ཞོལ་ཁང་བསོད་ནམས་དར་རྒྱས་དང་སྒྱུ་རྩལ་གྱི་ལམ་བུ།

ཞོལ་ཁང་བསོད་ནམས་དར་རྒྱས་དང་སྒྱུ་རྩལ་གྱི་ལམ་བུ།
ཁོ་བོ་དང་ཁོ་བོའི་སྒྱུ་རྩལ་གྱི་ལམ་བུ།

དང་པོ།

    རང་ཉིད་སྐྱེས་ཡུལ་ནི་ལྷ་སའི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཡིན་ཀྱང་། ནང་གི་གནས་ཚུལ་གྱིས་རྐྱེན་པས་ལོ་ན་གསུམ་བཞི་ཙམ་ལ་སོན་དུས་ལྷོ་ཁ་འཕྱོངས་རྒྱས་རྗོང་ཁོངས་འཕྱོངས་ཕུ་ཞོལ་ཁང་ཞེས་པར་བསྐྱོད་དགོས་བྱུང་། ལུང་པ་དེ་ནི་ཧ་ཅང་ཁུག་སྐྱོག་ཞིག་ཡིན་རུང་། གཞས་ས་དར་ཁྱབ་ཤིན་ཏུ་ཆེ་བས་དུས་མཆོད་མང་ལ་ནམ་ཀུན་གླུ་གཞས་ཀྱི་སྐད་སྒྲས་ཁེངས་པ་ལྟར་ཡོད་ལ་ལྷག་པར་བོད་ཀྱི་གནའ་རབས་ཀྱི་གླུ་གར་གཞས་ཆེན་དང་། ལྡེམ་གླུ། ལྗགས་རྐྱང་། རྦད། སྒོར་གཞས། ཤགས། པྲོ་པ་གཞས་མ། སོགས་དར་ཁྱབ་ཆེ་བས་ནམ་ཉིན་འབྲེལ་ནས་གླུ་གར་སོགས་ལ་རོལ་བ་དེ་འདྲ་ཡིན་སྟབས། ལོ་ན་བདུན་བརྒྱད་ཙམ་ལ་སླེབས་དུས་གཞས་ཚིག་མ་ངེས་པ་ཙམ་ལས་གོང་གསལ་གྱི་གལས་ཕལ་ཆེར་བའི་གདངས་བདེ་བླག་ངང་གཏོང་ཐུབ་ཀྱི་ཡོད་པ་མ་ཟད། དམངས་གཞས་ལ་དགའ་ཞེན་ཆེན་པོ་ཡོད་པ་ལྟར་ཡིན།

ལོ་ན་བརྒྱད་ལ་སླེབས་དུས་བོད་ཡིག་སློབ་སྦྱོང་བྱས་རྗེས་ལོ་ན་བཅུ་ལ་ལྷ་སར་ཡོང་ནས་ཏར་ཁང་སློབ་གྲྭར་བོད་ཡིག་སྦྱངས་པ་དང་། སྐབས་དེར་ངའི་ཁྱིམ་ཚང་གི་ནང་མི་སྤུན་མཆེད་རྒན་གྲས་དེ་དག་སྟོད་གཞས་དང་། ནང་མ་གཏོང་རྒྱུར་ཧ་ཅང་དགའ་པོ་འདུག་ལ། གཅེན་པོ་ཞིག་ལྷ་སའི་ནང་མའི་སྐྱིད་སྡུག་ལ་བཞུགས་ནས་སྒྲ་སྙན་མཁས་པའི་སྐད་གྲགས་ཡོད་པ་ལྟར་དགེ་རྒན་གྱི་ཐོབ་ཐང་བཟུང་འདུག ཁྱིམ་ཚང་གི་དེ་འདྲའི་ཤུགས་རྐྱེན་འོག་རང་ཉིད་ལོ་ན་བཅུ་གསུམ་ཙམ་ལ་སློབ་གྲྭར་འགྲོ་སྐབས་སློབ་གྲྭ་གྲོལ་དུས་པེ་ཅིང་ཆུ་ཚོད་བརྒྱད་དགུའི་བར་ལ་ཡིན་ཙང་ནང་ནས་གཡོག་པོ་ཞིག་སློབ་གྲྭའི་སྒོ་འགྲམ་དུ་བསུ་བར་ཡོང་སྐབས་སྒྲ་སྙན་ཞིག་འཁྱེར་ཡོང་གི་ཡོད་པས་སློབ་སྒོ་དོན་འཕྲུལ་སྒྲ་སྙན་དེ་རང་ཉིད་ཀྱི་རྐེ་ལ་གྱོན་ནས་བར་སྐོར་བརྒྱུད་ནང་ལ་མ་སླེབས་པར་སྒྲ་སྙན་གཏོང་བཞིན་ལོག་འགྲོ་ཡི་ཡོད།

