ཚར་ལུགས་གདན་ས་དཔལ་ནཱ་ལེནྡྲ་དགོན་པའི་བླ་ཆེན་བཞི་དང་མཁན་པོ་གཉིས།

༄༅། །བོད་ཡུལ་དབུས་ཀྱི་ཚར་ལུགས་གདན་ས་ཆེན་པོ་དཔལ་ནཱ་ལེནྡྲ་དགོན་པའི་བླ་ཆེན་བཞི་དང་མཁན་པོ་གཉིས་ཀྱི་འཁྲུངས་ཡུལ་སོགས་ཀྱི་སྐོར། 

དང་པོ་བླ་ཆེན་བཞི་ནི།

༡༽ བཅོ་བརྒྱད་ཁྲི་ཆེན་ལེགས་བཤད་རྒྱ་མཚོ།

སྤྱི་ལོ་ ༡༩༡༩ ལོར། རབ་བྱུང་བཅོ་ལྔ་བོད་ལྕགས་སྤྲེལ་ཟླ་༨ ཚེས་ ༤ ཉིན་གཞིས་རྩེ་རྒྱ་ཤར་སྐུ་ཞང་དགོན་གཞིས་སུ་ ༼དེང་གཞིས་ཀ་རྩེ་ས་གནས་རྒྱ་མཚོ་ཤང་།༽ སྐུ་འཁྲུངས། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས། ཞ་ལུ་ལྕེ་ཡི་ཁྲི་རབ་བཅོ་བརྒྱད་པ་དང་། དཔལ་ནཱ་ལེནྡྲའི་གདན་རབ་ཉི་ཤུ་རྩ་དྲུག་པར་ངོས་འཛིན་གཏན་འཁེལ་གནང་བ་བཞིན་སྤྱི་ལོ་ ༡༩༣༡ ལོའི་བོད་ལྕགས་ལུག་ཟླ་ ༡༡ ཚེས་ ༢༢ ཉིན། དཔལ་ནཱ་ལེནྡྲའི་ཆོས་སྲིད་མངའ་གསོལ་མཛད། སྤྱི་ལོ་ ༡༩༥༩ ལོའི་བར་ནཱ་ལེནྡྲའི་ཁྲི་པའི་གོ་གནས་བཟུང་ཡོད་ལ་བོད་གཞུང་མཛད་སྒོའི་སྐབས་གདན་ཐོབ་སྲབ་དྲུག་བརྩེགས་ཀྱི་ཐོབ་བྱ་ཡོད།

༡༩༥༩ ལོར་བལ་ཡུལ་དུ་ཕེབས་ནས་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཉེ་འདབས་སུ་བྱམས་ཆེན་ལྷ་ཁང་ཕྱག་བཏབ་པ་སོགས་བསྟན་འགྲོར་བཀའ་དྲིན་བླ་མེད་ཀྱི་མཛད་པས་དགུང་གྲངས་གྱ་བདུན་བར་བཞུགས། མཐར་ ༢༠༠༧ ལོར་སྙན་བརྒྱུད་བསམ་གཏན་ཆོས་གླིང་དུ་དགུང་གྲངས་གྱ་བདུན་པ་བོད་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ། ཉིན་ཞག་བཅུ་དྲུག་ཐུགས་དམ་ལ་བཞུགས་པ་སོགས་ངོ་མཚར་མཛད་པ་བསམ་གྱིས་མི་ཁྱབ་པ་བྱུང་།

