ཚུལ་ཁྲིམས་རྒྱ་མཚོ།

ཚུལ་ཁྲིམས་རྒྱ་མཚོ།

དོན་གྲུབ་རྒྱལ།

ཚེ་རིང་རྣམ་རྒྱལ། རྒྱུ་འབྲས་རྣམ་རྒྱལ། ཚུལ་ཁྲིམས་རྒྱ་མཚོ། དགེ་བཤེས་ལྷ་རམས་པ……
འོ། མིང་གི་རྣམ་གྲངས་མི་འདྲ་བ་མང་བོ་ཞིག་ཡོད་ན་ཡང༌། དོན་དམ་དུ་དེ་དག་ནི་མི་གཅིག་གི་མིང་རེད། མིང་དེ་དག་ནི་སྒྲ་ལེན་གྱི་འཁོར་ལོ་
དང་འདྲ་བར་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོའི་ཚེ་སྟོད་ཀྱི་ལོ་རྒྱུས་རྣམས་ཇི་མ་ཇི་བཞིན་དུ་སྒྲ་རུ་བླངས་ཡོད་པ་དང༌། གཟུགས་འཛིན་གྱི་མེ་ལོང་ཞིག་
དང་འདྲ་བར་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོའི་སྐྱིད་སྡུག་འདྲེས་མའི་རྣམ་ཐར་དག་ཁྲ་ལམ་མེ། གསལ་གྱིལ་ལེ། རྗེན་ལྷང་ངེར་རི་མོར་བཀོད་ཡོད།
ཨ་ཙི། མིང་དེ་དག་གི་རྒྱབ་ཏུ་ངུ་ཤོར་ཞིང་རྒོད་བྲོ་བ་དང༌། ཡི་མུག་ཅིང་ཞེ་མེར་བ། བློ་བདེ་ ཞིང་སེམས་སྐྱིད་པ། ཡིད་དགའ་ཞིང་ཐུགས་སྤྲོ་
བའི་གསང་བའི་མཚན་མ་ཅི་འདྲ་མང་བོ་ཞིག་ སྦས་ཡོད་པ་རེད་ཨང༌། ཉིན་མཚན་ལོ་ཟླའི་གོམ་འགྲོས་དང་དབྱར་དགུན་སྟོན་དཔྱིད་ཀྱི་འཁོར་འགྲོས།
ཡར་ངོ་དང་མར་ངོའི་འཕེལ་འགྲིབ་དུས་ཀྱི་ཕོ་ཉའི་བཤུལ་ལམ་དུ་རྣམ་དཔྱོད་ཀྱི་སྒོ་མོ་ ཆེས་ཆེར་ཕྱེས་ཏེ་ཞིབ་ཏུ་བཙལ་བ་ན། དཀའ་སྤྱད་ཀྱི་ལྦ་བ་
མཐུག་པོ་ཆགས་པའི་ཞབས་རྗེས་ གསལ་བོ་ཞིག་རྙེད་མི་ཐུབ་པ་ག་ལ་སྲིད།
ངོ་མ། སྒོ་ངའི་ནང་གི་སེར་ཐིག་དང༌། ཁོག་པའི་ནང་གི་སྙིང་ཐིག མིག་གི་ནང་གི་ནག་ཐིག་ ལྟར་གཅེས་པར་སྐྱོང་བཞིན་པའི་ཕ་མའི་དྲུང་གི་
གཅེས་ཕྲུག་དེ་ནི་ཚེ་ རིང་རྣམ་རྒྱལ་རེད། ཚེ་ རིང་རྣམ་རྒྱལ་གྱི་ཡབ་ཡུམ་གཉིས་ནི་མཆོག་གསུམ་ལ་དད་པ་ཆེ་ཞིང༌། ལས་རྒྱུ་འབྲས་ལ་བརྩི་ མཐོང་བྱེད་
པའི་མི་དྲང་མོ་གཉིས་ཡིན་པར་མ་ཟད། ཁ་ཡར་གྲགས་ལ་ལས་རྒྱུ་འབྲས་དང༌། མིག་མར་བཙུམས་ལ་ལས་རྒྱུ་འབྲས་བཤད་མཁན་དང་བསམ་མཁན་
གཉིས་ཡིན་སྟབས། ལོ་ཆུང་བྱིས་པའི་དུས་ནས་བཟུང༌། ཚེ་རིང་རྣམ་རྒྱལ་གྱི་སེམས་ཀྱི་ཞིང་ས་གཤིན་པོའི་ཐོག་ཏུ་ཕ་མ་གཉིས་ཀྱིས་ལས་རྒྱུ་འབྲས་ཀྱི་ལུད་
བཞག་པ་དང༌། ལས་རྒྱུ་འབྲས་ཀྱི་སོན་བཏབ། ལས་རྒྱུ་འབྲས་ཀྱི་དོར་ བསྡེབས། ལས་རྒྱུ་འབྲས་ཀྱི་ཐོང་བཙུགས། ལས་རྒྱུ་འབྲས་ཀྱི་ཆུ་བཏང་སྟེ་ལས་རྒྱུ་
འབྲས་ཀྱི་མྱུ་གུ་ སྔོན་མོ་འཁྲུངས་པ་རེད།
“ལས་རྒྱུ་འབྲས་ཨེ། ཕ་མའི་ཁ་ལ་ཉན་པ་དང༌། རྫུན་མི་གཏམ་པ། རྐུ་མི་བྱེད་པ། གཞན་ལ་གནོད་སེམས་མི་འཛིན་པ། བྱིས་པ་གཞན་དང་
འཁོན་རེས་དང་རྡུང་རེས་མ་བྱས་ན། དེ་ནི་ལས་ རྒྱུ་འབྲས་རེད།”
ཚེ་རིང་རྣམ་རྒྱལ་གྱིས་ཨ་ཕ་ལ་ལས་རྒྱུ་འབྲས་ཀྱི་གོ་དོན་འདྲི་སྐབས། ཨ་ཕས་ཁོ་ལ་ལན་དེ་ ལྟར་བཏབ།
དེ་ནས་བཟུང༌། ཁོས་ཕ་མའི་ཚིག་ལ་ཉན་པ་དང༌། བྱིས་པ་གཞན་དང་འཁོན་རེས་རྡུང་རེས་སོགས་མི་བྱེད་པར། ཨ་ཕས་བཤད་པའི་ལས་རྒྱུ་
འབྲས་དེ་རྣམས་བརྩི་སྲུང་བྱེད་ཅི་ཐུབ་བྱས། ཉིན་ཞིག་ཁོས་ཨ་ཕ་ལ“ད་ངས་ཁྱེད་ཀྱིས་བཤད་པའི་ལས་རྒྱུ་འབྲས་དེ་རྣམས་བརྩི་སྲུང་བྱེད་ཐུབ་པས།
ངའི་མིང་ལ་རྒྱུ་འབྲས་རྣམ་རྒྱལ་ཞེས་བཏགས་ཆོག་གམ”ཞེས་དྲིས།
ཨ་ཕས་སྤྱང་གྲུང་ལྡན་ཞིང་ཡིད་དུ་འོང་ལ། རྒོད་བྲོ་བའི་གཏམ་སྨྲ་བ་ལ་མཁས་པའི་བུ་ཆུང་ གི་འགྲམ་པར་འོ་ཞིམ་པོ་ཞིག་བསྐྱལ་ཏེ། འཛུམ་
མུལ་མུལ་ངང་མིང་དེ་ལྟར་བཏགས་ཆོག་པའི་ བརྡ་ལ་དབུ་གུག་གུག་ལྡེམ།
“དེས་ན་ཨ་ཕ་དང་ཨ་མའི་མིང་ཡང་བརྗེ་དགོས། ཨ་ཕའི་མིང་ལ་རྒྱུ་འབྲས་སྐྱབས་དང༌། ཨ་མའི་མཚན་ལ་རྒྱུ་འབྲས་སྐྱིད་ཅེས་འདོགས་
དགོས། ཨ་ཕ། དེ་ཨེ་རེད།”
ལོ་བཅུ་ཡི་བྱིས་པ་ཞིག་ལ་རིག་འདེད་ཀྱི་ནུས་པ་འདི་ལྟ་བུ་ཡོད་སྙམ་ནས་ཕ་མ་གཉིས་ཀ་ རང་དབང་མེད་པར་གད་མོ་ཤོར་བ་དང༌། བརྩེ་
བའི་མིག་མཐར་དགའ་བའི་མཆི་མ་འཁོར་ བཞིན་སྐྱིད་པའི་དྲི་ལན་ངག་གི་སྒོ་མོ་ལས་ཐོན་སོང༌། “རེད། དེ་རེད། དེ་རེད།”དེ་ནས་ བཟུང་ཨ་
ཕས་ཨ་མ་ལ་རྒྱུ་འབྲས་སྐྱིད་ཅེས་འབོད་པ་དང༌། ཨ་མས་ཀྱང་ཀུ་རེའི་ཚུལ་དུ་ཨ་ཕ་ལ་རྒྱུ་འབྲས་སྐྱབས་ཞེས་འབོད་པས། མི་ཚང་འདི་ནི་ངོ་མ་མིང་དོན་
མཚུངས་པའི་ལས་རྒྱུ་འབྲས་ཀྱི་ ཁྱིམ་ཚང་ཞིག་རེད།
ལོ་ཞིག་གི་སྟོན་ཀར། རྒྱུ་འབྲས་རྣམ་རྒྱལ་དང་བྱིས་པ་འགའ་ཞིག་སྡེ་བའི་ཉེ་འདབས་ཀྱི་ རྩྭ་དང་རྩི་ཏོག ལྕང་མ་གླང་མ་སོགས་སྐྱེས་པའི་རི་བོ་
ཆུང་ཆུང་ཞིག་ཡོད་པ་དེའི་ཐོག་ཏུ་རྩེད་མོ་རུ་སོང་བ་དང༌། ཁོ་ཚོས་བྱིའུ་ཡི་ཚང་ཁ་ཤས་བསློགས་ཏེ་སྒོ་ང་བདུན་བརྒྱད་ཙམ་འཁྱེར་འོངས་པ་ལ། ཨ་མས་
དེ་མཐོང་མ་ཐག་ཞལ་ནག་རོག་གེར་མཛད་ནས་རྒྱུ་འབྲས་རྣམ་རྒྱལ་ལ་བཤད་རྒྱུར།
“ཁྱོད་ཚོའི་བྱ་བ་དེ་བཙོག་པ་ལ། སྙིང་རྗེ་མེད་པའི་མུག་ཕྲུག་ཁྱོད་ཚོ། བྱ་ཚང་བྱིའུ་ཚང་ བསློགས་ནས་ཅི་བྱེད། རེམ་མ་སོང་ལ་སྒོ་ང་དེ་ཚོ་
ཕྱིར་ཞོག ”
བྱིས་པ་གཞན་རྣམས་ཀྱིས་ཅི་མི་སྙམ་པའི་ངང་ནས་སྒོ་ང་ཁྱེར་ཏེ་ཁྱིམ་དུ་ལོག་སོང༌། རྒྱུ་ འབྲས་རྣམ་རྒྱལ་གྱིས་ཨ་མ་ཐུགས་བརྒྱལ་བཞེངས་པ་
མཐོང་ནས་མྱུར་མོར་རི་ཆུང་དེའི་ཐོག་ལ་ སོང་སྟེ། སྒོ་ང་གཉིས་པོ་ཚང་དུ་བཞག་རྗེས་ད་གཟོད་ཕྱིར་ལོག་ས་རེད། ཁྱིམ་དུ་ལོག་རྗེས་ཨ་མ་ན་རེ།
“སྙིང་མ་རྗེ། ཁྱོདཚོས་བྱིའུ་ཚང་བསློགས་ནས་སྒོ་ང་བླངས་ན་བྱིའུ་ཡི་མ་དེས་སེམས་སྡུག་ཅི་འདྲ་བྱ་རྒྱུ་རེད། ཕྱིན་ཆད་སྡིག་པ་དེ་འདྲ་བྱ་མི་
ཉན།”
ཨ་མའི་གཏམ་ལ་ཉན་རྗེས། རྒྱུ་འབྲས་རྣམ་རྒྱལ་གྱིས་སེམས་ལ། ད་ལན་ཨ་མའི་བཤད་ཚུལ་ ལ་བལྟས་ན་ངས་ལས་རྒྱུས་འབྲས་དང་འགལ་བའི་
བྱ་བ་ངན་པ་ཞིག་ བྱས་པ་ཁོ་ཐག་རེད་སྙམ་ ནས། ཉིན་གུང་དྲོས་ཇ་ཡང་མ་འཐུང་བར་ནས་སྤར་གང་ཁྱེར་ནས་བྱིའུ་ཚང་གི་འགྲམ་དུ་གཏོར་བ་རེད།
ཨེ་མ། འདི་ནི་ཅི་འདྲའི་གཞུང་རྒྱུད་དྲང་ཞིང་དྲི་མ་མེད་པའི་བྱིས་པ་ཞིག་རེད་ཨང༌། ཡིན་ན་ཡང༌། རྒྱུ་འབྲས་རྣམ་རྒྱལ་གྱི་སེམས་ལ་ལས་རྒྱུ་འབྲས་ཀྱི་མྱུ་
གུ་འཁྲུངས་ཏེ། བྱམས་སྙིང་ རྗེ་ཡི་མེ་ཏོག་ཤར་བའི་སྐབས་དེར། ལས་རྒྱུ་འབྲས་དང་འགལ་བའི་བསམ་གནག་གི་སེར་བ་ཞིག་གློ་བུར་དུ་བབས་ཏེ། རྒྱུ་
འབྲས་རྣམ་རྒྱལ་གྱི་སེམས་གཏིང་དུ་བཞད་པའི་མེ་ཏོག་དེ་སྐད་ཅིག་དེ་ ཉིད་དུ་བཅོམ་པར་མ་ཟད། མིང་དོན་མཚུངས་པའི་ལས་རྒྱུ་འབྲས་ཀྱི་ཁྱིམ་ཚང་
དེ་ཡང་ཁ་ཐོར་ཡ་བྲལ་དུ་བཏང་བ་རེད།
“རྒྱུ་འབྲས་ཨེ། ང་ལ་རྒྱུ་སྟོབས་ཆེ་བས་ལས་རྒྱུ་འབྲས་ཟེར་བ་དེ་ང་ཡིན། ང་མིན་པའི་རྒྱུ་ འབྲས་ཤིག་ལོགས་སུ་ག་ལ་ཡོད། ཧེ་ཧེ། རྒྱུ་འབྲས་
རྒྱུ་འབྲས་ཚོ་གླེང་ཁོམ་མི་འདུག ཤོག་ཡ། ངའི་རྩིབ་ལ་ཤོག”
ཉིནདེར༌། རྒྱུ་འབྲས་རྣམ་རྒྱལ་གྱིས་བྱིའུ་ཚང་གི་འགྲམ་དུ་ནས་སྤར་གང་བོ་དེ་གཏོར་རྗེས། བྱིའུ་ཚང་དང་ཁད་ཅུང་རིང་བའི་སར་ཡིབ་སྟེ་བྱིའུ་
མ་མ་ཡོང་བར་དུ་སྒུག་བསྡད་ཅིང༌། སྒུག་སྒུག་ནས་ཕྱི་དྲོ་ལོན་པ་ན། བྱིའུ་མ་ཡོང་ནས་རྒུམ་ཟོས་རྗེས་ད་གཟོད་གནམ་ལྡིང་ས་ལྡིང་གི་སྒོ་ནས་ ཁྱིམ་དུ་
ལོག་པ་རེད། རྒྱལ་སྒོ་ཁར་བསླེབས་མ་ཐག་མི་ཆ་མེད་ཅིག་གིས་དེ་ལྟར་བཤད་པའི་སྐད་ ཐོས་པ་དང༌། རྒྱུ་འབྲས་རྣམ་རྒྱལ་གྱིས་སྒོའི་སྲུབས་ཀ་ནས་
བལྟས་པ་ན། ཨ་ཙི། དེ་ནི་དཔོན་པོ་ཁ་ཤོ་རེད།
དཔོན་པོ་ཁ་ཤོ་ས་ཆ་འདི་གའི་སྡེ་བ་དང་ཚོ་བ་བཅུ་ལྷག་གི་དཔོན་པོ་ཡིན་ལ། གཟུགས་རིང་ཞིང་ཤ་རྒྱགས་པ་དང༌། གདོང་ནག་ཅིང་ཁ་ཡི་ཡ་ཁ་དང་མ་
ཁའི་བར་དུ་ཤོ་ཉག་ཆེན་པོ་ཞིག་ཡོད་པས་མཚང་མིང་ལ་དཔོན་པོ་ཁ་ཤོ་ཐོགས་པ་རེད། དཔོན་པོ་ཁ་ཤོ་ནི་མེ་ལས་དབལ་ཚ་བ། ཆུ་ ལས་རྦ་དྲག་པ། རྔ་
མ་ལས་ཉག་ཕྲ་བ། རྒྱ་གཡེར་ལས་ཁ་ཚ་བ། སྲན་མ་ལས་རྡོག་འགྲིལ་བ། བག་ཕྱེ་ལས་རྩི་ཞིབ་པ་ཞེས《སྣང་ས་འོད་འབུམ་གྱི་ལོ་རྒྱུས》ནང་གི་དཔོན་
པོ་སྒྲ་ཆེན་པ་ལྟ་བུ་ཞིག་ ཡིན་པས། རྒྱུ་འབྲས་རྣམ་རྒྱལ་གྱིས་ཁོ་མཐོང་མ་ཐག་ཤ་གསེང་དུ་འདར་རྒྱུགས་པ་དང༌། རུས་ གསེབ་ཏུ་ཙག་ཤད་ཅིག་རྒྱུགས་
སོང༌།
“དཔོན་པོ་ལོ་ལོ་དྲིན་ཆེན་པོ། དེ་འདྲ་མ་བྱེད། ངས་ཁྱོད་ལ་ཕྱག་འཚལ་ཀྱང་ཆོག ཕྱི་སྡེ་ བའི་མོ་གསར་མེ་ཏོག་འདྲ་བ་ཚོ་བཞག་ནས། ང་ལྟ་
བུའི་བུ་སྐྱེས་ཀྱི་ཨ་མ་ལ་དེ་འདྲ་བྱེད་ཕོད་དམ། དཔོན་པོ་ལོ་ལོ། ངས་ཁྱོད་ལ་ཞུ་བ་ཞིག་བྱེད།”
“ཧེ་ཧེ། ཕྱག་འདྲ་འཚལ་མི་དགོས། ཁྱོད་བུ་སྐྱེས་ཀྱི་ཨ་མ་ཡིན་ཡང་རྒྱུ་སྐར་ཁྲོད་ཀྱི་ཟླ་བ། མེ་ཏོག་ཁྲོད་ཀྱི་པདྨ་ཡིན་པ་མ་ཤེས་སམ། ང་དཔོན་
པོ་སྨྲ་བ་ལན་གཅིག་ཡིན། རེམ། རེམ་མ་སྐ་ རགས་ཁྲོལ། ཨ། མི་འགྲོལ་ཨེ། ཡ་ད་དེས་ན་འདི་ལྟར་བྱེད་པ་ལས་ཐབས་མི་འདུག”
དཔོན་པོ་ཁ་ཤོས་རྒྱུ་འབྲས་རྣམ་རྒྱལ་གྱི་ཨ་མ་ས་ལ་མནན་པ་དང་མཉམ་དུ། རྒྱུ་འབྲས་རྣམ་ རྒྱལ་གྱི་སེམས་ལ། ངས་བལྟས་བལྟས་རིག་རིག་ལ་
ཨ་མར་བརྙས་བཅོས་དེ་འདྲ་བྱེད་དུ་འཇུག་མི་རུང་སྙམ་ནས། མྱུར་མོར་ཁང་ཐོག་ལ་འགོས་ཏེ། རྡོ་ཁུ་ཚུར་འདྲ་བ་ཞིག་དཔོན་པོ་ཁ་ཤོ་ལ་བཏད་ནས་
འཕངས་པ་དང་རྡོ་དེ་ནི་རྒྱུ་འབྲས་ཀྱི་རྒྱབ་རྩ་གནོན་པའི་མདའ་མོ་ཞིག་དང་འདྲ་བར་མ་ཡོ་མ་འཁྱོག་པར་དྲང་ཤད་ལེར་དཔོན་པོ་ཁ་ཤོའི་རྣ་རྟིང་ལ་
ཕོག་པ་དང༌། དཔོན་པོ་ཁ་ཤོའི་ངག་ ལས་སྐད་ངན་ཞིག་ཤོར་བ་དང་མཉམ་དུ་ས་ལ་འགྱེལ་སོང༌།
ཨ་ཙི། ད་འགྲིག་མ་སོང༌། ཅི་བྱ། ཅི་བྱ། རྒྱུ་འབྲས་རྣམ་རྒྱལ་གྱི་སེམས་ནི་སེར་བ་འབབ་འབབ། སྙིང་ནི་རྦབ་རྡོ་འགྲིལ་འགྲིལ། གློ་བ་ལུ་གུ་འབའ་
འབའ། མཆིན་པ་ཐོག་རྒོད་ཡར་ཡར་དུ་གྱུར་ཏེ་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར་སོང༌།
ཨ་མས་ཀྱང་གློ་བུར་དུ་བྱུང་བའི་དོན་དག་དེའི་ཧ་མ་གོ་བར་རེ་ཞིག་ཧད་དེ་ལུས་པ་དང༌། ཁོ་མོའི་ངོ་མདོག་ནི་ཐལ་སྐྱ་ལས་ཀྱང་སྐྱ་ཞིང༌། མཆིན་
པ་ལས་ཀྱང་སྔོ་ནག་ཅིག་རེད། ཁོ་མོས་དཔོན་པོ་ཁ་ཤོའི་རྣ་རྟིང་ནས་ཁྲག་བཞུར་ཏེ་ས་གོར་མ་ཞིག་ཁྲག་གིས་བརྫིས་པ་མཐོང་འཕྲལ། རྟབ་རྟབ་པོར་སྐེ་
