ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ཁ་རག་རྡོ་སྐུ་རང་བྱོན་གྱི་མཚམས་སྦྱོར།

ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ཁ་རག་རྡོ་སྐུ་རང་བྱོན་གྱི་མཚམས་སྦྱོར།

ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ཁ་རག་རྡོ་སྐུ་རང་བྱོན་གྱི་མཚམས་སྦྱོར།

 [རྩོམ་པ་པོ། རྒྱ་བཙུན་ཚུལ་ཁྲིམས་ཕུན་ཚོགས།]

 

ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ཁ་རག་རྡོ་སྐུ་རང་བྱོན་གྱི་མཚམས་སྦྱོར་གཤེན་གྱི་ཞལ་ལུང་།

       ༄༅།། བརྒྱ་བའི་སྟོན་མཆོག་གཤེན་རབ་མི་བོ་དང་གྱེར་སྤུངས་དྲན་པ་ནམ་མཁའ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོ་ཕྱག་འཚལ་ལོ། །འདིར་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ཁ་རག་རྡོ་སྐུ་རང་བྱོན་ནམ་དྲན་པའི་རྡོ་སྐུ་རང་བྱོན་བྱུང་བ་ཅུང་ཙམ་ཞིག་བརྗོད་ནས། ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་སྐོར་དང་། རྡོ་སྐུ་རང་བྱོན་གྱི་སྐོར། ཞར་བྱུང་བཟོ་རྒྱུན་བཅས་ཀྱི་སྐོར་རོ། །

 

གཅིག  སངས་རྒྱས་གཡུང་དྲུང་བོན་གྱི་ལུགས་སུ་གཙོ་བོའི་ས་ཚིགས་སམ་བོན་ཚིགས་ཡུལ་དབུས་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་སྐོར།

      ༡༽ ཞང་ཞུང་ཕུགས་པ་རྟག་གཟིགས་འོལ་མོ་ལུང་རིང་གི་སྐོར་ནི། ཇི་སྐད་དུ་ལུང་ལས། ཨེ་མ་ཧོ། །གནས་མཆོག་དམ་པ་འོལ་མོ་ལུང་རིང་ན། །དུས་བཞི་ཆ་སྙོམས་འཇིགས་བྲལ་མེད་པ་དང་། །རྩི་ཤིང་འབྲུ་སྨན་གཏེར་མཛོད་རྒྱས་པ་བཞིན། །ཞིང་ཁམས་འདི་ཡང་དེ་བཞིན་བཀྲ་ཤིས་ཤོག །ཅེས་གསུངས་པས་ད་ལྟའི་རི་བོ་གངས་ཅན་ཏི་སེ་ནི་ས་ཚིགས་ཀྱི་ཡུལ་དབུས་སུ་བྱས་པའི་འཛམ་བུ་གླིང་གི་ནུབ་ཕྱོགས།

 

ཕྱོགས་དེ་ན་ཡོད་པའི་ཞིང་ཁམས་སམ་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ནི་ཡོན་ཏན་གྱི་ཡུལ་དབུས་སུ་ཡིན་པ་ལ། དེའང་དབུས་སུ་རི་རྒྱལ་གཡུང་དྲུང་དགུ་བརྩེགས་ཀྱི་ཕྱོགས་མཚམས་སུ་ཆུ་བཞི་ཚལ་བཞི་རོལ་མཚོས་བསྐོར་བའི་དབུས་ཀྱི་རྒྱལ་ས་གླིང་བརྒྱད་དང་། དེའི་ཕྱི་རོལ་ནང་གི་གླིང་མཆོག་བཅུ་གཉིས། བར་གྱི་གླིང་ཆེན་བཅུ་དྲུག ཕྱི་གླིང་སུམ་ཅུ་རྩ་དྲུག་བཅས་ཀྱི་རྒྱལ་ཁམས་དང་གཞན་ཡང་དེ་དག་གི་བར་མཚམས་སུ་རྒྱལ་ཕྲན་སུམ་བརྒྱ་དྲུག་བཅུ། དེ་རྒྱབ་མུ་ཁྱུད་གདལ་བའི་རྒྱ་མཚོ་དང་དབལ་སོ་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་མཐའ་བསྐོར་ལ་དཔག་ཚད་སྟོང་དང་ལྔ་བརྒྱས་བསྐོར་བའི་ཞིང་ཁམས་དང་ཞིང་ཁམས་དེའི་བཀོད་པ་ལོ་རྒྱུས་ཞིབ་ཕྲ་བོན་པོའི་བཀའ་དང་བཀའ་བརྟེན་མང་པོའི་ནང་ནས་རྒྱ་ཆེར་བཞུགས་ཡོད་དོ། །ཡུལ་དེར་རྒྱ་གར་གྱི་མི་རྣམས་ཀྱི་ཤམ་བྷ་ལ་སོགས་ཡུལ་ཁམས་གཞན་དག་གིས་མཚན་སོ་སོར་ཡོད་པར་གསུངས་ལ། རྫུ་འཕྲུལ་དང་མི་ལྡན་པར་གནས་དེར་བགྲོད་བྱ་མིན་ཞིང་། མ་དག་པ་སོར་སྐྱེས་མིག་གིས་དུས་ནམ་ཡང་མི་མཐོང། །ཞེས་གསུངས་པ་ན། གཡུང་དྲུང་བོན་ལ་དད་པ་དང་དག་སྣང་ཡོད་པའི་མི་ཞིག་ཡིན་ན་རྒྱལ་བའི་བཀའ་ལུང་ཡིད་ཆེས་པར་མཛོད་ཅིག དེ་མིན་ད་ལྟ་ལྷོ་འཛམ་བུ་གླིང་གི་མི་རིགས་སོ་སོར་རང་རང་གི་ལྟ་གྲུབ་མང་བས་ཀུན་ངོས་འཛིན་གཅིག་འགྱུར་ཡོང་བ་ཤིན་ཏུ་དཀའ་འོ། །

༢༽ ཞང་ཞུང་བར་པའི་ཡུལ་རྒྱལ་མཁར་བ་ཆོད་ཀྱི་སྐོར་ནི། མ་རྒྱུད་སྒོམ་འགྲེལ་ལས། ཞང་ཞུང་བར་པའི་ཡུལ་སྲིད་པའི་ཞིང་ཁམས་རྣམ་པར་དག་པ། འཛམ་གླིང་སའི་སྙིང་པོ། ཞང་ཞུང་བོན་གྱི་རྒྱལ་པོའི་ཞིང་ཁམས་ན། ཡབ་གཡུང་དྲུང་བོན་གྱི་རྒྱལ་པོ། གྱེེར་ཝེར་ཐ་ཚན་ཧི་པང་རྐྱ་ཞེས་བྱ་བ། འཛམ་བུ་གླིང་གི་རྒྱལ་ཁམས་ལ་དབང་བསྒྱུར་གཅིག་ཡོད་པ་ལ། །ཞེས་གསུངས་པའི་རྒྱལ་ཁམས་ནི། འོལ་མོ་ལུང་རིང་དང་ཞང་བོད་ཀྱི་གངས་ཏི་སེའི་བར་གྱི་གནའ་བོའི་དུས་སུ་ཡུལ་ཁམས་རྒྱ་ཆེ་བ་ཞིག་ཡིན་པར་གསུངས། གོང་གི་རྒྱལ་སྲས་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་སྐབས་སུ་ཡང། རྒྱལ་ཁམས་དེའི་ཡུལ་དབུས་སུ་རྒྱལ་བ་མྱེས་༼མཉེས༽པའི་ཚལ་གསང་བ་རྒྱལ་པོའི་ཕོ་བྲང་ནི་ཞེས་བྱ་བ་ལ་དེ་ལ་རི་བོ་ཆེན་པོ་ལྔ་ཡོད་པས་དེ་ལྔ་ལ་གསས་ཁང་ཆེན་པོ་ལྔ། དེ་རེ་རེ་ལ་བདེ་ཆེན་མཆོད་རྟེན་བཞི་རེ་དང་། མཐུ་རྩལ་གྱི་འདུག་གནས་མཁར་ཆེན་བརྒྱད་རེ། འདོད་ཡོན་འབྱུང་བའི་གྲོང་ཁྱེར་ཆེན་པོ་བཅུ་དྲུག་རེ་དང་། དེའི་ཕྱི་རིམ་ནང་ཁྱམས་སུ་ཁྲིམས་ཀྱི་སྡེ་སྐྱོང་བའི་བརྒྱ་ཉི་ཤུའི་ཕོ་བྲང་། ཕྱི་ཁྱམས་སུ་འདོད་ཡོན་ལོངས་སྤྱོད་འདབ་པའི་སྡེ་ཆེན་ལྔ་བཅུ་རྩ་གཉིས་ཀྱི་ཕོ་བྲང་། མཐའ་ལྕགས་རི་ཡོངས་སུ་བསྐོར་བ་ལ་དམག་གི་རྒྱལ་པོ་བཞི། དྲག་པོའི་ཁྲིམས་སྐྱོང་བརྒྱད། དེ་དག་རེ་རེ་ལའང་འཁོར་དང་སྡེ་དང་བྲན་དང་བཅས་པའི་མཁར་དགུ་བརྒྱ་དགུ་བཅུ་རྩ་དགུ། དབུས་ཀྱི་མཁར་ཆེན་བརྒྱད་དང་བཞི་བཅུ་དང་སྟོང་རྩ་བརྒྱད་བརྩིགས་ནས། ཁྲིམས་ནི་ཨ་དཀར་ཐེག་པའི་ལུགས་བསྟུན་ཏེ་ཅི་ལྟ་བ་བཞིན་དུ་འབྲས་བུ་གསང་སྔགས་ཀྱི་བོན་ལ་སྤྱོད་དོ། །དེའི་ཕྱི་རིམ་ནང་གི་རྒྱལ་ཁམས་ནི་ཞེས་བྱ་བ་ལ་ཞིང་ཁམས་ཀྱི་སྤྱི་རྗེ་བཞི། ཁྲིམས་ཀྱི་འདུལ་དཔོན་བརྒྱད། བཀའ་ཁྱེར་གྱི་དཔང་པོ་བཅུ་དྲུག ཡོན་ཏན་གྱི་བློ་འཛིན་སོ་གཉིས། འཕྲིན་ལས་ཀྱི་འདུལ་དཔོན་ལྔ་བཅུ་རེ་བསྐོས་ལ། ཁྲིམས་ནི་ཡེ་གཤེན་གཡུང་དྲུང་སེམས་དཔའི་ལུགས་སུ་བསྟུན་ཏེ་འགྲོ་བའི་དོན་དུ་དགེ་སྟོབས་ཀྱི་ལས་གང་ཆེ་བའི་བྱ་བ་ཡོངས་སུ་བསྒྲུབས་པས་སངས་རྒྱས་ཀྱི་བསྟན་པ་དར་རོ། །ཕྱིའི་རྒྱལ་ཁམས་ནི་ཞེས་བྱ་བ་ལ་ཡུལ་སྡེ་སུམ་བཅུ་རྩ་གཉིས་ལ་རྒྱལ་ཕྲན་སུམ་བཅུ་རྩ་གཉིས་བསྐོས་ལ། ཁྲིམས་ནི་དྲང་སྲོང་ཐེག་པའི་ལུགས་དང་བསྟུན་ཏེ་སྲོག་བཅད་ན་མགོ་བཅོད་པ་ལ་སོགས་ཀྱི་ཁྲིམས་བྱས་པས་རྒྱལ་ཁམས་ལ་ངན་པ་མེད་ཅིང་བདེ་བར་གྱུར་ཏོ། །ཞེས་སོགས་གསུངས་སོ། །དེའང་ཡུལ་ཁམས་དེ་ནི་དེང་སང་མཁས་པ་འགའ་ཞིག་གི་ཨ་རབ་པའི་ལུང་པ་པར་སིག་སོགས་ལ་ངོས་འཛིན་གནང་མཁན་ཡང་ཡོད་དོ། །

