ཚེ་རིང་རྣམ་དྲུག་གི་མཚོན་དོན་འགྲེལ་བཤད།

ཚེ་རིང་རྣམ་དྲུག་གི་མཚོན་དོན་འགྲེལ་བཤད།

         དེ་ཡང༌།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མས། སྔོན་ཚེ་མ་ཧཱ་ཙི་ནའི་ཡུལ་གྲུ་འདིར། །དུས་གསུམ་སྲས་བཅས་རྒྱལ་བས་བྱིན་བརླབས་པས། །མི་འགྱུར་མི་ཞིག་ཁྱད་ཆོས་བདུན་ལྡན་པའི། །གཞོམ་བྲལ་རྡོ་རྗེའི་རང་བཞིན་བྲག་རི་བསྐྲུན། །དེ་ཡི་ངོགས་ལས་འཆི་མེད་བདུད་རྩིའི་རྒྱུན། །ལྷུང་ལྷུང་རྒྱུན་མར་འབབ་པའི་བརླན་བཤེར་ལས། །རོ་མཆོག་བརྒྱད་ལྡན་འབྲས་བུས་ཡོངས་དུད་པའི། །ཚེ་རིང་ལྗོན་ཤིང་རྒྱས་ཤིང་དེ་ཡི་དྲུང༌། །ཚེ་སྣང་དཔག་མེད་མགོན་གྱི་གཟི་བྱིན་སྟོབས། །སྙིང་ལ་ཞུགས་པ་བདེ་གསལ་མི་རྟོག་པའི། །ཡེ་ཤེས་ཏིང་འཛིན་མངོན་གྱུར་དྲང་སྲོང་ཆེ། །ཚེ་རིང་གྲགས་སྙན་འབར་བ་དགྱེས་བཞིན་བཞུགས། །དྲང་སྲོང་ཆེན་པོའི་ཆབ་གཏོར་རིལ་བུའི་ཚོགས། །ལོངས་སུ་སྤྱད་པས་རི་དྭགས་ཚེ་རིང་ཐོབ། །ལྗོན་འབྲས་འཆི་མེད་བཏུང་བའི་རྒྱུན་བཟང་པོར། །འབད་མེད་སྤྱད་པས་ཚེ་རིང་འདབ་ཆགས་བྱུང༌། །དེ་ལྟར་རྟེན་འབྲེལ་ཕུན་ཚོགས་མི་བསླུའི་སྟོབས། །བདེན་པའི་མཐུ་ལས་དྲུག་ལྡན་ཚེ་རིང་གཟུགས། །གང་དུ་མཆིས་འདིར་མི་ཤིས་རྒུད་པའི་ཚོགས། །སྤྱི་དང་ཁྱད་པར་དུས་མིན་འཆི་བ་ཡི། །འཇིགས་པ་ཀུན་བཅོམ་བདེ་སྐྱིད་དཔལ་འབྱོར་སྟོབས། །ཚེ་དང་བསོད་ནམས་མཁོ་རྒུའི་ནོར་ལོངས་སྤྱོད། །གོང་ནས་གོང་དུ་འཕེལ་ཞེས་དྲང་སྲོང་གི །བདེན་ཚིག་དེ་བཞིན་གནས་འདིར་ལྷུན་གྲུབ་ཤོག །
ཅེས་གསུངས་པ་ལྟར།དེ་ནི་མཧཱ་ཙི་ནའི་ཡུལ་ཞིག་ཏུ་སྔོན་དྲང་སྲོང་ཞིག་གིས་ཏིང་ངེ་འཛིན་གྲུབ་པའི་སྟོབས་ཀྱིས་རང་གི་འཁོར་དུ་འདུས་པའི་བྱ་དང༌།རི་དྭགས་རྣམས་ཀྱང་ཚེ་རིང་པོར་གནས་པའི་ལོ་རྒྱུས་ཡོད།

         སྔོན་དུས་ཚེ་རིང་རྣམ་དྲུག་གང་དུ་གནས་པའི་ས་ཕྱོགས་དེར་མི་དགེའི་རྒུད་ཚོགས་ཞི་ཞིང༌། ཚེ་དང་བསོད་ནམས་འཕེལ་བར་བཤད་པས་དེ་ལྟར་ཚེ་དང་བསོད་ནམས་འཕེལ་ཕྱིར་རི་མོ་དེ་རིགས་ཁང་ཁྱིམ་གྱི་ཀ་ཕིབས་སམ། བར་འཁྱམས་དང༌། གཞན་ཡང་ལྷ་ཁང༌། ཕོ་བྲང་སོགས་ཀྱི་རྩིག་ལྡེབས་སུ་འབྲི་བ་ལགས་སོ།།