སྒྱུ་རྩལ་བའི་སྡེ།

གཉིས་པ།

       ལོ་ན་བཅུ་དྲུག་ལ་སོན་སྐབས་སློབ་གྲྭ་ཐོན་ནས་ས་གཞུང་རྩིས་ཁང་(མཐོ་རིམ་སློབ་གྲྭ)ནང་ཞུགས་པ་དང་ཆབས་ཅིག་ལྷ་སའི་ནང་མའི་སྐྱིད་སྡུག་ལ་ཡང་བཞུགས་པ་ཡིན་སྐབས་དེར་ནང་མའི་སྐྱིད་སྡུག་འགོ་འཛིན་ནི་དགེ་རྒན་ཆེན་མོ་རྣམ་རྒྱལ་ལགས་ཡིན། ཁོང་ནི་བོད་ཡོངས་ལ་སྐད་གྲགས་ཡོད་པའི་དམངས་གཞས་མཁས་ཅན་ཞིག་ཡིན་ལ། དེ་བཞིན་དགེ་རྒན་བྱིངས་གྲས་ས་གཞུང་གི་སྐད་སྒྱུར་བོད་རྒྱའི་སྐད་ཡིག་དང་ཐའེ་ཧུའུ་ལ་(དལ་ཅིན)ཤིན་ཏུ་མཁས་པ་གོར་གཞུང་གི་སྐད་སྒྱུར་གོར་བོད་ཀྱི་སྐད་ཡིག་དང་ཡང་ཆིངས་ལ་ཤིན་ཏུ་མཁས་པ་གོར་དྲུང་བསོད་ནམས་ལགས་ཐའེ་ཧུའུ་ལ་ཤིན་ཏུ་མཁས་པ་བཀའ་ཤག་དྲུང་ཆེ་རྨར་ལམ་པ་ཅིང་ཧུའུ་ལ་ཤིན་ཏུ་མཁས་པ་དམག་དྲུང་ནོར་ནང་པ།(ད་ལྟ་རྒྱ་གར་ན་ཡོད།)སྒྲ་སྙན་ལ་ཤིན་ཏུ་མཁས་པ་བྷཡི་ལྤ་ལི་(ཧུའི་རིགས་ཚོང་པ)དང་རྟ་མདོ་ཚེ་བརྟན་དབང་ཕྱུག་(འདི་ངའི་གཅེན་པོ་ཡིན)ནང་མིའ་གཞས་ཤིན་ཏུ་མཁས་པ་གགཞས་མ་ཨ་ཅག་ཡེ་ཚ(ཧུའུ་རིགས)སྟོད་གཞས་དང་ཞབས་བྲོ་ལ་ཤིན་ཏུ་མཁས་པ་གཞས་མ་བསོད་ནམས་སྐྱིད་འཛོམས་བཅས་ཡིན། དེ་རྣམས་ནི་ནང་མའི་སྐྱིད་སྡུག་ནང་གི་ཡོངས་གྲགས་ཀྱི་མཁས་པ་དང་། དགེ་རྒན་གཞོན་པའི་ཐོབ་ཐང་ཡོད་པ་བཅས་ཁྱོན་སྐབས་དེར་ནང་མའི་སྐྱིད་སྡུག་ཁོངས་མི་དང་སློབ་ཕྲུག་ཚོགས་གྲོགས་བསྡོམས་པས་དྲུག་ཅུ་སྐོར་ཡོད་པ་དེ་དག་ཡོངས་ཁུངས་བོད་རིགས་གཙོ་བྱས་པའི་སྐུ་དྲག་དང་། ཚོང་རིགས། བཟོ་བ། མི་སེར་བྱིངས། རྒྱ་རིགས།  ཧུའུ་རིགས་བཅས་ཡིན། ངས་དགེ་རྒན་རྣམ་རྒྱལ་གཙོ་བྱས་པའི་དགེ་རྒན་དེ་དག་གི་ས་ནས་ནང་མ་དང་། སྟོད་གཞས། ཞབས་བྲོ། སྒྲ་སྙན། ཡང་ཆིང་། ཐའེ་ཧུའུ། ཅིང་ཧུའུ་བཅས་སློབ་སྦྱོང་བྱས་ཏེ་ལོ་བཞི་བསྡད་པ་དང་སྐབས་དེར་ལྷ་ས་ཁུལ་དུ་རིག་རྩལ་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་གཅིག་གྱུར་ལྟ་བུར་རེད་འདུག

