ཟངས་མདོག་དཔལ་རི་གསར་རྙེད་དང་གང་དུ་ཡོད་མེད་སྐོར།

ཟངས་མདོག་དཔལ་རི་གསར་རྙེད་དང་གང་དུ་ཡོད་མེད་སྐོར།
1.ཟངས་མདོག་དཔལ་རི་གསར་དུ་རྙེད་པ། 2.ཟངས་མདོག་དཔལ་རི་གང་དུ་ཡོད་མེད་སྐོར།

 

fཚངས་དབང་དགེ་འདུན་བསྟན་པ།

         ཟངས་མདོག་དཔལ་རི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞིང་བཀོད་ཡིན་ལ། སྤྱིར་ན་ཞིང་བཀོད་ལ་ཆོས་ཀྱི་ཞིང་བཀོད་ཅིག་དང་ས་ཚུགས་ཀྱི་ཞིང་བཀོད་ཅིག་གཉིས་ཡོད་དེ། འདིར་བཤད་པ་ནི་ས་ཚུགས་ཀྱི་ཞིང་བཀོད་དེ་འཇིག་རྟེན་ཐུན་མོང་གི་ལྟར་རོ།། ཟངས་མདོག་དཔལ་རིའི་མིང་གཞན་ལ་མ་པང་སྤོས་མོ་མཁར་དང་། སྤོ་མོ་མཁར། པདྨ་མཁར་སོགས་འབྲི་སྟངས་ཅི་རིགས་ཤིག་སྣང་། དེང་སང་བྱིའུ་དགོན་ཟེར་ཞིང་། མངའ་རིས་ས་ཁུལ་པུ་རང་རྫོང་མ་ཕམ་གཡུ་མཚོའི་འགྲམ་དུ་ཡོད།

སྔོན་འདིར་སློབ་དཔོན་པདྨ་འབྱུང་གནས་སྐུ་རང་ཉིད་ཀྱིས་བཞེངས་པའི་ཙན་དན་གྱི་གུ་རུ་རིན་པོ་ཆེའི་འདྲ་སྐུ་ཞིག་བཞུགས། བསྟན་པ་སྔ་དར་གྱི་སྐབས་སུ་བྱིའུ་དགོན་ལ་པདྨ་མཁར་ཞེས་བརྗོད་ལ། བར་དར་སྐབས་སུ་བྱིའུ་ཟམ་བཟོ་མཁར། ཕྱི་དར་སྐབས་སུ་ཟངས་མདོག་དཔལ་རིའི་ཕོ་བྲང་ཞེས་ཟེར། སྔོན་གྱི་དུས་ཤིག་ལ་མ་ཕམ་གཡུ་མཚོ་རྒྱས་ཏེ་ལང་ག་མཚོ་ནང་དུ་བཞུར་བས། དེ་གཉིས་ཀྱི་བར་ལ་ཟམ་པ་ཞིག་བཟོས་ཡོད་ཕྱིན་བྱིའུ་ཟམ་པ་མཁར་ཞེས་གྲགས་སོ།།