༣ ཞང་ཞུང་སྒོ་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར་ནི། གཡུང་དྲུང་བོན་གྱི་བསྟན་འབྱུང་ལས། ཕྱི་མ་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ། །སྟོད་ན་ཁ་ཆེའི་ཡུལ་མཚམས་སེང་པའི་ཕྱིན། །བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨད། །སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་། །ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན། །ཞེས་གསུངས་པའི་ཞང་ཞུང་དངོས་གྱི་ཡུལ་སྒོ་པ་དེར་ཡང་སྒོ་ཕུགས་བར་གསུམ་ཡོད་དེ། །སྒོ་ཕུགས་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར། །སྒོ་བར་པ་དྭང་ར་རྟ་སྒོའི་སྐོར། །སྒོ་ཕྱི་མ་སུམ་པ་གླང་གི་གྱིམ་ཤོད་ཀྱི་སྐོར་རོ། །ཞེས་བརྗོད་ལ་སྒོ་རེ་རེ་ལའང་གཡས་སྒོ་དང་གཡོན་སྒོ་དབུས་སྒོ་གསུམ་གསུམ་རེ་ཕྱེ་སྲོལ་ཡང་ཡོད་དོ། །དེ་ལྟར་ཞང་ཞུང་དངོས་ཀྱི་ཡུལ་དབུས་ནི། །གངས་རིའི་དཀར་ཆག་ཚང་དབྱངས་ཡིད་ཕྲོག་ལས། དེ་ལྟར་དུ་ཡང་ངོ་མཚར་ལྡན་པའི་ཚལ་བཞི་རུ་སྲིད་པ་ནི། ཞང་ཞུང་ཁྱུང་ལུང་དངུལ་མཁར་བསྒྲུབ་པའི་གནས་ཀྱི་ཚལ་ཞེས་དང་། གངས་རི་མཚོ་གསུམ་འཛམ་གླིང་གནས་ཀྱི་ཚལ་ཞེས་དང་། ཞང་ཞུང་བྱེ་མ་གཡུང་དྲུང་ཚལ་ཞེས་དང་། ཞང་ཞུང་མི་འགྱུར་དུམ་པ་ཚལ། །ཞེས་གསུངས་པས་དེ་ལྟར་ཚལ་ཆེན་བཞི་ནི་ཡུལ་དབུས་སུ་ཡིན་ནོ། །ཞང་ཞུང་རྒྱལ་རབས་གྲགས་ཆེ་བ་ནི། ཡང་དེ་ནས། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ། སྲིད་པ་གནམ་ནས་བསྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་པོ། ཞེས་ནས། ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་རྒྱལ་པོ་བཅོ་བརྒྱད་འདི་རྣམས་ཀྱི་རིང་ལ། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་སོགས་ཡུལ་ཆེན་ཡུལ་ཆེན་བཅོ་བརྒྱད་ཀྱི་མགོ་བོ་ནོན་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་། སྐུ་ཚེ་ཡང་མི་ལོ་གཉིས་སྟོང་དུ་བཞུགས་པ་དང་། ཕུང་པོ་ལྷག་མེད་དུ་སངས་རྒྱས་པ་ཡང་ཡོད་པའོ། །ཞེས་པའི་བར་དུ་གསུངས་ལ་གཞན་དུ་ཞང་ཞུང་རྒྱལ་རབས་བཞི་བཅུ་རྩ་གཉིས་ཙམ་བྱུང་ཚུལ་ལོ་རྒྱུས་ཡང་ཡོད། །ཞང་ཞུང་གི་རྒྱལ་ས་གྲགས་ཆེ་བ་དབུས་ཕྱོགས་སུ་མཁར་ལྔ་དང་མཁར་ཕྲན་བཅོ་བརྒྱད། ཕྱོགས་ཀྱི་རྫོང་བཞི་བཅས་ཡོད་ལ་གཞན་ཡང་མཁར་རྫོང་མང་ཞིག་ཡོད་སྐད། །ཞང་ཞུང་ཡུལ་ལ་གཡུང་དྲུང་བོན་གྱི་འདུ་གནས་ནི། གསས་མཁར་སུམ་བརྒྱ་དྲུག་ཅུ་ལ་སོགས་སྔགས་ཀྱི་སྒྲུབ་སྡེ་དང་། །གདན་ས་ཆེན་པོ་བཞི་གཙོས་པའི་འདུལ་འཛིན་སྡེ་ཆེ་ཕྲ་སྟོང་གྲངས་ཉེ་བ་ཡོད་པར་གསུངས་སོ། །ཇི་སྐད་དུ་ལུང་ལས། ཞང་ཞུང་སྒོ་ཕུགས་བར་གསུམ་ལ། །བདེ་སྐྱིད་རྩ་གསུམ་ལྷ་ལས་དཔག ། གཡུང་དྲུང་བོན་གྱི་བསྟན་པ་དར། །རྒྱལ་རབས་བཞི་བཅུ་རྩ་གཉིས་བར། །མངའ་ཐང་དཔལ་འབྱོར་ཕུན་སུམ་ཚོགས། །ཞེས་གསུངས་སོ། །དེ་ལྟར་ཞང་ཞུང་སྒོ་ཕུགས་བར་གསུམ་སྐད་གཙོས་ཆེ་བ་ནི། མ་རྒྱུད་སྒོམ་འགྲེལ་ལས། དེ་ལ་ཞང་ཞུང་ལ་སྐད་རིགས་མང་ཡང་བསྡུས་ན་གསུམ་སྟེ། ཕུགས་པ་ཡི་སྐད་དེ་ཀ་པའི་ཏ་ལྷ་ལས་ཆད་པས་ལྷའི་སྐད་ཡིན་ནོ། །བར་པའི་སྐད་དེ་སངས་ཏྲི་ཏ་ལྷ་ལས་ཆད་པས་སུམ་ཅུ་རྩ་གསུམ་པའི་སྐད་ཡིན་ནོ། །སྒོ་པའི་སྐད་དེ་སྐལ་བཟང་སྒྲ་བླ་ལས་ཆད་པས་སྨར་གྱི་སྐད་ཡིན་ནོ། །དེ་ཡང་གཙོ་ཆེ་བའི་ངོས་ནས་བསྟན་པ་ཡིན་གྱི་སྒོ་པ་ལ་ཁྱུང་ལུང་ཏིང་ཏོག་གི་སྐད་ལས་སོགས་པ་ཡུལ་མི་སོ་སོར་ཡོད་པ་ཀུན་སྨར་གྱི་སྐད་ཡིན་ཅེས་བྱ་བ་ནི་མ་ཡིན་ནོ། །སྤྱིར་བསྟན་པ་འདི་དར་བའི་གནས་ཆེན་གསུམ་ལ་སྐད་དེ་ལྟར་ཡོད་དེ་ཏ་ཟིག་༼རྟག་གཟིགས༽ན་ཤམ་པོ་ལྷ་རྩེ། ཞང་ཞུང་བར་པ་ན་རྒྱལ་མཁར་བ་ཆོད། སྒོ་པ་ན་ཁྱུང་ལུང་དངུལ་མཁར། དེ་དག་ཀུན་ཏུ་གཏུག་པའི་སྐད་དུ། །ཞེས་གསུངས་སོ། །གཞན་ད་དུང་ཞང་ཞུང་སྒོ་ཕུགས་བར་གསུམ་ལ་སྐད་རིགས་མང་པོར་ཡོད་པར་བོན་དཔེ་མང་པོའི་ནང་ནས་གསུངས་སོ། །དེ་ལྟར་ཞང་ཞུང་སྒོ་ཕུགས་བར་གསུམ་ནས། གཡུང་དྲུང་བོན་གྱི་བརྡ་སྐད་གཙོས་ཆེ་བར་དེ་གསུམ་དུ་བསྟན་པར་ངེས་སོ། །གཡུང་དྲུང་བོན་གྱི་ལུགས་སུ་སྐད་དེ་གསུམ་ལ་གཙིགས་སུ་ཆེ་བར་མཐོང་ངོ་། །གཡུང་དྲུང་བོན་བསྟན་དར་སའི་ས་ཚིགས་ཀྱི་ཡུལ་དབུས་སམ་ལྟེ་བར་དེ་གསུམ་དུ་ཡིན་པར་ལགས་སོ། །དེ་ལྟར་ཞང་ཞུང་སྒོ་ཕུགས་བར་གསུམ་ལ་སྐད་རིགས་དེ་གསུམ་གྱིས་བྱས་པའི་གཤེན་གྱི་བསྟན་པ་ནི། བོན་གྱི་བསྟན་རྩིས་ཡོངས་གྲགས་སུ་ལྟར་ནས་མི་ལོ་གཅིག་ཁྲིའི་གོང་དང་དེང་དུས་མཁས་པ་རྣམས་ཀྱིས་བཞེད་དགོངས་ལྟར་ནས་ཉུང་མཐར་ཡང་མི་ལོ་སུམ་སྟོང་གི་གོང་ནས་རྒྱལ་ཁམས་དེ་དག་ལ་གཡུང་དྲུང་བོན་དར་ཟིན་པ་ཡིན་གསུངས་པ་བཞིན་ནོ། །