         དེ་ཡང་ཚེ་རིང་དྲུག་འཁོར་རམ་ཚེ་རིང་རྣམ་དྲུག་ཏུ་གྲགས་པ་ནི། ༡ གཞོམ་ཞིག་བྲལ་བའི་རྡོ་རྗེའི་བྲག་དང༌། ༢ རོ་མཆོག་བརྒྱད་ལྡན་གྱི་ཆབ་རྒྱུན། ༣ འབྲས་བུ་ཡོངས་སུ་འདུད་པའི་ཚེ་རིང་ལྗོན་པ། ༤ ཏིང་འཛིན་མངའ་བརྙེས་ཀྱི་འཆི་མེད་དྲང་སྲོང་ཆེན་པོ། ༥ དྲང་སྲོང་ཆེན་པོའི་གཏོར་རིལ་ལ་ལོངས་སྤྱད་པས་ཚེ་རིང་དུ་གྱུར་པའི་རི་དྭགས་དང༌། ༦ ལྗོན་པའི་འབྲས་བུ་དང་འཆི་བ་མེད་པའི་བཏུང་བར་རྟག་ཏུ་ལོངས་སྤྱད་དེ་ཚེ་རིང་དུ་གྱུར་པའི་འདབ་ཆགས་བཅས་བྲིས་སྲོལ་ཡོད་པ་དེ་དག་ལ་ཚེ་རིང་རྣམ་དྲུག་ཅེས་བརྗོད་དོ།།

         དེ་ལྟར་བྲག་ཚེ་རིང་དང༌། མི་ཚེ་རིང༌། ཆུ་ཚེ་རིང༌། ཤིང་ཚེ་རིང༌། བྱ་ཚེ་རིང༌། རི་དྭགས་ཚེ་རིང་བཅས་ཚེ་རིང་རྣམ་དྲུག་ནི་བོད་ལས་སྟོང་ཁུན་ལུགས་ཀྱི་རི་མོ་ལ་སྤྱོད་སྒོ་ཆེ་ལ། ནང་དོན་ཁྱབ་ཆེ་ཞིང་ཚེ་ལོ་དཔག་མེད་ཀྱི་རང་གཟུགས་ཡིན་པ་མ་ཟད་རི་མོ་འདི་དག་ལ་ཚེ་རིང་རྣམ་དྲུག་ཅེས་བརྗོད་དོན་ནི། ཚེ་རིང་རྣམ་དྲུག་རྣམས་གཅིག་ལ་གཅིག་བརྟེན་ཏེ་ཚེ་རིང་པོ་ལུས་ཐུབ་པས་ཚེ་རིང་རྣམ་དྲུག་ཅེས་གྲགས་པ་ཡིན་ནོ།།

         ཚེ་རིང་རྣམ་དྲུག་ལས་དང་པོ་བྲག་ཚེ་རིང་ནི། གནའ་བོའི་དུས་སུ་མཧཱ་ཙི་ནའི་ཡུལ་གྲུ་ཆེན་པོའི་རྣམ་དག་བདེ་ཆེན་གྱི་ཚལ་ཞེས་བྱ་བ། དབེན་ཞིང་ཉམས་དགའ་བ་སྤྲུལ་པའི་བཟོ་བོས་བྱས་པ་བས་ཀྱང་ཆེས་མཛེས་པའི་ཡུལ་དེའི་དབུས་སུ། བསྐལ་པ་ཆགས་པའི་ཐོག་མར་བྱུང་བའི་བྲག་རི་དུང་དཀར་གཡས་སུ་འཁྱིལ་བའི་དབྱིབས་ཅན། སྲིད་པའི་འཇིག་པ་ལའང་ཅི་མི་སྙམ་པ་ལྟར་བརྗིད་ཅིང་རབ་ཏུ་བརྟན་པ། སངས་རྒྱས་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའི་གནས། རྩེ་མོ་མཁའ་ལ་བསྙེགས་པ། སྐྱེ་བོ་ཕལ་པ་རྒྱུ་བའི་སྐབས་དང་བྲལ་ཞིང་འཆི་མེད་ཚེའི་སྒྲུབ་ཆུ་རྒྱུན་དུ་བབ་པ་ཞིག་ཡོད་པ་དེ་ལའོ།།