བོན་གྱི་མཁས་དབང་ཆེན་པོའི་༼ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ༽་པོད་གསུམ་པ་ལས། དབུས་ཕྱོགས་སུ་མཁར་བཞི་དང་། ཕྱོགས་ཀྱི་རྫོང་བཞིའོ།། བྱ་བའི་སྐབས་སུ། མཁར་བཞི་ནི། ཁྱུང་ལུང་དངུལ་མཁར་དང་། སྤུ་ཧྲིང་སྟག་ལ་མཁར། སྨེ་ཤིང་བྱི་བ་མཁར། མ་པང་སྤོས་མོ་མཁར། ཞེས་ཞང་ཞུང་གི་མཁར་བཞིའི་གྲས་སུ་བརྩི་བ་དང་། གཞན་བོན་གྱི་ཡིག་ཚང་ཁག་ལས།པུ་ཧྲང་རྟ་ལྷ་མཁར། མ་པང་སྤོ་མོ་མཁར། གུ་གེ་རྩ་རང་མཁར། ཁྱུང་ལུང་རྔུལ་མཁར་ཞེས་བྲིས་ཡོད། གནས་འདི་ནི་བན་བོན་གང་ཐད་ནས་བཤད་ཀྱང་ཆེས་གལ་ཆེན་ཞིག་ཡིན་ལ། གནའ་དུས་སུ་གནས་འདིར་པདྨ་མཁར་ཞེས་མཁར་ཆེན་གྲགས་ཅན་ཞིག་ཡོད་ཅིང་། གནས་འདིའི་རྒྱབ་རི་ནི། སྤོས་ངད་རི་བོ་ཡིན་ཟེར། བོན་པོའི་༼གཟུངས་ཀུན་འདུས་པ་བཞུགས༽་བྱ་བ་ལས། དེའི་ཚེ་དེའི་དུས་ན། རི་བོ་བཀྲ་ཤིས་དཔལ་བརྩེགས་མདུན། །རྒྱ་མཚོ་བཀྲ་ཤིས་ཁྱུད་མོའི་གླིང་།། སྐུ་མཁར་བང་བ་དགུ་ཐོག་ནང་། །བྲམ་ཟེ་པའི་རྒྱལ་པོ་བཟང་སྐྱོང་ཞེས།། རྒྱུ་དང་བསོད་ནམས་ཚོགས་རྫོགས་ཕྱིར། །གསས་སང་པདྨ་གླིང་ཆེན་ཆེན་བཞེངས། །བདེ་གཤེགས་སྐུ་གདུང་གསུང་རབ་སོགས།། མངའ་གསོལ་རབ་ཏུ་གནས་པའི་ཕྱིར། །བདེ་གཤེགས་སྲས་ཡུམ་འཁོར་དང་བཅས། །ཞེས་སྟོན་པ་གཤེན་རབ་མི་བོ་ཆེ་ཡུམ་སྲས་དང་བཅས་གནས་དེར་ཕེབས་ཚུལ་འཁོད་ཡོད་ཅིང་།གོང་གི་རི་བོ་བཀྲ་ཤིས་དཔལ་བརྩེགས་ཞེས་པ་ནི་གངས་ཏི་སེ་ཡིན་ཞིང་།༼མདོ་དྲི་མེད་གཟི་བརྗིད༽་སོགས་སུ། གངས་རིན་པོ་ཆེ་ལ་གཡུང་དྲུང་དགུ་བརྩེགས་ཀྱི་རི་བོ་ཞེས་འཁོད་ཡོད་པ་དེས་ཤེས་ཐུབ་བོ།། རྒྱ་མཚོ་བཀྲ་ཤིས་ཁྱུད་མོའི་གླིང་བྱ་བ་ནི། མ་ཕམ་གཡུ་མཚོ་ཡིན་ལ། དཔལ་ལྡན་ལྷ་མོའི་ཆོ་ག་ཁག་ཏུ་མུ་ ལེ་ཁྱུད་མཚོ་བྱ་བ་དེ་ཡིན་ཏེ། མུ་ལེ་ནི་ཞང་སྐད་དེ་རྒྱ་མཚོའི་མིང་ཡིན་ནོ།། དེས་ན་གངས་ཏི་སེའི་མདུན་ན་མ་ཕམ་གཡུ་མཚོ་ཡོད་པ་དེ་བཞིན་དུ། འདིར་ཡང་རི་བོ་བཀྲ་ཤིས་དཔལ་བརྩེགས་མདུན། ཞེས་མདུན་ན་ཡོད་པར་བསྟན་འདུག་གོ །