རེགས་ཀྱི་སྣེ་མོ་བཤགས་ནས་དཔོན་པོ་ཁ་ཤོའི་རྨ་ཁ་སྡོམ་གྱིན་འདུག
ད་ནིས་ཆ་ཐག་རིང་ཞིག་ལ་བྲོས་འགྲོ་བ་ལས་ཐབས་ཤེས་མི་འདུག ཡིན་ན་ཡང་ས་ཆ་གང་ལ་འགྲོ་རྒྱུ། རྒྱུ་འབྲས་རྣམ་རྒྱལ་གྱིས་སེམས་ལ་དེ་ལྟར་
སྙམ་བཞིན་བློ་ནི་བློང་བློང་བོར་གྱུར་སོང༌། འོ་རེད་ཡ། ཨ་ཁུ་ཚུལ་ཁྲིམས་བཤད་སྒྲུབ་དགོན་པ་ན་ཡོད་པས། བཤད་སྒྲུབ་དགོན་པ་ལ་འགྲོ དེ་ནས་ཨ་ཁུ་
དང་བློ་བསྡུར་ཏེ་ཐབས་བཀོད་འཐེན་ཆོག ཡིན་ན་ཡང༌། ད་བར་དུ་རིསྡེ་འདིར་ བསྡད་ནས་ཕྱི་ལ་གཏན་ནས་སོང་མ་མྱོང་བས། བཤད་སྒྲུབ་དགོན་པ་
ཕྱོགས་གང་ན་ཡོད་པ་ཡང་མི་ཤེས། གང་ལྟར་ཀྱང༌། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་ཟེར་བ་ཡིན་པས། འཆི་བ་སྲོག་ལ་བབས་ཀྱང་ཨ་ཁུ་འཚོལ་དུ་འགྲོ་
དགོས་སྙམ།
དེ་ནས་ཁོས་ལམ་བྲོ་ཡང་མ་ཁྱེར་བར་ཐོག་མར་སྡེ་འདབས་ཀྱི་རི་ཆུང་དེའི་ཕག་ཏུ་སོང་སྟེ་ ཅུང་ཟད་ཡིབ་བསྡད་པ་དང༌། དེ་ནས་ལུང་བའི་
མཐིལ་ལ་བབས། ནགས་གསེབ་བརྒྱུད་ནས་ལུང་བའི་མདོ་ལ་སོང༌། ས་རུབ་ལ་ཁད་དུ་ལུང་བ་དེའི་མདོར་བསླེབས་པ་དང༌། ལུང་བའི་གཡོན་ ཕྱོགས་ཀྱི་
ཀླད་ངོས་ཞིག་ན་རྡོ་རས་བསྐོར་བའི་ཁང་བ་ཞིག་ཡོད་ཅིང༌། གལ་སྲིད་དུད་ཁུང་ལས་དུ་བ་མ་འཕྱུར་ན་དེའི་ནང་ན་མི་ཡོད་པ་སུ་ཞིག་གིས་ཤེས་ཐུབ།
གང་ལྟར་ཀྱང༌། ས་རུབ་ཁད་ཡོད་པ་དང་གྲོད་པའང་ཤིན་ཏུ་ལྟོགས་པས་མྱུར་མོར་ཕར་སོང་ནས་གནས་ཚང་གཡར། སྟབས་ལེགས་ནས་མི་ཚང་དེས་
དགོང་ཇ་བཏུང་བའི་སྐབས་དང་འཕྲད་པས། ཐུག་པ་ཚ་བོ་དཀར་ཡོལ་དོ་ལྷག་ལུས་མེད་པར་བཏུང༌། མ་གཞིར། མི་ཚང་དེ་ནི་ཟོང་པ་ཞིག་རེད། མི་ཚང་
དེར་བཟའ་མི་གཉིས་ ལས་མེད་པ་དང༌། རྒྱུ་འབྲས་རྣམ་རྒྱལ་ལའང་འདང་རྩིས་ཆེ་ཆེ་བྱས། གར་འགྲོ་གང་ཡིན་གྱི་ གཏམ་ཡང་མང་བོ་དྲི་བྱུང༌། རྒྱུ་འབྲས་
རྣམ་རྒྱལ་གྱིས་རྫུན་བཤད་མི་འདོད་ཀྱང༌། གཏམ་དྲང་ བོར་སྨྲས་ན་ཉེན་ཁ་ཤིན་ཏུ་ཆེ་བས་ཚེ་འདིར་ཡོང་ནས་ཐོག་དང་པོར་རྫུན་གཏམ་བཤད་དགོས་
བྱུང༌།
“ངའི་ཕ་ཡུལ་གསེར་ཐང་གི་ཡིན། ཁྱིམ་ན་ཨ་མ་གཅིག་པུ་ལས་མེད། ཨ་ཕ་ནི་ལོ་འགའི་ སྔོན་ལ་དབུས་གཙང་ཕྱོགས་སུ་ཚོང་ལ་སོང་ནས་ད་
དུང་ཕྱིར་མ་ལོག ཤི་གསོན་གྱི་གནས་ཚུལ་ ཡང་མ་གོ་ད་ལྟ་ཨ་མ་ལ་ནད་བྱུང་སྟེ་ཉལ་སར་ལྷུང་ཡོད་པས། ང་བཤད་སྒྲུབ་དགོན་པ་ལ་ཨ་ཁུ་འབོད་དུ་འགྲོ་
གི་ཡིན།”
བཟའ་ཚོ་གཉིས་ཀྱིས་ཀྱང་ཁོ་ལ་གདུང་སེམས་ཚད་མེད་བཅངས་ཏེ། བུ་ཆུང་ཁྱོད་སྙིང་རེ་རྗེ་ཟེར་ནས་སེམས་བྱམས་བྱམས་དང་ཐུགས་བརྩེ་
བརྩེ་མཛད། སྟབས་ལེགས་ནས་ཕྱི་ཉིན་གནས་ སྐོར་འགྲིམ་པའི་ཨ་སྐྱོ་བ་གཉིས་བཤད་སྒྲུབ་དགོན་པ་རུ་འགྲོ་བ་དང་འཕྲད་དེ། བཟའ་མི་དེ་གཉིས་ཀྱིས་
ཁོ་ལ་ལམ་བྲོ་བྱིན་པ་དང༌། ཨ་སྐྱོ་བ་གཉིས་ལ་བཅོལ་གདམས་ཡག་པོ་བྱས་ནས་བཤད་སྒྲུབ་དགོན་པ་ལ་བརྫངས།
ཚེ་རིང་རྣམ་རྒྱལ་གནས་སྐོར་པ་དེ་གཉིས་དང་བསྡོངས་ནས་ཉིན་གསུམ་ལ་སོང་མཐར་ བཤད་སྒྲུབ་དགོན་པ་ལ་འབྱོར། དེར་ཡང་ཁོང་རྣམ་པ་
གཉིས་ཀྱིས་རོགས་རམ་བྱས་འོག་ཨ་ཁུ་ ཚུལ་ཁྲིམས་བཙལ་ནས་རྙེད། ཁོས་རྒྱུ་མཚན་ཐམས་ཅད་ཇི་མ་ཇིབཞིན་དུ་བཤད་པས། ཨ་ཁུ་ཡང་ཐུགས་ཞུམ་
པའིངང་འཇིག་རྟེན་འཁོར་བ་ལ་སྙིང་བོ་སྤུ་ཙམ་ཡང་མི་འདུག་གསུངས་ནས་དབུ་ གཡུག་གཡུག་མཛད་པ་དང༌། “དཐབས་ཤེས་གཞན་མི་འདུག
ཚ་བོ་ཁྱོད་ཆུང་དུས་ནས་བློ་ རིག་རྒོད་པོ་ཞིག་ཡིན་པས། ད་འདི་གར་རབ་བྱུང་སྒྲུབས་ཏེ་དམ་པའི་ཆོས་བསྒྲུབས། བསྟན་པ་ལ་ཕན་ཡོན་འདྲ་མོ་
འདུག”ཟེར།
དེ་ལྟར་ཨ་ཁུའི་ངག་བཞིན་ཚེ་རིང་རྣམ་རྒྱལ་རབ་ཏུ་བྱུང་བ་དང༌། མཚན་ཚུལ་ཁྲིམས་རྒྱ་ མཚོར་གསོལ་ཏེ། ཡི་གེ་འབྲི་ཀློག་སོགས་ལ་སྦྱོང་བ་
ནན་ཏན་བགྱིས་ཏེ་ཉིན་མཚན་འདས་པ་ལ། ཉིན་ཞིག་ཨ་ཁུས་ཁོ་ལ། “ཚ་བོ། ད་ཁྱོད་ལ་སེམས་འཁྲེང་དགོས་པའི་ཡུལ་ནི་མི་འདུག་ཨ་མ་ནི་ཤི་ཚར་
འདུག ཨ་ཕས་དཔོན་པོ་ཁ་ཤོ་བསད་དེ་ས་མཐར་ལྡོམ་སོང༌། བློ་སེམས་རྩེ་གཅིག་གིས་ དམ་པའི་ཆོས་སྒྲུབས། ཐར་བའི་ལམ་སྣ་རེ་ཨེ་ཟིན་ལྟོས”ཟེར།
མ་གཞིར། ཚེ་རིང་རྣམ་རྒྱལ་བྲོས་ཡོང་བའི་ཉིན་དེའི་དགོང་མོར། དཔོན་པོ་ཁ་ཤོ་བརྒྱལ་ལས་སངས་ཏེ། ཨ་མ་ལ་གྲི་བཙུགས་ནས་བསད། ཨ་ཕ་
ཁྱིམ་དུ་འབྱོར་བ་དང་འཕྲད་པས་ཨ་ཕས་རང་གི་དགའ་མ་བསད་པ་མཐོང་ནས་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཏེ་དཔོན་པོ་ཁ་ཤོའི་མགོ་
ལ་སྟ་གྲི་བསྣུན་ནས་ལྔ་བའི་ལམ་དུ་བརྫངས། དེ་ནས་ཨ་མའི་རོ་དུར་དུ་སྦས་རྗེས་ཡུལ་ གཞན་ལ་བྲོས་སོང་བ་ཡིན་འདུག
བཀྲ་མི་ཤིས་པའི་གཏམ་ངན་དེ་ཐོས་པའི་ཉིན་མོ་དེ་ནས་བཟུང༌། ཚུལ་ཁྲིམས་རྒྱ་མཚོས་ཉིན་མོ་ཟས་མི་དྲན། མཚན་མོ་གཉིད་མི་ཁུག་པར་
སེམས་སྐྱ་མོ་མྱ་ངན་ དང་སྡུག་བསྔལ་གྱིས་མནར་སོང༌། ཁག་ཅི་ཡོད། ལོ་བཅུའི་བྱིས་པ་ཞིག་གིས་ཕ་མ་མི་དྲན་མཁན་སུ་ཡོད། ལས་རྒྱུ་འབྲས་ཟེར་ བ་
དེ་ཡོད་ལས་ཆེ་ནའང༌། ཚེ་རིང་རྣམ་རྒྱལ་ལ་མེད་པ་དང༌། ཚུལ་ཁྲིམས་རྒྱ་མཚོའི་ཡབ་ཡུམ་ གཉིས་ལའང་མི་འདུག ཚུལ་ཁྲིམས་རྒྱ་མཚོའི་རྣ་ལམ་དུ་སླར་
ཡང་དཔོན་པོ་ཁ་ཤོའི་གཏམ་དེ་ ཚོར་འོངས།
“རྒྱུ་འབྲས་ཨེ། ང་རྒྱུ་སྟོབས་ཆེ་བས་རྒྱུ་འབྲས་ཟེར་བ་དེ་ང་ཡིན། ང་མིན་པའི་རྒྱུ་འབྲས་ ཤིག་ལོགས་སུ་ག་ལ་ཡོད།”
ཁོས་ཉིན་དེའི་གནས་ཚུལ་རྣམས་ལ་ཕྱིར་འདང་བརྒྱབ་པ་དང༌། དཔོན་པོ་ཁ་ཤོ་ལ་རྡོ་ཡིས་ ཉེས་ཆད་བཅད་པའི་གནས་ཚུལ་དེ་མིག་ལམ་དུ་
ཤར་འོངས། ཁོའི་སེམས་ལ་དེ་ནི་ལས་རྒྱུ་འབྲས་རེད་བསམ། སྐབས་དེར། ཨ་ཁུ་ཡོང་ནས་ཁོ་ལ་སེམས་གསོ་བྱས་པ་དང༌། “ལས་རྒྱུ་འབྲས་ལོས་ཡོད།
ཡོད་པས་མི་ཚད་མིག་ཐོག་ལའང་ཤར་འདུག ཕ་མ་གཉིས་ལ་ཚེ་འདིར་ཆག་སྒོ་དེ་འདྲ་ བྱུང་བ་ནི་ཚེ་སྔོན་མར་སྡིག་པའི་ལས་བྱས་པ་ལས་བྱུང་བ་ཡིན།
རྒྱུ་ངན་པ་ལས་འབྲས་བུ་ངན་པ་འབྱུང་བ་དང༌། རྒྱུ་བཟང་བོ་ལས་འབྲས་བུའང་བཟང་བོ་འབྱུང་བ་ཡིན། དཔེར་ན་ནས་བཏབ་ན་ གྲོ་མི་སྐྱེ་བ་དང༌།
སྲན་མ་བཏབ་ན་ཡུངས་དཀར་དུ་མི་འགྲོ་བ་ལྟ་བུ་ཡིན། ལས་རྒྱུ་འབྲས་ལ་ཡིད་ཆེས་དགོས། དཀོན་མཆོག་གསུམ་ལ་དད་པ་ཡོད་དགོས། ཚེ་འདི་ན་སྙིང་
བོ་ཡོད་པ་ནི་དམ་པའི་ ཆོས་ལ་གཏོགས་མེད་པས་སྙིང་རུས་བསྐྱེད་ལ་ཆོས་བྱོས”ཟེར།
ཨ་ཁུའི་སློབ་སྟོན་འོག་ཏུ། ཚུལ་ཁྲིམས་རྒྱ་མཚོའི་སེམས་ནས་ཉམས་ཟིན་པའི་ལས་རྒྱུ་འབྲས་ཀྱི་མེ་རོ་དེ་སླར་ཡང་སོས་པ་དང༌། ཕ་མའི་སྡིག་སྒྲིབ་
སྦྱངས་པ་དང་རང་ གི་བསོད་ནམས་གསོག་ཆེད། དགེ་བའི་ལས་ཁོ་ན་ལས་སྡིག་པའི་ལས་རྣམས་རིང་དུ་སྤངས་ཏེ། ལྟོགས་པས་ཟས་དང་སྐོམ་པས་ཆུ་
འདོད་པ་ལྟར་ཆོས་དཔེ་རྣམས་ལ་ཐོས་བསམ་བྱས་པ་དང༌། དཔེ་གཟིགས་དོགས་གཅོད་ལ་སོགས་པའི་བྱ་བ་ཁོ་ནས་ཉིན་མཚན་འདའ་མུས་སུ། བརྩོན་
འགྲུས་དང་རྣམ་དཔྱོད་ལ་འགྲན་ཟླ་མེད་པར་གྱུར་ཏེ། སྙན་གྲགས་ཀྱི་འབྲུག་གི་སྒྲ་ཆེན་བཤད་སྒྲུབ་དགོན་པ་ལ་ཁེངས་པར་གྱུར།
ཚུལ་ཁྲིམས་རྒྱ་མཚོས་སླར་ཡང་ཡབ་ཡུམ་གཉིས་དྲན་བྱུང༌། སྐྱེ་གཟུགས་ལེགས་ཤིང་མོ་སྒོ་ འཛོམས་པའི་ཨ་མའི་ཞལ་རས་དེ་ཡིད་ལ་བསྒོམས་
པའི་བླ་མའི་གཟུགས་བརྙན་དང་འདྲ་བར་ སྐད་ཅི་ཙམ་ལ་ཡང་ཁོའི་མིག་ལམ་དང་བྲལ་མ་མྱོང་ལ། གཞུང་རྒྱུད་དྲང་ཞིང་ངང་རྒྱུད་བཟང་ཨ་ཕའི་གསུང་
ཚིག་རྣམས་ཁོས་ནམ་རྒྱུན་དུ་ཆོས་ཀློག་པའི་སྒྲ་དང་འདྲ་བར་ཇ་ཐུན་གཅིག་ ལའང་ཁོས་རྣ་ལམ་དང་བྲལ་མ་མྱོང༌། བྱམས་བརྩེ་ལྡན་པའི་མ་ཡུམ་ལགས།
ཁྱེད་ཀྱིས་ཚེ་སྔོན་ མར་སྡིག་པ་བྱས་པའི་རྐྱེན་གྱིས་ཚེ་འདི་ལ་ཁ་སྒོ་སྐྱེ་འབྲས་དགྲ་རུ་ལངས་ཏེ་དཔོན་པོ་ཁ་ཤོའི་གྲི་འོག་ཏུ་ཤི་དགོས་བྱུང་བ་རེད། ཁྱེད་
ཀྱི་སྡིག་སྒྲིབ་དེ་དག་པརབྱ་ཆེད། ངས་ཉིན་རེ་བཞིན་བསྔོ་ སྨོན་དང་མཚན་རེ་བཞིན་གསོལ་བ་འདེབས་ཤིང་མཆིས། ཕལ་ཆེར་ད་ལྟ་ཁྱེད་རང་འོག་མིན་
དང་མངོན་དགའ་གང་རུང་ན་སངས་རྒྱས་ཀྱི་འཁོར་དུ་སྐྱེས་ཏེ་དམ་པའི་ཆོས་ཉན་ཞིང་ཡོད་ ལས་ཆེ། གལ་སྲིད་ཁྱེད་ཀྱིས་རང་གི་བུ་ཡང་དམ་པའི་ཆོས་
སྒོར་ཞུགས་ཏེ་དགེ་བའི་ལས་བྱེད་ པའི་ཚུལ་འདི་མཐོང་ཐུབ་རྒྱུ་ན། བུ་སྐྱེས་པ་དོན་དང་ལྡན་སྙམ་ནས་དགའ་སྤྲོ་སྐྱེ་ངེས་རེད། ཨ་ཕ་ལགས། ཁྱེད་རང་
ད་ལྟ་གང་དུ་བཞུགས་ལགས་སམ། ངས་ཁྱེད་ཀྱི་འཛུམ་དཀར་ཚེམས་ཕྲེང་རྒོད་པའི་ཞལ་རས་དང༌། ང་ལ་རྒྱུ་འབྲས་ཀྱི་གོ་དོན་བཤད་པའི་གསུང་ཚིག་
རྣམས་ཡིད་ལ་དྲན་ ཐེངས་རེར། སེམས་ལ་དགའ་སྐྱོ་འདྲེས་མར་བྱུང་བ་དང༌། ཡིད་ལ་བདེ་སྡུག་མཉམ་འཁོར་བྱེད་ཀྱིན་མཆིས། ཁྱེད་ཀྱིས་ཨ་མའི་དགྲ་
ཤ་ལེན་ཆེད་དུ་དཔོན་པོ་ཁ་ཤོ་བསད་དེ་རང་ཉིད་ས་མཐར་འཁྱམས་ན་ཡང༌། ཁྱེད་ཀྱིས་ཚེ་འདི་ལ་སྡིག་པ་ཆེན་པོ་བསགས་སྟབས་ཚེ་ཕྱི་མར་སྐྱིད་པོ་ཡོང་
ག་ལ་སྲིད། ངས་ཁྱེད་ཀྱི་སྡིག་སྒྲིབ་སྦྱངས་ཕྱིར་ལྟུང་བཤགས་བྱེད་ཀྱིན་ཡོད། ཨ་ཕ་ཡ་ཨ་ཕ། ཁྱོད་ རང་ས་མཐར་འཁྱམས་ནས་གནས་སྐབས་ཙམ་ལ་ཚེ་
སྲོག་ཐར་ཙམ་འདུག་ཀྱང༌། འཆི་བདག་ བདུད་ཀྱི་ཕོ་ཉ་བསླེབས་ཚེ་ཁྱེད་ལ་འབྲོ་སའི་ལམ་དང་འཛུལ་སའི་ཁུང་ཡོད་དམ།
ཚུལ་ཁྲིམས་རྒྱ་མཚོའི་སེམས་ལ་འཆར་སྣང་སྣ་ཚོགས་ཀྱིས་ཁེངས་པ་དང༌། སྙིང་རྗེའི་སྤྱན་ ཆབ་བསིལ་ཏེ་ན་བཟའ་ཡང་རློན་པར་བངས་སོང༌།
“ཁྱོད་ལ་ཅི་བྱུང༌། མིག་ཆུ་གཏོང་དོན་ཅི་ཡིན།”ཨ་ཁུས་དེ་ལྟར་དྲིས།
“འོ། ཅང་མ་རེད། ངས་ཡབ་ཡུམ་གཉིས་དྲན་ཏེ……”
“ཚ་བོ། ད་དེ་ཚོ་ལ་བསམ་བློ་གཏོང་ཁོམ་མི་འདུག རྩོད་ལྡན་སྙིགས་མའི་དུས་འདིར་ འཐབ་རྩོད་དངའཁྲུག་ལོང་རྒྱུན་མིའཆད་པར་འོང་བ་
དང༌། ཙི་ནའི་ས་ཁུལ་ན་ཏང་གཉིས་མ་འཆམས་པར་དམར་གསོད་ཀྱི་ལས་ཁོ་ན་བྱེད་ཀྱིན་འདུག་ཟེར། ལམ་ཆས་རྣམས་ངས་གྲ་སྒྲིག་ བྱས་ཟིན། སང་
ཉིན་ལམ་ལ་ཆས།”