         གཉིས་པ་མི་ཚེ་རིང་ནི། དེ་ལྟའི་བྲག་དེའི་དྲུང་དུ་འཆི་མེད་ཚེའི་དངོས་གྲུབ་བརྙེས་ཤིང༌། དབེན་པའི་གནས་དེར་མི་ལོ་སྟོང་ལ་ཉེ་བར་བསྒོམས་པས། འབྱུང་བཞི་ལ་རང་དབང་ཐོབ་པའི་རིག་འཛིན་གྱི་དྲང་སྲོང་ཆེན་པོ། སྨ་ར་དང་སྨིན་མ་དུང་ལྟར་དཀར་ཞིང་དཀར་ལ་དམར་བའི་མདངས་ཆགས་པ། རྒྱ་ནག་གི་རིག་འཛིན་གྱི་ཆས་ལ། ཕྱག་མཚན་གཡས་ཀ་པེད་ཀྱི་ཚེ་བུམ་དར་གྱི་མགུལ་ཆིངས་ཅན་གྱིས་བརྒྱན་པའི་ཕྱག་འཁར་དང༌། གཡོན་དུ་མི་ལོ་སྟོང་ལས་སྨིན་པའི་ལྷའི་ཁམ་བུ་བསྣམས་ཏེ་སྦྱིན་པའི་ཚུལ་གྱིས་བཞུགས་པའོ།།

         གསུམ་པ་ཆུ་ཚེ་རིང་ནི། དྲང་སྲོང་དེའི་སྐུ་གསུང་ཐུགས་ཀྱི་མཐུ་བྱིན་ལས། རྒྱབ་ཀྱི་བྲག་རི་དུང་དཀར་དབྱིབས་འདྲ་བའི་འཁྱིལ་ཁུག་ནས་རྒ་ཤི་མེད་པའི་བཅུད་ལེན། ཡན་ལག་བརྒྱད་ལྡན་ཚེའི་སྒྲུབ་ཆུ་རྒྱུན་མི་ཆད་པར་སྐྱེ་དགུའི་ཚེ་སྲོག་འཚོ་བའི་གཉེན་དུ་འབབ་པ་དེའོ།།

         བཞི་པ་ཤིང་ཚེ་རིང་ནི། ཚེ་རིང་བའི་ལྗོན་པ་མྱ་ངན་མེད་པའི་ཤིང་༼རྒྱ་ནག་རང་ལུགས་ལྟར་ན་སྒྲོན་ཤིང་ངོ༌།༽ རྩ་བ་བརྟན་ཅིང་ཡལ་ག་དང་ལོ་འདབ་རྒྱས་པ། མེ་ཏོག་གིས་མཛེས་ཤིང་འབྲས་བུས་ཁུར་དུ་ལྕི་བ། འགྲོ་ཀུན་ཚ་གདུང་སེལ་བྱེད་ཀྱི་གཉེན་དུ་བརྗིད་པ། དེའི་གྲིབ་བསིལ་རེག་པའམ་འབྲས་བུ་མྱོང་བའི་སྐལ་བ་ཙམ་ཐོབ་ནའང་ཚེ་བསྲིངས་ཏེ་ཚེ་མཐར་ཕྱིན་པར་གྱུར་པ་དེའོ།།

         ལྔ་པ་བྱ་ཚེ་རིང་ནི། དྲང་སྲོང་དེའི་ཁྱམས་ར་ན། རྒྱུན་པར་ཟང་ཟིང་གི་སྦྱིན་པ་དང༌། མི་འཇིགས་སྐྱབས་ཀྱི་སྦྱིན་པའི་གཡབ་མོ་ལ་བརྟེན་ནས། སྤུ་སྡུག་འདབ་ཆགས་ཚོགས་ཀྱང་འདུ་བར་གྱུར་པ་ལས་ལྷ་བྱ་ཁྲུང་ཁྲུང་གངས་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་ལྟར་མཛེས་ཤིང་བཟང་བ།མགྲིན་པ་དང་རྐང་པ་རིང་བ། དཀར་ནག་མངོན་པར་བཀྲ་ཞིང་རིན་ཆེན་གྱི་ཏོག་དམར་པོས་གཙུག་ཏུ་བརྒྱན་པ་གཉིས་ཡོད་པ་དེའོ།།