གསས་སང་པདྨ་གླིང་ཆེན་བྱ་བ་ནི་པདྨ་མཁར་ཡིན་ལ། མཁར་འདི་ལ་ཐོག་བརྩེགས་རིམ་པ་དགུ་ཡོད་པར་གདའ། དུས་འཁོར་གྱི་རྒྱུད་འགྲེལ་རྣམས་སུ་རི་བོ་མཱ་ལ་ཡའི་སྐྱེད་མོས་ཚལ་དུ་དུས་འཁོར་བློས་བསླངས་བཞེངས་ཞེས་པའང་དོན་དུ་གནས་འདི་ན་ཡིན་པར་གསལ་ལ དེང་སང་འདི་ལྟར་བཤད་ན། བན་བོན་གྱི་དགེ་བཤེས་ཚོས་ ལྟ་བ་ལོག་པའི་གྲས་སུ་བགྲང་སྟེ་བཀའ་བཀྱོན་བསྐྱོན་ངེས་པས་ཞེ་རེ་འཇིགས། གྲུབ་མཐའ་ཞེས་པ་དེ་ལ་ཡི་རེ་མུག པདྨ་མཁར་རམ་བྱིའུ་དགོན་འདི་རྒྱང་ནས་བལྟས་ན་སྙིང་ངམ་ཙི་ཏ་ཞིག་དང་མཚུངས་པས། ཟངས་མདོག་དཔལ་རི་ཡང་འདི་ཡིན། སྔ་མོའི་དུས་སུ་བྱིའུ་དགོན་གྱི་འདབས་སུ་མ་ཕམ་གཡུ་མཚོའི་ཆུ་བཞུར་བཞིན་པས་ཟམ་པ་ཞིག་ཀྱང་རྒྱབ་ཡོད། ཟངས་མདོག་དཔལ་རིའི་ཞིང་བཀོད་ཀྱི་ཐང་ག་རྣམས་སུ་ཟངས་མདོག་དཔལ་རིའི་འདབས་སུ་མཚོ་འཁྱིལ་བའི་རྣམ་པ་བྲིས་ཡོད་པའང་དོན་དུ་གོང་དུ་བཤད་པ་བཞིན་དེ་སྔོན་བྱིའུ་དགོན་གྱི་འདབས་རོལ་ན་མ་ཕམ་གཡུ་མཚོ་ཡོད་པ་དེ་ཡིན། ༼བཙུན་མོ་བཀའ་ཐང༽་ལས། བོད་དང་ཞང་ཞུང་གཉིས་ཀྱི་མཚམས་སུ་བྱོན། །མ་ཕམ་གཡུ་མཚོ་ནག་མོའི་འགྲམ་དུ་བཞུགས། །པད་མ་རྒྱས་པའི་ལྷ་ཁང་མཆོད་པ་ཕུལ། །ཅེས་པ་དང་། ཡང་དེ་ཉིད་ལས། མ་ཕམ་གཡུ་མཚོའི་ནང་དུ་ལྷ་ཁང་བཞེངས། །མི་ཡི་ཡུལ་དུ་པད་རྒྱལ་ལྷ་ཁང་བཞེངས། །ཞེས་པའང་པདྨ་མཁར་དུ་ལྷ་ཁང་བཞེངས་པར་བཤད་པ་དང་། གཞན་ ༼ཟངས་མདོག་དཔལ་རིའི་སྨོན་ལམ༽་ལས། འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན།། དུས་གསུམ་རྒྱལ་བས་ཆོས་འཁོར་བསྐོར་བའི་གནས། །དེ་ཡི་ནུབ་བྱང་རྔ་ཡབ་ལང་ཀའི་གླིང་། ། ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག།བཀོད་པ་ལྷུན་གྲུབ་ཙིཏྟའི་ས་འཛིན་སྤོ། ། རྩ་བ་གདེངས་ཅན་འཇོག་པོའི་ཐོད་དུ་བཅིངས། །སྐེད་པར་ལུས་མེད་མཁའ་འགྲོས་ཚོགས་འཁོར་བསྐོར། །རྩེ་མོ་གཟུགས་ཁམས་བསམ་གཏན་བསྙེག་པ་ལྟའི། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཅེས་གསུངས་པ་ལྟར། རྔ་ཡབ་ལང་གའི་གླིང་ནི། དེང་གི་དོལ་བུ་དང་པུ་རང་གཉིས་ཡིན་ལ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་༼ ཤམ་བྷ་ལའི་རྣམ་བཤད༽ ་དུའང། རྔ་ཡབ་གླིང་ནི་དོལ་བུ་ཡིན་པར་བཤད་ཅིང་། ལང་ག་པུ་རང་ནི་ད་ལྟའི་པུ་རང་རྫོང་ཡིན་པ་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར་བྱང་དུ་ཡང་གསལ་ཏེ། དེ་ཉིད་གྱིས་བསྒྱུར་བའི་༼ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད༽་ཀྱི་འགྱུར་བྱང་དུ། འདི་ནི་གངས་རིན་པོ་ཏི་སེ་དང་ཡིད་བཞིན་གྱི་མཚོའི་ལྷོ་ངོས། རི་བོ་ ཆེན་པོ་སྤོས་ཀྱི་ངད་ལྡང་བའི་འདབ་ཡུལ་པུ་རངས་སུ་བསྒྱུར་བ། ཞེས་པ་དང་། གངས་མཚོ་གནས་གསུམ་གྱི་དཀར་ཆག་རྣམས་ལས་ཀྱང་མང་དུ་བཤད་པས་ཕྱིར་རོ།། འདི་ སྐབས་ཀྱི་རྩ་བ་གདེངས་ཅན་བྱ་བའང་མ་ཕམ་གཡུ་མཚོར་གོ་དགོས་པ་ཡིན་ལ། བྱིའུ་དགོན་ནམ་པདྨ་མཁར་ནི་ད་ལྟའི་བར་མ་ཕམ་གཡུ་མཚོའི་འགྲམ་དུ་ཡོད་པའི་ཕྱིར་རོ།།བཀོད་པ་ལྷུན་གྲུབ་ཙིཏྟའི་ས་འཛིན་སྤོ།།ཞེས་པ་ནི་རི་འདིའི་དབྱིབས་སྙིང་དང་འདྲ་ཞིང་དེའི་རྩེར་གཞལ་ཡས་ཁང་ཡོད་པར་བསྟན་ཏོ།། ཆོས་གཞུང་ལ་ལར་ཀླུའི་ཕོ་བྲང་བྱ་བར་འཁོད་ཡོད་པའང་འདི་ཡིན་ལ། ཡུལ་འདིའི་གནས་བདག་ལ་སྔོན་ཀྱི་དཔེ་རྙིང་རྣམས་སུ་ཀླུའི་རྒྱལ་པོ་ཟེར་ཞིང་། ཀླུའི་རྒྱལ་པོ་བློ་གྲོས་ཞེས་པ་དེས་སངས་རྒྱས་ཤཱཀྱ་ཐུབ་པ་གདན་དྲངས་ཏེ་མ་དྲོས་པས་ཞུས་པའི་མདོ་ཡང་འདི་ནས་གསུངས་སོ།། སྦྱོར་དྲུག་ལ་རང་དབང་ཐོབ་པ་རྣམས་ཟངས་མདོག་དཔལ་རིའི་ཞིང་བཀོད་ཀྱི་ ཁྱད་ཆོས་ཡོངས་སུ་མཐོང་ཐུབ་ཀྱང་། ང་ལྟ་བུ་བསོད་འཛད་ཅིག་གིས་རི་དམར་ཧྲེང་བ་ལས་ཅི་ཡང་མ་མཐོང་། བྱིའུ་དགོན་དུ་ཡོད་པའི་སློབ་དཔོན་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་ཡིན་ཟེར་བ་དེ་ཚོ་མཇལ་སྐོར་བ་ཚང་མས་མཐོང་བཞིན་པས་ངས་ཀྱང་མཐོང་མྱོང་ངོ་།། འོན་ཏེ། རྒྱང་ནས་བལྟས་ཚེ། དངོས་གནས་བྱིའུ་དགོན་པ་འདི་སྙིང་གི་རྣམ་པ་དང་མཚུངས་པ་ནི་ཧ་ཅང་བདེན་ཡང་། མ་ཕམ་མཚོ་ དུས་ཀྱི་དབང་གིས་བྲི་བར་སོང་སྟེ་ད་སྐབས་བྱིའུ་དགོན་གྱི་འདབས་སུ་ཆུ་ཚན་ཆུང་ཆུང་ཞིག་ཡོད་པ་ལས་ཆེན་པོ་སྔོ་མེར་རེ་འཁྱིལ་བ་ནི་མེད་དོ།། གཞན་ཉེ་ཆར་ཆོས་འཕེལ་གྱིས་བརྩམས་པའི་༼མངའ་ རིས་ཁུལ་གྱི་ལམ་ཡིག༽་བྱ་བ་ལས། བྱིའུ་དགོན་ནི། སྒྲུབ་ཕུག་གི་སྟེང་དུ་པད་རྒྱལ་ལྷ་ཁང་ཞེས་པ་ཡོད། རི་བོའི་དབྱིབས་ནི་ཟངས་མདོག་དཔལ་རི་འདྲ་ལ་རྒྱབ་རི་ནི་རི་བོ་མ་ལ་ཡ་ཡིན་ཞེས་གསུངས། དེ་ནས་གར་ལོག་དམག་སྐབས་པད་རྒྱལ་ལྷ་ཁང་རྩ་གཏོར་བཏང་། མ་ཕམ་གཡུ་མཚོ་ནི་ལང་ག་མཚོའི་ནང་དུ་ལུད་འགྲོ་བས་མཚོ་གཉིས་ཀྱི་བར་ལ་ཟམ་པ་ཞིག་ཀྱང་ཡོད་པས་བྱིའུ་ཟམ་མཚོ་ ཁ་ཞེས་ཀྱང་ཟེར། ཡང་ཆུ་དེ་ལ་ཆུ་མོ་གངྒཱ་ཞེས་ཟེར་ཞིང་དེའི་ཆུ་མགོ་ཆུ་མིག་མཐོང་བ་རང་གྲོལ་ནས་བྱུང་། མཐོང་བ་རང་གྲོལ་མ་ཕམ་གཡུ་མཚོའི་ནང་དུ་བབས། མ་ཕམ་གཡུ་མཚོ་ལང་ག་མཚོའི་ནང་དུ་བབས། དེ་ནས་ཟངས་ཀྱི་བུ་ག་ལྟ་བུའི་ནང་ནས་བབས་ཏེ་མ་སིང་བྲག་ཅེས་པ་ནས་སྐབས་རེ་རྒྱུགས་ལ་སྐབས་རེ་གྱེན་དུ་འགྲོ་བ་ལྟ་བུའང་བྱེད། དེར་མདུན་ཆུ་དགོན་ཞེས་པ་ཞིག་ཀྱང་ཡོད། དེ་ནས་ཆུ་དེ་རི་གླང་ཆེན་གྱི་ཁ་འདྲ་བ་ཞིག་ནས་བབས་པས་གླང་ཆེན་ཁ་འབབ་ཅེས་པ་དེ་ལྟར་བྱུང་། ཞེས་གསལ། གོང་གི་ནང་དོན་དེ་ཡང་ཞིབ་ཏུ་བསམ་བློ་གཏོང་ཤེས་ན་གནད་ཀྱི་དོན་པོ་མང་ཡང་རེ་ཞིག་སྤྲོས་པར་མི་བྱའོ།།