ཕྱི་ཉིན་ཉི་རྩེ་ཤར་བ་དང་མཉམ་དུ། ཚུལ་ཁྲིམས་རྒྱ་མཚོ་ཚོང་པ་སྐོར་ཞིག་དང་འགྲོགས་ནས་དབུས་འགྱུར་ཞིང་ལ་འགྲོ་བའི་ལམ་དུ་ཞུགས། ཁོ་
ཚོས་ལོ་ལམ་ཟླ་དང༌། ཟླ་ལམ་ཉིན། ཉིན་ལམ་ མཚན་གྱིས་བཅད་དེ་ལྷ་སར་ཕེབས་པ་དང༌། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་སློབ་
གཉེར་ལ་འབད་པ་ཆུ་བོའི་རྒྱུན་བཞིན་བྱེད་མུས་སུ་ལོ་ཡི་འཁོར་མོ་ལྔ་ཧྲིལ་གྱིས་འདས་ སོང༌།
1949ལོའི་སྟོན་ཀར། ཨ་ཁུ་ཚུལ་ཁྲིམས་ཀྱིས་སྤྲིངས་པའི་ཡི་གེ་འབྱོར་བྱུང༌། ཡི་གེའི་ནང་དུ་ཕ་ཡུལ་བཅིངས་འགྲོལ་བྱས་པའི་གནས་ཚུལ་དང༌།གུང་
ཁྲན་ཏང་གི་ཆོས་ལུགས་སྲིད་ཇུས་དང་མི་རིགས་སྲིད་ཇུས་ཅི་འདྲ་བཟང་ཚུལ་རྒྱན་ཚུལ་གྱི་གཏམ་རྒྱས་པར་བྲིས་འདུག་ལ། མཇུག་ མཐར། ཨ་ཁུས་ད་
དུང་ཚུལ་ཁྲིམས་རྒྱ་མཚོ་ཡང་མྱུར་མོར་ཕྱིར་ཕེབས་ན་ལེགས་ཚུལ་གྱི་རྒྱུ་ མཚན་རྣམས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུང་འདུག ཨ་མ་ཚེ་ལས་
འདས་པ་དང༌། ཨ་ཕ་ས་མཐར་འཁྱམས་པ་ནས་བཟུང༌། ཨ་ཁུ་ནི་འཇིག་རྟེན་འདིའི་ཐོག་ཏུ་ཁོ་ལ་སྙིང་ཉེ་ཞིང་ཤ་ཚ་བའི་ཉེ་འབྲེལ་གཅིག་པུ་ཡིན་པས། ཨ་
ཁུའི་ངག་ལ་མི་ཉན་ན་སུའི་ངག་ལ་ཉན་རྒྱུ། ཡིན་ན་ ཡང༌། ཕྱི་ལོར་ཚུལ་ཁྲིམས་རྒྱ་མཚོས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་རྒྱུའི་སེམས་ཐག་
བཅད་ཡོད་པས། ཁོས་དེ་ལུགས་ཀྱི་གནས་ཚུལ་རྣམས་ཨ་ཁུ་ལ་ཡི་གེ་བྲིས་ཏེ། དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་ཚར་མ་ཐག་ཕ་ཡུལ་དུ་ཕྱིར་
ལོག་རྒྱུ་ཡིན་ཚུལ་བསྙད།
1950ལོའི་དཔྱིད་ཟླ་གཉིས་པར། ཚུལ་ཁྲིམས་རྒྱ་མཚོ་དགུང་ལོ་སུམ་ཅུ་བཞེས་པ་དང༌། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་སྤེལ་བའི་ཁུར་ཆེན་ཕྲག་
ཏུ་བླངས། དགེ་བཤེས་ལྷ་རམས་པའི་སྙན་ གྲགས་རྗེས་སུ་ཁྲིད། ཕ་ཡུལ་དང་ཨ་ཁུ་ལ་དུངས་པའི་འདུན་མ་སྔོན་དུ་བརྫངས་ཏེ་དབུས་འགྱུར་ལྷ་སའི་ཞིང་
ནས་མདོ་སྨད་ཀྱི་ཡུལ་དུ་ཆིབས་ཁ་བསྒྱུར་པ་དང༌། ལམ་ཁར་དད་ལྡན་གྱི་སྐྱེ་བོ་གང་མང་ལ་ཆོས་ཀྱི་དགའ་སྟོན་རྒྱས་པར་བཤམས་ཏེ། དབྱར་ཟླ་དྲུག་པའི་
ཚེས་བཅོ་ལྔ་ཉིན་གདན་ས་ཆེན་པོ་བཤད་སྒྲུབ་དགོན་པ་རུ་འབྱོར།
ཁོང་གིས་ཏང་གི་མི་རིགས་འདྲ་མཉམ་གྱི་སྲིདཇུས་དང༌། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་རྣམས་མངོན་སུམ་དུ་ལག་ལེན་བསྟར་
བའི་ཚུལ་དེ་མཐོང་ནས། གུང་ཁྲན་ཏང་དང་རླབས་ཆེ་བའི་གཙོ་འཛིན་མའོ་ཙེ་ཏུང་ལ་དག་གུས་ཚད་མེད་ཀྱི་བསམ་ཚུལ་བཅངས་པ་དང༌། གུང་ཁྲན་
ཏང་ནི་བཙན་པོའི་གཉའ་བ་གནོན་མཁན་དང༌། གཉོམ་ཆུང་ཞབས་སྐྱོར་གནང་བའི་ ཕ་མ་ལྟ་བུ་ཡིན་པ་དང༌། ལས་རྒྱུ་འབྲས་ལ་བརྩི་མཐོང་བྱེད་པའི་
ཏང་ཞིག་རེད་སྙམ་ནས། མིག་ལ་ མཆི་མ་འཁྲིགས་པའི་བདེ་སྐྱིད་དང༌། ལུས་ལ་བ་སྤུ་གཡོ་བའི་དགའ་སྤྲོས་མྱོས་ཏེ།《བསྟོད་ཚིག་དྲི་མེད་སྤྲིན་གྱི་སྒྲ་
དབྱངས》ཞེས་བྱ་བའི་སྙན་ངག་རིང་བོ་ཞིག་བརྩམས། སྙན་ངག་དེའི་ནང་ དུ་མའོ་ཙེ་ཏུང་ནི་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པ་དང༌། གུང་ཁྲན་
ཏང་ནི་ལས་རྒྱུ་འབྲས་ ཀྱི་སྐུ་ཚབ་ཡིན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་འདུག ཁོང་གིས་བརྩམས་པའི་སྙན་ངག་དེ་ནི་སྐྱེས་ཕོ་མོ་སེར་སྐྱ་ཀུན་གྱིས་
ངག་ལ་བསྐྱོར་ཏེ་ཁ་ཏོན་གྱི་ཚུལ་དུ་གྱུར་སོང༌།
ངལ་རྩོལ་མི་དམངས་ཀྱི་སློབ་འབྲིང་དེ་ཡུལ་གྲུ་འདི་གར་གཟི་བརྗིད་དང་ལྡན་པའི་ངང་དབུ་བརྙེས་སོང༌། མི་དམངས་སྲིད་གཞུང་གིས་ཚུལ་
ཁྲིམས་རྒྱ་མཚོ་དགེ་རྒན་དུ་གདན་དྲངས་པ་དང༌། ཁོང་ལ་རྒྱལ་གཅེས་ཤེས་ཡོན་ཅན་གྱི་མཚན་སྙན་གནང་བར་མ་ཟད། ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་
ཁང་གི་ཨུ་ཡོན་དུ་བདམས་ལ་སློབ་འབྲིང་གི་ཞའོ་ཀྲང་གཞོན་པ་ལའང་བསྐོ་འཇོག་གནང༌། དེ་ནས་བཟུང་ཚུལ་ཁྲིམས་རྒྱ་མཚོས་རབ་བྱུང་གི་རྟགས་དོར་
ནས་གསར་བརྗེའི་བྱ་བར་ཞུགས་པ་དང༌། གསར་བརྗེའི་མི་རབས་རྗེས་མ་གསོ་སྐྱོང་བྱེད་པའི་ལས་འགན་གཟི་བརྗིད་དང་ལྡན་པ་དེ་ཕྲག་ཏུ་བླངས།
ཁོང་གིས་སེམས་ལ། གུང་ཁྲན་རིང་ལུགས་དང་བདེ་བ་ཅན་གྱི་ཞིང་ཁམས་གཉིས་ན་བཤད་ཚུལ་ཙམ་གྱིས་ཁྱད་པར་མ་གཏོགས་དོན་ལ་ངོ་བོ་
གཅིག་པ་ཡིན་སྙམ་སྟེ། ཆོས་ལུགས་ལ་དད་པ་ བྱེད་བཞིན་པར་མ་ཟད། མར་ཁེ་སི་རིང་ལུགས་ལའང་དད་པ་བྱེད་བཞིན་ཡོད།
དེར་བརྟེན། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་རྒྱུའི་འདོད་ཡིག་ཅིག་ཐོག་མར་བྲིས་པ་དང༌། འདོད་ཡིག་དེའི་ནང་དུ།“དབུལ་འཕོང་
རྣམས་གཉའ་གནོན་དང་བཤུ་གཞོག་གི་ འཆིང་སྒྲོག་འོག་ནས་ཐར་བར་བྱ་ཆེད་དང༌། མ་སེམས་ཅན་ཐར་བའི་ལམ་ལ་འགོད་པའི་ཆེད་དུ། ང་རང་ཀྲུང་
གོ་གུང་ཁྲན་ཏང་ལ་ཞུགས་རྒྱུའི་རེ་བ་ཁ་ཚ་དགོས་གཏུགས་ཡོད”ཅེས་བྲིས་ འདུག གཅིག་བྱས་ན་འདི་ནི་ཤིན་ཏུ་རྒོད་བྲོ་བའི་འདོད་ཡིག་ཅིག་ཡིན་
ལས་ཆེ་མོད། འོན་ཀྱང༌། དེ་ནི་ཆོས་ལུགས་མི་སྣ་ཞིག་གི་སེམས་བསམ་པའི་གཏིང་ནས་ཐོན་པའི་སྙིང་གཏམ་ཞིག་རེད། ཁོང་གི་རེ་འདུན་དེ་ནི་ད་ལྟའང་
ད་དུང་མངོན་དུ་མ་གྱུར་ཀྱང༌། ཏང་ལ་ཡིད་ཆེས་པའི་བསམ་བློ་དེར་དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་གཏན་ནས་བྱུང་མ་མྱོང༌། ཁོང་གིས་སེམས་ལ། མི་
དམངས་དང་མི་རིགས་ལ་ཕན་ཐོགས་པའི་བྱ་བ་བྱེད་པ་ནི་དགེ་བའི་ནང་གི་དགེ་བ་ཡིན་ལ། ཁེ་ གྲགས་དབང་གསུམ་རིང་དུ་སྤངས་ནས་ལུས་ངག་ཡིད་
གསུམ་བརྟན་པོའི་ངང་མི་རབས་རྗེས་མ་སྐྱེད་སྲིང་བྱེད་པ་འདི་ནི་ཏང་གི་བཀའ་གསུང་ཡིན་པར་མ་ཟད། མི་དམངས་ཀྱི་རེ་བའང་ཡིན་ པས། ངས་ཏང་
དང་མི་དམངས་ཀྱི་རེ་འདུན་དེ་སྟོང་ཟད་དུ་གཏོང་མི་རུང་སྙམ།
ཡིན་ན་ཡང༌། མདུན་བསྐྱོད་ལམ་དུ་དཀའ་བ་ཅིའདྲ་མང་བོ་ཞིག་ཡོད་པ་རེད་ཨང༌། མདུན་བསྐྱོད་ཀྱི་ལམ་དུ་དོན་སྙིང་ལྡན་པའི་གོམ་པ་རེ་སྤོ་
བ་ནི། རྒྱ་མཚོར་འཇུག་པའི་གྲུ་རྫིངས་དང་འདྲ་བར། སྐབས་རེར་རླུང་ཞི་ཞིང་རླབས་འཇགས་པ་དང༌། སྐབས་རེར་གནམ་ས་བླ་འོག་བསྒྱུར་པའི་རྦ་ཀློང་
དྲག་པོའི་ཁྲོད་དུ་ཞུགས་ཏེ། འཆི་བ་སྲོག་ལ་ཐུག་པའི་སྐབ་ཀྱང་ཡོད།
1957ལོའི་དགུན་ཁར། ཚུལ་ཁྲིམས་རྒྱ་མཚོ་ལ་ཡི་གེ་ཞིག་འབྱོར་བྱུང༌། དེ་ནི་འབྲས་སྤུངས་དགོན་པའི་མཁན་པོ་ཞིག་གིས་བསྐུར་ཡོང་བ་རེད། ཡི་
གེ་དེའི་དོན་ བསྡུས་ན། ཉེ་སྔོན་འདི་གར་སྐུ་དྲག་ཁ་ཤས་གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་ལ་མི་དགའ་བའི་བསམ་པ་ཡོད་པ་དང༌། ངོ་ལོག་གི་
བྱ་སྤྱོད་ཀྱང་མང་བོ་བྱེད་ཀྱིན་འདུག་པས། མདོ་སྨད་ཀྱི་ཕྱོགས་སུ་གནས་ཚུལ་དེ་འདྲ་ཡོད་མེད་ཀྱི་ལན་གསལ་བོ་འདེབ་རྒྱུ་དེ་རེད། དེའ་ལན་ནི་འདི་ལྟ་
སྟེ།
༄༅། །“སྟོབས་བཅུ་མངའ་བ་ཀུན་གྱི་མཁྱེན་པའི་གཏེར། ། སྣ་ཚོགས་སྐུ་ཡི་བཀོད་པ་ མཐའ་ཡས་པའི། ། གྲངས་མེད་ལེགས་པར་བྱས་པའི་
བསོད་ནམས་ཀྱིས། །མཁན་པོའི་གདན་སར་གྱིང་བ་གང་དེའི་དྲུང༌། ། གང་གི་ཕྱག་འཕྲིན་མེ་ཏོག་ཨུཏྤལ་འདབ། །འཛུམ་དཀར་ཚེམས་ཕྲེང་ ལན་བརྒྱར་
རྒོད་པའི་གཏམ། ། རྐང་དྲུག་ལག་སོར་དད་པའི་སྙིམ་པ་ཡིས། ། ཁོ་བོའི་རྣ་བ་གསོ་ བའི་དཔྱིད་དུ་སྤེལ། ། ཤཱཀྱའི་རིང་ལུགས་ཀཻ་ལ་ཤ་ཡི་རིར། ། དད་པའི་
སོར་འདབ་ཟུམ་པའི་དགེ་སྦྱོང་དེས། ། རོ་འཛིན་ལོ་འདབ་རིང་དུ་རྐྱོང་བཞིན་པར། ། ལྷག་བསམ་རྣམ་པར་དག་པའི་ མཆིད་འདི་ཞུ། ། འཇམ་མགོན་
ཟུར་ཕུད་ལྔ་བ་སྤྲུལ་བའི་སྐུ། ། མའོ་ཙེ་ཏུང་ཞེས་མཚན་སྙན་ འབར་བ་ཡི།། ས་ལ་སྤྱོད་པའི་ཚངས་པ་ཆེན་པོ་ནི། ། ཕན་བདེའི་འཆི་མེད་དཔལ་གྱི་བྱེད་
པོར་ བསྔགས། ། ལས་དང་རྒྱུ་འབྲས་ཁྱད་དུ་མི་གསོད་པར། ། ཚངས་དབྱངས་ དྲུག་ཅུའི་རང་བཞིན་གསུང་གི་དཔྱིད། ། གུང་ཁྲན་ཞི་བདེའི་དབྱངས་
ཅན་གླུ་དབྱངས་ཀྱིས། །ཉམ་ཐག་འགྲོ་བའི་མྱ་ ངན་སངས་པར་བྱས། ། ཆོས་དད་རང་མོས་སྲིད་ཇུས་དབྱང་སྐྱེས་རྔ། ། གངས་ཅན་འཆི་མེད་ལམ་ དུ་
བརྡུངས་ཟིན་པས། ། ལོག་རྟོག་ཉོན་སྒྲིབ་གཡོ་ཅནརོ་འཛིན་རྣམས། ། རྒྱུ་འབྲས་གནམ་ལྕག་ ཐོག་མདས་འཇོམས་པར་ངེས། །འགྲོ་བའིལུས་སེམས་འཆིང་
བྱེད་བཤུ་གཞོག་སྒྲོག །གཏོར་ལ་ དཔའ་བའི་མི་དམངས་བཅིངས་འགྲོལ་དམག །ཕྱོགས་ལས་རྣམ་པར་རྒྱལ་བའི་བྲག་རི་ལ། །ཚེར་མས་བསྣུན་འདོད་རང་
ཉིད་འཕུང་བའི་རྒྱུ། །ཉོན་མོངས་དུག་ལྔས་རང་རྒྱུད་ཡོངས་འབགས་པའི། །གཡོན་ཅན་སྐྱེ་བོའི་ངག་ལ་མཐའ་བཟུང་མེད། །རྒྱ་བོད་མཛའ་མཐུན་འོ་མའི་
མཚོ་ནང་དུ། །ཁྲག་གི་ཐིགས་པ་འཕེན་རྣམས་སྙིང་རྗེའི་ཡུལ། །ཝ་ནི་ཝ་ཡི་རིགས་ལ་འགྲན་ནོ་ཞེས། །ས་པཎ་གསུང་གི་ལེགས་བཤད་དེར་སོམས་ལ། །རྒྱུ་ལ་
ཧམ་པའི་སྐུ་དྲག་ཚོགས་ཀྱི་དབུར། །རི་དྭགས་རྒྱལ་པོ་ཇི་ བཞིན་ཁྱོད་འགྱིང་མཛོད། །འདི་ན་བདག་ཀྱང་རབ་བྱུང་རྟགས་དོར་ནས། །གུང་ཁྲན་ཕན་
བདེའི་ལས་དོན་སྤེལ་བའི་ཆེད། །བློ་གསལ་སྐྱོ་བའི་གཟུགས་བརྙན་འཆང་མུས་སུ། །རྣམ་དཀར་དགེ་བའི་ལས་ལ་བརྩོན་ཞིང་མཆིས། །ཁྱོད་ཀྱང་སྤང་བླང་
ཆ་ལ་མི་རྨོངས་ཤིང༌། ། ལུགས་གཉིས་ཚུལ་ བཞིན་སྐྱོང་ལ་མི་ངལ་བར། །བསྟན་དང་འགྲོ་དོན་ཁོ་ན་ལྷུར་བཞེས་ཏེ། །དམ་པའི་རྣམ་ཐར་ སྐྱོངས་ཞེས་
བསྐུལ་ཀྱང་འཚལ། །”ཟླ་ཚེས་བཟང་པོ་ལ། ཞེས་པའོ། །
འདི་ནི་ཅི་འདྲའི་ལྷག་བསམ་རྣམ་པར་དག་པའི་ཡི་གེ་ཞིག་རེད་ཨང༌། ཡིན་ན་ཡང༌། 1958ལོར། སྤྲིངས་ཡིག་འདིའི་དོན་དུ་ཚུལ་ཁྲིམས་རྒྱ་མཚོ་ནི་ཟིང་འཁྲུག་སློང་མཁན་གྱི་གཏེ་བོ་ཞིག་རེད་ཟེར་ནས་བཙོན་དུ་
བཅུག་པ་དང༌། ལོ་ངོ་བཅུ་བདུན་གྱི་ཁྲིམས་ཐག་ བཅད་པ་རེད། སྐབས་དེ་དུས་ཀྱང་ཚུལ་ཁྲིམས་རྒྱ་མཚས། སྐྱབས་བསླུ་བ་མེད་པའི་དཀོན་མཆོག་