         དྲུག་པ་རི་དྭགས་ཚེ་རིང་ནི། དྲང་སྲོང་གང་དེའི་བཞུགས་གནས་དང་ཉེ་བའི་སར་སྤང་གཞོངས་གཡུའི་མེ་ལོང་འདྲ་བར་རི་དྭགས་རུ་རུའམ་ཤྭ་བ་རྭ་ལག་ཡོངས་སུ་རྒྱས་པ་ཡུ་མོ་དང་རྩེན་བཞིན་དུ་འགྲོགས་ཤིང༌། བག་ཕེབས་ཅི་དགར་རང་བྱུང་གི་རྩྭ་ཆུར་ལོངས་སྤྱོད་པ་རྣམས་ཀྱང༌། གནས་དང་དྲང་སྲོང་གི་བྱིན་རླབས་ལས་རྒ་ཤི་སྤངས་པའི་བདེ་བ་ལ་མངོན་སུམ་དུ་རེག་པར་གྱུར་པས་ཚེ་རིང་རྣམ་དྲུག་ཏུ་བརྗོད་ལ། རྒྱ་ནག་གི་སྐད་དུ་དབང་ཐང་གི་སྲོག་ཡིག་ལུའུ་དང་ཤྭ་བའི་མིང་ལུའུ་ཞེས་པའི་ཡི་གེ་གཉིས་ཀྱི་སྒྲ་གཅིག་པས། རི་དྭགས་གཉིས་དབང་ཐང་རྒྱས་པའི་རྟེན་འབྲེལ་དུ་བྲིས་པ་ཡིན་ཚུལ་ཡང་རྒྱ་ནག་གི་ཡིག་རྙིང་ལས་འབྱུང་ངོ༌།།

         ཡང་ན། མི་འགྱུར་མི་འཇིག་པའི་ཁྱད་ཆོས་བདུན་དང་ལྡན་པའི་བྲག་རི་ཞིག་བྱུང་བ་དེ་ནི་ཚེ་རིང་དྲུག་སྐོར་གྱི་ཐོག་མའི་འབྱུང་རྐྱེན་ལྟ་བུར་གྱུར་ཞིང༌། དེ་ནས་རྡོ་རྗེའི་ཆོས་སུ་གྲུབ་པའི་བྲག་རི་དེའི་ངོགས་ནས་འཆི་མེད་བདུད་རྩིའི་རྒྱུན་མཆོག་ལྷུང་ལྷུང་སྙན་པའི་སྒྲ་བཅས་འཛད་མེད་རྒྱུན་མར་འབབ་པའི་བརླན་གཤེར་ལས་རོ་མཆོག་བརྒྱད་ལྡན་གྱི་འབྲས་བུ་གཡུར་དུ་ཟ་བའི་ཚེ་རིང་ལྗོན་ཤིང་བྱུང༌། དེ་ཡི་དྲུང་དུ་ཚེ་དང་ཡེ་ཤེས་དཔག་མེད་མགོན་པོའི་བྱིན་རླབས་སྙིང་ལ་ཞུགས་པའི་ཡེ་ཤེས་ཏིང་འཛིན་མངོན་གྱུར་གྱི་དྲང་སྲོང་སྟེ་མི་ཚེ་རིང་བྱུང༌། དྲང་སྲོང་དེ་ཡི་ཆབ་གཏོར་རིལ་བུའི་ཚོགས་ལོངས་སྤྱད་པས་རི་དྭགས་ཚེ་རིང་བྱུང༌། ཚེ་རིང་ལྗོན་ཤིང་གི་འབྲས་བུ་དང༌། འཆི་མེད་བཏུང་བའི་རྒྱུན་ལ་ལོངས་སྤྱོད་པས་ཚེ་རིང་འདབ་ཆགས་བྱུང་བ་བཅས་དེ་ལྟར་རྟེན་འབྲེལ་ཕུན་ཚོགས་མི་བསླུ་བ་བདེན་པའི་མཐུ་ལས་ཚེ་རིང་དྲུག་སྐོར་བྱུང་བར་གྲགས།

         དལ་བརྒྱད་འབྱོར་བཅུ་ཚང་བ་མིའི་འཇིག་རྟེན་གྱི་སྣོད་བཅུད་ཕུན་སུམ་ཚོགས་པའི་ནང་གི་ཚེ་རིང་བའམ་བརྟན་པའི་མཚོན་དོན་དུ། ཚེ་དཔག་མེད་ཀྱི་འཆི་མེད་ཚེའི་དངོས་གྲུབ་ཀྱི་འཇུག་པ་ཐོབ་པ་མི་ཚེ་རིང་དང༌། དེའི་ཆབ་གཏོར་གྱི་ཆུ་སོགས་ལ་སྤྱད་པའི་བྱིན་རླབས་ལ་བརྟེན་ནས་བྱ་ཚེ་རིང་དང༌། རི་དྭགས་ཚེ་རིང་གསུམ་ནི་གཡོ་བ་བཅུད་ཀྱི་སེམས་ཅན་གྱི་ནང་ནས་ཚེ་རིང་བའི་མཚོན་དོན་དུ་མཛད་པའོ།།