མཐར་འདི་ལྟར་ཡང་བསམ་སྟེ། འོ་ན་ཟངས་མདོག་དཔལ་རིའི་ཞིང་བཀོད་ཀྱི་ཁྱད་ཆོས་བཞིན་འདིར་མི་མཐོང་བས། མིན་པར་འདོད་སྙམ་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་བཞིན། གལ་ཏེ་ཁོ་བོས་བདེན་པ་ངོ་སྤྲོད་བྱས་པ་འདི་ལ་ཡིད་མ་ཆེས་ན། ཨོ་རྒྱན་བྱ་བ་དེ་གནས་དང་ས་གར་ཡོད་མི་ཤེས་པ། རི་ཐམས་ཅད་རུས་པ་དང་། ཆུ་ཐམས་ཅད་ཁྲག་ཏུ་འབབ་པ། ཚེ་འདིར་མ་ཟད་ཕྱི་མ་ཡང་མི་སླེབས་པའི་ས་ཞིག་ཏུ་གྱིས་དང་། མི་ཕལ་ཆེར་གྱི་ཁམས་ལ་དེ་འཕྲོད་པར་སྣང་། འོ་ན་གནས་འདིར་མཇལ་ས་ཅི་ཞིག་ཡོད་ཅེ་ན་། མཐོ་ཡེ་རེ་བ་དང་ཁྲ་ལམ་མེ་པ་ཅི་ཡང་མེད། ཅེས་གསུངས་པ་དང་དོན་ཤིན་ཏུ་མཚུངས་པས་དེ་ལྟར་དུ་བསྒོམ་པར་བྱའོ།། སྨྲས་པ། བདེན་པའི་ལོ་རྒྱུས་འཕྲང་ལམ་ཕྲ་ན་ཡང་།། འཁྱོག་བཤད་ལམ་ཆེན་དེ་ལ་བདག་མི་སྐྱོད།། མུན་པའི་ཕྱོགས་ལ་ཐེངས་བརྒྱར་ཕྱིན་པ་ལས།། འོད་གསལ་ལམ་དུ་ཐེངས་གཅིག་སོང་ན་དགའ།། བཀྲ་ཤིས་པར་གྱུར་ཅིག།རེབ་གོང་བློ་གྲོས་སྣང་བས་མཁོ་འདོན་བྱས།