༢༽མཁན་པོ་ཚུལ་ཁྲིམས་རྒྱལ་མཚན།

སྤྱི་ལོ་ ༡༩༣༣ ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ས་ཁུལ་གྱི་ཤུར་མའི་ས་ཆ་ཁྲ་ཁོག་ཏུ་སྐུ་འཁྲུངས། ལྟོ་སྐྱ་གོས་ཧྲུལ་གྱི་དཀའ་སྤྱད་འོག་མཁས་པའི་གོ་སར་བསྙེགས་པའི་རང་བྱུང་གི་བླ་མ་མཁས་བཙུན་བཟང་གསུམ་དང་ལྡན་པ་ཞིག་ཡིན། དགུང་ལོ་བཅོ་ལྔ་ནས་ནཱ་ལེནྡྲའི་མཚན་ཉིད་གྲྭ་ཚང་གི་རིག་གཞུང་སློབ་གྲྭ་ཆེན་མོར་ཞུགས་ནས་སློབ་ཡུན་ལོ་བརྒྱད་རིང་། རིག་གཞུང་ཉི་ཤུ་རྩ་དྲུག་དགོན་པའི་སྒྲིག་ལམ་ལྟར་རྒྱུགས་འཕྲོད་ནས་དགེ་བཤེས་ཀྱི་མིང་བཏགས་ཐོབ་ནས་སློབ་གྲྭ་ཐོན། སྤྱི་ལོ་ ༡༩༥༧ ནས་ ༡༩༥༩ བར་ཆོས་བཤད་དང་རིག་གནས་སློབ་ཁྲིད་གནང་། ༡༩༥༩ ལོར་བྱང་འབྲོག་དཔལ་མགོན་རྫོང་དུ་ཕེབས་དགོས་བྱུང་། ཆོས་བྱེད་ཡོངས་ལ་མི་སྤྱོད་ལས་འདས་པའི་པའི་མནར་གཅོད་ཕོག་པ་སྤྱི་མཚུངས་ལྟར་མྱང་། སླར་ཡང་ ༡༩༨༣ ལོར་ནཱ་ལེནྡྲའི་དགོན་པ་ཉམས་གསོའི་དབུ་བཙུགས་པ་ནས་རིམ་བཞིན་ནཱ་ལེནྡྲའི་མཁན་པོ་གནང་ཞིང་བཤད་སྒྲུབ་ལས་གསུམ་གྱིས་བཀའ་དྲིན་བླ་མེད་བསྐྱངས། མཐར་དགུང་ལོ་བདུན་ཅུ་ཐམ་པ་སྤྱི་ལོ་ ༢༠༠༢ ཆུ་རྟ་ལོའི་བོད་ཟླ་ ༢ ཚེས་ ༡༢ ལ་སྐུ་ལུས་ལ་ནད་དང་དུག་ལ་སོགས་པའི་ཕྱི་ནང་གི་གནོད་སྐྱོན་གང་ཡང་མེད་པར་གསང་ཆེན་ཟབ་མོའི་ལམ་གྱི་ཉམས་ལེན་ལ་རང་བྱན་ཆུད་པའི་ངང་ནས་མདུན་ལྕོག་གི་སྟེང་དུ། ལས་ཀྱི་ལྷག་མའི་ལུས་དོར་ནས།  །དག་པ་མཁའ་སྤྱོད་ཞིང་དུ་འགྲོ། །དེ་ནས་ནམ་མཁའ་ཇི་སྲིད་བར། །སྤྲུལ་པས་འགྲོ་དོན་བྱེད་པ་ཡིན། །ཞེས་པའི་ཞལ་ཆེམས་ཕྱགས་བྲིས་བཞག་ནས་དག་པ་མཁའ་སྤྱོད་དུ་གཤེགས་སོ།།  ༸རྗེ་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་གཞིར་བཞག་ཐོག་སྣོན་མ་ཅུང་ཟད་དང་བཅས་ཕྲན་མ་ཎི་བའམ་ནོར་བུ་ཡོན་ཏན་པས་སྤེལ་བ་དགེ།

༣༽གཟིམ་འོག་ཀུན་དགའ་བསྟན་འཛིན། 

སྤྱི་ལོ་ ༡༨༨༤ ལོར་བྱང་གསང་གཞུང་། ༼དེང་ནག་ཆུ་ས་གནས་ནག་ཆུ་རྫོང་།༽ དུ་སྐུ་འཁྲུངས་ཤིང་། ས་སྐྱ་གོང་མ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེས་ནཱ་ལེནྡྲའི་གཟིམ་འོག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པར་ངོས་འཛིན་གནང་། སྤྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་ནས་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས་སྤྱི་ལོ་ ༡༩༦༣ ལོར་རྒྱ་གར་དུ་སྐུ་གཤེགས། དཔལ་ནཱ་ལེནྡྲའི་མཁན་སྤྲུལ་གྱི་གོ་གནས་བཟུང་།

༤༽རྩེ་གདོང་སྤྲུལ་སྐུ་ངག་དབང་སྙན་གྲགས་འོད་ཟེར།

སྤྱི་ལོ་ ༡༨༩༤ ལོར་འཕན་ཡུལ་པ་ཚབ་༼དེང་ལྷུན་གྲུབ་རྫོང་ཚོ་སྟོད་ཤང་ཁོངས།༽ ཏུ་སྐུ་འཁྲུངས། ས་སྐྱ་གོང་མ་ཕུན་ཚོགས་པས་རྩེ་གདོང་སྤྲུལ་སྐུ་སྐུ་ཕྲེང་ལྔ་པར་ངོས་འཛིན་གནང་ཞིང་། ཞབས་དྲུང་གི་གོ་གནས་སྩལ། ༡༩༥༩ ལོར་རྒྱ་གར་དུ་ཕེབས་ནས་དགུང་ལོ་བདུན་བཅུ་ཐམ་པ་སྤྱི་ལོ་ ༡༩༦༥ ལོར་རྒྱ་གར་དུ་སྐུ་གཤེགས།