གཉིས། ཁ་རག་རྡོ་སྐུ་རང་བྱོན་གྱི་སྐོར།

       ༡༽ གང་དུ་བཞུགས་པའི་ཡུལ་ནི། དེ་ལྟར་ཞང་ཞུང་ཕུགས་པ་འོལ་མོ་ལུང་རིང་ལ་སྐུ་འཁྲུངས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཉིད་ཀྱི་མཛད་ཆེན་བཅུ་གཉིས་ཀྱི་ནང་ནས་གཉིས་པ་བསྟན་སྤེལ་གྱི་སྐབས་སུ་འཛམ་གླིང་སྐད་རིགས་སུམ་བརྒྱ་དྲུག་བཅུའི་ཡུལ་དག་ལ་གཡུང་དྲུང་བོན་གྱི་བསྟན་པ་འཛུགས་པར་དགོངས་ནས་གཤེན་འཁོར་དང་བཅས་པ་དང་ཐོག་ཞང་ཞུང་བར་པ་རྒྱལ་མཁར་བ་ཆོད་ལ་བབས་པ་དང་དེ་ནས་ཞང་ཞུང་སྒོ་གོང་གི་ཡུལ་དུ་བབས་ཏེ་ཞང་ཞུང་སྲིད་པའི་རྗེ་ཁྲི་ཝེར་ལ་རྗེ་ཡབ་སྲས་ལ་གཤེན་གྱིས་གཡུང་དྲུང་བོན་གསུངས་པ་ནས་བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་ཞིང་ཞང་ཞུང་རྒྱལ་པོ་བོན་རྒྱལ་ཐོགས་པ་ཡང་དེར་སྲིད། །དེའི་ཚེ་ཞང་ཞུང་ཁ་ཡུག་ཡུལ་གྱི་མི་རྣམས་ཀྱིས་རྒྱལ་བ་གཤེན་འཁོར་བཅས་ལ་དགའ་སྟོན་རོལ་མོ་རྒྱ་ཆེན་ཞུས་ཏེ་གཟིགས་པ་ན་སྟོན་པ་ཐུགས་མཉེས་ཤིང་ལྷོ་འཛམ་བུ་གླིང་གི་དབུས་ཀྱི་ཐད་དྲང་གངས་ཏི་སེའི་ནུབ་འདབས་བཀྲ་ཤིས་བྱིན་ཏུ་ཆགས་པའི་སར་ཁྱུང་ལུང་དངུལ་མཁར་བརྩེགས། །མཐའ་འདུལ་མཁར་ཕྲན་བཅོ་བརྒྱད་བརྩེགས། །ཡང་འདུལ་གསས་མཁར་སུམ་བརྒྱ་དྲུག་ཅུ་བརྩེགས། །གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་བརྩེགས་ཏེ་གཤེན་གྱིས་ས་འདུལ་མཛད་དེ་བྱིན་གྱིས་བརླབས་པ་སོགས་མཛད་པ་ནས། །ཡུལ་ནི་གྲོང་ཁྱེར་རྒྱལ་བ་མཉེས་པའི་ཡུལ། །མཁར་ནི་ཁྱུང་ལུང་རྔུལ་མཁར་རྔུལ་ཆུའི་རྨེང་རྡོ་ཅན། །ཤིང་ནི་ཨ་བར་ལྗོན་པ་ཡོན་ཏན་ལྡན་པའི་ཤིང་། །ཞེས་བྱ་བ་བྱུང་ངོ་། །དེ་ནས་སྟོན་པའི་མཛད་ཆེན་བདུན་པ་བདུད་བཏུལ་སྐབས་ཁྱབ་པས་རྐྱེན་བསྐུལ་གཤེན་འཁོར་བཅས་པ་གཤེན་ཡུལ་ནས་བོད་ཡུལ་བདུད་བཏུལ་བསྟན་པའི་བར་ཆད་བསལ་སྐབས། ཕེབས་ལམ་ལ་གངས་ཏི་སེ་རུ་གཤེན་གྱིས་ཞང་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་རྣམས་དབང་དུ་བསྡུས་ཏེ་བཀའ་ལ་ཉན་པའི་ཆད་མདོ་ཕུལ་བས། ཐ་ཚིག་གཡུང་དྲུང་བོན་ལ་སྔ་ཞེས་པའི་གཏན་ཚིག་བྱུང་ཞིང་། །དེ་སྔོན་དུ་བོད་ཡུལ་སོགས་ལ་ལྷ་སྲིན་སྡེ་བརྒྱད་ལ་མིའི་སེམས་ཅན་སྲོག་བཅད་པའི་ཤ་ཁྲག་མཆོད་པའི་སྔ་སྲོལ་གྱི་སྡིག་རྒྱུན་ཡོད་པས། དེའི་ཚུན་ཆད་ལ་གཤེན་རབ་ཀྱིས་བཀའ་དམ་གནས་པའི་ལྷ་སྲིན་སྡེ་བརྒྱད་ལ་རང་རེས་སྲོག་བཅད་པའི་ཤ་ཁྲག་གི་མཆོད་པ་བཀག་བཛད་དེ་ཡས་གླུད་ཀྱི་ཚབ་ཏུ་མདོས་ཡས་སམ་ཡས་སྟགས་དང་མས་སྟགས་བཅས་ལ་དམིགས་རྟེན་རྫས་ཙམ་དང་རང་བཞིན་གྱི་ནད་གཙང་མས་ཤི་བའི་སེམས་ཅན་གྱི་ཤ་ཁྲག་རུས་གསུམ་གྱིས་གོ་ཆོད་པའི་སྲོལ་དེ་ནས་དར་བར་ངེས། །དེར་སྟོན་པས་བོད་ཀྱི་བོན་པོ་རྣམས་ལྷ་གསོལ་བ་དང་འདྲེ་བཀར་བ། ཡུགས་ཕུད་པའི་ལུང་ཕོག །ཞང་ཞུང་གི་བོན་པོ་རྣམས་ལ་ཛྭ་དང་སྔགས་ཀྱི་ལུང་ཕོག །ཞེས་དང་། ཁྱུང་ལུང་དངུལ་མཁར་རུ་གཤེན་གྱི་གདུང་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་དེ་རུ་འཁྲུངས་ཤིང་གཤེན་གྱིས་སྒོ་བཞི་མཛོད་ལྔའི་བོན་རྣམས་སྨོན་ལམ་བཏབས་ཏེ་བཞག་ཅིང་སླར་འོལ་མོ་གླིང་ཆེན་དུ་གཤེགས་སོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ལྟར་གནས་འདིར་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་དང་ཞང་ཞུང་རྒྱལ་པོ་ཁྲི་ཝེར་ལ་རྗེ་མཆོད་ཡོན་ནས་ཕྱག་བཏབ་པ་ནས་བཟུང་སྟེ་གཡུང་དྲུང་བོན་གྱི་གནས་ཆེན་བརྒྱ་རྩའི་གོང་བ་དང་། །ཞང་བོད་ཀྱི་འདུ་གནས་སུམ་བཅུ་རྩ་བདུན་གྱི་འགོ་བོ། །གཤེན་སྣང་བ་མདོག་ཅན་ལ་སོགས་གྱེར་སྤུངས་དྲན་པ་དང་ལོ་པན་གཤེན་བརྒྱད་དང་བཅས་བཀའ་བསྡེབ་ནས་གཡུང་དྲུང་བོན་སྡེ་མང་པོ་ཕུགས་པའི་རྟག་གཟིགས་ཀྱི་སྐད་ལས་ཞང་བོད་ཀྱི་སྐད་དུ་སྒྲ་བསྒྱུར་མཛད་པའི་གནས། །དེ་བཞིན་ཞང་བོད་རིག་འཛིན་མཁས་གྲུབ་རྣམས་ཀྱི་འདུ་གནས་ཀྱི་གཙོ་བོ་ཡིན་ཞིང་། །མཐར་སྤྱི་ལོའི་དུས་རབས་བདུན་པར་བོད་རྗེ་སྲོང་བཙན་སྐབས་སུ་ཞང་རྒྱལ་ལིག་མི་རྐྱ་ལྡེའུ་ཡི་རྒྱལ་ས་ཡང་ཡིན་པ། །མདོར་ན་ཞང་ཞུང་རྒྱལ་རབས་རྣམས་ཀྱི་སྐབས་སུ་དེའི་ཤེས་རིགས། ཆབ་སྲིད། དམག་དོན་སོགས་ཀྱི་ལྟེ་བར་ཁྱུང་ལུང་དངུལ་མཁར་ཡིན་སྟེ། ལུང་ལས། ཡུལ་ནི་ཞང་ཞུང་གྲོང་ཁྱེར་ཡངས་པ་ཅན། །ཕྱི་ཁྲི་ནང་ཁྲི་བར་ཁྲི་ཞེས་བྱ་སྟེ། །ཁྱིམ་བདག་སྟོང་ཕྲག་སུམ་ཅུའི་དབུས་རྩེ་ན། །མཁར་ནི་ཁྱུང་ལུང་དངུལ་མཁར་གཡུ་བད་ཅན། །རྒྱལ་བ་མཉེས་པའི་ཕོ་བྲང་ཞེས་བྱ་བ། །ཞང་ཞུང་རྒྱལ་མཁར་ལྔ་ཡི་དང་མ་ན། །ཞེས་སོགས་གསུངས་པའི་ཕྱིར་རོ། །