ཟངས་མདོག་དཔལ་རི་གང་དུ་ཡོད་མེད་སྐོར།

 

དེ་ལ་སློབ་དཔོན་པདྨ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་གདན་དྲངས་ཤིང་། ཁོང་བོད་དུ་བཞུགས་ཡུན་ལ་ཟླ་བ་བཅོ་བརྒྱད་དུ་འདོད་པ་དང་། ལོ་དྲུག་དང་། ལོ་བཅུ་གཉིས་དང་། ལོ་བཅོ་བརྒྱད་དང་། ལོ་ལྔ་བཅུར་འདོད་པ་སོགས་འདོད་ཚུལ་མང་། མཛད་འཕྲིན་གཙོ་བོ་ལ་བསམ་ཡས་གཙུག་ལགས་ཁང་བཞེངས་པ་དང་། ཆོས་གཞུང་མང་པོ་བོད་དུ་གདན་དྲངས་པ། སྐབས་དེའི་རྗེ་འབངས་དག་ལ་ཆོས་ཀྱི་འཁོར་ལོ་ཐེངས་མང་བསྐོར་བ་སོགས་རང་ཉིད་བོད་དུ་ཕེབས་པའི་ཉིང་དགོས་མཐའ་དག་བསྒྲུབས་ཏེ་མཐར་ལྷོ་ནུབ་སྲིན་པོའི་ཡུལ་དུ་བཞུད་ཅིང་ཟངས་མདོག་དཔལ་གྱི་རི་བོར་བཞུགས་པར་བཤད། འོ་ན་ལྷོ་ནུབ་སྲིན་པོའི་ཡུལ་དང་ཟངས་མདོག་དཔལ་རི་བྱ་བ་གང་དུ་ཡོད་ཅེ་ན། བོད་ཡུལ་གྱི་ལྷོ་ནུབ་མཚམས་སུ་ཡོད་པའི་སེངྒ་ལའི་གླིང་ནི་ལྷོ་ནུབ་སྲིན་པོའི་ཡུལ་དང་ཟངས་མདོག་དཔལ་རི་ནི་གླིང་དེའི་ཤྲི་མལཡཱ་བྱ་བའི་རི་བོ་དེ་ཡིན་པར་སྒྲུབ་བྱེད་ཁ་ཤས་མཐོང་བས་འོག་ཏུ་བཤད་པར་བྱའོ། །