གསུམ། །ལས་རྒྱུ་འབྲས་བརྩི་བའི་གུངཁྲན་ཏང༌། །དུས་སྙིགས་མའི་ཆོས་པ་ང་འདྲ་དག །ཐུགས་གཡེལ་བ་མེད་པར་རྗེས་སུ་ཟུངས། །ཞེས་གསོལ་འདེབས་
བཞིན་ཡོད།
སྡུག་བསྔལ་བྱུང་ཐེངས་རེ་དང༌། ཡང་ན་དགའ་བའི་ལས་ཤིག་ཏུ་འཕྲད་ཐེངས་རེར། ཚུལ་ཁྲིམས་རྒྱ་མཚོས་ཚེ་ལས་འདས་པའི་ཨ་མ་ཡིད་ལ་ལྷང་
ངེར་དྲན་པ་དང༌། ས་མཐར་འཁྱམས་ཏེ་ཤི་གསོན་མ་ངེས་པའི་ཨ་ཕ་སེམས་ལ་ལྷམ་མེར་ཤར་འོངས། ད་ལྟའང་ཁོས་ཡབ་ཡུམ་དྲན་བྱུང་ན་ ཡང༌། སྔོན་
ཆད་ལྟ་བུའི་སྡུག་བསྔལ་དང་མྱ་ངན་མི་འདུག ཁོས་ཡབ་ཡུམ་གྱི་དོན་དུ་སེམས་ཚེགས་དང་སྡུག་བསྔལ་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཁོ་རང་ཉིད་ཀྱི་
ཆེད་དུ་སེམས་ཚེགས་དང་སྡུག་བསྔལ་བྱེད་མཁན་སུ་ཞིག་ཡོད། ཨ་ཁུ་ཡང་བཙོན་ཁང་ནང་ནས་དག་པའི་ཞིང་ལ་ཕེབས་ སོང༌། ད་ནི་ངོ་མ་འཇིག་རྟེན་
འདིའི་ཐོག་ཏུ་ཁོ་ལ་ཤ་ཉེ་གཅིག་ཀྱང་མེད། མི་རྐྱང་རྟ་རྐྱང༌། གང་ལ་སོང་ན་འདུག་རྐྱང༌། ཇག་ལ་ཐུག་ན་འབྲོ་རྐྱང་ཟེར་བ་དེ་ཁོ་མིན་ན་སུ་ཡིན། སྐབས་
དེར། ཁོའི་ སེམས་ལ་རང་དབང་མེད་པར་མི་ཞིག་དྲན་འོངས། མི་དེ་ནི་སུ་རེད། མི་དེ་ལ་བུད་མེད་ཀྱི་ཁྱད་ ཆོས་ཅུང་ཟད་ཙམ་ཡང་མི་འདུག་ལ། སྐབས་
རེར་མི་དེའི་མིག་གི་མདངས་དང༌། སྐད་ཀྱི་གདངས། གདོང་གི་རྣམ་འགྱུར་བཅས་ལས་ད་གཟོད་བུད་མེད་ཀྱི་ཁྱད་ཆོས་ཤིག་མཐོང་ཐུབ། མི་དེ་ཚུལ་
ཁྲིམས་རྒྱ་མཚོ་ལས་ལོ་བཅུས་ཆུང་བ་དང༌། སྔོན་ཆད་ཁོ་མོ་ནི་ཇོ་མོ་ཞིག་རེད། ཁོམོ་ལོ་ཉི་ཤུའི་ནང་ཇོ་མོའི་ཆ་ལུགས་སྤངས་ཏེ་འཇིག་རྟེན་ཁྱིམ་པའི་ཚུལ་
བཟུང་བ་དང༌། ཨ་ཁུ་ཚུལ་ཁྲིམས་ཀྱི་ཡོན་བདག་དད་པ་ཅན་ཞིག་རེད། ཁོ་མོས་ཨ་ཁུ་ཚུལ་ཁྲིམས་ལ་ཤ་མར་ཐུད་གསུམ་བསྐྱལ་འོང་དུས། གོ་སྐབས་བཙལ་
ནས་ཚུལ་ཁྲིམས་རྒྱ་མཚོ་ལ་བཤད་རྒྱ་མེད་ན་བཤད་རྒྱུ་བཙལ་བ་དང༌། མིག་གི་མདངས་ལས་བྱུང་བའི་བརྩེ་དུངས་དེ་རང་དབང་མེད་པར་ཚུལ་ཁྲིམས་
རྒྱ་མཚོ་ལ་ཤོར་བ་རེད། ཚུལ་ཁྲིམས་རྒྱ་མཚོས་རབ་བྱུང་གི་རྟགས་དོར་ནས་དགེ་རྒན་བྱེད་པའི་ཉིན་མོ་དེ་དག་གི་རིང་ལ། ཁོ་མོ་ནི་སྦྲང་རྩི་འཛིན་པའི་
བུང་བ་ཞིག་དང་འདྲ་བར་ཚུལ་ཁྲིམས་རྒྱ་མཚོའི་ཉེ་འཁོར་དུ་འཕུར་ལྡིང་བྱས་མྱོང་བ་དང༌། ཐབས་ལམ་སྣ་ཚོགས་བརྒྱུད་ནས་སེམས་ཀྱི་བརྩེ་དུངས་ཀྱང་
བསྟན་མྱོང༌། ཚུལ་ཁྲིམས་རྒྱ་མཚོའི་སེམས་ཀྱི་མཚོ་མོ་ལས་ཀྱང་དུངས་པའི་རྦ་རླབས་འཕྱུར་མྱོང་མོད། ད་ནི་ཁོང་རྙི་ལ་ཐེབས་པའི་བྱིའུ་དང་བཙོན་ལ་
བཀག་པའི་ཉེས་ཅན་ཞིག་ཡིན་སྟབས་དེ་ཚོ་ལ་བསམ་བློ་གཏོང་བ་ནི་སྙིང་བོ་མེད་པའི་བྱ་བ་ཤ་སྟག་རེད། ཡིན་ན་ཡང༌། ཁོའི་དྲན་ཤེས་ཀྱི་ཆུ་བོའི་རྒྱུན་
བཟང་དེ་མུ་མཐུད་ནས་ཁོ་མོའི་ཕྱོགས་སུ་བཞུར་བ་དང༌། རྣམ་ཤེས་ཀྱི་བུང་བའི་འདབ་གཤོག་དེ་མུ་མཐུད་ནས་ཁོ་མོའི་ཕྱོགས་སུ་སྐྱོད་བཞིན་འདུག
“……གལ་སྲིད་ཉིན་ཞིག་ལ་འཇིག་རྟེན་འདིའི་ཐོག་གི་མི་ཐམས་ཅད་རབ་ཏུ་བྱུང་བ་ཡིན་ན། སོ་ནམ་སུ་ཡིས་བྱེད། ནོར་ལུག་སུ་ཡིས་
འཚོ། ཡོན་བདག་མེད་པའི་མཆོད་གནས་དེ་སྐྱིད་པོ་རང་འོང་བ་དཀའ་མོ་ཡིན། དེ་ལས་ཀྱང་ཚབས་ཆེ་བ་ནི། རིགས་རྒྱུད་སུ་ཡིས་སྤེལ། རིགས་རྒྱུད་སྤེལ་
མཁན་མེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་ཤེས་གང་གི་ལྷུམས་སུ་འཇུག སྤྲུལ་བའི་སྐུ་ཡང་ཇི་ལྟར་
འབྱུང༌། གལ་སྲིད་རིགས་རྒྱུད་ཆད་ན་ དམ་པའི་ཆོས་ཀྱང་བཤད་སའི་ཡུལ་མེད། དར་སའི་གནས་མེད་པར་འཇིག་པར་མི་འགྱུར་གྲང༌། ཨ་ཙི། སྔོན་ཆད་
ངའི་སེམས་ལ་རྒྱུ་མཚན་དེ་དག་མ་དྲན་པ་ཅི་ཡིན་ནམ།……”
ཚུལ་ཁྲིམས་རྒྱ་མཚོས་བསམགཞིགས་བྱེད་བཞིན་དུ་བློ་སེམས་ཉིས་འགལ་དུ་གྱུར་པ་དང༌། བསམ་པ་ལ་གཡོ་འགུལ་ཆེན་པོ་བྱུང༌།
སྐབས་དེར་ཚུལ་ཁྲིམས་རྒྱ་མཚོ་གློ་བུར་དུ་བཙོན་གྲོལ་བཏང་སོང༌། ལོ་བཅུ་བདུན་འགོར་ བ་ཡིན་ནམ། མཛུབ་རྩིས་རྒྱག་དུས་ལོ་གསུམ་ལས་
འགོར་མི་འདུག ཁོ་རང་བཙོན་གྲོལ་བཏང་ བའི་རྒྱུ་མཚན་ཅི་ཡིན་པ་ནི་དང་ཐོག་ཁོ་རང་བཙོན་དུ་བཅུག་པ་དང་འདྲ་བར་ཚུལ་ཁྲིམས་རྒྱ་ མཚོ་ལ་ཆ་
རྒྱུས་གཏན་ནས་མེད། ཕལ་ཆེར་དེ་ནི་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། ལས་ རྒྱུ་འབྲས་ཀྱི་རྣམ་སྨིན་ལས་བྱུང་བ་ཡིན་ལས་ཆེ། གང་ལྟར་ཀྱང༌།
བཙོན་གྲོལ་བཏང་ཟིན་པས་ དགའ་སྤྲོ་མི་སྐྱེས་ཅི་ལ་སྲིད། ཡིན་ན་ཡང༌། ཕྱོགས་གང་ལ་འགྲོ་རྒྱུ། ཨ་མ་ནི་གཤེགས་ཚར། ཨ་ཕ་ནི་ གར་ཡོད་མི་ངེས། ཨ་ཁུ་
ཡང་ཤི་སོང་བས་འགྲོ་ས་གང་ན་ཡོད།
ཚུལ་ཁྲིམས་རྒྱ་མཚོས་སླར་ཡང་ཁོ་མོ་སེམས་ལ་ཤར་བྱུང༌། “དེ་རེད། ཁོ་མོ་འཚོལ་དུ་འགྲོ། བཤད་སྒྲུབ་ནི་རང་ཉིད་ཆེར་སྐྱེས་ས་ཡིན་པས་དེ་
ལ་ཆས་འགྲོ།”
དེ་ལྟར་ཚུལ་ཁྲིམས་རྒྱ་མཚོ་སླར་ཡང་བཤད་སྒྲུབ་ཕྱོགས་ལ་ཆས་པའོ། །
《ཚུལ་ཁྲིམས་རྒྱ་མཚོ》ཞེས་པའི་གཏམ་རྒྱུད་དེ་ནི་གཞན་གྱི་ངག་སྒྲོས་ལས་ ཐོས་པ་མ་ གཏོགས། ང་རང་ཉིད་ཀྱིས་ཚུལ་ཁྲིམས་རྒྱ་མཚོ་ངོ་
མི་ཤེས་པ་དང༌། ཁོང་གི་ལུས་ཀྱི་ཆ་བྱད་དང་ གདོང་གི་རྣམ་པ་ཇི་ལྟ་བུ་ཡིན་པ་ནི་དེ་བས་ཀྱང་མི་ཤེས་པར་མ་ཟད། བཙོན་གྲོལ་བཏང་ནས་ བཤད་སྒྲུབ་
ལ་ཕེབས་རྗེས་ཁོང་གི་འཚོ་བ་ལ་འགྱུར་ལྡོག་ཅི་འདྲ་བྱུང་བའི་གནས་ཚུལ་ཡང་མི་ ཤེས་པས། ངས་རྨོངས་ཚོད་དང་ཕོ་ཚོད་ཀྱིས་གཞན་གྱི་ཟེར་སྒྲོས་ཙམ་
བཀོད་པའི་གཏམ་རྒྱུད་དེ་ལྟ་བུ་ཞིག་བྲིས་པ་དེས་ཀློག་མཁན་རྣམས་ལ་ཕོག་ཐུག་གཏོང་ངེས་པར་མ་ཟད། ང་རང་ཉིད་ ལའང་མི་འདོད་པའི་གཏམ་
དང་མི་ཁ་མང་བོ་ཞིག་འཁོར་ངེས་རེད། གལ་སྲིད་ང་རང་གཏམ་ རྒྱུད་འདི་ལྟ་བུ་རྩོམ་པའི་ལས་དང་པོ་བ་ཞིག་ཡིན་རྒྱུ་ན་ངོ་ཚ་རྒྱབ་ལ་དོར་ནས་རྣ་
ལག་པས་བཀབ་སྟེ་བསྡད་ནའང་མི་ཆོག་རྒྱུ་ཅང་མེད་མོད། འོན་ཀྱང……འོན་ཀྱང……འེ། བྲག་ཐེམ་པའི་སྐས་ལ་འགོས་ཁ་སླ་ཡང་འབབ་ཁ་དཀའ་
ཟེར་བ་དེ་འོ་མ་རེད། ད་ཅི་བྱུང་ན་ཡང་བྱུང༌། གདོང་ལ་འབག་གོན་ནས་འཆམ་མི་རྟག་ཀ་མེད་རེད། བོང་སྐྱ་ལིར་ཞོན་ནས་སྟོད་དབུས་ལམ་གཅོད་
མཁན་ཡང་མེད་པ་མིན་ལ། ཁྱི་མེད་ན་བྱི་ལས་ཀྱང་རུས་པ་མུར་ཆོག་ཅིང༌། བྱ་མེད་སར་བོང་བུས་ཀྱང་ནམ་ཚོད་བཟུང་ཆོག་པ་ཡིན། ཡིན་ན་ཡང༌། ཀ་
མེད་པའི་གདུང་མ་ནི་བརྟན་ཚུལ་མེད་ལ། ཁབ་མེད་པའི་ཚེམ་བུ་ནི་ག་ལ་ཡོང༌། ངོ་མ། རང་སེམས་རང་གིས་གསོས་ན་དགའ་ཀྲོག་ཀྲོག་དང༌། རང་མགོ་
རང་གིས་གཡོགས་ན་ཏོབ་ཀྱི་ལི་ཟེར་བ་དེ་ཅིས་མ་བདེན《ཚུལ་ཁྲིམས་རྒྱ་མཚོ》 ཞེས་པའི་གཏམ་རྒྱུད་འདིའི་རྔ་མ་ཡེ་ནས་སྐྱོང་ཐབས་མི་འདུག
“ཐྲོག་ཐྲོག་ཐྲོག ཐྲིག”
གློ་བུར་དུ་ངའི་མལ་ཁང་གི་སྒོ་བརྡུངས་པའི་སྒྲ་འཚུབ་ཅན་ཞིག་གྲགས་པ་ཐོས་བྱུང༌།
“སུ་ཡིན། ནང་ལ་ཤོག”
ངས་འཐད་ལ་མི་འཐད་ཀྱི་སྒོ་ནས་དེ་སྐད་ལབ་པ་དང༌། ཁ་ཕྱིར་འཁོར་ནས་སྒོ་ཁར་བལྟས་ བསྡད་པ་ལ་ཡོང་མཁན་ནི་འདུག མ་ཐོས་པ་ཡིན་
ནམ་ཡང་ན་ཡོང་མ་ཕོད་པ་ཡིན། ངས་སླར་ ཡང་སྐད་ཆ་ཆེ་རུ་བཏང་སྟེ་སྐད་བརྒྱབ་ན་ཡང་ད་དུང་གྲགས་འགུལ་ཅི་ཡང་མི་འདུག ང་ལ་ བསམ་བཞིན་
དུ་ལན་ཚེགས་འདི་འདྲ་བསྐོལ་མཁན་དེ་སུ་ཡིན་ནམ། རང་རེའི་འཚོ་བའི་ནང་དུ་མི་སྐོར་ཞིག་ཡོད་པ་དེ་ཚོས་སློབ་སྦྱོང་མི་བྱེད་པ་དང་བྱ་བངའ་ནན་
ཏན་གྱིས་མི་སྒྲུབ་པར་ཁོམ་པ་ཨེན་ཙམ་བྱུང་ན་འདི་ཚང་གི་སྒོ་བརྡུངས་པ་དང་དེ་ཚང་གི་སྒེའུ་ཁུང་ནང་ཕག་ལྟ་བྱས་ཏེ་སྟོང་ བཤད་ཁོ་ནས་ཉི་མ་འཁྱོལ་
ཐབས་བྱེད་པ་དང༌། འདིའི་སྣ་དང་དེའི་ཁ་ཟེར་ནས་གཞན་ལ་ངན་ གཏམ་པར་མ་ཟད། རང་ཉིད་ལ་དགེ་མཚན་འདི་དང་དེ་ཡོད་ཚུལ། འཇོན་ཐང་ཅི་
འདྲ་ཆེ་ཚུལ་ སོགས་རྣ་མ་དགོས་ལབ་ལ་ཡང་མི་འགྲོ་བའི་གཏམ་སྦོམ་པོ་ཏག་ཏག་སྨྲས་ཏེ་ཕ་རོལ་པོའི་བྱ་བ་ལ་བར་ཆད་དང་གཏོར་བརླག་བྱེད་པར་
དགའ།
ཡ་མཚར་བ་ནི་ང་ལའང་དེ་འདྲའི་གྲོགས་པོ་ཁ་ཤས་ཡོད་པས། དེ་རིང་ཡང་ཁོ་ཚོ་ང་ལ་ལན་ཚེགས་སློང་དུ་འོང་བ་འདྲ་སྙམ། སྐབས་དེ་དག་དང་
འཕྲད་དུས་ཁོ་ཚོས་སྒོ་ཕྱེས་ནས་ནང་ལ་ འཛུལ་ཡོང་བ་ཡིན་མོད། འོན་ཀྱང་དེ་རིང་ནམ་རྒྱུན་དང་མི་འདྲ་བར། སྒོ་བརྡུངས་པའི་སྒྲ་དེ་ ཡང་བསྐྱར་
གྲགས་བྱུང༌། གལ་སྲིད་ཁོ་ཚོ་ཡིན་ན་གཤེ་གཤེ་ཚ་དྲག་པོ་ཞིག་གཏོང་དགོས་སྙམ་ནས་ཚིག་པ་ཟ་བཞིན་དུ་སྒོ་ཕྱེ་རུ་སོང་བ་ན། ཨ་ཙི། སྒོའགྲམ་ན་མི་ཆ་
མེད་ཅིག་ལངས་འདུག
མི་འདི་སུ་ཡིན་ནམ། ང་ལ་འདི་ལྟ་བུའི་ངོ་ཤེས་ནི་མེད། ཡིན་ན་ཡང༌། ཁོའི་ངོ་ཚུགས་ལས་ མདོ་སྨད་ཀྱི་བོད་རིགས་ཤིག་ཡིན་པ་ཤེས་ཐུབ་ལ།
བཟོ་ལྟ་ལ་བལྟས་ན་ཤེས་ཡོན་ཅན་ཞིག་ཡིན་ པའང་རྟོགས་སླ། ངས་ཁོ་ལ་ཞིབ་ལྟ་བྱེད་པའི་དུས་མཚུངས་སུ་ཁོས་ཀྱང་ང་ལ་ཞིབ་ལྟ་བྱེད་ཅིང་འདུག
གདོང་ཉག་གཟར་བོའི་ཐོག་གི་ཤེལ་མིག་མཐའ་ཤན་ནག་པོ་ཅན་དེའི་དཀྱིལ་ན། ལོ་མང་བོར་མིག་ཤེལ་བརྒྱབ་ནས་ཉོབ་ཡོད་པའི་མིག་ཆུང་ཆུང་གཉིས་
གཡོ་འགུལ་བར་མེད་དུ་བྱས་ནས་ཁྲ་རིལ་རིལ་བྱེད་པ་དང༌། དཔྲལ་བའི་དབྱེས་མཚམས་ཀྱི་ཟུར་གཉིས་ནས་སྐྲ་སོར་གསུམ་ བཞི་ ཙམ་ཟླ་གམ་དབྱིབས་
ཀྱིས་བྱིད་འདུག་ལ། ལེབ་ཞིང་ཆེ་བའི་རྣ་གཡོན་པའི་རྩ་ན་རྨེ་བ་ནག་པོ་སྲན་ལྒང་ལྟ་བུ་ཞིག་ཡོད་པ་དེའི་སྟེང་དུ་སྤུ་ཁམ་པ་རིང་ཐུང་གཉིས་སྐྱེས་འདུག
“ཁྱོད་ཀྱིས་སུ་འཚོལ་བ་ཡིན།”
“ཁྱོད།”
ཁོའི་གདོང་དབྱིབས་རིང་ཞིང་སྣ་ཉག་གཟར་བའི་ཐོག་ཏུ་གོན་པའི་ཤེལ་མིག་འོག་གི་མིག་ཆུང་བ་དེ་གཉིས་ལ་འཛུམ་ཞིག་ལངས་པ་དང༌། སྨིན་
མ་སྟུག་པོ་གཟེང་གཟེང་ཞིག་ བྱས་ཏེ་ཐད་ཀར་ངའི་མལ་ཁང་དུ་འཛུལ་ཡོང༌། མ་གཞིར། མི་དེ་ནི་སྟོད་སྒུར་ཞིག་རེད། ཡིན་ན་ ཡང༌། ཁོའི་རྒྱབ་གཟུགས་
ལ་ཞིབ་ལྟ་མ་བྱས་ན་ཁོའི་གཟུགས་ནི་དྲང་མོ་མདའ་འདྲ་བ་ཞིག་ཡིན་ པའི་འཁྲུལ་སྣང་སྐྱེས་ནའང་ཐང༌།
“ཨ—དཔེ་ཆ་མང་ག?!”