༢༽ གོང་གི་རྡོ་སྐུ་ནི། དེའང་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས། དེ་ནས་གསུང་གི་བསྟན་པའི་དཀྱིལ། །ཐུགས་ཀྱི་བསྟན་པའི་དབུ་འཛུགས་སུ། །འཛམ་གླིང་དབུས་ཀྱི་ལྟེ་བ་ཡི། །རི་བོ་གངས་ཅན་མདུན་དྲུང་དུ། །བྱམས་སེམས་ནམ་མཁའ་ལྟ་བུ་ཡི། །ལྔ་བརྒྱ་དྲན་པའི་ནམ་མཁའ་འབྱུང། །རྟག་གཟིགས་ཨུ་རྒྱན་རྒྱ་གར་དང་། །ཕྲོམ་བོད་ཞང་ཞུང་ལོ་ཙྭ་བསྒྱུར། །ཞེས་གསུངས་པའི་གཤེན་རབ་བསྟན་པའི་ཐུགས་ཀྱི་གཉེར་དཔོན་གྱེར་སྤུངས་དྲན་པ་ནམ་མཁའ་ནི། ཡབ་ཞང་ཞུང་རྒྱལ་པོ་རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཡུམ་ཕྱྭ་བཙུན་གུང་མ་གཉིས་ཀྱི་སྲས་སུ་མེ་རྟ་རྟ་ཟླའི་ཚེས་བཅུ་ལ་ཞང་ཞུང་སྒོ་གོང་གི་ཡུལ་དབུས་ཁྱུང་ལུང་དངུལ་མཁར་གྱི་དབུ་རྩེར་སྐུ་འཁྲུངས། དགུང་ལོ་ལྔའི་སྐབས་སྐྱེ་བ་ལྔ་བརྒྱ་དྲན་ཞིང་ཡབ་ཀྱི་རྒྱལ་སྲིད་སྐྱོང་བར་ཞུས་ཀྱང་མ་གནང་སྟེ་འོད་འཕྲོ་གཡུང་དྲུང་གཏམས་པའི་རི་བོ་གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་ཏུ་གཡུང་དྲུང་བོན་ཐོས་བསམ་སྒོམ་སྒྲུབ་གྱི་ལས་ལ་བརྩོན། མཆོག་ཐུན་དངོས་གྲུབ་ཀུན་མངའ་བརྙེས་དགུང་ལོ་བཅུ་གསུམ་ལ་སྐད་རིགས་མི་འདྲ་བ་ཉེར་གཅིག་མཁྱེན་ཞིང་ལོ་ཙྭའི་བརྡ་ཀུན་ཐོགས་མེད་གྱུར། །དེ་ལྟར་སྔོན་སྦྱང་གི་ལས་འཕྲོ་ཡོངས་སུ་སད་ཀྱང་རྗེས་འཇུག་འགྲོ་ལ་དཔེར་བསྟན་ཕྱིར། རྟག་གཟིགས། ཨོ་རྒྱན། རྒྱ་གར། བལ་པོ། ལི་ཡུལ། ཁ་ཆེ། བྲུ་ཤ། སྤུ་གུར། ཟ་ཧོར། ཕྲོམ་གེ་སར། མེ་ཉག། ཐོ་གར། རྒྱ་ནག། བོད་ཡུལ་ལ་སོགས་འཛམ་གླིང་ས་ཕྱོགས་གང་སར་ཕེབ་སྟེ་སློབ་དཔོན་ལོ་པན་མཁས་པ་བརྒྱད་སོགས་དཔོན་གསས་བླ་མ་བརྒྱ་དང་རྩ་བརྒྱད་བསྟེན། །ཞལ་གསུང་བོན་སྒོ་མཐའ་ཡས་པ་གསན། །བསྙེན་བསྒྲུབས་སོགས་མཛད་ནས་བོན་གྱི་ཟབ་གཏེར་མང་པོ་སྦས་ཤིང་འགྲོ་དོན་རྒྱ་ཆེར་མཛད། །བོན་གྱི་གཞུང་ལུགས་ཁག་སྐད་རིགས་ཆེན་པོ་དྲུག་སོགས་ལ་བསྒྱུར་ནས་འཛམ་གླིང་ཕྱོགས་ཀུན་ལ་སྤེལ་ནས་བོན་གྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་སློབ་དཔོན་དང་ལོ་པན་ཆེན་པོ་གྱུར་ནས་ཁོང་ནི་གྱེར་སྤུངས་མཚན་བརྒྱད་དུ་གྲགས་པ་ཡུལ་ཁག་སོ་སོའི་མཚན་སྙན་གསོལ། །ཡབ་བླ་ཆེན་དྲན་པ་ནམ་མཁའ་དང་ཡུམ་འོད་འབར་མ་གཉིས་ལ་སྲས་སུ་སྐུ་འཁྲུངས་པས་གཅིག་ལ་ནམ་མཁའ་སྒྲོན་གསལ་ལམ་ཚེ་དབང་རིག་འཛིན་རིག་འཛིན་དང་གཅིག་ཤོས་ལ་གཡུང་དྲུང་མཐོང་གྲོལ་ལམ་པད་མ་མཐོང་གྲོལ་ཞེས་ཞུ། །བླ་ཆེན་དྲན་པས་ཉིད་ལ་མངའ་བའི་བོན་གྱི་གདམས་ངག་ཚང་མ་ཡུམ་སྲས་གསུམ་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ་བློ་ལ་སྦྱོང་ཞིང་ཐུགས་བཅུད་ལོན་པར་མཛད། །དེ་ལྟར་ཡབ་ཡུམ་སྲས་རྣམས་གཡུང་དྲུང་འཕོ་བ་ཆེན་པའི་སྐུར་བཞེངས། །སྲས་གཉིས་ལ་ཡབ་ཀྱིས་གདམས་པས། གཅེན་པོ་ཚེ་དབང་ནི་མི་ཡུལ་ཡེ་ཤེས་སྒྲོན་མེ་ཐེགས་ལ། །ནུ་བོ་པད་མ་ནི་སྲིན་པོ་འདུལ་བའི་ལས་གྱིས་ཤིག །གསུངས་ཏེ་ཚེ་དང་མཐུ་ཡི་དངོས་གྲུབ་སོ་སོར་བྱིན་ནོ། །དེ་བཞིན་སྲས་གཉིས་ལ་ཡང་གནས་བརྒྱད་དང་མཚན་བརྒྱད་སྤྲུལ་པ་སོ་སོར་ཡོད་དོ། །སྤྱིར་དྲན་པ་ནམ་མཁའ་ལ་བརྫུས་སྐྱེས་པ་གཅིག་ཞང་ཞུང་པ་གཅིག་དང་། དྭགས་པོ་པའམ་བོད་པ་གཅིག་བཅས་གསུམ་ཡོད། འདིར་ཞང་ཞུང་པའི་དུས་རབས་ནི་བོད་ཀྱི་ལོ་རྒྱུས་དང་དེབ་ཐེར་ཁག་ནང་བོད་ཀྱི་རྒྱལ་ལོ་སོགས་བཞེད་པ་མི་འདྲ་བ་མང་ཡང་། བོན་གྱི་བསྟན་རྩིས་ཁག་གི་ནང་ནས་ཡོངས་གྲགས་སུ་འཁྲུངས་ལོ་ནི་སྤྱི་ལོའི་སྔོན་༩༡༤དང་། སྤྱི་ལོའི་སྔོན་ལོ་༦༨༣མེ་བྱར་བོད་རྒྱལ་གྲི་གུམ་བཙན་པོས་བོན་བསྣུབས་སྐབས། ཞང་ཞུང་པ་ཁོང་ནི་འཁྲུངས་ཕྱི་གྲགས་སྔ་བའི་བོན་གྱི་ལོ་པན་མཁས་གྲུབ་ཆེན་པོ་དང་། གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་བོན་གྱི་གྲུབ་ཆེན་བརྒྱད་ཅུའི་བརྒྱུད་འཛིན་བཅས་སོགས་བོན་བསྟན་ལ་མཛད་རྗེས་གཙོ་བོར་གནང་མཁན་དང་གྲགས་ཅན་མི་སྣ་ཞིག་ཡིན། དེ་རྗེས་སྤྱི་ལོའི་དུས་རབས་བརྒྱད་པའི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་སྐབས། ཞང་ཞུང་དྲན་པ་ནམ་མཁའ་འཆི་མེད་སྐུར་བརྙེས་པ་ན་ཁོང་ཞལ་བཞུགས་པའི་ལོ་རྒྱུས་ཡོད་ཀྱང་སྦས་ཚུལ་ལས་དངོས་སུ་མཛད་རྗེས་བསྐྱངས་བའི་ལོ་རྒྱུས་འགའ་ཞིག་མེད། འོན་ཀྱང་དེང་སྐབས་ཚན་རིག་པའམ་དངོས་གཙོ་སྨྲ་བ་ཞེས་ཞིབ་འཇུག་པ་མང་པོས་འཆི་རྒྱུ་མེད་པ་མིའི་ཚེ་རིང་པོ་དེ་འདྲ་བསྡད་ཐུབ་པ་ལ་སོགས་ཆོས་ལུགས་ཀྱི་ནང་ནས་གསུངས་པ་མང་པོ་ལོ་རྒྱུས་དོན་དངོས་དང་མི་མཐུན། ཞེས་བཤད་བཞིན་ཡོད་རེད། དེའང་གཞན་གྱི་ཚིག་ཙམ་གྱི་ལད་མོ་མ་ཡིན་ཞིང་དངོས་གནས་ཞིབ་འཇུག་མཐར་ཐུག་པ་ཞིག་བྱེད་ཐུབ་ཡོད་ནས་དེའང་བདེན་པ་རེད། དེང་སྐབས་མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་ཚན་རིག་པས་འཛམ་བུ་གླིང་མིའི་རིགས་ཀྱི་སྤྱི་ཚོགས་ལ་བདེ་བ་དངོས་སུ་བསྐྲུན་ཐུབ་པ་འདི་ནི་ཁོ་ཚོ་ཚང་མས་དཀའ་སྤྱད་སྙིང་རུས་ཆེན་པོ་བྱས་པའི་འབྲས་བུ་མ་ཡིན་ནམ། དེ་མིན་འོལ་ཚོད་ཀྱི་སྨྲ་བ་ཙམ་གྱིས་ཚན་རིག་པའམ་དངོས་གཙོ་སྨྲ་བའི་དོན་དངོས་ཀྱི་གྲལ་དུ་ཚུད་དམ། ད་ཆ་ང་ཚོ་ཆོས་ལུགས་པས་ཆོས་ཀྱི་ཤེས་བྱའི་ཐ་སྙད་ཧ་གོ་བ་ཙམ་དང་སྡོམ་པ་དམ་ཚིག་སྲུང་བ་ཙམ་གྱིས་ཆོས་ཀྱི་གཞུང་ལུགས་སོ་སོ་ལ་གསུངས་པའི་འབྲས་རྟགས་ཐུན་མོང་མ་ཡིན་པ་དེ་ཚོ་ད་ཆའི་ཚེ་ལུས་འདིའི་ཐོག་ལ་དངོས་གསལ་དོད་པོ་ཐོན་ཐུབ་པ་དཀའ་འོ། །