         མི་ཚེ་རིང་གནས་པའི་ཁོར་ཡུག་གི་བྲག་ཚེ་རིང་དང༌། ཆུ་ཚེ་རིང༌། ཤིང་ཚེ་རིང་བཅས་བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་ནང་ནས་བརྟན་པའི་མཚོན་དོན་དུ་མཛད་པ་ཡིན་ནམ་སྙམ་ཞིང༌། གཞན་དུ་ན་ཚེ་རིང་བའི་འགྲོ་བ་གཞན་ཡོད་རུང་དེ་དག་མཚོན་དོན་དུ་མཛད་མེད་པ་དེས་ཀྱང་སྣོད་བཅུད་ཕུན་སུམ་ཚོགས་པ་མིའི་འགྲོ་བའི་སྣོད་བཅུད་ཁོ་ནར་དགོངས་པ་ཡིན་ནམ་སྙམ་མོ།།

         ཚེ་རིང་རྣམ་དྲུག་གི་གཟུགས་བརྙན་གང་དུ་འཚལ་བར་མི་ཤེས་རྒུད་པའི་ཚོགས་སྤྱི་དང༌། ལྷག་པར་དུས་མིན་འཆི་བའི་འཇིགས་པ་འཇོམས་ཤིང༌། མངའ་ཐང་ལོངས་སྤྱོད་གོང་ནས་གོང་དུ་འཕེལ་བ་དྲང་སྲོང་གི་བདེན་ཚིག་ལས་འགྲུབ་པར་བརྩི་བའི་ཤོད་སྲོལ་བྱུང་བས། དེའི་སྟོབས་ཀྱིས་མི་རྣམས་ཀྱིས་ཚེ་རིང་རྣམ་དྲུག་གི་གཟུགས་བརྙན་འབྲི་རྒྱུར་དགའ་པོ་བྱེད་པ་མ་ཟད། མི་ཚེ་རིང་དང༌། བྱ་ཚེ་རིང་གི་ལྟད་མོའི་ལེ་ཚན་འཁྲབ་སྟོན་བྱེད་པའི་སྲོལ་ཡང་དར་ཡོད།

         ཚེ་རིང་རྣམ་དྲུག་གི་རི་མོའི་ཐོག་ནས་གནའ་བོའི་ལོ་རྒྱུས་ཐོག་བོད་རྒྱ་གཉིས་རིག་གནས་སྤེལ་རེས་ཀྱི་འབྲེལ་བ་དམ་ཟབ་བྱུང་བའི་མཚོན་རྟགས་གསལ་པོ་ཡོད་ཅིང༌། ཚེ་རིང་རྣམ་དྲུག་གི་ལོ་རྒྱུས་ཤོད་སྲོལ་དང༌། རི་མོ་འབྲི་སྲོལ་འདི་ཉིད་ཐོག་མར་རྒྱ་ནག་ཏུ་ནང་པ་སངས་རྒྱས་པའི་སྐྱེས་ཆེན་ཞིག་གིས་ཚེ་རིང་ནད་མེད་བདེ་སྐྱིད་ཕུན་ཚོགས་ཡོང་བའི་རྟེན་འབྲེལ་དུ་དམིགས་ཏེ་བྲིས་ཤིང༌། དེ་རྗེས་བོད་གངས་ཅན་གྱི་ལྗོངས་སུ་དར་ཏེ་འབྲི་སྲོལ་རྒྱུན་འཇགས་སུ་གནས་པ་ལགས་སོ།།

མཧཱ་ཙི་ནའི་བདེ་བའི་ཚལ་ཞེས་པར། །

བྱུང་བའི་ཚེ་རིང་རྣམ་དྲུག་གཟུགས་རིས་འདིས། །

འཆི་མེད་དཔལ་སྟེར་ལྷ་ཡི་ཚེ་བཅུད་ཀུན། །

གླིང་འདིར་ངང་གིས་འདུས་པའི་རྟེན་འབྲེལ་སྒྲུབ། །

བརྒྱུད་སྐུལ།

མཆན་སྤེལ།