གསུམ་པ།

    ༡༩༤༢ལོར་དགེ་རྒན་རྣམ་རྒྱལ་ལས་འདས་རྗེས་གོང་གསལ་མི་སྣ་དེ་དག་འགའ་ཞིག་ལོ་ན་མཐོ་བས་འདས་པ་དང་ལ་ལ་ལས་འགན་གྱི་རྐྱེན་པས་ཕྱོགས་སུ་ཐོན་པ་བཅས་ནང་མའི་སྐྱིད་སྡུག་འཐོར་བ་དང་རང་ཉིད་ཀྱང་ས་གཞུང་གི་རྩིས་ཁང་ནས་ཐོན་ཏེ་གཙང་ཕྱོགས་སུ་བསྐྱོད་དགོས་བྱུང་རྗེས་ས་གནས་གར་བསྐྱོད་དུ་རོལ་མོ་ཁག་མཉམ་འཁྱེར་གྱིས་རང་གཡོག་དག་ཀྱང་རིག་རྩལ་ལ་དགའ་མཁན་ཤ་སྟག་ཡོད། ༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་ཐོབ་པའི་གྲོས་མཐུན་ལ་མིང་རྟགས་བཀོད་ཟིནའཕྲལ་ཀྲུང་དབྱང་གི་སྐུ་ཚབ་ཀྲང་ཆིང་ཨུའུ་རྒྱ་གར་བྲགྱུད་བོད་དུ་ཕེབས་སྐབས་ཀ་སྦུག་ཏུ་ཕེབས་བསུར་བཅར་ནས་ལྷ་ས་བར་ཕེབས་ལམ་སྣེ་ཤན་ཞུས་པ་དང་། ཁོང་གི་སློབ་སྟོན་འོག་གསར་བརྗེས་བཞུགས་པ་ཡིན།