       དེ་ལྟར་ཆོས་ལུགས་ཀྱིས་འབྲས་རྟགས་ཁྱད་པར་ཅན་དེ་འཇིག་རྟེན་འདིའི་ཐོག་ལ་དངོས་གསལ་དོད་པོ་འཐོན་ཐུབ་པ་བྱེད་དགོས་ནའང། ཐེག་ཆེན་གཡུང་དྲུང་བོན་གྱི་ལུགས་ལ་ཚེ་འདིར་གྲུབ་བརྙེས་ཀྱི་གོ་འཕང་བརྙེས་ཐུབ་པའི་སྔགས་རྫོགས་ཀྱི་ཉམས་ལེན་པ་ལྟ་བུར་ཆ་བཞག་ན། སྔགས་རྫོགས་ཀྱི་གཞུང་གང་ཉམས་ལེན་བྱ་དགོས་ན་དེའི་ཤེས་བྱའི་གནས་ལ་མ་རྨོངས་པར་འཁྱེན་ཞིང་ཅི་ལྟར་གསུངས་པ་རྣམས་ཚུལ་བཞིན་ཏུ་དཀའ་སྤྱད་འབད་བརྩོན་བྱས་ནས་ཚེ་འདིར་འབྲས་བུའི་རྟགས་ཚད་ཀྱང་དེའི་ནང་དུ་གསུངས་པ་བཞིན་ཏུ་ཐོན་ཐུབ་པ་ཡིན་ཏེ། །དེའང་མ་རྒྱུད་སངས་རྒྱས་རྒྱུད་གསུམ་སྒོམ་འགྲེལ་གྱི་དབུ་འཆད་ལས། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་ཞལ་ནས། བཀའ་རྒྱུད་ཟབ་མོ་ཀུན་གྲགས་ཀུན་ཏུ་བཟང་། །བརྒྱུད་པ་ཉེ་མོ་བཟང་ཟ་ཐུགས་རྗེ་ཡུམ། །གདམས་ངག་ཟབ་མོ་སངས་རྒྱས་རྒྱུད་གསུམ་བོན། །སྒོམ་སྲན་ཆེན་པོ་མི་ལུས་བསམ་ལེགས་གཤེན། །སྒོམ་ཡུན་རིང་པོ་ལྔ་བཅུ་ཕྲག་གསུམ་བསྲིང། །སྒོམ་རྟགས་ཐོན་པ་རྒྱལ་ཁམས་ལྷག་མེད་བསྒྱུར། །མྱེས་ལ་ཚ་འཁྲུངས་ཀུན་ཏུ་བཟང་པོའི་རྒྱུད། །ཀུན་ཏུ་ངན་པའི་སྐྱོན་གྱིས་གོས་མ་མྱོང་། །མ་ལ་བུ་སྐྱེས་བཟང་ཟ་རིང་བཙུན་སྲས། །བཟང་པོའི་ཆོ་རིགས་སངས་རྒྱས་བསྟན་ལ་བཞག ། རྗེས་ལ་བསླབ་སྦྱང་གཡུང་དྲུང་སེམས་དཔའི་རིགས། །ཡང་རྒྱལ་འབྲུག་སླག་མིན་པའི་གོས་མ་གྱོན། །དཀའ་བ་སྤྱད་པ་གཤེན་རབ་སྟོན་པའི་བུ། །འཕགས་པའི་ས་གསུམ་མིན་པ་སྡོད་མ་མྱོང་། །བྱ་བ་བྱས་པ་སངས་རྒྱས་མྱེས་པར་ངེས། །སྨིན་གྲོལ་མཆོག་ལ་སེམས་ཅན་མང་པོ་བཀོད། །མི་ལུས་ཐོབ་པ་དོན་ཡོད་རེད་པར་ངེས། །རྒྱལ་ཁྲིམས་བོན་གྱིས་བསྒྱུར་ན་དགེ་བཅུར་བསྒྱུར། །བསམ་པ་ལེགས་པས་མཐའ་རུ་ཕྱིན་པར་ངེས། །སེམས་བསྐྱེད་འཁོར་བ་མ་སྟོང་བར་ལ་བསྐྱངས། །དགོངས་པའི་ངར་ལ་མཁའ་འགྲོ་མཉེས་པར་མྱེས་པར་ངེས། །ཏིང་འཛིན་རྟོགས་པ་མིན་པའི་ཟས་མ་ཟོས། །གསང་སྔགས་བསྟན་པའི་བཀའ་རྒྱུད་དར་བར་ངེས། །རྟགས་དང་མཚན་མ་ཀུན་གྱི་མཐོང་སར་བཞག ། ང་བཞིན་བྱེད་ན་ང་བཞིན་འོང་བར་ངེས། །གདམས་ངག་ཟབ་མོའི་གནད་ལ་བསྐྲུན་པ་ཡིན། །ཞེས་གསུངས་པ་དང་། དེ་ལྟར་གཡུང་དྲུང་བོན་ཉམས་ལེན་མཛད་ལུགས་དང་མཛད་ཚུལ་འབྲས་རྟགས་ཀྱི་ཚུལ་རྣམས་བོན་གྱི་གཞུང་ལུགས་ཁག་དང་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་རྣམ་སོགས་ལ་གཟིགས་ཤིག ཡང་དེང་སྐབས་བླ་མའམ་སྤྲུལ་སྐུ་སོགས་མཁས་པའི་གོ་ས་མཐོ་པོ་འཛིན་པ་འགའ་ཞིག་གིས་ལྗགས་རྩོམ་ལ་མཚོན་ན་ཆོས་ལུགས་དང་ཚན་རིག་པ་གཉིས་ཀ་མཐུན་པའམ་ལད་མོ་ལྟ་བུ་ཉ་ཉུང་མང་པོ་མཉམ་བསྲེ་མཛད་འདུག་པ་དེ་ནི་ཁོང་རྣམ་པས་མི་ཚེའི་དཀའ་ལས་མཛད་པའི་འབྲས་བུའི་རྟགས་ཚད་ཅིག་ལོས་ཀྱང་ཡིན། དཔེར་མཚོན་ན་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། རིག་པ་སྨྲ་བའི་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུངས་པས། བོན་ལུགས་སུ་ལི་ཤུ་སྟག་རིང་སྐུ་འཁྲུངས་པ་ནས་བཟུང་འཆི་མེད་ཚེའི་རིག་འཛིན་བསྙེས་པའི་སྟབས་ཀྱིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་པའི་དུས་སུའང་ཞལ་བཞུགས་ཡོད་པ་བཞེད་པ་དེ་ནི་དག་སྣང་གི་ལུགས་སུ་ཡིན་སྲིད་པ་ལས། འཇིག་རྟེན་ཐུན་མོང་གི་སྣང་ངོར་གྲུབ་པའི་ལོ་རྒྱུས་ཀྱི་ཁུངས་སུ་ཆེ་བ་དེ་ཙམ་མ་མཐོང་། ཞེས་པ་ལ་སོགས་གསུངས་པའི་དག་སྣང་དང་སྣང་ངོར་ཞེས་ཚིག་འདིའི། ཚིག་གི་བརྡ་དོན་ལ་བལྟས་ནས་དག་སྣང་ཞེས་པ་དེ་ཡང་དག་པ་ཞིག་ཡིན་མོད། ཚིག་གི་འགྲོས་ལ་བལྟས་ན་སྣང་ངོར་དེ་ལོ་རྒྱུས་ཀྱི་ཁུངས་སུ་འོས་ཆེ་བར་བརྩིས་གནང་འདུག་ལགས། ཚིག་དེ་ཚོ་ཙམ་མ་ཡིན་པ་དེ་ལྟ་བུའི་ལྡེམ་དགོངས་ཀྱིས་གསུངས་ཚིག་མང་པོ་མཁས་དབང་ཁོང་དང་དེང་དུས་ཆོས་ལུགས་མི་སྣ་གྲགས་ཅན་འགའ་ཡིས་ལྗགས་རྩོམ་སོགས་ཀྱི་ནང་ནས་མཐོང་རྒྱུ་འདུག་པས་ཁོང་རྣམ་པའི་ལྗགས་རྩོམ་ལ་གཟིགས་ཤིག དེས་ན་དེང་གི་སྐབས་སུ་སྤྱི་འབྱམས་རིང་ལུགས་ཆེན་པོ་ཆོས་ལུགས་དང་ཚན་རིག་ངོ་མ། མཉམ་བསྲེ་བཅས་ཁ་ཕྱོགས་གསུམ་དུ་ཆགས་བསྡད་ཡོད་པ་མ་ཡིན་ནམ།