ཁོས་ངའི་མལ་ཁང་ནང་ལ་ཡར་ལྟ་མར་ལྟ་ཞིག་བྱས་རྗེས་དེ་ལྟར་བཤད། ཕལ་ཆེར་ངའི་དཔེ་སྒྲོམ་ནང་དང་ཅོག་ཙེའི་ཐོག མལ་ཁྲིའི་སྟེང་སོགས་
ལ་དེབ་སྣ་ཚོགས་ཀྱིས་ཁེངས་ཡོད་པ་མཐོང་ནས་ཡིད་སྨོན་སྐྱེས་པ་འདྲ། གཅིག་བྱས་ན་ངས་དཔེ་ཆ་དེ་ཚོ་ལ་གཡུག་ལུང་གཡུག་བྱས་ནས་ བཞག་ཡོད་
པས་ང་ལ་ཟུར་ཟ་བྱས་པ་མིན་པའི་གདེང་ཚོད་ནི་སུ་ལ་ཡོད།“འུན—མང་བས་མི་ཚད། ད་དུང་རྩ་ཆེན་རྐྱང་རྐྱང་རེད། ཡིན་ན་ཡང༌། ཨ། ཧ་ཧ་
ཧ……”
རང་རེའི་འཚོ་བའི་ནང་དུ། རང་ཉིད་ལོ་ན་རྒན་པ་དང༌། ཕོ་སྒོ་དང་མོ་སྒོ་ཅུང་ཟད་ཡོད་པ། ཡང་ན་ཁ་བདེ་བ་དང་ལྕེ་མགྱོགས་པ། བློ་རྣོ་ཞིང་
རིག་ལམ་ཅུང་མྱུར་བ། མདོར་ན་གཞན་ལས་ ལྷག་པའི་དགེ་མཚན་དང་བཟང་ཆ་ཕྲན་ཙམ་ཡོད་ན། དེ་ང་རྒྱལ་གྱི་མ་རྩར་བརྩིས་ཏེ་གཞན་ལ་སྨ་འབེབས་
དང་ཟུར་ཟ། འཕྱ་དམོད་སོགས་བྱེད་པར་མ་ཟད། རང་ཉིད་གནམ་ས་བར་སྣང་གང་དུ་གནས་པའང་མི་ཤེས་པར་རྒན་ཚུགས་དང་ཆེ་ཚུགས་བཟུང་
ནས། འདི་མ་རེད་དང་དེ་འགྲིག་མ་སོང༌། འདི་ལྟར་བྱ་དགོས་དང་དེ་ལྟར་བསྒྲུབ་དགོས་ཞེས་ཁ་ཏ་བསླབ་བྱ་གནང་རྒྱུར་དགའ་ མཁན་ཧ་ཅང་མང༌།
ངས་མི་དེ་ཚོ་མཐོང་ཐེངས་རེར་ཞེ་མེར་ཞིང་ཡི་མུག་པའི་སྣང་བ་ཞིག་སྐྱེས་ འོང་བའི་ཕྱིར། ད་ཐེངས་མི་ཆ་མེད་འདིས་ཟུར་ཟའི་ཚིག་དང་འགྲོགས་པའི་
དགོད་སྒྲ་དེ་ཐོས་ སྐབས་ཀྱང་སྣང་བ་དེ་ལྟ་བུ་ཞིག་དབང་མེད་དུ་སྐྱེས་བྱུང་བས། ཁོ་ལ་རྣམ་འགྱུར་ཡག་པོ་དང་ལྟ་ ཚུལ་བཟང་བོ་ཞིག་འཛིན་ག་ལ་སྲིད།
སྐབས་དེར། ཁོ་རྐུབ་སྟེགས་ཐོག་ཏུ་ཙོག་པ་དང༌། ལག་པ་གཡོན་པས་ཤེལ་མིག་ཡར་འདེད་ ཙམ་བྱས་རྗེས། “ཨ། དེ་རིང་ཚ་བ་ཆེན་པོ་འདུག ཆུ་ཞིག་མི་ལྡུད་ལ”ཟེར།
ཁོའི་ཚིག་དེས་ང་རང་གློ་བུར་དུ་དམ་ལ་བཏགས་པ་དང༌། ངའི་ངོ་ནི་སྐད་ཅིག་དེ་ཉིད་ལ་ཚ་ལམ་ལམ་དུ་གྱུར་སོང༌། ངོ་མ། མགྲོན་པོ་ཁྱིམ་ལ་
ཡོང་ན་ཇ་ཕོར་བ་གང་ཡང་མི་ལྡུད་པར་འཁང་ སེམས་འཛིན་པའདི་བོད་ཀྱི་ལུགས་སྲོལ་དང་ཡེ་ནས་མི་མཐུན་པ་ཞིག་རེད། ང་རྟབ་རྟབ་པོར་ཕར་སོང་
ནས་ཇ་སྒྲོམ་གྱི་ཁ་ཕྱེས་པ་ན་ཇ་ལོ་གཅིག་ཀྱང་མི་འདུག ད་ནི་ངོ་ཚ་བའི་ཐོག་ལ་ཁ་ཡང་སྐྱེངས་དགོས་བྱུང་སོང༌། དེར་ངས་ཁོ་ལ་ཆུ་ཁོལ་ཤེལ་དཀར་གང་
བླུགས་ནས། “དགོངས་པ་མ་ཚོམས། ཁྱོད་ཀྱིས་སྔོན་ལ་འདི་འཐུངས་དང༌། ང་ཇ་ཞིག་ཉོ་རུ་འགྲོ”ཞེས་བཤད་པ་ལ། ཁོ་གད་མོ་དགོད་བཞིན་དུ། “འགྲོ་མི་
དགོས། འགྲོ་མི་དགོས་ ཆུ་རྒོད(ཁོལ)བཏུང་ན་བུ་རྒོད་ཡིན་ཟེར་བ་མ་ཐོས་སམ”ཟེར།
ངས་ཀྱང་ཁོའི་ཁ་ཐོག་ལ་མི་འཇོག་ཀ་མེད་བྱུང༌། དྲང་མོར་བཤད་ན་ངའི་སྒོར་ཁུག་ཁ་སང་ ནས་ཐུར་ལ་སྤྲུགས་ཚར་སོང༌། ཆུ་ཁོལ་ཚ་འདེས་
ཡིན་ན་ཡང༌། ཁོས་ཕུ་འདེབས་ཞོར་དུ་ཧུར་སྒྲ་ དང་བཅས་ཏེ་འཐུང་གིན་འདུག ངོ་མ་ཁ་སྐོམ་ཡོད་པ་འདྲ། བལྟས་བལྟས་རིག་རིག་ལ་ཆུ་ཁོལ་ ཕོར་བ་
གང་བཏུང་ཚར་སོང༌། ངས་སླར་ཡང་ཁོ་ལ་ཆུ་གང་བླུགས་པ་ཡིན།
“ཕལ་ཆེར་ངས་ཁྱོད་ཀྱི་བྱ་བ་ལ་བར་ཆད་བྱས་པ་འདྲ། ཡིན་ན་ཡང༌། ང་ནི་དོན་མེད་དུ་ ལྡོམ་ནས་ཡོང་བ་ཞིག་མིན། མ་གཞིར་འུ་གཉིས་
ཀྱིས་སྔ་མོ་ནས་ངོ་ཤེས་བཅས་ཆོག་ན་ཡང༌། ས་ཁ་ཐག་རིང་བས་ངོ་ཤེས་མ་ཐུབ། ང་ད་ཐེངས་པེ་ཅིན་ལ་ཚོགས་འདུ་ཞིག་འཚོགས་སུ་ཡོང་བ་ཡིན། དོ་ནུབ་
ཆུ་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་ཐོག་མེ་འཁོར་ལ་བསྡད་ནས་ཕྱིར་ལོག་འགྲོ་རྒྱུ་ཡིན། འདི། མེ་འཁོར་གྱི་འཛིན་བྱང་ཡིན།”
ཕལ་ཆེར་ཁོ་རང་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པ་འདྲ། ཅི་ཡིན་ནའང་ཡིན་དུ་ཆུག ཁྱོད་ཚོའི་ལས་ཀ་ནི་ས་ཆེ་ས་དང་མཁར་སྐྱིད་ས་ནས་
ཚོགས་འདུ་འཚོགས་རྒྱུ་དེ་ཡིན་པས། དོ་ནུབ་འགྲོ་ནའང་འདྲ། སང་ལོ་ལོག་ནའང་འདྲ། ང་ལ་འབྲེལ་བ་ཅི་ཞིག་ཡོད། ད་ནི་ཁྱོད་ཀྱི་སྐོམ་སོད་ཡོད་ ལས་
ཆེ་བས། ད་ལྟ་རང་ལོག་ན་ཅི་མ་རུང་སྙམ་བྱུང༌།
“ཁྱོད་ཀྱི་རྩོམ་ཡིག་དེ་ངས་ཐེངས་ཁ་ཤས་ལ་བཀླགས་པ་ཡིན། རྩོམ་ཡག་པོ་ཞིག་འཁྱོངས་འདུག ཡིན་ན་ཡང༌། འུན—ཁྱོད་ཀྱིས་ཚུལ་ཁྲིམས་
རྒྱ་མཚོ་ངོ་མི་ཤེས་པ་འདྲ། དེ་ལོས་ཡིན། ངོ་ཤེས་སྲིད་ཀྱི་མ་རེད”བསྟོད་པས་མི་མགུ་སུ་ཡང་མེད་ཟེར་བ་དེ་ངོ་མ་རེད། ཁོས་ང་ལ་ངོ་བསྟོད་བྱས་པས་
ངའི་སེམས་ལ་དགའ་བའི་མེ་ཏོག་བཞད་པ་དང༌། མི་ཆ་མེད་འདི་སྙིང་ཉེ་ཞིང་བློ་མཐུན་པ་ཞིག་ཡིན་པའི་སྣང་བ་སྐྱེས་བྱུང༌། ངའི་སེམས་ལ། མི་འདིས་ཁོ་
དོན་མེད་དུ་ཡོང་མ་མིན་ཟེར་བ་དང༌། ངའི་རྩོམ་ཡིག་ཀྱང་ཐེངས་འགར་བཀླགས་མྱོང་བར་མ་ཟད། ཚུལ་ཁྲིམས་རྒྱ་མཚོ་དང་ངེད་གཉིས་ངོ་མི་ཤེས་
པའང་རྟོགས་ཡོད་པས། ཕལ་ཆེར་མི་འདི་ནི་ཚུལ་ཁྲིམས་རྒྱ་མཚོའི་གྲོགས་པོ་ ཞིག་ཡིན་སྲིད་པ་དང༌། མ་མཐའ་ཡང་ཚུལ་ཁྲིམས་རྒྱ་མཚོ་ལ་གསལ་ཆ་ཡོད་
པའི་མི་ཞིག་ཡིན་རྒྱུ་ རེད། ངའི་སྐྱིད་འདི་གང་ལ་འཇོག ད་ནི་ཚུལ་ཁྲིམས་རྒྱ་མཚོ་ལ་ཆ་རྒྱུས་ཡོད་པའི་མི་ཞིག་དང་ འཕྲད་སོང་བས། གཏམ་རྒྱུད་དེའི་
མཇུག་སྐྱོང་ཐུབ་མིན་ལ་ཐེ་ཚོམ་ཟ་མི་དགོས་པ་དང༌། ང་རང་གཅིག་པུ་ཁང་མིག་འདིར་བསྡད་དེ་ཐ་མག་རྩྭ་སྲེག་སྒྲོན་སྒྲོན་བྱས་ནས་བསམ་བློ་དེ་འདྲ་
མང་བོ་གཏོང་མི་དགོས་ལ། ལྷག་པར་དུ་དར་ར་རུ་རྩི་བྱས་ཏེ་ཞོ་དང་རུས་ཞག་མར་ལོར་བརྩིས་ཏེ་རྩམ་ པ་བརྫི་མི་དགོས་པར་མ་ཟད། ཨ་ཀྲད་ལ་ཨབ་
སྐུད་དང་ཕྱིང་བ་ལ་བསྡོགས་པའང་བྱ་མི་དགོས་ པས། ང་རང་དགའ་སྤྲོ་མི་སྐྱེས་ཅི་ལ་སྲིད།
“ཨ་ཁུ། ཁྱེད་ཀྱིས་ཚུལ་ཁྲིམས་རྒྱ་མཚོ་ངོ་ཤེས་སམ།”
ངས་སེམས་ཀྱི་སྤྲོ་སྣང་ནོན་མ་ཐུབ་པར་དེ་ལྟར་དྲིས་པ་ལ། ཁོང་གིས་ཁ་ལ་ཁྱེར་བའི་ཕོར་བ་སླར་ཡང་མདུན་འཇོག་ཐོག་བཞག་པ་དང༌། མིག་
ཤེལ་ཡར་ལ་འདེད་ཙམ་བྱེད་པའི་མོད་ལ་ འཛུམ་བག་དང་བཅས་ཏེ་ངོ་ཤེས་པའི་ཚུགས་ཀ་ཞིག་བསྟན། སྐབས་དེར་ངའི་སེམས་ནས་ཁོང་ལ་བརྩི་བཀུར་
ཞུས་ཤིང༌། ངག་ལས་ཞེ་སའི་ཚིག་ཐོན་པར་མ་ཟད། ཁོང་གི་རྣ་རྩ་ན་ཡོད་པའི་རྨེ་བ་ནག་པོ་དང་དེའི་ཐོག་ཏུ་སྐྱེས་པའི་སྤུ་རིང་ཐུང་གཉིས་ཀའང་སྙིང་ཉེ་
ཞིང་ཡིད་དུ་འོང་བའི་སྣང་བ་ཞིག་སྐྱེས་བྱུང༌།
“ད་བྱ་བ་ལམ་ལ་བུད་ཐལ། ཨ་ཁུ། དྲང་མོར་བཤད་ན། ངས་གཏམ་རྒྱུད་དེ་བྲིས་ནས་ཚར་རྗེས་གློ་དགའ་ཞིང་སེམས་སྐྱིད་པ་ཞིག་བྱུང་ན་
ཡང༌། རྩོམ་སྒྲིག་ཁང་ལ་བསྐུར་རྗེས་ངོ་མ་འགྱོད་པ་སྐྱེས་བྱུང༌། རྒྱུ་མཚན་ངས་མ་བཤད་ནའང་ཁྱེད་ཀྱིས་ཤེས་གསལ་ལྟར་རེད། 《ཚུལ་ཁྲིམས་རྒྱ་
མཚོ》ཡིས་ང་ལ་འུ་ཐུག་ཏུ་བཅུག་སོང༌། ཁྱེད་ཀྱིས་གཟིགས་དང༌། མ་ཡིག་འདི་འདྲ་མང་བོ་ ཞིག་བྲིས་ཀྱང་ཡིད་ཚིམ་པ་ཞིག་མི་འོང་བར་འདུག”
ངས་རང་གིས་བྲིས་པའི《ཚུལ་ཁྲིམས་ རྒྱ་མཚོ》ཞེས་པའི་གཏམ་རྒྱུད་ཀྱི་མ་ཡིག་ཡང་བྲིས་ཡང་བསུབ་བྱས་པ་དེ་ཁོང་ལ་བསྟན་པ་ཡིན།
ཁོང་གིས་ངས་བྲིས་པའི་མ་ཡིག་མཐུག་པོ་དེ་ཤོག་ལྷེ་རེ་རེ་བཞིན་ཕར་ལ་སློག་བཞིན་ཁོང་ འཛུམ་དང་བཅས་ཏེ་བཤད་རྒྱུར། “ངས་བལྟས་
ན། ཁྱོད་ནི་རང་སྡུག་རིན་གྱིས་ཉོ་མཁན་ཞིག་རེད། དཀའ་ལས་འདི་ལྟ་བུ་ཞིག་མྱོང་དོན་མེད། ཚུལ་ཁྲིམས་རྒྱ་མཚོ་ནི་མི་སྤྱིར་བཏང་ནང་གི་ ཡང་བཏང་
བ་ཞིག་རེད། ཁོའི་གནས་ཚུལ་ནི་འབྲི་རིན་མེད་ལ་བྲིས་ནའང་ཕན་ཐོགས་མི་འབྱུང༌། གལ་སྲིད་ང་ཁྱོད་ཡིན་རྒྱུ་ན་ཡིག་འབྲུ་གཅིག་ཀྱང་མི་འབྲི།”
མ་གཞིར། ཁོས་ང་བཙལ་དོན་དེ་འདྲ་ཞིག་རེད། ཁོའི་ཚིག་དེ་དག་གིས་ངས་ཉིན་ཞག་མང་ བོའི་རིང་ལ་དཀའ་ལས་བྱས་ནས་བྲིས་པའི་རྩོམ་ཡིག་དེ་རིན་
ཐང་ཅི་ཡང་མེད་པའི་གྲས་སུ་ བཞག་པར་མ་ཟད། ལྷག་པར་དུ་ངའི་སེམས་ལ་གོ་གནས་གལ་ཆེན་བཟུང་ཡོད་པའི་བོད་ཀྱི་ཤེས་ཡོན་ཅན་ཞིག་ལ་སྨ་
འབེབས་བྱས་པ་ཡིན་པས། ངའི་སྙིང་རླུང་སྟོད་ལ་འཚང་དུ་བཅུག་པ་དང་ སྲོག་རླུང་སྙིང་ལ་ཞུགས་སུ་བཅུག ངའི་མིག་ལམ་དུ་མི་འདི་མི་རན་པ་དང༌།
ཙི་གུའི་མིག་ལྟ་བུ་དེ་སྤྱང་ཁུའི་གདང་འདྲ་བའིསྟེང་ན་མི་སྡུག་པའི་ཉམས་དང་བཅས་ཏེ་གཡོ་བ་དང༌། བོང་རྒན་ གྱི་རྣ་བ་ལྟ་བུའི་འོག་གི་རྨེ་བ་དེ་ཡང་
འབུ་སྡོམ་ཞིག་དང་མཚུངས་པའི་སྣང་བ་སྐྱེས་བྱུང༌།
“ཁྱོད་ཀྱིས་གཏམ་སྦོམ་པོ་དེ་འདྲ་མ་བཤད། ངས་བྲིས་པའི་གཏམ་རྒྱུད་དེ་མི་ལེགས་ ནའང་ཐང༌། ཡིན་ན་ཡང༌། ཁོད་ཀྱིས་ཁ་ངན་ནང་ནས་
ཚིག་ངན་སྨོས་ཏེ་ཚུལ་ཁྲིམས་རྒྱ་མཚོ་ཁོང་ལ་སྨ་འབེབས་བྱས་མི་ཆོག ཚུལ་ཁྲིམས་རྒྱ་མཚོ་ནི་ཏང་དང་མི་དམངས་ལ་བློ་དཀར་ཞིང༌། རྒྱུ་ འབྲས་ལ་བརྩི་
མཐོང་ཆེ་བ། བདག་པས་གཞན་གཅེས་སུ་འཛིན་པའི་མི་བླ་མེད་ཅིག་ཡིན། ངས་ ཁོང་གི་གནས་ཚུལ་ཞིབ་མོ་མི་ཤེས་པ་བདེན་ཡང༌། ཁོང་ལ་ཆུ་ཤེལ་དང་
འདྲ་བའི་བསམ་པ། རྡོ་རྗེ་དང་འདྲ་བའི་གཤིས་ཀ ཁ་བཏགས་དང་འདྲ་བའི་ངང་རྒྱུད། རྒྱ་མཚོ་དང་འདྲ་བའི་ཡོན་ཏན་ ཡོད་པས། མི་རང་དགར་བ་
ཞིག་ག་ལ་ཡིན། བོད་ཀྱི་ཤེས་ཡོན་ཅན་འདི་ལྟ་བུ་ཞིག་གི་སྣང་བརྙན་དེ་རྩོམ་རིག་གི་ལམ་ནས་མཚོན་པར་བྱ་རྒྱུ་ནི་ངའི་ལས་འགན་ ཡིན་ལ། ང་ཚོའི་མི་
རབས་ཕྱི་མ་ རྣམས་ལ་བོད་ཀྱི་མཁས་པ་ཞིག་བརྒྱུད་མྱོང་བའི་ཁོད་མི་སྙོམས་ཤིང་ཀྱག་ཀྱོག་ཆེ་བའི་འཚོ་བའི་ བགྲོད་ལམ་དང༌། བོད་ཀྱི་མཁས་པ་ཞིག་
གིས་བགྲོད་ལམ་དེའི་སྟེང་དུ་བཞག་པའི་དགའ་སྐྱོ་ འདྲེས་མའི་ཞབས་རྗེས་རྣམས་སྟོན་རྒྱུ་ནི་ངའི་འདོད་མོས་ཡིན་པས། ང་འཆུགས་མེད།”
ངའི་ཚིག་འདི་ཁོའི་མཚང་ལ་ཕོག་པ་ཡིན་ནམ། ཡང་ན་ཁོས་རང་གིས་ལབ་པའི་གཏམ་དེ་ ནོར་སོང་སྙམ་ནས་འགྱོད་པ་སྐྱེས་པ་ཅི་ཡིན་མི་ཤེས་
མོད། འོན་ཀྱང་མགྲོན་པོ་ཆ་མེད་དེའི་ གདོང་མདོག་གློ་བུར་དུ་གྱུར་ཅིང༌། མིག་གི་མཐའ་ལ་མཆི་མའི་མེ་ཏོག་གིས་ཁེངས་པར་མ་ཟད། དབུགས་ཀྱི་རྒྱུ་བ་
ཇེ་མགྱོགས་ཇེ་འཚུབ་ཏུ་འགྲོ་བའི་འགྲོས་དང་བསྟུན་ནས། རྣ་རྩའི་རྨེ་བ་དེ་ཡང་ཇེ་ཆེ་ཇེ་ནག་ཏུ་འགྲོ་བ་འདྲ། ངའི་སེམས་ལ་ད་ལྟ་མགྲོན་པོ་ཁ་ཕོ་ཅན་
འདིལ་ཁ་གྲགས་རྒྱུ་མེད་ པར་བཟོས་པར་མ་ཟད། དབུགས་ཐེངས་གཅིག་གིས་གོ་རིམ་ལྡན་ཞིང་གཏན་ཚིགས་བཙན་པའི་སྐད་ཆ་དེ་འདྲ་མང་བོ་ཞིག་ཆུ་
བཞུར་བཞུར་དང་སེར་བ་འབབ་འབབ། ཐོག་ལྡིར་ལྡིར། གློག་ འཁྱུག་འཁྱུག་བྱས་ནས་བཤད་ཐུབ་སོང་བསམ་ནས་ང་རྒྱལ་ཞིག་སྐྱེས་བྱུང༌།
“ངོ་མ། ཁྱོད་འཆུགས་མི་འདུག ཁྱོད་ཀྱིས་འབྲི་འདོད་ན་ཕྲིས་ལ། ཚུལ་ཁྲིམས་རྒྱ་མཚོ་ང་ཡིན།”
“ཨ?”
