཡིན་ན་འོག་གི་ཚིག་བཞི་དེ་གསུངས་མི་སྲིད། དེ་དང་མཚུངས་པར་ “མེ་ཏོག་བཞད་ནས་ཡལ་སོང། །བྱམས་པ་འགྲོགས་ནས་རྒས་སོང། །ང་དང་སེར་ཆུང་བུང་བ། །བློ་ཐག་དེ་གས་ཆོད་སོང། །”ཟེར་བ་འདི་མཛའ་གྲོགས་ཀྱི་མི་ཚེའི་གཏམ་རྒྱུད་རིང་མོ་ཞིག་ཚུད་ཡོད་པས། ཁོང་གིས་བཅོས་མིན་གྱི་བརྩེ་དུང་གི་འཚོ་བ་ལ་རོལ་ཡོད་ནའང་སྐུ་ན་ཧ་ཅང་ཕྲ་བའི་དུས་ནས་གཤེགས་སོང་བས་”བྱམས་པ་འགྲོགས་ནས་རྒས་སོང་། །”ཟེར་བ་ཞིག་གསུང་མི་སྲིད་པ་རེད། “སེམས་པ་འདི་ལ་འགྲོ་འགྲོ། །དམ་པའི་ཆོས་ལ་ཕྱིན་ན། །ཚེ་གཅིག་ལུས་གཅིག་ཉིད་ལ། །སངས་རྒྱས་འཐོབ་པར་འདུག་གོ །“ཞེས་ཚེ་ལུས་གཅིག་ལ་སངས་རྒྱས་ཐོབ་ཟེར་བ་འདི་སྐབས་དེའི་ཡུལ་དུས་དང་ཁོར་ཡུག་གང་ལ་བལྟས་ནའང་དེའི་དུས་ཀྱི་ཚིག་ཅིག་མ་ཡིན། འདི་བརྒྱ་ཕྲག་བཅུ་གཅིག་པའི་ཡས་མས་སུ་རྒྱུག་ཆེ་བའི་གསང་སྔགས་བའི་ཆོས་སྐད་ཅིག་ཡིན་པས་སྐབས་དེའི་དུས་ནས་དམངས་ཁྲོད་དུ་གཞས་ཚིག་དེ་དར་ཡོད་པར་ཚོད་དཔག་ཐུབ། དེས་ན་ཚིགས་བཅད་འདི་ཚོ་རེ་རེའི་བར་དུ་ལོ་བརྒྱ་ཕྲག་མང་པོས་ཆོད་ཡོད་པ་མ་ཟད་ཚིགས་བཅད་རེ་རེ་ལའང་བརྗོད་མི་ཚར་བའི་མཛའ་གྲོགས་ཀྱི་གཏམ་བརྗོད་རེ་གབ་ཡོད་པ་དང་། འཁོར་ཡུག་དང་འདུ་ཤེས་མི་འདྲ་བའི་ངག་རིག་སྒྱུ་རྩལ་བ་དུ་མའི་ཤེས་རབ་ཀྱི་རྩལ་ནས་ཐོན་པ་ཞིག་ལས་གང་ཟག་གཅིག་གིས་བརྩམས་པ་འདྲ་བོ་ལར་ནས་མེད།  ཚིགས་བཅད་གསོན་ཉམས་དོད་ཤོས་ཏེ”མི་ཆེན་དཔོན་པོའི་སྲས་མོ། །ཁམ་འབྲས་མཚར་ལུགས་བལྟས་ན། །ཁམ་སྡོང་མཐོན་པོའི་རྩེ་ནས། །འབྲས་བུ་སྨིན་དང་འདྲ་བྱུང་། །“ཟེར་བ་འདི་དམའ་རིམ་མང་ཚོགས་དཀྱུས་མའི་ཚོར་ཤེས་དབྱངས་སུ་འགུག་པའི་སྒྱུ་རྩལ་གྱི་རྩོམ་རིག་ཅིག་ཡིན་པ་ལས། བླ་ཆེན་མི་ཆེན་ཞིག་གི་ཚོར་ཤེས་ཡིག་རིས་སུ་ཕབ་པའི་རྩོམ་རིག་ཅིག་མིན་པར་ཧ་ཅང་གསལ། སྙན་ཚིག་དེ་དང་མཚུངས་པ་ཚངས་མགུར་གྱི་རྩོམ་བྱང་ནང་དུ་ད་དུང་ཚུད་མེད་པའི་ཁམས་ཕྱོགས་ཀྱི་མགུར་གླུ་དཔེར་ན། “ང་ཡི་ཆུང་འདྲིས་བྱམས་པ། །རྫ་རིའི་འོག་གི་ཆུ་རེད། །ཆུ་སྒྲ་སིལ་སིལ་མ་གཏོགས། །ཆུ་རྒྱུན་མཐོང་རྒྱུ་མི་འདུག །”ལྟ་བུ་དང་། དེ་བཞིན་འབྲུག་གི་དམངས་གཞས་རྙིང་པ་ལ། “དགུང་སྔོན་དྭངས་མའི་དབྱིངས་སུ། །མཛེས་པའི་སྐར་མ་སྨིན་དྲུག །ལེན་ན་ལག་པས་མ་ཟིན། །བཞག་ན་སེམས་ཀྱིས་མ་བཟོད། །’’ཞེས་པ་ལྟ་བུ་དེ་ཚོ་སྒྱུ་རྩལ་གྱི་སྒུལ་ཤུགས་དང་། སྙན་འཇེབས་ཀྱི་བྲོ་བ། འཚོ་བའི་རོ་ཉམས་ཧ་ཅང་འདྲ་བས། ཁམས་ཕྱོགས་དང་ལྷོ་མོན་དམངས་ཁྲོད་དུ་འཚོ་བའི་རོ་ཉམས་ལྡན་པའི་སྒྱུ་རྩལ་གྱི་རྩོམ་རིག་འདི་འདྲ་དར་ཡོད་ན། དབུས་ཕྱོགས་དམངས་ཁྲོད་དུ་དེ་དང་མཚུངས་པ་ཅི་ལ་ཡོད་མི་ཆོག དེ་བཞིན་ཁམས་ཀྱི་མགུར་གླུ་ཞེས་པ་དཔེར་ན། དབྱར་ཆུ་ཆེ་ན་ཆེ་ཆོག །དགུན་ཆུ་ཆུང་ན་ཆུང་ཆོག །ཆུང་འདྲིས་བྱམས་པ་ངེད་གཉིས། །ཆུ་མགོ་སྐོར་ནས་བསླེབ་ཡོང་། །ཞེས་དང་། ཆུང་འདྲིས་ཁྱེད་ལ་ཅི་དགོས། །ཅི་དགོས་བདག་ལ་ཟེར་ཤོག །ནམ་མཁའི་སྐར་མ་དགོས་ན། །འཇའ་སྐས་བཙུགས་ནས་ལེན་ཆོག །ཟེར་བ་ལྟ་བུ་དང་། “དེ་བཞིན་ཨ་མདོ་ཕྱོགས་ཀྱི་དམངས་གཞས་ལ། “སྟོད་ཀྱི་སྤང་དཀར་ཐང་ན། །མེ་ཏོག་སྣ་མ་སྣ་ཚོགས། །རང་རང་དགའ་བའི་མེ་ཏོག །མཛུ་གུ་བཙུགས་ནས་བཞག་ཡོད། །”རྟ་ཕོས་སེས་སེས་ཆོབ་ཆོབ། །སྒོ་རའི་ནང་ལ་ཐོན་ཐལ། །ཕ་མ་ཁ་བཙན་ཆེ་བས། །ཡར་ཤོག་ཟེར་དབང་མ་ཡོད། །ཅེས་སོགས་དང་རྩོམ་ལུས་གཞན་ཡིན་པའི་དམངས་གླུར། ཁྱེད་སྤྲིན་དཀར་བྱང་རིའི་ཐོད་ནས་ཤོག །ང་སྤྲིན་དམར་ལྷོ་རིའི་རྩེ་ནས་ཡོང་། །རླུང་དྲག་པོའི་བར་ཆད་མ་བྱུང་ན། །སྤྲིན་དཀར་དམར་སྡེབ་ནས་བདུད་རྩི་འོང་། །”ཞེས་དང་། “དབྱར་འགོ་མའི་མེ་ཏོག་སེར་ཆེན་པོ། །ཞིང་བཏབས་ནི་མིན་ད་འཁྲུངས་ནི་ཡིན། །ཟླ་བརྒྱད་པའི་ཁུ་བྱུག་གསུང་སྙན་པོ། །མགྲོན་བོས་ནི་མིན་ད་བྱོན་ནི་ཡིན། །ཚེ་བཅོ་ལྔའི་དུང་ཟླ་དཀར་རོ་བོ། །ཁྱོད་ཤར་གི་ཡོད་ད་བརྗེད་གི་མེད། །”ཟེར་བ་སོགས་སྙན་འཇེབས་ཡིད་དབང་འཕྲོགས་པའི་བོད་དམངས་ཁྲོད་ཀྱི་གླུ་གཞས་དུ་མ་ཡོད་པ་དེ་དག་ཚང་མ་གང་ཟག་གཅིག་གི་རྩོམ་རིག་ཡིན་པར་ལབ་ནུས་སམ། དེས་ན་ཁོང་གི་མཚན་གྱི་འོག་ཏུ་སྙན་ཚིག་འདི་ཚོ་ཇི་ལྟར་ཚུད་པ་ཡིན་ནམ་སྙམ་ན། སྤྱིར་ཚངས་དབྱངས་ཟེར་བ་ནི་སྙན་ངག་བས་རྒྱུན་དུ་བཀོལ་བསྡད་རྒྱུ་ཞིག་ཡིན་པ་དང་མགུར་གླུ་ཡང་དམངས་ཁྲོད་དུ་དར་བའི་ལ་གཞས་འདིར་མགུར་གླུ་ཟེར་སྲོལ་ཡོད་པས། ཚངས་དབྱངས་ལྟ་བུའི་མགུར་གླུ་ཞེས་པ་འདི། ཚངས་མགུར་ཞེས་གྲགས་པས་སྐབས་འཚོལ་བས་གོ་སྐབས་བཟུང་བ་མིན་ནམ་དྲན་ཤོར་བ་ཞིག་རེད། གལ་སྲིད་ཁོང་གི་ཚིག་བཅད་དེ་འདྲ་རེ་གཉིས་གསུངས་ཡོད་ན། “རིག་འཛིན་ཚངས་དབྱངས་རྒྱ་མཚོ། །སྙིང་སྡུག་འཚོལ་གྱིས་མ་གསུང༌། །རང་ལ་དགོས་པ་ནང་བཞིན། །མི་ལ་དགོས་ཀྱི་ཡོད་འགྲོ །”ཞེས་པའི་ཚིག་བཞི་འདི་གསུངས་ཡོད་ངེས་ཀྱང་། འདི་དཔེ་རྙིང་པ་ཚང་མའི་ནང་དུ་མེད། འདིའང་སུ་ཞིག་གིས་དགོས་པའི་དབང་གིས་ཕྱིས་སུ་ཡར་བཙུད་ཡོད་མེད་ཆ་མ་འཚལ། དེ་འདྲ་བ་ཚིག་རྐང་རེ་གཉིས་རྩེ་མཚར་གྱི་ཚུལ་དུ་སྔོན་གྱི་མགུར་གླུ་ཡི་ཚིག་འགྲོས་ལྟར་གསུངས་ཡོད་པའི་དབང་དུ་བཏང་ན། དེ་ལ་གཞིར་བྱས་ནས་དུས་རབས་དང་མི་རབས་རིམ་བགྲོད་ཀྱིས་མགུར་གླུ་སྐད་གྲགས་ཆེ་ཚད་ཡར་སྣོན་ཅི་ཐུབ་བྱས་ཡོད་པ་ནི། དུས་རབས་༡༩ པའི་ནང་དུ་དཔར་སྐྲུན་བྱེད་པའི་ཡིག་ཆ་སྔོན་རྗེས་རྣམས་ལས་དཔོག་ཐུབ་པ་ཞིག་རེད། དེ་དང་མཚུངས་པ་ཚིགས་བཅད་རེ་རེ་བཞིན་དཔྱད་པ་བྱ་བ་མང་དུ་མཆིས་ཀྱང་། དེ་ཙམ་ལས་རེ་ཞིག་སྨྲ་བའི་འབབ་སྟེགས་སྐྱོད་པའི་ངལ་བ་ཁུར་དུ་ལེན་པར་མ་མོས།