༣༽ རྡོ་སྐུ་དངོས་ནི། སྤྲུལ་སྐུ་བློ་ལྡན་གསུང་འབུམ་ལས། ཁ་རག་དྷོ་སྐུ་རང་བྱོན་དེ། །བོད་ལ་དཔལ་དུ་ཤར་བའི། །ཀུན་བཟང་ཐུགས་རྟེན་མངོན་གྱུར་པ། །དུས་མཐར་འགྲོ་དོན་མཛད་པའི་ཕྱིར། །མ་ངེས་སྤྲུལ་པའི་སྐུ་རུ་བྱོན། །ཁྱད་པར་བླ་ཆེན་དྲན་པ་དང་། །དངོས་སུ་མཇལ་དང་གཉིས་སུ་མེད། །དུས་མཐའ་བར་དུ་འགྲོ་དོན་མཛད། །གང་མཇལ་ངན་སོང་གསུམ་ལ་ཐར། །ཚོགས་ཀྱི་འབྲེལ་པ་གང་ཐོབ་པ། །ཕྱི་མ་ཚོགས་ཀྱི་ལམ་ལ་བསྒྲོད། །ཟུར་བྱང་ལས། ཁ་རག་རྡོ་སྐུ་རང་བྱོན་ལ། །གང་མཇལ་ཡི་དྭགས་བསྐྲེས་སྐོམ་ཞི། །ཞེས་གསུངས་པའི་གྱེར་སྤུངས་དྲན་པའི་རྡོ་སྐུའམ་ཁ་རག་རྡོ་སྐུ་རང་བྱོན་དེ་ཉིད་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་༼མཁར་གདོང་རྒྱལ་ས༽གྱི་གནས་སུ་བཞུགས་ཡོད་པར་བོན་གྱི་ལོ་རྒྱུས་ཀྱི་ནང་ནས་ཞལ་གསལ་འཁོད་ཡོད་ལ་ད་ལྟ་ས་གནས་གནའ་ཤུལ་དེར་རང་འཇགས་སུ་བཞུགས་ཡོད། །མངའ་རིས་ལོ་རྒྱུས་འབེལ་གཏམ་ལས། དེ་བཞིན་བསྟན་པ་ཕྱི་དར་གྱི་དུས་སུ་གནས་འདི་གཤེན་གྱེར་རྨ་དབྱིལ་ལ་སོགས་ལུང་ཟིན་གྱི་གཏེར་ཆེན་རྣམས་དང་། བྲུ་ཞུ་སྤ་རྨེའུ་ཁྱུང་དང་ཞིག་པོ་ལ་སོགས་གདུང་འཛིན་ཁག་དང་། རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་ལ་སོགས་མཁས་གྲུབ་དམ་པ་བརྒྱུད་འཛིན་དང་བཅས་པ་རྣམས་ཀྱིས་བསྒྲུབ་གནས་ཁྱད་པར་ཅན་འདི་ལ་ཚང་མས་འབྲེལ་བ་བཞག་སྟེ་བསྒྲུབ་པ་མཛད་པ་དང་། མངའ་གསོལ་བ། རབ་ཏུ་གནས་པ། བྱིན་གྱིས་བརླབས་པ་སོགས་མཛད་ནས་བསྒྲུབ་གནས་འདི་ལ་མཁས་གྲུབ་གོང་མ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟོད་བསྔགས་མེ་ཏོག་ཡང་ཡང་འཐོར་བར་མཛད་ཡོད་པ་འདིར་བརྗོད་མི་ལང་། །ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། དེ་ནས་ཡར་ཞང་ཞུང་གི་སྒྲུབ་གནས་རྣམས་སུ་བོན་གྱི་ལུགས་སྐྱོང་ཡུལ་ཁག་མང་པོ་ཡོད་ཀྱང་དགོན་སྡེ་ཆེ་བ་ཆགས་པ་བསྟན་པ་ཕྱི་དར་དུས་མ་བྱུང་འདྲ། །གངས་རི་མཚོ་གསུམ་སོགས་སུ་དམ་པའི་སྐྱེས་བུ་ནི་མང་དུ་བྱོན་ནས་བཞུགས་པ་མཛད། །ཕྱིས་རབ་རྒྱལ་སྟོད་དུ་ཁྱུང་ལུང་དཔལ་རྒྱས་ཐུགས་བསྟན་མདོ་སྔགས་གྲགས་རྒྱས་གླིང་ཞེས་པ་ཁྱུང་སྤྲུལ་འཇིགས་མེད་ཀྱིས་མེ་བྱི་ལོར་བཏབས། །དེ་མཚུངས་བཙུན་དགོན་བཅས་གྲྭ་བཙུན་བརྒྱ་སྐོར་ཡོད་དེ་དར་རྒྱས་ཆེ། །ནང་རྟེན་མཁར་གདོང་རྒྱལ་སར་ལོ་རྒྱུས་ལ་གྲགས་ཆེ་བ་ཞང་ཞུང་དུ་དྲན་པ་ནམ་མཁའི་རྡོ་སྐུ་རང་བྱོན་དང་། སྐུ་གསུང་ཐུགས་རྟེན་ཧ་ཀྱང་རྒྱས་ཤིང་། ཐུགས་དམ་གསས་མཁར་མཆོག་ལྔ་དང་། ལྷག་པར་སྤྱི་སྤུངས་ཞི་ཁྲོ་རྒྱས་བསྒྲུབ། བཀའ་སྲུང་དམ་ཅན་རྒྱ་མཚོ་དང་། བྲག་བཙན་ཨབ་བསྭེ་སྒེར་སྲུང་ཡིན། གཞན་ཡང་ཟབ་གཅོད་དང་། གཏེར་གསར་ཁྲོས་མ་སོགས་གཉན་ཁྲོད་རི་འགྲིམས་ཀྱི་ཟབ་ཁྲིད་རྒྱུན་སྤྱོད་དང་། སྡེ་སྣོད་གསུམ་དང་རིག་གནས་ཀྱི་བཤད་ཁྲིད། སྐྱེད་རྫོགས་སྒོམ་སྒྲུབ་ཀྱི་ཁྲིད་རྒྱུན་བཅས་སྨིན་གྲོལ་བསྟན་པའི་བརྒྱུད་འཛིན་ལ་དབང་ཞིང་མཛད་ཕྲིན་ཡོངས་གྲགས་ཀྱི་དགེ་སློང་ཉིད་བཞུགས། །ཞེས་གསུངས་སོ། །འོ་ན་རྡོ་སྐུ་དེ་རང་བྱོན་ཡིན་ནམ་ཡང་ན་མིའི་བཟོས་པ་ཡིན་ནམ། ཞེ་ན། བོན་གྱི་ལོ་རྒྱུས་ནང་ནས། དྲན་པ་བདུད་འདུལ་རང་བྱོན། །ཞེས་དང་། ཁ་རག་རྡོ་སྐུ་རང་བྱོན་ལ། །ཞེས་གསུངས་པས་རང་བྱོན་གྱི་ཁོངས་སུ་གཏོགས་སོ། །དེའང་རང་བྱོན་གྱི་རིགས་ལ་གནས་རི་བླ་རྟེན་བཅས་ལ་བཀའ་རྟགས་ཡིག་འབྲུ་ཕྱག་མཚན་འཕེལ་གདུང་བཅས་སོགས་ལ་རང་བྱོན་ཁྱད་འཕགས་མང་པོ་ཡོད་ལ། ཡང་སྔོན་གྱི་བཟོ་རྒྱུན་སོགས་ཡོད་པར་བརྟེན་འགྲོ་བ་གཞན་གྱི་རྐྱེན་གྱིས་བསྐུལ་བས་རྫུན་འཕྲུལ་དང་ལྡན་པ་རྣམས་ཀྱིས་གྲུབ་རྩལ་གྱི་བཞེངས་པའི་ལོ་རྒྱུས་ཡང་མང་པོ་ཡོད། ཇི་སྐད་དུ་ལུང་ལས། ཐབས་ཀྱི་མདའ་མོ་མ་འཕང་ན། །ཤེས་རབ་རྟེན་འབྲེལ་འགྲིག་པ་དཀའ། །ཞེས་གསུངས་པས། འདི་ནི་གནའ་བོའི་ཞང་ཞུང་གི་སྐབས་སུ་སྐུ་རྟེན་གྱི་བཟོ་རྒྱུན་ཡོད་པར་རྟེན་དྲན་པ་ནམ་མཁའ་ཁོང་གི་ཞལ་ནས་ཀྱང་བྱིན་བརླབས་ཆེ་ཚུལ་སོགས་གསུངས་པ་ལྟར་ན། དྲན་པ་ནམ་མཁས་གྲུབ་རྩལ་གྱི་བཞེངས་པའི་ཁོངས་སུ་གཏོགས་པ་མ་ཟད། བོན་པོའི་མི་རྣམས་ཀྱི་གྱེར་སྤུངས་དྲན་པ་ནམ་མཁའ་ཁོང་སྐུ་དངོས་སུ་བཞུགས་པའི་སྐབས་སུ་རང་བྱོན་ཏུ་བྱིན་གྱིས་བརླབས་པའི་ངོས་འཛིན་ཡང་བྱེད་དོ། །རྡོ་སྐུ་དེ་ཉིད་སྔོན་གྱི་དུས་རབས་ག་དུས་སྐབས་སུ་ཡོད་མེད་ཀྱི་སྐོར་བོན་གྱི་ལོ་རྒྱུས་གྱི་ནང་ནས་ཁ་གསལ་ཞིག་མ་རྙེད་ཀྱང་གོང་དུ་དཔལ་ཚུལ་གྱིས། ལོ་རྒྱུས་ལ་གྲགས་ཆེ་བ་ཞང་ཞུང་དུ་དྲན་པ་ནམ་མཁའི་རྡོ་སྐུ་རང་བྱོན། །ཞེས་གསུངས་པ་ལ་གཞིགས་ནས་ལོ་རྒྱུས་མང་པོའི་ནང་ནས་འཁོད་ཡོད་ཚུལ་ལྟ་བུ་གསུངས་པས་ཞང་ཞུང་གྱི་སྐབས་སུ་ཡོད་ངེས་དང་། སྤྱིར་བཏང་བཤད་ནས་སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ་ཞང་ཞུང་རྗེ་ལིག་མི་རྐྱ་ལྡེའུ་དང་བོད་རྗེ་སྲོང་བཙན་གྱི་སྐབས་སུ་རྡོ་སྐུ་འདི་ཡོད་པར་ཁས་ལེན་ཆོག་གོ ། བོན་གྱི་ལོ་རྒྱུས་ནང་ནས་ཁ་རག་རྡོ་སྐུ་རང་བྱོན་གྱི་སྐོར་འཁོད་པ་ཁོ་བོས་མཐོང་མྱོང་བའི་དཔེ་ཆ་ནི། སྤྲུལ་སྐུ་བློ་ལྡན་གྱི་བཀའ་འབུམ་ཟུར་བྱང་དང་། །གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་རང་རྣམ། །བདེ་གླིང་གིས་རང་རྣམ། །བཟོད་པ་རིན་པོ་ཆེའི་རྣམ་ཐར། །ཉག་གཏེར་གསང་གླིང་གི་རྟེན་བཤད། །ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་མགུར། །མཁས་དབང་དཔལ་ཚུལ་གྱིས་བསྟན་འབྱུང་། །དགེ་སློང་རིན་པོ་ཆེའི་རང་རྣམ་དང་མངའ་རིས་ལོ་རྒྱུས། །སྨན་རིའི་སློབ་དཔོན་བསྟན་རྣམ་དག་གིས་བརྩམས་པའི་བོད་ཡུལ་ལམ་གྱི་གནས་ཡིག་བཅས་ཀྱི་ནང་ནས་ཞལ་གསལ་པོར་འཁོད་འདུག ཁྱུང་སྤྲུལ་རིན་པོ་ཆེ་ནས་རྡོ་སྐུ་རང་བྱོན་དེ་ཉིད་ཁྱུང་ལུང་དངུལ་མཁར་༼མཁར་གདོང་༽གྱི་གནའ་ཤུལ་ལ་རྡོ་སྐུ་རང་བྱོན་འཁྲུངས་ཤུལ་ཞེས་པ་ནས་ད་ལྟའི་རྡོ་སྐུ་བཞུགས་ས་དེར་སྤོས་ཏེ་ལྷ་ཁང་དང་དྲན་པའི་རྡོ་སྐུ་དེ་གཟུངས་གཞུག་གི་ཚུལ་དུ་བཤམ་ནས་ཕྱི་ལ་སྨན་འདམ་གྱི་བཟོས་པའི་དྲན་པ་ནམ་མཁའི་འདྲ་སྐུ་བཞེངས་མཛད། །རིག་གསར་སྐབས་ཉམས་ཆག་ཏུ་སོང་བས་རྗེས་སུ་དགེ་སློང་རིན་པོ་ཆེ་ནས་ཀྱང་དེ་བཞིན་ཉམས་གསོ་མཛད་ཡོད། །དེའང་ཕྱི་ལ་སྨན་འདམ་བཟོ་དགོས་པའི་རྒྱུ་མཚན་ནི། སྤྱི་ལོའི་དུས་རབས་བདུན་པ་དང་བརྒྱད་པ་ནས་གཡུང་དྲུང་བོན་གྱི་བསྟན་པ་གོད་ཆག་ཚབ་ཆེན་བྱུང་བ་ནས་བཟུང་བསྟན་པ་ཕྱི་དར་སྐབས་སུའང་མངའ་རིས་ས་ཁུལ་ལ་བོན་པོའི་མིང་ཙམ་འབོད་མི་རུང་བའི་རྣམ་རྟོག་གི་རྐྱེན་ལས་མཐར་རྡོ་སྐུ་རང་བྱོན་གྱི་དབུ་དང་སྐུ་སྟོད་སོ་སོར་ཕྲལ་བ་ཙམ་ཞིག་ལུས་པ་ན། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་སྐབས་སུ་ཐུགས་རྗེའི་རྒྱུན་གྱི་འགྲོ་དོན་མ་འགག་པས་གཡུང་དྲུང་བོན་བསྟན་དང་བཅས་པའི་མེ་རོ་སླར་ཡང་གསོས་ཤིང་འཕེལ་བ་དེ་ཉིད་ཁོང་གི་མཁས་དང་གྲུབ་པ་ཆེ་བའི་ཕྲིན་ལས་ཀྱི་སྟོབས་སུ་མཛད་དོ། །