ཀྭ་ཡེ་ཀློག་མཁན་རྣམ་པ་ལགས། ད་ལྟ་ཁྱེད་ཅག་ཡིད་ཆེས་སོང་ངམ། ངའི་མདུན་དུ་ཡོད་ པའི་མི་འདི་ནི་ཚུལ་ཁྲིམས་རྒྱ་མཚོ་རེད། གལ་སྲིད་ཁྱེད་
ཅག་ཀྱང་ང་དང་འདྲ་བའི་གནས་སུ་ཡོད་རྒྱུ་ན། ང་དང་འདྲ་བར་ཧ་ལས་པ་དང་ཡིད་འགུལ་བར་མ་ཟད། ང་དང་འདྲ་བར་བློ་དགའ་ཞིང་སེམས་སྐྱིད་པོ་
ཞིག་ཡིན་རྒྱུ་རེད། ངས་རང་གི་ངན་རྟགས་དེ་དག་ལ་ནོངས་འགྱོད་སྐྱེས་བཞིན། ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་ལ་གཏམ་དྲིས་པ་ཡིན། ད་ནི་ཉིན་གུང་གི་ཆུ་
ཚོད་དང་པོ་ལ་བསླེབས་ འདུག ཁོང་དོ་ནུབ་ཆུ་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་ཐོག་ཕ་ཡུལ་དུ་ལོག་དགོས་པས། དུས་ ཚོད་ནི་ཅི་འདྲའི་རིན་ཐང་ཆེ་བ་
ཞིག་རེད་ཨང༌། སྟབས་ལེགས་ནས་ད་དུང་ཆུ་ཚོད་ལྔ་དྲུག་ཙམ་ ལ་ཁ་བརྡ་བྱས་ཆོག འོག་ཏུ་འབྱུང་བའི་གཏམ་རྒྱུད་རྣམས་ནི་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོས་
ང་ལ་ གསུངས་པ་ཡིན་ལ། ངས་ཁོང་གིས་གསུང་ཚིག་རྣམས་ཇི་མ་ཇི་བཞིན་དུ་ཟིན་བྲིས་བཏབ་པ་ལས་ཚིག་གཅིག་ཀྱང་སྣོན་འཕྲི་བྱས་མེད་པས་ཁྱེད་
ཚོས་བློས་བཀལ་ནས་གཟིགས་ཆོག ། གཅིག
ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོས་བཤད་རྒྱུར—
ང་རང་ཆུང་ངུའི་དུས་ཀྱི་གནས་ཚུལ་དང༌། ཡབ་ཡུམ་གཉིས་ཀྱི་ལོ་རྒྱུས། ལྷ་སར་སོང་བ་དང་བཙོན་ཁང་དུ་བཅུག་པ་སོགས་ནི་ཁྱོད་ཀྱིས་བྲིས་
པའི་གཏམ་རྒྱུད་ནང་བཤད་ཟིན་པས། ངས་ བསྐྱར་བཟློས་མི་བྱེད། ཡིན་ན་ཡང༌། དྲང་མོར་བཤད་ན། ང་རང་ནི་ཁྱོད་ཀྱིས་གཏམ་རྒྱུད་ནང་དུ་བྲིས་པའི་
མི་དེ་ལྟ་བུ་ཞིག་མིན། ལས་རྒྱུ་འབྲས་ལ་དེ་དུས་ནས་བཟུང་ཡིད་ཆེས་པ་དང༌། རང་གི་བྱ་བ་དང་སྤྱོད་པ་རྣམས་ཀྱང་ལས་རྒྱུ་འབྲས་ལ་སྒོ་བསྟུན་ཅི་ཐུབ་
བྱས་པ་ཡིན་མོད། འོན་ཀྱང་དོན་ དག་ཅིག་གི་ཐད་ ནས……ཧ་ཧ། གསེར་ཡིན་ན་ལྷག་མ་འདྲེས་པ་དང༌། མི་ཡིན་ན་སྐྱོན་མ་ གོས་པ་ཞིག་གང་ན་
ཡོད་ངས་རང་གི་གནོང་འགེབས་བསམ་པ་ནི་མིན། རང་རེའི་བླ་ཆེན་མི་ཆེན་ཚོ་ལའང་གཞན་ལ་གསང་དགོས་པ་དང་རང་ཉིད་ངོ་གནོང་དགོས་པའི་ཆ་
ཡོད་ན། ང་ལྟ་བུ་ནི་ཨ་ཅང་ཅང་རེད། ཁྱོད་ཀྱིས་ངའི་ཨ་མ་གྲོངས་པ་དང༌། ཨ་ཕ་གར་སོང་མི་ཤེས་ཤིང༌། ཨ་ཁུ་ཡང་ བཙོན་ཁང་དུ་ཤི་སོང་བས། ང་ལ་
འགྲོ་སའི་ཡུལ་དང་འཛུལ་སའི་ཁུང་མེད་པ་ལྟ་བུ་ཞིག་བྲིས་ འདུག་པ་དེ་ནོར་འདུག ང་ལ་སྤུན་ལས་ལྷག་པའི་གྲོགས་པོ་འགའ་ཞིག་ཡོད་པར་མ་ཟད།
རང་གིས་གསོ་སྐྱོང་བྱས་པའི་སློབ་མ་ཡང་མང་བོ་ཡོད། ནང་སྒོས་སུ……འེ……ཁྱོད་ཀྱིས་བྲིས་པའི་ཇོ་མོ་མར་ལོག་བྱས་པའི་སྦྱིན་བདག་དེ་ཁྱོད་
ཀྱིས་ད་དུང་བརྗེད་ཡོད་རྒྱུ་མ་རེད། ཁོ་མོའི་མིང་ལ་ལྷ་མོ་སྒྲོལ་མ་ཟེར། ཕལ་ཆེར་ཁྱོད་ཀྱིས་ངའི་སྙན་གྲགས་ལ་གནོད་རྒྱུ་རེད་བསམས་ནས་གསང་བ་དེ་ཚོ་
མ་བྲིས་པ་འདྲ། ཐ་ན“ཁོ་མོ”ཞེས་མོ་རྟགས་ཙམ་བྱིན་པ་ལས་མིང་ཡང་བཤད་མ་ ཕོད་པར་འདུག མི་ཞིག་ཡིན་ན་གསང་བ་མེད་པ་ཞིག་ག་ལ་ཡོད།
ཁྱད་པར་ནི་ལ་ལས་གསང་ ཤེས་པ་དང་ལ་ལས་གསང་མི་ཤེས་པ་དེ་རེད། ཡིན་ན་ཡང༌། ཁྱོད་ཀྱིས་ཇི་ལྟར་གསང་བ་བྱས་ན་ གཞན་གྱིས་དེ་ལྟར་ཤེས་
འགྲོ་བར་མ་ཟད། ཕྱི་སྡེ་བའི་ནང་ན་འུ་རུ་རུ་འགྲོ་དུས་རང་གིས་ད་དུང་ གསང་བ་ཞིག་ཡིན་འདོད་ནས་བསྡད་ཡོད་པས་མཐར་གཏུགས་ན་གཞན་གྱིས་
ཁྱོད་ལ་གསང་བ་བྱས་པ་ཞིག་རེད། སྐྱོན་ཅན་རྒྱལ་པོས་མི་ཁེབས། སྡིག་ཅན་བླ་མས་མི་འདྲོང་ཟེར་བ་ཡང་རྒྱུ་ མཚན་མེད་པ་ཞིག་ག་ལ་ཡིན། རླུང་ཚོགས་
པའི་གྱང་མེད་ལ་གསང་ཚུགས་པའི་སྣོད་དཀའ་བས། ངས་རང་གི་གནས་ཚུལ་བཤད་པའི་སྐབས་སུ་ཁྱོད་ལ་གསང་རྒྱུ་དང་སྦ་རྒྱུ་མེད་ལ། ཁྱོད་ཀྱིས་ངའི་
གཏམ་རྒྱུད་འབྲི་བའི་སྐབས་སུའང་རུམ་ལ་བསྡུ་རྒྱུ་དང་ས་ནས་འཇོག་རྒྱུ་མེད། ཡིན་ན་ཡང༌། འབྲི་དགོས་པ་འདུག་བསམ་པ་དེ་ཚོ་བྲིས། དགོས་པ་མི་
འདུག་བསམ་པ་དེ་ཚོ་གཡུག་ཞོག དེ་ནི་ཁྱོད་ཀྱི་རང་དབང་རེད། ཡ་ད་ངས་ཁྱོད་ལ་ངའི་གསང་བ་དེ་བཤད་ཡ།
དེ་ནི་ང་རང་ལོ་ན་གཞོན་པའི་དུས་རེད། དེ་དུས་ཨ་ཁུ་ལ་སྦྱིན་བདག་མང་བོ་ཡོད་ཀྱང༌། ངའི་སེམས་ལ་སྣང་བ་ཟབ་མོ་བཞག་པ་ནི་ལྷ་མོ་སྒྲོལ་མ་
རེད། ཁོ་མོ་ངའི་ཨ་ཁུ་ལ་དད་པ་ཡོད་པར་མ་ ཟད། ཇ་ཁོག་མ་གང་དང་རྩམ་པ་ཁྱོར་བ་གང་ཡོད་ན་ཡང་ཨ་ཁུ་དང་ངེད་གཉིས་ལ་ཕྱེད་བགོ་ བྱེད་པའི་
སྦྱིན་བདག་གཏོང་ཕོད་ཅན་ཞིག་ཀྱང་རེད། ཁོ་མོ་ང་ལས་ལོ་བཅུས་ཆུང་ཟེར་བ་དེ་ཁྱོད་ནོར་འདུག དེ་ནི་མི་གཞན་པ་ཞིག་ཡིན་པས་དེའི་རྒྱུ་མཚན་
རྣམས་གཞུག་ནས་བཤད་ཆོག སྔོན་ཆད་ཇོ་མོ་བྱས་སྟབས་སྐྲ་རིང་རྒྱུ་མེད་ན་ཡང༌། ཡོད་པ་རྣམས་གནག་ཅིང་སྣུམ་ལ་ཉག་མའང་སྦོམ་ཞིང་རགས། ཉིན་
ཞིག་ང་རང་བཤད་སྒྲུབ་ཆུ་ཁར་ལེན་དུསོང་བ་ཡིན། སྐབས་དེར་ང་རབ་ཏུ་བྱུང་ཡོད་ན་ཡང༌། ཆུ་ལེན་རྒྱུ་དང་བཟང་བཏུང་གི་གཡོ་སྦྱོར་བྱ་རྒྱུ་རྣམས་ནི་
ངའི་ལས་འགན་གཙོ་བོ་ ཡིན། ཉིན་དེར་ལྷ་མོ་སྒྲོལ་མས་ཀྱང་ཆུ་ཟོ་ཞིག་ཁུར་ནས་ཆུ་ཁར་ཡོང༌། ནམ་རྒྱུན་དུ་ཁོ་མོ་ནི་བུ་མོ་རྩེ་དགའ་ཅན་ཞིག་ཡིན་ཚོད་
འདུག་ཀྱང༌། རབ་བྱུང་གི་རྟགས་འཛིན་པའི་དགེ་སློང་གཞོན་ནུ་ཚོ་ལ་འཛུམ་ཞིག་ཀྱང་མི་སྟོན། ཡིན་ན་ཡང༌། ང་ལ་དམིགས་བསལ་ཡོད་པས། ངས་ཁོ་
མོའི་གདོང་གི་འཛུམ་མཐོང་ཐུབ་པར་མ་ཟད། ད་དུང་དགེ་སློང་གཞོན་ནུ་ཚོས་མཐོང་མི་ཐུབ་པའི་ཉམས་ཀྱང་མཐོང་ཐུབ། དེ་དུས་ང་རང་ནི་དགེ་སློང་
གི་སྡོམ་པ་ཡོད་པའི་གྲྭ་པ་ཞིག་ཡིན་སྟབས། རྒྱུད་ལ་ཉོན་མོངས་འདྲ་མ་སྐྱེས་ཀྱང༌། འདོད་ཆགས་ཀྱི་རྩ་བ་གཅད་རྒྱུ་ནི་ལས་སླ་མོ་ཞིག་མིན་པས། ཁོ་མོའི་
གདོང་གི་འཛུམ་དང་ལུས་ཀྱི་ཉམས་དེ་དག་མཐོང་སྐབས། བུ་མོ་མཛེས་མ་ཡིད་དུ་འོང་བ་ཞིག་ རེད་ཨང་སྙམ་པའི་བསམ་པ་འགོག་མེད་དུ་འཤར་བྱུང༌།
གལ་སྲིད་ང་ལ་སྡོམ་པ་མེད་པ་དང༌། ཨ་ཁུ་ལ་སྐྲག་མི་དགོས་པ་ཞིག་ཡིན་རྒྱུ་ན། ངའི་ཚེ་གཅིག་གི་གཏན་གྲོགས་སུ་མི་ལོན་རུང་ཞག་གཅིག་གི་རྩེ་ཡ་དགོད་
གྲོགས་ཤིག་བྱ་ཐུབ་ངེས་རེད།
“ཆུ་ལེན་དུ་ཡོང་བ་ཡིན་ནམ།”ནམ་རྒྱུན་དུའང་ངེད་གཉིས་འཕྲད་པའི་སྐབས་སུ་ཁྱོད་བདེ་ང་སྐྱིད་ཀྱི་གཏམ་ཐུང་ངུ་ལས་ཤོད་རྒྱུ་མེད་
པས། ཁོ་མོས་དེ་རིང་ང་ལ་དྲི་བ་དེ་ལྟ་བུ་ཞིག་ འདོན་པའི་སྐབས་སུའང“ཨོ་ལེ”ཞེས་ཡིག་འབྲུ་གཉིས་ཀྱིས་ལན་འཐུས་པ་བྱེད་པ་ལས་ ཐབས་ཅི་
ཡོད། སྐབས་དེར་ངའི་སེམས་ལ་འཆར་སྣང་སྣ་ཚོགས་སྐྱེས་པ་དང༌། ཡིད་ཀྱི་འགྱུར་བ་ ནི་རྒྱ་མཚོའི་རྦ་རླབས་དང་མཚུངས། སྡོམ་པ་ཟེར་བ་དེ་ནི་འཚོ་
བའི་བདེ་སྐྱིད་སྡོམ་བྱེད་ཀྱི་ལྕགས་ཐག་ཅིག་ཡིན་ལ། ལང་ཚོའི་འདུན་མ་འགོག་བྱེད་ཀྱི་བཙོན་ར་ཞིག་ཀྱང་རེད། ངས་ལྕགས་ཐག་གི་ཨ་ལོང་དེ་ལྟ་བུ་ཞིག་
རང་གི་སྐེ་ལ་གོན་ནས་བཙོན་ར་འདི་ལྟ་བུ་ཞིག་གི་ནང་དུ་འཛུལ་དོན་ཅི་ ཡིན། སྟོན་པ་ཡང་སངས་རྒྱས། ཁྱེད་ཀྱིས་དྲི་མ་མེད་པའི་གསུང་ཚིག་མང་བོ་
ཞིག་གསུངས་ཡོད་ན་ཡང༌། “དམ་བཅའ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ཡིན”ཞེས་པ་དེ་ལས་ཡང་དག་པ་ཞིག་མི་འདུག ངས་ཁྱེད་ཀྱི་རྗེས་འབྲངས་
ཏེ་སྡོམ་ཁྲིམས་སྲོག་དང་མིག་འབྲས་ལྟར་སྲུང་ཐུབ་པའི་དམ་བཅའ་པ་ཡིན་མོད། འོན་ཀྱང་ད་ལྟ་ཁོ་མོའི་གདོང་གི་འཛུམ་དང་ལུས་ཀྱི་ཉམས་མཐོང་
སྐབས། ད་གཟོད་རང་གི་དམ་བཅའ་དེ་ཡང་སྡུག་བསྔལ་གྱི་རྒྱུ་ཞིག་ཡིན་པ་ཧ་གོ་བ་དང༌། ཁྱེད་ཀྱི་གསུང་ ཚིག་དང་འགལ་བ་ཡིན་པ་གཞི་ནས་ཤེས་
སོང༌། ཡིན་ན་ཡང༌། ཁྱེད་ཀྱིས་ཕྱོགས་གཅིག་ནས་ང་ཚོ་ལ་སྡོམ་པ་སྲུང་བའི་དམ་བཅའ་འཇོག་ཏུ་བཅུག་པ་དང༌། ཕྱོགས་གཅིག་ནས་དམ་བཅའ་ཐམས་
ཅད་སྡུག་བསྔལ་གྱི་རྒྱུ་ཡིན་ཞེས་གསུང་དོན་ཅི་ཡིན་ནམ། ངས་ད་ལྟ་དབུ་མ་སྦྱོང་བའི་དབུ་ བཙུགས་པ་ཙམ་ལས། ཕར་ཕྱིན་སྦྱངས་ནས་ཕ་རོལ་ཏུ་ཕྱིན་
མེད་པས། ཁྱེད་ཀྱི་གསང་ཟབ་རྒྱ་ཆེའི་གསུང་རབ་མཐའ་དག་གི་དོན་ག་ལ་ཤེས་ཐུབ། ཁོ་མོ་སྟེ—དྭངས་ཤིང་གསལ་བའི་གདངས། ཕྲ་ཞིང་ལྡེམ་པའི་
ལུས། ཟླུམ་ཞིང་སྒོར་བའི་གདོང༌། ནག་ཅིང་གྲུང་བའི་མིག འཛུམ་ཞིང་དགོད་ པའི་ཚེམས……ཨ་ཙི། དེ་དང་དེ་ལྟ་བུའི“ཁོ་མོ”ཞིག་ངའི་སྙིང་
གི་སྒོ་སྲུབ་ཏུ་འཛུལ་སོང༌།
དེའི་རྗེས་སུའང་ངེད་གཉིས་ཐེངས་ཁ་ཤས་ལ་འཕྲད་མྱོང༌། ཁོ་མོའི་མིག་གི་མདངས་ནི་ ཐེངས་རེ་ལས་ཐེངས་རེར་རྒྱུན་ལྡན་མིན་པ་དང༌། ངའི་
ཁོག་གི་སྙིང་ཡང་ཐེངས་རེ་ལས་ཐེངས་ རེར་ལྡིང་ཚད་ཇེ་མགྱོགས་སུ་བུད་སོང༌། ཁོ་མོ་ལ་དེ་ལྟ་བུའི་སྟོབས་ཤུགས་དང་ཡིད་འགུགས་པའི་ནུས་པ་ཞིག་
གང་ནས་བྱུང་བ་ཡིན་ནམ། གལ་སྲིད་དེ་དུས་ངས་སྡོམ་ཁྲིམས་ཀྱི་ཐག་པས་རང་གི་ སེམས་གླང་ཆེན་སྨྱོན་པ་ལྟ་བུ་དེ་མ་བཏགས་པ་ཡིན་ན། ངའི་འཚོ་བ་
ཡང་འདི་ལྟ་བུ་ཞིག་ག་ལ་ ཡིན།
“ཨ་ཁུ་བཞུགས་ཨེ་འདུག”
ཉིན་ཞིག་གི་སྔ་དྲོར། ངས་སློབ་སྦྱོངབྱེད་པའི་སྐབས་སུ་ཡང་ཁོ་མོ་བསླེབས་བྱུང༌། ཨ་ཁུ་ནི་ རབ་ཏུ་བྱུང་བའི་གྲྭ་པ་ཁག་ཅིག་ལ་དགེ་སློང་གི་སྡོམ་
པ་གནང་བའི་མཁན་པོར་ཕེབས་སོང་བས་གྲྭ་ཤག་ན་ང་གཅིག་པུ་ལས་མེད། ཁོ་མོའི་ལག་ཏུ་རས་ཐུམ་ཞིག་བཟུང་འདུག
“འོ། འདི་ན་མར་ཅུང་ཙམ་ཡོད། ཨ་ཁུ་དང་ཁྱོད་གཉིས་ཀྱིས… …”
“མིན། ཁྱོད་ཀྱིས་ནམ་ཡིན་ན་ཡང་རང་གིས་ཟ་མ་ཕོད་པར་ངེད་གཉིས་ལ་ཁྱེར་འོང་གིན་ཡོད་པས། མར་མི་དགོས། ཕྱིར་ཁྱེར་ལ་རང་གིས་
ཟོ”ངས་ཁ་འཕྲོགས་ནས་བཤད་པ་ཡིན།
ཁོ་མོས་ང་ལ་མིག་བརྡ་ཡ་མཚན་ཞིག་བྱིན་པ་དང༌། ཉམས་འགྱུར་ཁྱད་མཚར་ཞིག་བསྟན་ ཅིང༌། དེ་ནི་གཅེས་ལང་དུ་བཏང་བའི་བུ་མོ་ཞིག་
གིས་ཨ་མ་ལ་གཅེས་སློང་བ་དང་ཨ་ན་མ་ན་རེད། ཅི་འདྲའི་བུ་མོ་སེམས་བཟང་ཞིག་རེད་ཨང༌། དབུགས་ཀྱི་རྒྱུ་བ་དང་བསྟུན་ནས་སྐབས་རེར་མཐོ་དྲག་
གེར། སྐབས་རེར་དམའ་ཤོང་ངེར་འགྲོ་བཞིན་པའི་བྲང་གི་ནུ་མའི་འོག་ཏུ། འོ་མ་ལས་དཀར་ཞིང་སྦྲང་རྩི་ལས་ཞིམ་པའི་སེམས་གསོན་པོ་ཞིག་སྦས་ཡོད་
པ་ང་མ་གཏོགས་སུ་ཞིག་གིས་ཤེས་ ཐུབ། ངའི་སྙིང་ནི་མཆོང་ལྡིང་བྱེད་བཞིན་པ་དང༌། གློ་བ་འཕར་རྒྱག་བྱས་བྱུང་ལ། མཆིན་པའང་རྟིང་འོག་བརྗེས་
སོང་སྙམ་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་བྱུང༌། ཨ་ཁུ་དང་སྡོམ་ཁྲིམས་ རྣམས་ནི་གར་སོང་ཆ་མེད་དུ་གྱུར་ཏེ……
ཨ་ཙི། མར་གཅུད་སྤྱད་ཀྱི་རས་ཐུམ་དེ་ས་ལ་ལྷུང་འདུག ངའི་ལག་པའི་ནང་རྩུབ་ཅིང་ འཇམ་ལ་དྲོ་ཞིང་འཁྱག་པའི་ལག་པ་ཞིག་ཡོད་པ་འདི་
སུའི་ཡིན་ནམ། ལྷ་མོ་སྒྲོལ་མའི་མགོ་བོ་ནང་དུ་ལྷུང་བ་དང༌། མཁུར་ཚོས་གཡོན་མ་དམར་པོར་འགྱུར་དོན་ཅི་ཞིག་ཡིན་ཨ་ཁ། ངའི་ཉེས་ཅན་གྱི་ལག་པ་
འདིས་དགེ་བའི་ཡན་ལག་ཅིག་རེག་པ་མ་ཡིན་ནམ། གློ་བུར་དུ་ངའི་སེམས་ལ་ལས་རྒྱུ་ འབྲས་དྲན་པ་དང༌། ཨ་ཁུ་དང་སྡོམ་ཁྲིམས་རྣམས་ཀྱང་ཡིད་ལ་
འཁོར་བྱུང༌།
དེའི་རྗེས་སུ། ངས་ལམ་གྱི་འགྲམ་དང༌། དགོནཔའི་ནང༌། མི་ཚོགས་དཀྱིལ་བཅས་ནས་ཁོ་མོ་ཐེངས་ཁ་ཤས་ལ་མཐོང་མྱོང་ཡང༌། རང་གི་སེམས་
ན་གནོང་དེ་འདྲ་ཞིག་ཡོད་པས་ཁ་ནི་གྲགས་མ་ཕོད། ཡུན་རིང་མ་འགོར་བར་ང་རང་ལྷ་ས་ལ་སོང་བ་ཡིན། ལྷ་ས་ནས་ཕྱིར་ལོག་པའི་སྐབས་དེར་ཕ་ཡུལ་