༡༩༥༤ལོར་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་རྒྱལ་ནང་དུ་ཕེབས་སྐབས་ལྟ་སྐོར་ཚོགས་པ་ཆབས་གཅིག་ཨུ་ཡོན་ཀྲང་སྐུ་བཞོན་ང་ཕོད་མཆོག་དང་བོད་དམག་ཁུལ་ཁང་གི་ཐན་ཀུང་སན་ཀྲིད་ཨུད་རྣམས་གཉིས་ཀྱིས་འདེམས་སྒྲུག་གནང་བ་ལྟར་ཟས་ཞིབ་སློབ་ཆུང་དང་པོ་དང་། རྒྱལ་གཅེས་གཞོན་ནུ་ཤེས་རིག་མཐུན་ཚོགས་སྐབས་དེའི་སྤྱི་ཚོགས་འཛིན་གྲྭ་བཅས་ནས་མི་གྲངས་༣༢་ཐོག་བོད་དམག་ཁུལ་ཁང་རིག་རྩལ་ཚོགས་ཁོང་ནས་ལི་ཧྥུང་དང་ཧྭ་ཡུང་ཚལ་གཉིས་བཅས་སྒྲིག་བཙུགས་ཀྱིས་རང་ཉིད་ནས་ཚོགས་གཙོ་བྱས་ཏེ་རྒྱལ་ནང་དུ་ལྟ་བསྐོར་སློབ་སྦྱོང་དང་འབྲེལ་བས་ཞིང་ཆེན་ས་ཁུལ་ཉི་ཤུ་རྩ་གཅིག་ལ་གཟིགས་འབུལ་ཐེངས་བདུན་ཅུ་སྐོར་བྱས། ཁྱད་པར་བརྗེད་པར་དཀའ་པའི་ཉིན་མོ་ཞིག་སྟེ། སྐབས་དེར་བོད་ཀྱི་ལོ་གསར་དུས་ཆེན་དང་སྟབས་འཁེལ་བས་ཧྭ་རེན་ཐང་ཚོགས་ཁང་ཆེན་མོར་མའོ་ཀྲུས་ཞིས་གཙོས་ཀྲུང་དབྱང་གི་གཙོ་འཛིན་རྣམ་པར་གཟིགས་འབུལ་ཞུ་རྒྱུ་བྱུང་པའི་གོ་སྐབས་ཐོབ་པ་དེ་ཡིན། གཟིགས་འབུལ་གྱི་ལེའུ་རྣམ་གྲངས་ནི་ཏང་དང་མའོ་ཀྲུའུ་ཞིར་བསྟོད་གླུ་དང་། ནང་མ། སྟོད་གཞས། སྒོར་གཞས་བཅས་ཡིན། གོང་གསལ་ཚོགས་མིའི་ཁོང་ནས་གནས་ཚུལ་གྱི་རྐྱེན་པས་མི་བཞི་བོད་དུ་ཕྱིར་ལོག་དགོས་བྱུང་པ་ཕུད།  དེ་བྱིངས་མང་ཆེ་བ་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་ནང་རིག་རྩལ་སློབ་སྦྱོང་དང་། ཉུང་ཤས་ཞིག་ནི་མི་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་དུ་བཅུག རྗེས་སུ་བོད་ཀྱི་གླུ་གར་ཚོགས་དངོས་སུ་བཙུགས་སྐབས་གོང་གསལ་ཁོངས་དག་རྨང་གཞི་ལྟ་བུར་གྱུར་པ་མ་ཟད། མི་ཁག་གཅིག་དེང་སྐབས་མི་རིགས་སྒྱུ་རྩལ་མཁས་ཅན་གྲས་སུ་རྐང་འཛིན་གྱི་ནུས་པ་ཐོན་མུས་སུ་གནས། དེ་ནི་བོད་ཞི་བའི་བཅིངས་འགྲོལ་ཐོབ་འཕྲལ་ཏང་གིས་གསོ་སྐྱོངས་གནས་བའི་བོད་རིགས་སྒྱུ་རྩལ་པ་དང་པོའི་གྲས་ཡིན་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་བཞི་བཅུའི་རིང་ལ་མི་རིགས་རིག་གནས་སྒྱུ་རྩལ་པ་དང་པོའི་གྲས་ཡིན་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་བཞི་བཅུའི་རིང་ལ་མི་རིགས་རིག་རྩལ་སློབ་གསོ་དང་འཕེལ་རྒྱས་གཏོང་རིམ་ནང་ཁོང་ཚོས་བྱས་རྗེས་ངོ་མཚར་ཅན་བཞག་ཡོད་པ་རེད།

བར་སྐོར་གྱི་ཚོང་ཁང་།

བཞི་པ།

    ༡༩༥༥ལོར་ཁོ་བོ་བོད་ལ་ཕྱིར་ལོག་རྗེས་གཞོན་ནུ་ཤེས་རིག་མཐུན་ཚོགས་ཁོངས་ནས་རིག་རྩལ་དྲིལ་བསྒྲགས་རུ་ཁག་སྒྲིག་འཛུགས་གནང་པ་ལྟར་། དེའི་ཏུའུ་ཀྲང་བྱས་ཏེ་ལྷ་སའི་ཉེ་འཁོར་གྱི་རྫོང་ཁག་དང་།  འདམ་གཞུང་གནམ་གྲུ་བཟོ་ཐང་། ལམ་བཟོ་ཁག་བཅས་ཀྱི་ལས་བཟོ་པ་དང་དམག་མི་བཅས་ལ་ཕྱོགས་གཅིག་ནས་རིག་རྩལ་གཟིགས་འབུལ་དང་།  ཕྱོགས་གཞན་ཞིག་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་བསྐྱོད་པ་ཡིན།