 

དང་པོ། སེངྒ་ལ་ལྷོ་ནུབ་སྲིན་པོའི་ཡུལ་ཡིན་པའི་རྒྱུ་མཚན་ལྔ།

 

༠༡ སློབ་དཔོན་ཡེ་ཤེས་བཟང་པོས་མཛད་པའི་ལང་གཤེགས་འགྲེལ་པར། དེ་ལ་ཡང་དེའི་ཚེ་ན་ཞེས་པ་ནི་ཀླུའི་རྒྱལ་པོ་ལ་སོགས་པ་གདུལ་བའི་དོན་དུ་ཟབ་མོ་ཉེ་བར་བསྟན་ནས་ཡང་སྲིན་པོའི་རྒྱལ་པོ་གདུལ་བའི་དོན་དུ་སྟོན་ཞེས་པ་བསྡུ་བའི་ཚིག་གོ། །ཞེས་གསུངས་པས་བདག་ཅག་གི་སྟོན་པ་སྲིན་པོ་གདུལ་ཆེད་དུ་སེངྒ་ལར་བྱོན་ཞིང་ལངྐར་གཤེགས་པའི་མདོ་སྲིན་རྒྱལ་སོགས་ལ་གསུངས་པ་ཡང་ལང་གཤེགས་རང་དུ་གསལ་ཏེ། མདོ་དེ་ཉིད་ལས། བདག་ནི་འབོད་འགྲོགས་མགྲིན་བཅུ་སྟེ། །སྲིན་པོའི་དབང་པོ་འདིར་མཆིས་སོ། །གྲོང་རྡལ་འདི་ན་སུ་གནས་དང་། །བདག་གི་ལངྐ་རྗེས་སུ་ཟུང་། །ཞེས་གསུངས་ཤིང་དབང་པོ་ནི་དབང་བསྒྱུར་བའི་དོན་ཡིན་པས། སྲིན་པོའི་དབང་པོ་བྱ་བ་ནི་སྲིན་པོ་ལ་དབང་བསྒྱུར་བ་སྟེ་སྲིན་པོའི་རྒྱལ་བོའི་དོན་ཡིན།

༠༢ སེངྒ་ལ་ནི་སྲིན་པོའི་ཡུལ་ཡིན་པ་དང་སྟོན་པས་ལངྐར་གཤེགས་པའི་མདོ་གནས་འདིར་གསུངས་པ་ཐང་བཙུན་པའི་ལམ་ཡིག་ལས་ཀྱང་། ཡུལ་དེའི་ཤར་ལྷོའི་མཚམས་སུ་རི་བོ་ལངྐ་ཡོད། དེ་ཤིན་ཏུ་འགྲོ་དཀའ་བ་སྲིན་པོའི་གནས་ཏེ། འབྱུང་པོའི་ཁང་ཁྱིམ་དག་ཡོད་ཅིང་། སྔོན་སྟོན་པས་གནས་འདིར་ལངྐར་གཤེགས་པའི་མདོ་གསུངས། ཞེས་དང་། ཕྱི་ལོ་༦༢༩ནས་༦༤༥བར་གྱི་ལོ་བཅུ་དྲུག་གི་ཡུན་དུ་རྒྱ་གར་དང་སེངྒལ་སོགས་ཉུལ་བའི་དགྱའི་བཙུན་པ་ཆོས་སྣང་གི་ལམ་ཡིག་ཏུ་ཡང་སེངྒ་ལ་རུ་ཐོག་མར་མིའི་འགྲོ་བ་མེད་པར་ཐམས་ཅད་སྲིན་པོ་ཁོ་ནས་བཟུང་ནས་གནས་པར་བཤད་འདུག