བཅིངས་འགྲོལ་བཏང་ཟིན་པ་དང༌། གནམ་ས་གསར་དུ་བརྗེས་འདུག་པས། ང་རང་མར་ལོག་བྱས་ཏེ་དགེ་བྱས་པ་ཡིན། སྐབས་དེར། ང་ལ་ལྷ་རམས་
དགེ་བཤེས་ཀྱི་ཐོབ་ཐང་ཡོད་པ་དང༌། ཀླད་པའི་ནང་དུའང་གླེགས་བམ་འགའ་རེ་ཡོད་མོད། འོན་ཀྱང་སྤྱི་ཚོགས་གསར་བའི་སློབ་གྲྭ་ ཞིག་གི་དགེ་རྒན་
བྱ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། དེ་དུས་ང་ཚོའི་སློབ་གྲྭའི་ནང་དགེ་རྒན་ བདུན་དང་སློབ་མ་ལྔ་བཅུ་ཙམ་ལས་མེད། དགེ་རྒན་མང་ཆེ་ཤོས་ལ་སློབ་ཁྲིད་
ཀྱི་ཉམས་མྱོང་ཅུང་ཟད་ཀྱང་མེད་པར་མ་ཟད། སློབ་དེབ་ཀྱང་རང་གིས་བསྒྲིག་དགོས། དགེ་རྒན་བདུན་པོའི་ནང་དུ་རྒྱ་རིགས་བློ་མཐུན་གཉིས་ཡོད་པ་
དང༌། གཅིག་ནི་ང་ཚོའི་ཞའོ་ཀྲང་ཡིན། ཅིག་ཤོས་དེ་རྩིས་རིག་ཁྲིད་མཁན་རེད། ལིས་ཞའོ་ཀྲང་དང་ཁྲིན་དགེ་རྒན་གཉིས་ཀས་བོད་སྐད་དེ་འདྲ་མི་ཤེས་
ལ། བྱ་ བཟང་དང༌། བསྟན་རྒྱམ། དབང་ལྡན། ངེད་བཞི་པོས་རྒྱ་སྐད་དེ་འདྲ་མི་ཤེས། ཐུབ་བསྟན་ནི་རྒྱ་ སྐད་བོད་སྐད་གཉིས་ལ་ཐོགས་འདུག་མེད་པས་
ཁོ་ང་ཚོའི་དགེ་རྒན་བར་གྱི་ལོ་ཙཱ་བ་རེད། ལིས་ ཞའོ་ཀྲང་ནི་མི་འཇོན་ཐང་ཅན་ཞིག་ཡིན། སྐབས་དེར་ང་ཡང་ཞའོ་ཀྲང་གཞོན་པ་ཞིག་གི་མིང་ ཙམ་ཡོད་
ཀྱང༌། བྱ་བའི་ཐད་ནས་ངས་ཁོ་ལ་རོགས་རམ་ཆེན་པོ་ནི་བྱ་མ་ཐུབ། ངའི་ལས་འགན་ནི་འཛིན་གྲྭ་བཞི་ལ་སློབ་དེབ་འབྲི་དགོས་པར་མ་ཟད་ད་དུང་
འཛིན་གྲྭ་གཉིས་ལ་སློབ་ཁྲིད་ཀྱང་བྱ་དགོས། དེ་དུས་ཀྱི་བྱ་བ་ནི་ངོ་མ་བྲེལ་བ་ཆེན་པོ་འདུག་ཀྱང༌། ངའི་སེམས་ནི་སྐབས་དེ་ལས་སྐྱིད་པ་ཞིག་བྱུང་མ་མྱོང་
། རྒོད་བྲོ་བའི་ཏང་ལ་ཞུགས་པའི་འདོད་ཡིག་དེ་ནི་ལིས་ཞའོ་ཀྲང་གི་སྐུལ་མའི་ འོག་ཏུ་བྲིས་པ་ཡིན། དེ་དུས་ཀྱང་ངས་རང་གི་ཚེ་ལས་འདས་པའི་ཨ་མ་
བརྗེད་མ་མྱོང་ལ། སྙིང་ ནས་དྲན་པའི“ཁོ་མོ”ཡང་བརྗེད་མ་མྱོང༌། སྐབས་དེ་དུས་ང་རང་ཕོ་ལོ་སུམ་ཅུའི་ནང་གི་ གསར་རྒོད་ཅིག་ཡིན་པར་མ་
ཟད། ཨ་ཁུ་ལ་སྐྲག་མི་དགོས་པ་དང༌། སྡོམ་པའང་མེད་པས་ཁོ་མོ་མི་དྲན་པ་ག་ལ་སྲིད། ཞོགས་པའི་ཉི་འོད་ཀྱི་འོག་ཏུ། ང་རང་གཅིག་པུ་བཤད་སྒྲུབ་ཆུ་
ཁར་སོང་སྟེ། ཆུ་ལེན་མའི་གྲས་ནས་ཁོ་མོའི་གཟུགས་བརྙན་བཙལ་བ་དང༌། དགོང་རྒས་ལྷག་ཟེར་གྱི་འོག་ཏུ། བཤད་སྒྲུབ་ཁྲོམ་ལ་སོང་སྟེ་མི་ཚོགས་ཀྱི་ཁྲོད་
ནས་ཁོ་མོའི་འཛུམ་མདངས་ཨེ་མཐོང་བལྟས་པ་ཡིན། ཁོ་མོ་གནམ་ལ་འཕུར་བ་ཡིན་ནམ་ས་ལ་འཛུལ་བ་ཡིན། གནམ་ལ་འཕུར་ན་ཡང་འབབ་སའི་ བྲག་
ཅིག་དང༌། ས་ལ་འཛུལ་ན་ཡང་འཛུལ་སའི་ཁུང་ཞིག་ལོས་ཡོད། ཡིན་ན་ཡང༌། དེ་ནི་ངའི་ སེམས་ཀྱི་གསང་བ་ཞིག་ཡིན་པས་ཨ་ཁུ་ལ་འདྲི་མི་ཕོད་པ་དང་
། གཞན་ལའང་རྩད་གཅོད་མི་བདེ། དེ་དུས་ངའི་སེམས་ཀྱི་སྡུག་བསྔལ་དེ་ང་རང་ཉིད་མ་གཏོགས་སུ་ཞིག་གིས་ཤེས་ཐུབ།
“ཁྱོད་ཀྱི་གསང་བ་དེ་ངས་མི་ཤེས་འདོད་ཡོད་དམ། ད་སྡུག་བསྔལ་མ་བྱེད། བུ་སྐྱེས་ཀྱི་ཨ་མ་བྱས་ཚར་བས་སེམས་ཕམ་ནས་ཅི་བྱེད། བཀོད་པ་
གཞན་ཞིག་འཐེན་ན་དགའ།”ཨ་ཁུའི་ ཚིག་དེ་ནི་ཅི་འདྲའི་གནག་པ་ལ་ཨང༌། ད་ནི་ཁོ་མོ་དང་ལྷན་དུ་འགྲོགས་པའི་རེ་བ་ནི་རི་བོང་གི་རྭ། རུས་སྦལ་
གྱི་སྤུ། མོ་གཤམ་གྱི་བུ་ལྟར་གྱུར་སོང༌། ཨ་ཙི། མི་རྟག་པའི་འཇིག་རྟེན་འདི་མི་རྟག་པ་ ཡིན་པ་ཤེས་བཞིན་དུ་ད་དུང་རྟག་པའི་འདུ་ཤེས་འཛིན་པ་ང་ལས་
གླེན་པ་ཞིག་གང་ན་ཡོད། “ལྷ་མོ་སྒྲོལ་མ་ལགས། ཁྱིམ་བཟང་ཚང་སྐྱིད་པའི་སྨོན་ལམ་འདེབས་པ་ལས་ང་ལ་ཐབས་ཅི་ ཡང་མི་འདུག དཀོན་མཆོག་
མཁྱེན། ཁོ་མོར་ཐུགས་རྗེའི་སྤྱན་གྱིས་གཟིགས་པར་མཛོད།”
ཨ་ཁུའི་ངག་ལས་ངས་ཁོ་མོའི་གནས་ཚུལ་མང་བོ་ཤེས་བྱུང༌། ཁོ་མོ་ནི་ལོ་གསུམ་གྱི་སྔོན་ལ་ཀླུ་ཕྱུག་དང་གཉེན་བསྒྲིགས་པ་དང༌། ཕྱི་ལོར་བུ་ཞིག་
སྐྱེས་པ་ཡིན་འདུག ཀླུ་ཕྱུག་ཡང་མི་ངན་པ་ ཞིག་མིན་ན་ཡང༌། ཁྱིམ་ཚང་སྐྱོང་མི་ཤེས་ལ་སྐྱོང་འདོད་ཀྱང་མེད་པའི་མི་ཞིག་ཡིན་པར་མ་ཟད། ན་ནིང་ནས་
བཟུང་བུ་མོ་ཁ་མཁས་ཤིག་དང་ཁ་འཕྲད་པས་ཁྱོ་ཤུག་གཉིས་ཀྱི་བར་ལ་བཟའ་ འཁོན་རྒྱུན་དུ་འབྱུང་བ་དང༌། ཁོ་མོའི་ཨ་ནེ་ནི་མནའ་མ་ལ་ངན་ཁག་
འགེལ་ཅི་ཐུབ་བྱེད་པའི་ རྒན་མོ་བཙན་པོ་ཞིག་ཡིན་སྟབས། ཁོ་མོས་ནངས་དགོང་མེད་པར་ཨ་ནེའི་སྡང་སྡིག་འཁུར་ དགོས། ངས་གནས་ཚུལ་དེ་དག་
ཤེས་རྗེས། ཁོ་མོ་ལ་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་པ་དང༌། གདུང་སེམས་ཧ་ཅང་ཆེན་པོ་བཅངས་པ་ཡིན། ངས་ཁོ་མོ་དྲན་ཐེངས་རེར། ངའི་མིག་ལམ་དུ་
ཁོ་མོའི་ བཞིན་རས་གསལ་གྱི་ལེར་ཤར་བ་དང༌། ངའི་རྣ་ལམ་དུ་ཁོ་མོའི་སྐད་གདངས་སྟོངས་ལྷང་ངེར་ འཁོར་འོང་གིན་འདུག ཡིན་ན་ཡང༌། ད་ལྟ་ཁོ་
མོ་ནི་བུ་སྐྱེས་ཀྱི་ཨ་མ་དང་རྒྱུ་བྱིན་གྱི་ཆུང་མ་ཡིན་པས། ངས་རང་གི་སེམས་ལ་འོ་བརྒྱལ་དང་མནར་གཅོད་བཏང་ནས་ཡོང་རྒྱུ་མེད། དེ་ལས་རང་གི་བྱ་བ་
ལ་ཧུར་བརྩོན་བྱས་ཏེ་སེམས་ཤུགས་ཡོད་ཚད་ཏང་གི་མི་རིགས་སློབ་གསོའི་ལས་དོན་སྟེང་ བཀོལ་ཏེ། རང་རེའི་མི་རིགས་ལ་ཤེས་ཡོན་ལྡན་པའི་མི་རབས་
གསར་བ་སྐོར་ཞིག་གསོ་སྐྱོང་བྱ་ དགོས་ཞེས་དམ་བཅའ་པ་ཡིན།
ཉིན་ཞིག་ལ། ངས་གློ་བུར་དུ་ཁོ་མོ་མཐོང་བྱུང༌། ཉིན་དེ་ནི་ངས་ཚེ་གང་བོར་བརྗེད་སྲིད་ཀྱི་མ་རེད། ཁོ་མོའི་ལུས་ལ་ར་སླག་ཁ་མཐིལ་ཅན་ཐག་
ཐག་ཅིག་གྱོན་ཡོད་པ་དང༌། སྔོན་ཆད་ཀྱི་ཕྲ་ཞིང་ལྡེམ་པའི་ལུས་པོ་དེ་སྡོང་བོ་གཅུས་ཏོ་ཞིག་དང་འདྲ་ཞིང༌། གྲུང་བའི་མིག་དང་འཛུམ་པའི་ཚེམས་ཀྱང་
མཐོང་མི་ཐུབ་ལ། གདོང་ལ་སྐྱོ་བའི་ཉམས་ཀྱིས་ཁེངས་པ་ལས་ཁོ་མོའི་སེམས་ཀྱི་སྡུག་བསྔལ་མཚོན་ཡོད་པ་ཤེས་ཐུབ། ཁོ་མོས་ང་མ་མཐོང་བ་ཡིན་ནམ།
ཡང་ན་མཐོང་ཡང་མ་མཐོང་ཁུལ་ བྱས་པ་ཡིན། དེ་རྣམས་ནི་ངས་ཁ་ཚོན་གཅོད་མི་ཐུབ་ཀྱང༌། ངས་སྙིང་ན་ཡོད་པའི“ཁོ་མོ” དང་ད་ལྟ་མཐོང་བའི་
ཁོ་མོ་གཉིས་ནི་མི་གཅིག་མ་རེད་ཅེས་བཤད་པར་ཕོད། ཡིན་ན་ཡང༌། ཁོ་ མོའི་གདོང་གི་དབྱིབས་གཟུགས་ལས་ཁོ་མོ་ནི་ལྷ་མོ་སྒྲོལ་མ་ཡིན་པ་བདེན་
དཔང་བྱས་པ་མ་ཡིན་ནམ། འདས་པའི་བྱ་བ་ཐམས་ཅད་ནི་ལོ་རྒྱུས་ཀྱི་སྒམ་ཆུང་ནང་ལ་བཅུག་སྟེ་བརྗེད་ངེས་ཀྱི་ལྕགས་ཟྭ་བརྒྱབ་པས་དགའ། ཁོ་མོ་སྔོན་
ཆད་ངའི་སྙིང་གི་གོས་ཆེན་ཞིག་ཡིན་ན་ཡང་ད་ལྟ་རི་མོ་ཉམས་ སོང་བ་དང༌། གྲ་ཁ་ཉམས་པའི་ཝ་མོ་དང་ཐིག་ལེ་ཡལ་བའི་གཟིག་པགས་ལ་རིན་ཐང་
ཅི་ཞིག་ ཡོད། དེ་ནས་བཟུང༌། ངས་ཨུ་ཚུགས་ཀྱི་སྒོ་ནས་ཁོ་མོ་ངའི་སྙིང་གི་ཁང་བཟང་ལས་ཕྱིར་ཕུད་པ་ ཡིན།
ང་ཚོའི་བྱ་བ་ལ་དཀའ་ངལ་མང་བོ་ཡོད་ན་ཡང༌། ང་ཚོས་དཀའ་ལས་མྱངས་པའི་ངལ་རྩོལ་ ལ་འབྲས་བུ་ཆེན་པོ་ཐོབ་སོང༌། བློ་རིག་གསལ་ཞིང་
བརྩོན་པ་ཆེ་བའི་སློབ་ཕྲུག་འདི་དག་ཉིན་རེ་ བཞིན་འཚར་ལོངས་བྱུང་བ་དང༌། རང་རང་གི་ལ་རྒྱ་འཛིན་པའི་ཆེད་དུ་སློབ་སྦྱོང་ལ་འགྲན་ བསྡུར་བྱས་ཏེ་
ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་པས། ང་ཚོ་དགེ་རྒན་རྣམས་དགའ་སྤྲོ་མི་སྐྱེས་ཅི་ལ་སྲིད། ལྷག་པར་དུ་ཉམས་དགའ་བ་ནི་ཞིང་ཆེན་རིག་གནས་
སློབ་གསོ་ཐིང་གིས་ང་ཚོའི་སློབ་གྲྭ་ལ་གཟེངས་བསྟོད་བྱས་པར་མ་ཟད། ཞིང་ཆེན་མི་རིགས་སློབ་གསོའི་ཕྱོགས་ཁག་གི་སྔོན་ཐོན་སྡེ་ཁག་ཏུ་བདམས་པ་དེ་
རེད། ལོ་དེར་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ སྐབས་གཉིས་པ་འཚོགས་པ་དང༌། ང་རང་ཡང་སྲིད་གྲོས་ཨུ་ཡོན་དུ་བདམས་ནས་
ཚོགས་འདུར་ཞུགས་པ་ཡིན། ཚོགས་ཐོག་ཏུ་ངས་སྔོན་ཆད་མཐོང་མ་མྱོང་བའི་ལྟད་མོ་མང་བོ་མཐོང་བ་དང༌། ཐོས་མ་མྱོང་བའི་གཏམ་གསར་བ་མང་
བོ་ཐོས་སྟབས་ངོ་མ་མིག་རྒྱ་དང་བློ་རྒྱ་གཉིས་ཀ་ཆེ་རུ་ བསྐྱེད་ཐུབ་སོང༌། ཕྱིར་ལོག་རྗེས་ངའི་ངར་ཤུགས་སྔར་ལས་ཆེ་བ་དང་ཡིད་ཆེས་ཀྱང་སྔར་ལས་ཇེ་
ཆེར་གྱུར་པར་མ་ཟད། རང་གི་སྟོབས་ཤུགས་དང་ནུས་པ་ཡོད་ཚད་ཏང་གི་མི་རིསག་སློབ་ གསོའི་ལས་དོན་ལ་འབུལ་རྒྱུ་ཁོ་ན་ལས་གནད་དོན་གཞན་
དག་ལ་བསམ་བློ་བཏང་ཡང་མ་བཏང་ལ། གཏོང་ཁོམ་ཡང་མི་འདུག
སྐབས་དེར། བློ་ཡུལ་ལས་འདས་པའི་བྱ་བ་རྒོད་བྲོ་བ་ཞིག་བྱུང་སོང༌། ཡ་ཕོ་གསར། ཆུ་ཁོལ་ གང་མི་ལྡུད་ལ……
གཉིས
ངས་རྣམ་ཤེས་བསྒྲིམས་ནས་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོའི་གསུང་ལ་ཉན་ཏེ་ཆུ་ལྡུད་རྒྱུའང་ བརྗེད་སོང༌། ངོ་མ་ཁོང་གིས་གསུངས་པའི་གཏམ་རྒྱུད་
དེ་ནི་ཅི་འདྲའི་སྙན་ཞིང་འཇེབས་པ་ཞིག་རེད་ཨང༌། ཁོང་གི་འཚོ་བའི་ནང་དུ་སྡུག་བསྔལ་གྱི་ཆུ་ཕྲན་ཡོད་ལ། བདེ་སྐྱིད་ཀྱི་རྒྱ་མཚོ་ཡང་ཡོད་པས། ཁོང་
གིས་ལྷ་མོ་སྒྲོལ་མའི་སྐོར་གླེང་སྐབས་སྐྱོ་སྣང་ཞིག་སྐྱེས་འདུག་ལ། བྱ་བའི་སྐོར་གླེང་ སྐབས་དགའ་འཛུམ་ཞིག་ཤར་འདུག ངས་ཁོང་གི་ཚིག་མཚམས་
གཅོད་མི་འདོད་པས། མྱུར་ མོར་ཡར་ལངས་ཏེ་ཁོང་ལ་ཆུ་ཁོལ་བླུགས་པ་ཡིན།
ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོས་མུ་མཐུད་ནས་བཤད་རྒྱུར།
སྐབས་དེར། ངས་སློབ་འབྲིང་གི་སློབ་མ་རྣམས་ལ་སུམ་རྟགས་དང་སྙན་ངག་གཉིས་ཀ་ཁྲིད་དགོས་པར་མ་ཟད། ད་དུང་སྲིད་འཛིན་གྱི་བྱ་བའང་
མང་བས། ཁོ་མོའི་ཕྱོགས་ལ་བསམ་བློ་དེ་ འདྲ་མ་བཏང་ལ། དྲང་མོར་བཤད་ན་བསམ་བློ་གཏོང་ཁོམ་ཡང་མི་འདུག དེར་མ་ཟད། ཁོ་མོ་ནི་བུ་སྐྱེས་ཀྱི་ཨ་
མ། རྒྱུ་བྱིན་གྱི་ཆུང་མ། ཁྱིམ་ཚང་གི་བདག་མོ་ཡང་ཡིན་པས། ངས་སེམས་ཚེགས་བྱས་པ་རྣམས་ནི་རང་སེམས་ཀྱི་གྱོང་ཞིག་ཡིན་པ་མ་གཏོགས་ཁེ་བཟང་
ཅུང་ཟད་ཙམ་ཡང་ལེན་རྒྱུ་མི་འདུག དེར་བརྟེན། ངས་རང་གི་སེམས་ཤུགས་ཡོད་ཚད་ཏང་གི་མི་རིགས་སློབ་གསོའི་ལས་དོན་གྱི་སྟེང་དུ་བཀོལ་བ་ཡིན།
ཡིན་ན་ཡང༌། སྐབས་དེར་ངའི་བློ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་སོང༌། སྟོན་ཀའི་ཞོགས་པ་ཞིག་ལ། ང་རང་ཡང་ནམ་རྒྱུན་དང་འདྲ་བར་བཤད་
སྒྲུབ་ཆུ་ཁར་སོང་བ་ཡིན། ང་རང་ལྷ་ས་ནས་ཕྱིར་ལོག་སྟེ་བཤད་སྒྲུབ་ལ་བསླེབས་པའི་ཉིན་མོ་དེ་ནས་བཟུང༌། དབྱར་དགུན་སྟོན་དཔྱིད་གང་ཡིན་ན་ཡང་
། ཉིན་རེའི་ཞོགས་པར་བཤད་སྒྲུབ་ཆུ་ཁ་ལ་སོང་སྟེ་ སྔོན་ཆད་བློ་ལ་བཟུང་ཡོད་པའི་འདོན་པ་གལ་ཆེའི་རིགས་བརྗེད་ངས་རྐུན་པོས་མི་འཇོམས་པར་བྱ་
ཆེད་ངག་ལ་སྐྱོར་བ་དང༌། སྔོན་ཆད་མ་ཤེས་པའི་ཚན་རིག་རིག་གནས་ཀྱི་ཤེས་བྱ་རྣམས་བློ་ལ་འཛིན་ཅི་ཐུབ་བྱས་པ་ཡིན། ཉིན་དེར། ངས་ཞོགས་སྦྱོང་
བྱས་ཚར་ནས་ཁྱིམ་དུ་ལོག་སྐབས། ངའི་མལ་ཁང་གི་སྒེའུ་ཁུང་ཁར་འོ་མ་ཤེལ་དམ་གང་བཞག་འདུག་པ་མཐོང༌། ངའི་སེམས་ལ་ཕལ་ཆེར་ངའི་གཡས་
གཡོན་གྱི་ཁྱིམ་མཚེས་གང་རུང་ཞིག་གི་ཡིན་རྒྱུ་རེད་བསམས་བྱུང༌། ཉིན་གུང་སློབ་ ཁྲིད་ཚར་ནས་ཕྱིར་ལོག་སྐབས། འོ་མའི་ཤེལ་དམ་དེ་ད་དུང་སྔར་གྱི་
ཁ་མལ་ན་འདུག ངས་ཁྱིམ་མཚེས་རྣམས་ལ་རྩད་བཅད་ཀྱང་བདག་པོ་ནི་མ་བྱུང༌།
ཕྱི་ཉིན་ཡང་འོ་མ་ཤེལ་དམ་གང་བཞག་ཡོད་པ་དང༌། བསྟུད་མར་ཉིན་འགའ་འགོར་རྗེས་ ངའི་སྒེའུ་ཁུང་ཁར་འོ་མའི་ཤེལ་དམ་ཇེ་མང་ཇེ་མང་
དུ་གྱུར་སོང༌། ཨ་ཡ་མཚན། འོ་མ་འདི་སྐྱེལ་ མཁན་སུ་ཡིན་ནམ། ང་ལ་བརྡ་ཙམ་ཡང་མི་སྟེར་བར་ངའི་སྒེའུ་ཁུང་ཁར་འོ་མའི་ཤེལ་དམ་འདི་ལྟ་བུ་ཞིག་