༡༩༥༦ལོར་རྒྱལ་ཡོངས་རོལ་མོའི་མཐུན་ཚོགས་ཀྱི་ཚོགས་འདུར་བོད་ཀྱི་རིག་རྩལ་སྐུ་ཚབ་ཀྱི་ཚོགས་གཙོ་བྱས་ཏེ་པེ་ཅིན་ལ་བསྐྱོད་ཅིང་ལོ་དེར་གཟི་བརྗིད་ལྡན་པའི་སྒོ་ནས་ཀྲུང་དབྱང་རོལ་མོའི་མཐུན་ཚོགས་ཀྱི་ལས་འཛིན་དུ་བདམས་ཐོན་བྱུང་། ཚོགས་འདུ་གྲོལ་རྗེས་རང་ཉིད་མི་རིགས་ཟློས་གར་ཚོགས་ཁོངས་སུ་ཕན་ཚུན་སློབ་སྦྱོང་བྱས་ཏེ་ཟླ་བཞི་ཙམ་བསྡད་པས་དེའི་རིང་དེང་རབས་ཀྱི་རོལ་མོའི་ཤེས་བྱའི་རྨང་གཞི་ཕྲན་བུ་ཤེས་རྟོགས་བྱུང་པ་དེས་དེང་སང་རོལ་མོ་སློབ་ཁྲིད་ལ་ཕན་ཐོགས་ཆེན་པོ་འདུག དེ་རྗེས་༡༩༧༨ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་པའི་རོལ་མོའི་དགེ་རྒན་བྱས་པ་དང་། དེ་གོང་སློབ་གྲྭར་བོད་ཀྱི་རིག་རྩལ་སྐོར་གྱི་སློབ་ཚན་མེད་པ་པས་རང་ཉིད་ཀྱིས་བོད་ཀྱི་དེ་སྔའི་རིག་རྩལ་ལོ་རྒྱུས་ཤེས་བྱ་དང་། རྒན་རབས་ངག་རྒྱུན། དམངས་གཞས། རང་ཉིད་ཀྱི་རིག་རྩལ་ཤེས་རྟོགས་ཀྱི་ཉམས་མྱོང་བཅས་ཟུང་འབྲེལ་གྱིས་སློབ་ཚན་ཕྱོགས་སྒྲིག་དང་། རིག་རྩལ་སྐོར་རང་རྩོམ་སྔ་རྗེས་སྤེལ་བ་དེ་དག་ལ། ༡༩༨༤ལོ་ནས་༡༩༩༠བར་སློབ་གྲྭ་ཆེན་མོ་ནས་རིམ་པ་དང་པོ་གཉིས་པ་གསུམ་པ་བཅས་ཀྱི་གཟེངས་བསྟོད་ལག་འཁྱེར་གནང་པ་དང་། ལྷག་པར་དུ་རིག་རྩལ་སློབ་གསོའི་འཐབ་ཕྱོགས་ཐོག་སློབ་ཚན་ཕྱོགས་སྒྲིག་གི་ནང་དོན་ཐད་ལ་ཆབ་སྲིད་བསམ་བློ་དམ་འཛིན་བྱས་ཏེ་བོད་ཀྱི་རིག་རྩལ་སྐོར་ནས་ལོ་རྒྱུས་ཡིག་ཆ་དང་། དམངས་ཁྲོད་དུ་ངག་ཐོན་ནས་ཁྱབ་གདལ་ཡོད་པའི་དམངས་གཞས་རྒྱལ་གཅེས་ཀྱི་བསམ་པ་དང་། མི་རིགས་ཀྱི་འབྲེལ་བ། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་ནང་དོན་མཚོན་པའི་དངོས་ཡོད་ཀྱི་ལོ་རྒྱུས་དཔང་རྟགས་དེ་དག་རྒྱུ་མཚན་དུ་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩོམ་དང་། རིག་རྩལ་སྐོར་གྱི་རིགས་པའི་གཞུང་ལུགས་དེ་དག་ཟུང་འབྲེལ་བྱས་ཏེ་སློབ་ཚན་འཁྲིད་པ་ཡིན།

Image result for ཞོལ་ཁང་བསོད་ནམས་

 

 

ཡོང་ཁུངས། སྤྱན་གསལ།

བརྒྱུད་སྐུལ།

མཆན་སྤེལ།