འདི་འདྲ་ཞིག་གླེང་དོན་ནི།  གོང་ནས་བཤད་པ་ལྟར་ང་རྒྱལ་དང་ཧམ་སེམས་ཅན་འགས། བོད་དམང་ཁྲོད་ཀྱི་གནའ་བོའི་གླུ་གཞས་ཡོངས་རྫོགས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་པའི་རྩོམ་བྱང་གཅིག་གི་འོག་ཏུ་བསྡུ་བར་དོགས་ཏེ་འདི་བྲིས་པ་ལས་སུ་ལའང་རྒོལ་འདོད་ཀྱི་བསམ་པ་མེད། མ་ཟད་གནའ་བོའི་སྙན་ངག་གམ་གནའ་བོའི་སྒྱུ་རྩལ་གྱི་རྩོམ་རིག་འདིའི་ནང་དུ་ལོ་རྒྱུས་ཀྱི་བདེན་དོན་ཡོད་ཅིང་། སྒྱུ་རྩལ་གྱི་རྩོམ་རིག་འདི་ཉིད་འདས་མ་འོངས་མཐོང་བའི་མེ་ལོང་ཡང་ཡིན་པས་འདི་ཉིད་ཀྱི་ལོ་རྒྱུས་ཁུངས་སྣེ་དངོས་རྙེད་ཕྱིར་ཅུང་ཟད་དཔྱད་ཁུལ་ཡིན་པས་ནོངས་པ་མཆིས་ན་མཐོལ་ལོ་བཤགས།།

 

 དེད་དཔོན་ནས།

བརྒྱུད་སྐུལ།

2 བསམ་ཚུལ། “ཚངས་མགུར་དུ་གྲགས་པའི་མགུར་གླུ་འདི་དོན་ངོ་མ་སུས་བརྩམས་པ་རེད།

    1. ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོས་མཛད་པ་ལགས། འོན་ཀྱང་ཚངས་མགུར་དུ་གྲགས་ཚད་ཡིན་མིན་དཔྱད་རྒྱུ་ཡོད།

      ལན།

མཆན་སྤེལ།