འཇོག་དོན་ཅི་ཡིན། ཉིན་གཅིག་གཉིས་ཙམ་མིན་པར་བསྟུད་མར་ཉིན་འགའ་ལ་གནས་ ཚུལ་ཡ་མཚན་ཅན་དེ་འདྲ་ཞིག་བྱུང་བས་ང་རང་བློ་མི་བདེ་བར་
གྱུར། གཅིག་བྱས་ན་བློ་བཟང་ནི་མི་རྩེ་དགའ་ཅན་ཞིག་ཡིན་པས་ང་ལ་ཀུ་རེས་བརྩེས་པ་ཡིན་ཡང་སྲིད་ལ། དེ་མིན་ན་སློབ་མ་ སེམས་བཟང་ཞིག་གིས་ང་
ལ་ཁ་རོག་གེར་བསྐྱལ་བ་འདྲ། གང་ལྟར་ཀྱང༌། འོ་མ་ཤེལ་དམ་འགའ་ལ་རིན་ཐང་ཡང་དེ་འདྲ་མེད་པས། བློ་བཟང་གིས་ཀུ་རེས་བརྩེས་པ་ཡིན་ན་ནི་ངའི་
ཁེ་བཟང་རེད། སློབ་མ་ཞིག་གིས་བསྐྱལ་བ་ཡིན་ན་ནི་རིན་པ་སྤྲད་ཆོག་སྙམ་ནས་འོ་མ་བསྐོལ་ཏེ་བཏུང་བ་དང༌། བཏུང་རོགས་སུ་ངས་ཆེད་དམིགས་ཀྱིས་
བློ་བཟང་གདན་དྲངས་པ་ཡིན། ཡིན་ན་ཡང་ཁོས་རྩེ་ ལོབས་སུ་སོང་བའི་ཀུ་རེའི་ཚིག་འགའ་བསྐྱར་བཟློས་བྱས་པ་ལས། རྒྱུན་ལྡན་དང་མི་མཚུངས་ པའི་
རྣམ་འགྱུར་འདྲ་མ་བསྟན་པས། ཕྱི་ཉིན་གསང་བ་དེའི་མཐིལ་བརྟོལ་དགོས་སྙམ་བྱུང༌།
ཕྱི་ཉིན། འོ། ཉི་མ་དེ་ནི་ངས་ཚེ་གང་བོར་བརྗེད་མི་སྲིད། དེ་ནི་1958ལོའི་སྟོན་ཟླ་དགུ་པའི་ ཚེས་བཅོ་ལྔའི་ཞོགས་པ་རེད། ང་ཞོགས་སྔ་མོ་ནས་
མལ་ལས་ལངས་ཏེ་ངའི་སྒེའུ་ཁུང་གི་ཁ་སྤྲོད་དུ་ཡོད་པའི་མ་གལ་གྱི་ལྗོན་ཤིང་ཆེན་པོ་དེའི་རྩར་སོང་ནས་ཡིབ་བསྡད་པ་ཡིན། དཀར་གསལ་གྱི་ཉ་ཟླས་
ངའི་གཟུགས་པོ་སྒྲིབ་པའི་གྲོགས་དན་བྱ་ཆེད། སྔ་མོ་ནས་རང་གི་འོད་སྣང་བསྡུས་ཏེ་ནུབ་ ཕྱོགས་གྱི་རི་བོའི་ཕག་ཏུ་མནལ་དུ་གཟིམ་པར་ཕེབས་ཟིན་པ་
དང༌། སྔོ་ཞིང་སངས་པའི་མཁའ་ དབྱིངས་སུ། རྒྱུ་སྐར་དང་བརྟན་སྐར་རྣམས་ཀྱིས་ངའི་བྱ་སྤྱོད་དེ་གླེན་རྟགས་ཤིག་རེད་སྙམ་ནས་འཛུམ་པའི་ཚེམས་
ཕྲེང་ངོམ་སྟེ་ང་ལ་ཁྲེལ་དགོད་བྱེད་ཀྱིན་འདུག ཁོ་ར་ཁོར་ཡུག་ཐམས་ཅད་ མུན་པའི་ཡོལ་བས་བསྒྲིབས་པ་དང༌། བཤད་སྒྲུབ་དར་རྒྱས་གླིང་གི་རྒྱ་ཕིབས་
དེ་བར་སྣང་དུ་ འཕགས་ཏེ་ནག་རོག་གེར་འདུག་ལ། ས་གཞིའི་ཐོག་གི་ཡོད་དོ་ཅོག་ནི་ད་དུང་གཉིད་ཀྱི་ཞིང་ ཁམས་སུ་ཡོད་པས་དབེན་ཞིང་ཁུ་སིམ་པ་
ཞིག་རེད། བསིལ་ཞིང་གྲང་བའི་རླུང་བུ་ཞིག་དལ་བྲེལ་མེད་པར་གཡུག་འོངས་ཏེ་ངའི་གཉིད་ཀྱི་འདོད་པ་དེ་སྐད་ཅིག་ལ་བཅོམ་པ་དང༌། ལོ་མ་ཕལ་ཆེར་
ལྷུང་ཚར་བའི་ཡལ་ག་རྣམས་ནག་ཡོར་ཡོར་གྱི་ངང་ནས་ཕར་ཡོ་ཚུར་ཡོ་བྱེད་ཅིང༌། སྐབས་རེར་ སྡོང་རྩེ་ན་ལྷག་ཡོད་པའི་ལོ་མ་སྐམ་པོ་རེ་གཉིས་ས་ལ་
ཟགས་པ་མཐོང་ཐུབ། ངའི་སྙིང་ལྡིང་བའི་ སྒྲ་དང་ལག་མགོའི་ཆུ་ཚོད་འཁོར་ལོའི་སྒྲ་གཉིས་འགྲོས་མཉམ་ཞིང་གདངས་འགྲིག་པའི་སྒོ་ནས་ ངའི་ཐོས་
འཛིན་གྱི་ལམ་དུ་སྔ་ན་མེད་པའི་རོལ་མོ་ཞིག་གཏོང་གིན་གདའ། དུས་ཚོད་ནི་སྐར་ཆ་རེ་རེ་བཞིན་ཕར་འདས་པ་དང༌། གྲང་རླུང་ཡང་ཇེ་ཆེ་ཇེ་ཆེར་གྱུར་
པས་ངའི་གདོང་ལ་གྲང་ཟུར་ཅིག་ཁོལ་བ་དང་སྣ་རྩེ་ཡང་རྡོ་འཁྱག་ཅིག་དང་མཚུངས། རིམ་གྱིས་རྒྱུ་སྐར་གྱི་འོད་སྣང་ཇེ་མོག་ཇེ་མོག་ཏུ་གྱུར་པ་དང་རླུང་
གིས་བརྙས་བཅོས་བྱས་སྟབས་ངའི་གམ་གྱི་སྡོང་རྒན་དེས་འོ་དོད་དང་སྨྲེ་ ངག་འདོན་མགོ་བརྩམས་ཤིང༌། ཤར་ཕྱོགས་ཀྱི་མཁའ་མཐའ་ནས་སྐྱ་མདའ་
ཞིག་སྐྱ་ཧྲིལ་ལེར་ བཏང་བྱུང༌། སྡེ་བའི་ནང་བྱ་ཕོས་སྐད་གསེང་སྒྲོག་པའི་སྒྲ་དང་ཁྱི་རེ་གཉིས་ཟུལ་པའི་སྒྲ་ཡང་ཐོས་རྒྱུ་འདུག སྐབས་དེར་ང་སྤྱོད་ཁང་
ནང་ལ་ཐེངས་གཅིག་སོང་བ་དང༌། དེ་ནས་སླར་ཡང་སྔར་གྱི་དེར་ཡོང་ནས་ལངས་བསྡད་པ་ཡིན།
ནམ་ལངས་ཐག་ཆོད་སོང༌། ཡ་མཚར་བ་ལ་ངའི་སྒེའུ་ཁུང་ཁར་ཡང་འོ་མ་ཤེལ་དམ་གང་ བཞག་འདུག ཨ་ཙི་ཙི། ངས་དུས་ཚོད་གཉིས་གསུམ་
ལྷག་གི་རིང་ལ་གྲང་ངར་ལ་མ་འཛེམས་ པར་བྱ་ར་བྱས་པ་དེར་དོན་སྙིང་ཅི་ཡང་མེད་པར་གྱུར་སོང༌། རྫུ་འཕྲུལ་གྱི་བྱེད་པོ་འདི་སུ་ཡིན་ ནམ། ང་རང་ད་
ནངས་ཞོགས་པར་ཡར་ལངས་དུས། གློག་སྒྲོན་བཀར་ནས་སྒེའུ་ཁུང་ཁར་བལྟས་དུས་དེ་ན་ཤེལ་དམ་ཞིག་ག་ལ་ཡོད། ཡིན་ན་ཡང༌། དུས་ཚོད་གཉིས་
གསུམ་ལྷག་གི་རིང་ལ། ངས་མིག་གིས་བལྟས་བལྟས་རིག་རིག་ལ་ཤེལ་དམ་ཞིག་བཞག་འདུག་པས། རྫུ་འཕྲུལ་མིན་ན་ཅི་ཡིན། ང་རང་ངོ་མ་ཧ་ལས་སོང༌།
གནས་ཚུལ་དེ་ངས་དགེ་རྒན་གཞན་དག་ལ་བཤད་པ་དང༌། ཁོང་ཚོ་ཡང་ཧ་ལས་སོང༌། བློ་ བཟང་གིས“དེ་ལ་ཧ་ལས་རྒྱུ་ཅི་ཡོད། ཁྱོད་ཚོས་
འོ་མ་དེ་ལྷ་ཡིས་གནང་བ་རེད་བསམ་ཡོད་དམ། ལོ་བརྒྱ་ལོན་ནས་བསམ་གཅིག་མ་ཤེས་ཟེར་བ་དེ་ཁྱོད་ཚོའི་གྲས་རེད། དགེ་བཤེས་ཀྱང་མགོ་ འཐོམས་
འདུག་སང་ཉིན་ངས་གསང་བ་དེའི་མཐིལ་བརྟོལ་ཐུབ། རྒྱལ་འཛུགས་ཐུབ་མཁན་ཨེ་ ཡོད”ཟེར། དེར་དབང་ལྡན་དང་བློ་བཟང་གཉིས་ཀྱིས་ཆང་རྒྱ་
མ་དོ་ཡི་རྒྱལ་བཙུགས་སོང༌། གནས་ཚུལ་དེ་ལིས་ཞའོ་ཀྲང་གིས་ཐོས་ཏེ་ང་ལ་སྐྱོན་བརྗོད་ནན་མོ་ཞིག་བྱས་སོང༌། རྒྱུ་མཚན་ཅི་ ཞིག་ཡིན་པ་མི་ཤེས་མོད།
འོན་ཀྱང་ཉིན་འདི་འགའི་རིང་ལ། ཞའོ་ཀྲང་གིས་ང་ལ་ཡིད་མི་ཆེས་ པའི་རྣམ་འགྱུར་བཟུང་ཡོད་པ་དང༌། ལམ་ནས་ཐུག་སྐབས་ཀྱང་ཁ་ཡ་བྱེད་ན་འདོད་
མི་འདོན་ བྱེད་པར་མ་ཟད། ཚོགས་འདུ་ཆེ་ཆུང་གང་འཚོགས་སྐབས་ཀྱང་ང་ལ་བརྡ་མི་རྒྱག་པ་དང༌། ཧ་ ལས་པ་ནི་ཁོང་གིས་རོགས་རམ་འོག་ཏུ་བྲིས་
པའི་ཏང་ལ་ཞུགས་རྒྱུའི་འདོད་ཡིག་དེ་ཡང་ང་ལ་ ཕྱིར་སྤྲད་སོང༌། དེ་ཚོ་ནི་བཀྲ་མི་ཤིས་པ་དང་ལྟས་མི་ལེགས་པ་ཞིག་ཡིན་པ་ངས་ཤེས་ན་ཡང༌། དེ་ལྟར་
བྱ་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་པ་ངས་ག་ལ་ཤེས་ཐུབ། ཕལ་ཆེར་ང་རང་སངས་རྒྱས་ ཆོས་ལུགས་ལ་དད་པ་ཡོད་པས་ཞའོ་ཀྲང་གིས་ང་ལ་མི་རློམ་
པ་དང༌། ཏང་ལ་ཞུགས་པའི་ཆ་རྐྱེན་མ་འདང་བས་འདོད་ཡིག་དེ་ཕྱིར་སྤྲད་པ་ཡིན་རྒྱུ་རེད་སྙམ་བྱུང༌། དེར་བརྟེན། ཕྱིན་ཆད་འབད་ བརྩོན་གྱིས་རང་
གི་འཇིག་རྟེན་ལྟ་ཚུལ་ལ་བསྒྱུར་བཀོད་བྱ་དགོས་པ་དང༌། རང་ལ་བླང་བྱ་ནན་མོ་འདོན་རྒྱུའི་སེམས་ཐག་བཅད་པ་ཡིན།
ཕྱི་ཉིན་ཞོགས་པར། བློ་བཟང་དང་ངེད་གཉིས་ཁ་སང་གི་སྡོང་རྩར་སོང་ནས་གསང་བ་དེའི་མཐིལ་བརྟོལ་བར་སྒུག་བསྡད་པ་ཡིན།
“དགེ་བཤེས་ལགས”བློ་བཟང་གིས་བཤད་རྒྱུར། “ཁ་སང་ཁྱོད་ཀྱིས་གསང་བ་དེའི་མཐིལ་བརྟོལ་མ་ཐུབ་པའི་གནད་འགལ་ཅི་ཡིན་པ་
ཁྱེད་ཀྱིས་ཨེ་ཤེས། མི་ཤེས་ཨེ། དེ་སླ་མོ་ཞིག་ རེད། ཁྱོད་སྤྱོད་ཁང་ནང་ལ་མི་འགྲོ་རྒྱུ་ན་གསང་བ་དེ་ཤེས་ཚར་བ་རེད། ཨེ—དགེ་བཤེས་ཚང༌། ལྷ་ས་ནས་
ཟིང་འཁྲུག་བསླངས་སོང་ཟེར་བ་དེ་ངོ་མ་ཨེ་རེད།”
“ངས་གནས་ཚུལ་དེ་ལྟ་བུ་ནི་མི་ཤེས། བློ་བཟང༌། ཁ་འཁྲུག་དེ་ཚོ་ཡར་སྒྲོག་མར་སྒྲོག་བྱ་མི་རུང༌།”
“ཁ་འཁྲུག་ཨེ། དེ་ཁ་འཁྲུག་ག་ལ་ཡིན། ཁ་སང་ང་ཁྲོམ་ལ་འགྲོ་དུས་མི་མང་བོ་ཞིག་གིས་ དེའི་སྐོར་གླེང་གིན་འདུག ཁྱིམ་ལ་ལོག་རྗེས་ངས་
ངེད་ཚང་གི་མག་པ་ལ་དྲིས་རྗེས་ད་གཟོད་ བདེན་ཐག་ཆོད་པ་དང༌། ཨ་ལགས་གྲགས་འབྱུང་རིན་པོ་ཆེ་ཡང་རྫོང་ཐོག་ལ་ཚོགས་འདུར་སོང་ནས་ད་དུང་
ཕྱིར་མ་ཕེབས། མི་ལ་ལས་བཙོན་ལ་བཅུག་པ་རེད་ཟེར་གྱིན་འདུག འེ། དགེ་བཤེས་ཚང༌། ཁྱེད་ཀྱིས་ལྟོས་དང༌། འོ་མ་གནང་མཁན་གྱི་ལྷ་མོ་བསླེབས་
བྱུང༌།”
བློ་བཟང་ཚང་གི་མག་པ་ནི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན་པས་ཕལ་ཆེར་བློ་བཟང་གིས་ བཤད་པའི་གཏམ་དེ་ཚོ་བདེན་རྒྱུ་རེད་སྙམ་ཞིང་ཡོད་ཙ་ན།
ཁོས་ང་ལ་གཏམ་གློ་བུར་བ་དེ་འདྲ་ ཞིག་སྨྲས་བྱུང༌། ངས་བློ་བཟང་གིས་བསྟན་པའི་ཕྱོགས་སུ་བལྟས་པ་ན། གཡོགས་མ་གོན་པའི་བུད་མེད་ཅིག་གིས་ཆུ་ཟོ་ཞིག་
རྒྱབ་ལ་ཁུར་ཏེ་ཐད་ཀར་ངའི་མལ་ཁང་གི་ཕྱོགས་སུ་འོང་བཞིན་པ་དང༌། ཐོག་མར་ངའི་སྒོ་ཁར་ཡོང་སྟེ་ཕྱིར་ལྟ་ཞིག་བྱས་རྗེས་རུམ་ནས་འོ་མ་ཤེལ་དམ་གང་
བླངས་ཏེ་ངའི་མལ་ཁང་གི་སྒེའུ་ཁུང་ཁར་བཞག་པ་དང༌། དེ་ནས་སློབ་གྲྭའི་སྒོ་ཆེན་གྱི་ཕྱོགས་སུ་གོམ་པ་བྲེལ་ མོར་སྤོས་ཏེ་འགྲོ་བཞིན་འདུག བློ་བཟང་གིས་
ཁོ་མོའི་སྔུན་འགོག་དགོས་བསམས་ནས་རྒྱུག་རྩིས་བྱས་ཀྱང༌། ངས་བཙན་ཚུགས་ཀྱིས་ཁོ་བཀག་སྟེ་འགྲོ་རུ་མ་བཅུག རྒྱུ་མཚན་ནི་ངས་མ་བཤད་ནའང་ཁྱོད་ཀྱིས་
ཤེས་གསལ་རེད། ངས་རང་གི་མིག་ལོབས་སུ་སོང་བའི་ཁོ་མོའི་རྒྱབ་གཟུགས་ དང་ཐེངས་མང་བོར་མཐོང་མྱོང་བའི་གོམ་པ་ལེན་སྲོལ་ལ་ཅེ་རེར་བལྟས་ཏེ། ཁོ་མོའི་
གཟུགས་བརྙན་དེ་སློབ་གྲྭའི་སྒོ་ཆེན་ཁར་མ་ཡལ་བར་དུ་ཧྲིག་གེར་བསྡད་པ་ཡིན།
“སུ་རེད།”བློ་བཟང་གིས་ང་ལ་ཡ་མཚན་དང་བཅས་ཏེ་དྲིས་བྱུང༌།
ངས་ཁོ་ལ་ལན་ཅི་ཡང་མ་བཏབ་པར། སྒེའུ་ཁུང་ཁར་སོང་ནས་འོ་མ་ཤེལ་དམ་གང་བོ་བླངས་ཏེ་མལ་ཁང་ནང་སོང་བ་དང༌། མྱུར་མོར་འོ་ཇ་
བསྐོལ་བ་ཡིན། ཇ་བསྐོལ་ནས་འཁོལ་སོང༌། བློ་ བཟང་གིས་ང་ལ་དྲི་བ་སྣ་ཚོགས་པ་ཞིག་བཏོན་བྱུང་ཡང༌། ངས་ཁོ་ལ་ལན་ཅི་ཡང་མ་བྱིན་པས། ཁོ་ན་རེ།“ཡ་དེ་
འདྲ་ཞིག་རེད། ཧེ་ཧེ། ཁྱོས(ཁྱོད་ཀྱིས)མ་བཤད་ནའང་ངས་ལོས་ཤེས། མ་གཞིར་དགེ་བཤེས་ཚང་ལའང……”
ངས་བློ་བཟང་གི་ཁ་བཀག་སྟེ་བཤད་དུ་མ་བཅུག་ནའང་དེའི་གོ་དོན་ཁྱོད་ཀྱིས་ཀྱང་གོ་རྒྱུ་ རེད། ཉིན་དེར། ང་ལིས་ཞའོ་ཀྲང་ལ་ཐེངས་གཅིག་
འཕྲད་པ་དང༌། ཁོའི་མིག་གི་ནང་དུ་མདངས་ ཡ་མཚན་ཞིག་འཕྲོ་བཞིན་ཡོད་ལ། མགོ་ལྡེམ་ལྡེམ་བྱེད་པའི་མོད་ལ་འཛུམ་ཞིག་ཤར་འོངས་པ་དེ་ཡང་ཤིན་
ཏུ་བཅོས་མ་ཞིག་རེད། དེའི་དགོང་མོར། ང་ཨ་ཁུའི་གྲྭ་ཤག་ལ་སོང་བ་ཡིན། དེའི་རྒྱུ་ མཚན་ནི་ཨ་ཁུས་བརྗེ་ཞིག་མངགས་ནས་ང་ལ་སྐད་བཏང་བས་ང་
རང་མི་འགྲོ་ཀ་མེད་རེད།
ཨ་ཁུའི་གཟིམ་ཤག་ལ་འགྱུར་ལྡོག་གསར་བ་ཅི་ཡང་མི་འདུག ཡིན་ན་ཡང༌། ང་ཁོའི་གཟིམ་ཁང་གི་སྒོར་བསླེབས་མ་ཐག བུ་མོ་བཞོན་ནུ་མ་ཞིག་
འདུག་པ་མཐོང༌། ཁོ་མོས་ང་ཡོང་བ་ མཐོང་འཕྲལ། མྱུར་མོར་ཡར་ལངས་པ་དང་གདོང་ལ་དམར་མདངས་ཤིག་རྒྱས་འདུག བུ་མོ་ འདིའི་མིང་ལ་གངས་
དཀར་འཚོ་ཟེར་བ་དང༌། ཁོ་མོ་ནི་ཁྱོད་ཀྱིས་བཤད་པའི་ང་ལས་ལོ་བཅུ་ ལྷག་གིས་ཆུང་བའི་བུ་མོ་དེ་རེད། ཁོ་མོའི་སྐྱེས་འབྲས་དེ་འདྲ་ལེགས་རྒྱུ་མེད་ན་
ཡང༌། རི་མོ་ཅན་གྱི་མིག་ལ་སྤྱང་གྲུང་ལྡན་པའི་མདངས་ཤིག་ཤར་ཡོད་ཅིང༌། ངག་གི་གདངས་དང་ལུས་ཀྱི་རྣམ་ འགྱུར་ལས་ཁོ་མོའི་ཁོག་ཟབ་ཅིང་གཡོ་
དང་སྒྱུ་ལ་མཁས་པའི་བུ་མོ་ཞིག་་ཡིན་པའང་ཤེས་ཐུབ། ཨ་ཁུའི་ང་ལ་བཙལ་བའི“ཆུང་མ”ནི་བུ་མོ་དེ་ལྟ་བུ་ཞིག་རེད། དེར་བརྟེན། ཨ་ཁུ་དང་ངེད་
གཉིས་ཀྱི་བར་ལ་རྩོད་པ་ཞིག་བྱུང་བ་དང༌། རྩོད་པ་དེ་ཨ་ཁུ་བཙོན་ལ་འཇུག་རག་བར་དུ་ཐག་མ་ཆོད། ཡུན་རིང་མ་འགོར་བར་ང་ཡང་ཟིང་འཁྲུག་གི་
གཏེ་བོ་ཞིག་ཏུ་བརྩིས་ནས་བཙོན་དུ་བཟུང་ནས་ལོ་བཅུ་བདུན་གྱི་ཁྲིམས་ཐག་བཅད་སོང༌། འོ—ཡ་ཕོ་གསར། ངས་ཆུ་འཁོལ་འཐུང་རྒྱུ་ མང་དྲགས་
སོང་བས་སྒོར་ཅིག་འབུད་དགོས། སྤྱོད་ཁང་གང་ན་ཡོད།?
ཀྭ་ཡེ་ཀློག་མཁན་རྣམ་པ། ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་སྒོར་འབུད་དགོས་པས། ངས་ཁོང་གི་ གཏམ་རྒྱུད་འདི་འབྲི་མཚམས་མི་འཇོག་ཀ་མེད་རེད།
ཁོང་ཕྱིར་ཕེབས་རྗེས། གཏམ་རྒྱུད་འདིའི་མཇུག་མུ་མཐུད་དུ་གསན་ཆོག
(རྩོམ་སྒྲིག་པའི་གསལ་བཤད། སྒྲུང་རྩོམ་འདི་བྲིས་མ་ཚར་བར་རྩོམ་པ་པོ་ཉིད་སྐུ་གཤེགས་པས། སྙན་པའི་གཏམ་རྒྱུད་འདི་མུ་མཐུད་དུ་གསན་
རྒྱུའི་སྐལ་བ་དབེན་པར་གྱུར།)

བརྒྱུད་སྐུལ།

མཆན་སྤེལ།