གསུམ། ཞར་བྱུང་བཟོ་རྒྱུན་སྐོར་གྱི་ཅུང་ཙམ་བཤད་པ།

༡ སྤྱིར་རིག་པའི་གནས་ཆེན་ལྔ་དག་གི་བྱུང་ཁུངས་ནི་གཙང་རིས་ཞིང་ནས་ཡེ་དབང་རིགས་ལྔའི་ལྷ་ལྔས་སེམས་ཅན་ལྔའི་ཁྲི་མཆོག་གནོན་པའི་ཡེ་དབང་དེ་རྣམས་ཀྱིས་ཡེ་སྲིད་ཀྱི་རྒྱུད་ལྔ་ལ་ཤར་བའི་སེམས་ཅན་ཆེན་པོ་ལྔ་ཡི་ཀློང་ནས་བཟོ་དང་། སྒྲ། ཕྱི། ནང་། གསོ་བ་རིག་པ་བཅས་ལྔ་བྱུང་ཞིང་རིག་པའི་གནས་ཆེན་ལྔ་གཏན་ལ་ཕབ་ཞེས་དེ་ཆེས་ཆེས་གནའ་བོའི་དུས་ཡིན་པའི་ངོས་འཛིན་བྱེད་དོ། །སྒོས་སུ་ཞང་ཞུང་གི་ཡུལ་ཕུགས་པ་འོལ་གླིང་ལ་སྟོན་པ་གཤེན་རབ་མི་བོ་མཆོག་གི་མཛད་ཆེན་བཅུ་གཉིས་ཀྱི་ནང་ནས་ཐོག་མར་བསྟན་པའི་གཞི་མ་བཟོ་རིག་པ་གཏན་ལ་ཕབ་ཏེ་བཟོ་རྒྱལ་གར་མ་ལི་ཤོ་ལ་གཉེར་དུ་གཏད། དེར་བསྟེན་པའི་སློབ་མ་བཟོ་དང་། ཕུབ། བླུག མགར། ལྷ། བྲིས་བཅས་སོགས་ལ་མཁས་པའི་ཕུལ་བྱུང་འཛམ་གླིང་བསྟན་པའི་རྒྱན་དྲུག་བྱུང་ཞིང་གསས་མཁར་སུམ་བརྒྱ་དྲུག་ཅུའི་བཀོད་པའང་མཛད། དེ་དང་དེ་འབྲེལ་འཛམ་གླིང་ཕྱོགས་བཅུར་བཟོ་རིག་དར། ཞེས་གསུངས། དེ་བཞིན་སྒྲ་རིག་ལ་མཁས་རྨ་ལོ་གཡུ་ལོ་ལ་སོགས་དང་། ཕྱི་རིག་ལ་མཁས་ཀོང་ཙེ་འཕྲུལ་རྒྱལ་སོགས། ནང་རིག་ལ་མཁས་འཆི་མེད་ཡུམ་སྲས་གཤེན་སོགས། གསོ་རིག་ལ་མཁས་དཔྱད་བུ་ཁྲི་ཤེས་བཅས་སོགས་ལྷ་ཀླུ་མི་གསུམ་སོགས་ལ་དེ་ལྟར་རིག་པའི་གནས་ཆེན་ལྔ་གྲངས་མེད་བརྗོད་ལ་འདས་པ་འཕེལ་ཞིང་དར་བར་གསུངས་སོ། །

