ཛ་སག་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཛ་སག་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱི་ལོ་རྒྱུས་སྙིང་བསྡུས།

༄། །བླ་བྲང་རྒྱལ་མཚན་མཐོན་པོའི་ནང་མ་སྒང་གིས་ཛ་སག་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་མཆོག་ནི། རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོ་སྟེ་ (སྤྱི་ལོ་ 1913) ལོར་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་ལྷ་རྩེ་རྫོང་ལྷ་རྩེ་ཞོལ་སྨོན་སྐྱིད་གཟིམས་ཤག་ཏུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་གདན་ས་བཀྲ་ཤིས་ལྷུན་པོའི་ཆོས་གྲྭར་ཡི་གེ་འབྲི་ཀློག་སོགས་སྦྱངས། སེ་ར་ཐེག་ཆེན་གླིང་གི་ཆོས་གྲྭར་ཞུགས་ཏེ་གཞུང་བཀའ་པོད་ལྔ་དང་། རིག་པའི་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་ནས་མཁས་པའི་ཡང་རྩེར་སོན།

དེ་ནས་ནང་མ་སྒང་གི་ལས་བྱེད་ཐེག་པ་རིམ་རྒྱུད་མཐར་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མའི་ནང་སྒང་གི་ཛ་སག་དང་། མགྲོན་གཉེར། དྲུང་ཡིག་ཆེན་མོ་སོགས་མཛད་མྱོང་བ་དང་། དེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་སྐབས་བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ལོ་སྟེ་ (སྤྱི་ལོ་ 1954) ལོར་སྔར་ཡོད་ས་སྨད་བཞུགས་སྒར་པཎ་ཆེན་ནང་མ་སྒང་གི་རྨང་གཞིའི་ཐོག་བསྐྱར་སྒྲིག་བྱས་ནས་བཙུགས་པ་ཞིག་ཡིན་པ་དང༌། དེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་དབུ་ཁྲིད་འོག་དེ་སྔའི་ཕྱག་མཛོད་སྐྱབས་དབྱིངས་ཛ་སག་བླ་མའི་འགན་དབང་སྤྱོད་པའི་བླ་བྲང་རྒྱལ་མཚན་མཐོན་པོའི་སྲིད་འཛིན་སྤྱི་ཁྱབ་མཐོ་ཤོས་ཡིན་ཅིང༌། སྐབས་དེར་རིམ་པ་གཉིས་པའི་ཛ་སག་བཀྲས་མཐོང་འཇིགས་མེད་གྲགས་པ་ (ཅིའི་འཇིགས་མེད་ཀྱང་ཟེར་) དང་། ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་གཉིས་ནས་འགན་འཛིན་རྒན་པ་གནང་བའི་ཁྱོན་འགན་འཛིན་རྒན་གཞོན་དང་། ཨུ་ཡོན་བསྡོམས་མི་གྲངས་བཅུ་བདུན་ཡོད། ནང་མ་སྒང་གི་རྒྱུན་གཏན་ལས་དོན་ཆེ་ཕྲ་ཚང་མའི་གཙོ་སྐྱོང་ཐག་གཅོད་འགན་འཛིན་ཛ་སག་གཉིས་ནས་གནང་བ་མ་གཏོགས་འགན་འཛིན་གཞོན་པ་དང་ཨུ་ཡོན་རྣམས་རྒྱུན་གཏན་ཕེབས་དགོས་ཀྱི་མེད།

བོད་མེ་སྤྲེལ་སྤྱི་ལོ་ 1956 ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཟེར་བའི་ནང་། གཞུང་བླ་ཁམས་གསུམ་གྱི་མི་གྲངས་ཆ་གསེས་ཀྱིས་བསྐོ་གཏོང་གནང་བ་བླ་བྲང་གི་ལས་དོན་ནང་བཞུགས་མི་ཛ་སག་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་གཙོས་པའི་ཞབས་འབྲིང་སེར་སྐྱ་ལྔ་བཅུ་སྐོར་ལྷ་སར་རྒྱུན་བཞུགས་གནང་དགོས་པར་བརྟེན། བྱེས་བཞུགས་ནང་སྒང་ཡིག་ཚང་དང་བཅས་པ་གསར་དུ་བཙུགས་ཤིང་། ལྷ་ས་ནང་སྒང་གི་གཙོ་འགན་ཛ་སག་ལྷ་སྨོན་གྱིས་གནང་ཐོག གལ་ཆེའི་ཚོགས་གྲོས་གནང་རྒྱུ་སོགས་མཉམ་སྡེབ་འགོ་ཁྲིད་གྲས་ཀྱི་ཁོངས་སུ་ཏཱ་བླ་མ་གཅིག་དང་། ཐའི་ཇི་གཅིག །རིམ་བཞི་གསུམ། བླ་སྤྲུལ་གཅིག་བཅས་ཡོད། མཐར་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ལོ་སྟེ་ (སྤྱི་ལོ་ 1961) ལོའི་སྤྱི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ནང་མ་སྒང་གིས་ལས་ཁུངས་མཇུག་བསྒྲིལ་བས། བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའང་གནང་།

ཁོང་གི་གསུང་རྩོམ་《སྐྱ་བསེང་བུ་ལྔའི་རྟོགས་བརྗོད་》གཙོས་པའི་སྙན་རྩོམ་《རྗེ་བཙུན་མི་ལའི་རྣམ་ཐར་སྙན་ངག་གི་ལམ་དུ་དྲངས་པ་》དང་། 《ནགས་ལྷ་སྒེག་མོའི་གཏམ་རྒྱུད་༽ བསླབ་བྱ། སྙན་ངག་གི་ཆབ་ཤོག་ལ་སོགས་པ་བཞུགས། རིག་གསར་སྐབས་བོད་མི་སྤྱི་མཚུངས་ལྟར་གྱི་ངལ་ལས་སྣ་ཚོགས་མྱངས་ནས་མཐར་དགུང་ལོ་རེ་བཞི་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་ལོ་སྟེ་ (སྤྱི་ལོ་ 1977) ལོར་སྐུ་གཤེགས་སོ།།
ལྷ་རྒོད་གངས་རི་ནས་སྤྱི་ལོ་ ༢༠༡༩ ཟླ་བ་ ༢ ཚེས་ ༡༡ ལ།
དཔྱད་གཞིའི་ཡིག་ཆ། ༡༽ དུང་དཀར་ཚིག་མཛོད་ཆེན་མོ། ༢༽ ཡོངས་འཛིན་རིག་མཛོད། ༣༽ ལུང་པའི་མིང་སོགས་ཅུང་ཁ་བཀང་སྟེ་བྲིས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།