གཉིས་པ་མཁན་པོ་གཉིས་ནི།

༡༽མཁན་པོ་ངག་དབང་བློ་གྲོས་རིན་ཆེན།

སྤྱི་ལོ་ ༡༨༩༡ ལོར་ཁམས་ནང་ཆེན་ཚང་གསར་གྲ་ནང་།༼མཚོ་སྔོན་ཡུལ་ཤུལ་ཁུལ།༽ དུ་སྐུ་འཁྲུངས། རང་བྱུང་གི་བླ་མ་མཁས་གྲུབ་གཉིས་ལྡན་ཞིག་ཡིན། དཔལ་ནཱ་ལེནྡྲའི་མཁན་པོ་གནང་ཞིང་། སྤྱི་ལོ་ ༡༩༥༩ ལོར་ལྷོ་ཁ་རྩེད་ཐང་དུ་བཙོན་ཁང་ནས་སྐུ་གཤེགས།

 

༢༽བཅོ་བརྒྱད་ཞབས་དྲུང་དགེ་ལེགས་རྒྱལ་མཚན།

སྤྱི་ལོ་ ༡༩༢༤ ལོར་ལྷ་ས་གཡུ་ཐོག་ཤར་དུ་སྐུ་འཁྲུངས། བཅོ་བརྒྱད་ཁྲི་ཆེན་ལེགས་བཤད་རྒྱ་མཚོས་བཅོ་བརྒྱད་ཞབས་དྲུང་དུ་གཏན་འཁེལ་གནང་། ནཱ་ལེནྡྲའི་བཅོ་བརྒྱད་ཞབས་དྲུང་གི་གོ་གནས་བཟུང་བཞིན་ཡོད་པ་ནས། སྤྱི་ལོ་ ༡༩༥༩ ལོར་བལ་ཡུལ་དུ་ཕེབས་རྗེས། དགུང་ལོ་སོ་བདུན་ལ་ཕེབས་སྐབས་སྤྱི་ལོ་ ༡༩༦༡ ལོར་སྐུ་གཤེགས།

 

བརྒྱུད་སྐུལ།

དེའི་ཐད་བསམ་ཚུལ། “ཚར་ལུགས་གདན་ས་དཔལ་ནཱ་ལེནྡྲ་དགོན་པའི་བླ་ཆེན་བཞི་དང་མཁན་པོ་གཉིས།

  1. བཅོ་བརྒྱད་ཞབས་དྲུང་ནི་ཚ་བའི་གདན་རབས་འཛིན་མཁན་གལ་ཆེན་ཞིག་ཡིན་པ་རེད་ ངས་གོ་ཐོས་ལ་ཁ་སྔོན་ཚ་བའི་ཁྲི་བ་འཛིན་མཁན་གར་ཞབས་དྲུང་དང་བཅོ་ཞབས་དྲུང་གཉིས་ཚ་བའི་ཁྲི་བར་མངའ་གསོལ་མཛད་སྐབས་དང་ཉེ་དུས་གར་ཞབས་དྲུང་གི་འཁྲུངས་སྐབས་སུ་ཡང་གར་ཞབས་དྲུང་གི་མཚན་ལ་བཅོ་བརྒྱད་ཞེས་བའི་མཚན་བེ་སྤྱོད་གནང་གི་འདུག། ངས་ཞུ་དོན་གང་ཡིན་ཟེར་ན་བཅོ་བརྒྱད་ཞེས་པའི་མཚན་དེ་ནི་བཅོ་བརྒྱད་ཞབས་དྲུང་ཞེས་པ་དེ་སུ་ཡིན་དེ་ལ་ཐོབ་པ་ལས་གཞན་ལ་མི་ཐོབ་པ་མ་ཟད། བཅོ་བརྒྱད་ཞབས་དྲུང་ཞེས་པ་ནི་བཅོ་བརྒྱད་ཚང་གི་སྤུན་ཞིག་དགོས་ངེས་ཡོད་ དཔེར་ན་ད་ངོར་པའི་ཁྲི་བ་བླུ་ལྡིང་གི་བརྒྱུད་འཛིན་དང་གཅིག་མཚུངས་ཡིན།།

    ལན།

མཆན་སྤེལ།