༢༽ དེ་བས་ན་ཞང་ཞུང་སྒོ་གོང་གི་ཡུལ་འདིར་ཆེས་གནའ་བོའི་དུས་ནས་ཀྱང་བཟོ་ཡི་རིགས་ལ་ལག་རྩལ་གྱིས་ཚད་གཞི་ཡང་མཐོ་པོར་སླེབ་ཡོད་པར་ངེས་ཏེ། དེ་ཡང་ཞང་ཞུང་གི་རྒྱལ་རབས་སྐབས་སུ་བཟོས་པའི་གཡའ་དང་བཙའ་བརྒྱག་རྒྱུ་མེད་པ་རྡོ་ཆས་དང་རྫ་ཆས་རིགས། དེ་བཞིན་གཟི་ཡི་རིགས་མང་པོ་དང་། གནམ་ལྕགས་ཀྱི་རིགས་དཀར། ནག སེར། དམར་སོགས་དང་། ལིའི་རིགས་ཞང་ཞུང་ལི་ནག་དང་། ལི་དམར། ལི་ཁྲ། ལི་དཀར། ལི་སེར་བཅས་སོགས་ཀྱིས་བཟོས་པའི་ལྷ་སྐུ་དང་། སྲུང་བ། མཆོད་པའི་རྒྱན་རྫས་སོགས་དངོས་ཆས་ཀྱི་རིགས་མང་པོ་དང་དེ་བཞིན་གནའ་ཤུལ་བཅས་ད་ལྟ་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པས་སོ། །དེ་མིན་པའི་ཞང་ཞུང་ལ་ཤེས་རིག་དང་ལག་རྩལ་གཞན་དག་ཅིའི་ཕྱིར་མེད་དམ། །དེས་ན་དེང་དུས་ཞིབ་འཇུག་པ་མཁས་པ་འགའ་ཞིག་གིས་དཔྱད་འབྲས་ལྟར་ནས། ད་ལྟ་མི་རྣམས་ཀྱི་གཟི་དང་གནམ་ལྕགས་འགའ་ཞིག་ནི་རི་བོ་མཐོན་པོའི་ངོགས་དང་བྲག་གསེབ་རྫ་ཁྲོད་སོགས་ནས་རྙེད་པའི་རྒྱུ་མཚན་ནི། དེང་དུས་སུ་ཆེས་མཐོ་བའི་རི་ཧི་མ་ལ་ཡའི་རི་རྒྱུད་འདི་རྣམས་ཆེས་སྔ་བའི་དུས་སུ་རྒྱ་མཚོའི་ནང་དུ་ཡོད་པའི་ས་རྡོ་རི་བྲག་གི་རིགས་ཡིན་པའི་རྟགས་སུ་དེང་དུས་བྲག་རྡོ་རྣམས་ཀྱི་གསེབ་ནས་ཆུ་གནས་ཀྱི་སེམས་ཅན་སྣ་ཚོགས་པའི་ལུས་ཁོག་རྡོ་བར་ཆགས་པའི་གཟུགས་ཅི་རིགས་མངོན་མཐོང་དུ་ཡོད་པ་ནས། དེ་བཞིན་ཆེས་སྔ་བའི་དུས་རིམ་གྱི་འགྱུར་བ་ཇི་སྙིད་པའི་ནང་རི་བོ་ཐང་དུ་འགྱུར་བ་དང་། ཐང་རྣམས་རི་བྲག་ཏུ་འགྱུར་བ་སོགས་ཀྱི་གནས་ཚུལ་ལ་བརྟེན། དངོས་དོན་དེང་དུས་ཀྱི་རི་བྲག་ལ་སོགས་པ་འདི་ཀུན་ཆེས་སྔ་བའི་དུས་སུ་སྤང་ཐང་དང་ཡུལ་གྲོང་གི་གནས་གཞིའང་ཡིན་སྲིད། དེའི་ཕྱིར་ནས་གཟི་དང་གནམ་ལྕགས་སོགས་འགའ་རི་ངོགས་དང་བྲག་རིའི་ཁྲོད་ནས་རྙེད་པའི་ཡོད་པ་འདི་བྱུང་བ་རེད། ཅེས་པའི་ངོས་འཛིན་ཡང་བྱེད་དོ། །ལྟ་ཚུལ་དེ་ངོ་མ་བདེན་ན་དེའང་མི་ལོའི་གྲངས་ཇི་སྙེད་དུ་འགྲོ་དགོས་པ་རེད་དམ། ད་ལྟ་ཁྱུང་ལུང་དངུལ་མཁར་ཀྱི་འགྲམ་ལ་སྤྱི་ལོ་༢༠༠༦-༨པར་རྙེད་པའི་བང་སོ་འདི་ནི་ཚན་རིག་མཁས་པ་ཚོས་བཤད་པ་ལྟར་ནས། བང་སོ་དེ་ནི་སྤྱི་ལོའི་དུས་རབས་གསུམ་པའི་དུས་ནས་སྦས་པའི་ངོས་འཛིན་བྱེད་ལ་དེའི་ནང་དུ་དུར་རྒྱགས་ཤིན་ཏུ་འཇམ་ཤ་དོད་པའི་ལིའི་ལྷུང་བཟེད་དང་གསེར་འབག གསེར་ཤོག གོས་ཆེན་ལ་སོགས་པའི་རིག་དངོས་མང་པོར་ཡོད། ཡང་༢༠༠༤ལོར་ཁྱུང་ལུང་དངུལ་མཁར་ལ་ལིའི་ལྷ་སྐུ་ལ་སོགས་རིག་དངོས་མང་དག་ཅིག་རྙེད་པས་དེ་རྣམས་ཞང་ཞུང་གི་སྐབས་སུ་ཡིན་པའི་ངོས་འཛིན་བྱེད་བཞིན་འདུག དེར་མ་ཚད་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་གནའ་ཤུལ་འདི་ནི་ཆོས་ལུགས་དང་ལོ་རྒྱུས་གཞན་གྱིས་མ་བསླད་པ། གཤེན་རབ་ཀྱི་སྨོན་ལམ་མཐར་བཙན་པས་ཞང་ཞུང་གི་གནའ་ཤུལ་ཇི་མ་ཇི་བཞིན་ལུས་བསྡད་འདུག་གོ། གཞན་ཡང་དེང་སྐབས་མངའ་རིས་ས་ཁུལ་གང་སར་ཞང་ཞུང་སྐབས་ཀྱི་གནའ་ཤུལ་དང་རིག་དངོས་མང་པོར་རྙེད་བཞིན་པའི་སྒང་རེད་ལ། དེ་བཞིན་གུ་གེའི་རྒྱལ་རབས་ཀྱི་སྐབས་སུའང་ཞང་ཞུང་གི་བཟོ་རྒྱུན་ལྡན་པའི་གུ་གེ་དངུལ་མིག་མ་ཞེས་པའི་ལྷ་སྐུ་སྐད་གྲགས་ཅན་དང་དེ་བཞིན་ལྷ་སྐུ་དང་དྲིལ་བུ་ལ་སོགས་ལིའི་རིགས་དང་གཟི་ལ་སོགས་པའི་བཟོ་རིག་མང་པོའི་བཟོ་རྒྱུན་དུས་ཕྱིས་བར་དུ་གནས་པར་གྲགས་སོ། །

 

༣༽ འདིར་ཞུ་དགོས་པ་ཞིག་ལ། འདི་ལོར་ཏེ་སྤྱི་ལོ་༢༠༡༢/༥པར་ཁྱུང་ལུང་དངུལ་མཁར་ལ་ཞིབ་འཇུག་སོགས་ཀྱི་རྐྱེན་པའི་དྲན་པའི་རྡོ་སྐུ་རང་བྱོན་གྱི་ཕྱི་ལ་སྨན་འདམ་གྱིས་གཡོགས་པ་དེ་ཉིད་ང་ཚོས་བཀྲོལ་ཏེ་གནས་སྐབས་སུ་རྡོ་སྐུ་ཉིད་ཁྲིའི་ཐོག་ལ་རྗེན་པར་བཤམས་བཞག་ཡོད། མ་འོངས་པར་ཉམས་གསོ་ཡག་པོ་ཞིག་བྱེད་རྒྱུའི་ཆོད་སེམས་སམ་རེ་བ་བཅང་བཞིན་ཡོད། ཀྲུང་གོ་པེ་ཅིན་སྤྱི་ཚོགས་ཚན་རིག་གླིང་གི་ཆེད་མཁས་པ་ཐུང་ཐོའོ་ལ་ཁོ་བོས། གོང་གི་དྲན་པའི་རྡོ་སྐུ་དེ་དང་བོན་པོའི་ལྷ་སྐུ་ཞང་ཞུང་ལི་མའི་རིགས་ཤིག་ལ་འདི་ལྟ་བུ་ལོ་གྲངས་ག་ཚོད་འགྲོ་གི་ཡོད་ན་ཞུས་པ་ཡིན། ཁོང་གིས་དེ་ཚོ་བཟོ་རྒྱུན་ལ་བལྟ་མཁན་ཚོ་མ་གཏོགས་ངས་ནི་ཤེས་ཀྱིན་མེད་ལ། ཀྲུང་གོ་པེ་ཅིན་སྤྱི་ཚོགས་ཚན་རིག་ཁང་ལ་དེ་ཡི་ལོ་གྲངས་ལ་གཏན་ཁེལ་ཐུབ་པའི་འཕྲུལ་ཆས་ཡོད་མ་རེད། ཅེས་དང་། དཔེར་ན་ང་ཚོས་བང་སོ་སོགས་ལ་རྙེད་པའི་རིག་དངོས་ཀྱི་རིགས་ལ་ལོ་གྲངས་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱེད་པར་ཤིང་སྡོང་དང་སོལ་བ། རུས་པ་བཅས་དེ་ཡག་ཤོས་རེད། དེ་ནི་བང་སོ་ལ་སོགས་པའི་ས་གཏིང་ནས་སྔོག་མ་ཐག རླུང་དང་ཆར་ཉིའི་མ་གདུང་བ་བདག་ཉེར་ཡག་པོ་བྱས་ཏེ་བརྟག་དཔྱད་བྱེད་དགོས་རེད་ལ་དེ་མིན་ལོ་གྲངས་གཏན་ཁེལ་བྱེད་ཐུབ་ཀྱི་མ་རེད། ཅེས་གསུངས་བྱུང་། འོན་ཀྱང་བོད་ལྗོངས་རིག་དངོས་ཅུས་ཀྱིས་ད་ལྟ་གང་སར་ཡོད་པའི་ཞང་ཞུང་ལི་མ་ཞེས་པའི་རིགས་ཀྱི་ལོ་གྲངས་ནི་སྤྱི་ལོའི་དུས་རབས་དགུ་པའི་སྐབས་སུ་མ་གཏོགས་ལོ་རྒྱུས་ཡོད་མ་རེད། ཅེས་ཚིག་ཐག་གཅོད་ནི་བཤོད་འདུག དེ་ལྟར་ནའང་ཀྲུང་གོ་པེ་ཅིན་སྤྱི་ཚོགས་ཚན་རིག་གླིང་ལས་བོད་ལྗོངས་རིག་དངོས་ཅུས་ལ་འཕྲུལ་ཆས་སོགས་ཆ་རྐྱེན་ཆེ་བར་ཡོད་པའི་བཟོ་འདུག་ལ་ཁོང་རྣམ་པ་ལ་ལྷ་སྐུ་འདི་ནི་ཞང་ཞུང་ལི་མ་རེད་ཅེས་ཞུས་ནས་ཧ་ལས་པ་དང་ཡ་མཚན་པའི་རྣམ་པའང་སྟོན་འདུག་གོ། ཇི་སྐད་དུ་མཁས་དབང་མཁར་རྨེའུ་བསམ་གཏན་ནས། འདི་དག་ནི་མ་འོངས་པར་བོད་རིག་པའི་ཞིབ་འཇུག་ལ་འཁོ་བའི་རྒྱུ་རྐྱེན་ཡང་དག་པ་ཞིག་ཡིན་པར་མ་ཟད་བོད་རང་གི་མནའ་བོའི་ཤེས་རིག་ནི་རྒྱ་དཀར་ནག་ལས་བྱུང་བ་མ་ཡིན་པར་བོད་རང་དུ་ས་སྐྱེས་རྡོ་སྐྱེས་ལྟ་བུ་ཡིན་པ་བོན་གཞུང་རྙིང་པ་ཁོ་ན་ལས་ཤེས་ནུས་པ་ཡིན། ཞེས་གསུངས་པ་ལྟར། དེས་ན་མ་འོངས་པར་ང་ཚོའི་ཞང་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་རྣམས་བག་ཆགས་ངན་དབང་གིས་མ་བསླད་པ་ཡང་དག་པའི་ཞིབ་འཇུག་གི་ལམ་ལ་འགྲོ་རྒྱུའི་རེ་བ་དང་འབོད་བསྐུལ་ཡང་སྙིང་དབུས་ནས་ཐུགས་རྗེ་ཆེ་གནང་རོགས་ཞུ་ཞུ་ཞུ།།

ཞེས་འདི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་དུ་གོང་མའི་བརྒྱུད་འཛིན་གྱི་མིང་ཁུར་བ་གུས་པ་རྒྱ་བཙུན་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ཡི་དམ་མ་རྒྱུད་སྒྲུབ་པའི་ཐུན་མཚམས་སུ་བྲིས་པ་དགེ་གྱུར་ཅིག ། ཐ་ཚན་མུ་ཙུག་སྨར་རོ།། །།

 

 

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།