༠༣ གསེར་ཐང་ལས། དེ་ལ་གླིང་འདིའི་མིང་ཆེས་གྲགས་ཆེ་བ་ནི། ལངྐ་བྱ་བ་ཡིན་ཞེས་གསུངས་པས་སེངྒ་ལའི་གྲགས་ཆེ་བའི་མིང་ནི་ལངྐ་བྱ་བ་ཡིན་ལ། ལངྐ་ནི་སྲིན་པོའི་དོན་ཡིནལ། རཱ་མ་ཎའི་རྟོགས་བརྗོད་ལས་ཀྱང་སེངྒ་ལའི་སྲིན་པོ་དང་དགའ་བྱེད་ཀྱི་དམག་ཕན་ཚུན་འཐབ་པར་གསུངས།

༠༤ སེངྒ་ལ་ནི་བོད་ཀྱི་ལྷོ་ནུབ་མཚམས་ན་ཡོད་ཅིང་། ལྷོ་ནུབ་སྲིན་པོའི་ཡུལ་ཞེས་འབྱུང་བས་ཟངས་མདོག་དཔལ་རི་ཡང་ལྷོ་ནུབ་དུ་ཡོད། དེས་ན་ཕྱོགས་ཀྱི་ཆ་ནས་ཀྱང་གཅིག་མཚུངས་ཡིན། གལ་ཏེ་སློབ་དཔོན་པདྨ་བཞུགས་ཡུལ་གྱི་སྲིན་པོའི་གླིང་དེ་ས་གོ་ལ་ལས་བརྒལ་བའི་འཇིག་རྟེན་གཞན་ཞིག་ཡིན་ན་ནི་དེ་བོད་ལ་ལྟོས་ནས་ལྷོ་ནུབ་ཡིན་དོན་མེད།

༠༥ གུང་ཐང་ལ་ཁར་སྐྱེལ་མ་བྱེད་མཁན་གྱི་རྒྱལ་བློན་དག་ལ། ང་འགྲོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོ༔ ཞེས་དང་། ང་འགྲོ་ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ༔ ཞེས་གསུངས་མཁན་ནི་སློབ་དཔོན་པདྨ་རང་ཉིད་ཡིན་པས་བོད་ཡུལ་ནས་གཤེགས་ཏེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་ངེས་པར་ཕེབས་དགོས་ལ། ཕེབས་ས་ནི་སེངྒ་ལ་ཡིན་ཏེ། པདྨ་བཀའ་ཐང་གྱི་སྲིན་ཡུལ་དུ་གཤེགས་པའི་ལེའུར། སེངྒ་ལ་གླིང་ལྕགས་ཀྱི་གྲོང་ཁྱེར་འགྲམ༔ ལྗོན་ཤིང་ཙམ་པ་ཀ་ཡི་བསིལ་གྲིབ་བཞུགས༔ ཅང་ཤེས་རྟ་མཆོག་གསེར་གྱི་བྱེ་མ་འདྲེ༔ སྨན་གྱི་རྒྱལ་པོ་སི་ཏ་ཟ་བ་མཐོང་༔ སློབ་དཔོན་དྲུང་ན་སྲིན་པོའི་བུ་མོ་ནི༔ རབ་མཛེས་གཞོན་ནུ་སྟོང་ཕྲག་གཅིག་འདུས་ནས༔ ཆོས་ཀྱི་འོད་ཟེར་ཕོག་ནས་མོས་པ་མཐོང་༔ སྲིན་པོ་སྲིན་མོ་ལྕགས་ཁང་སྒོ་མེད་དུ༔ སྲིན་པོའི་རྒྱལ་པོ་ཐོད་འཕྲེང་རྩལ་དུ་བཞུགས༔ སྲིན་པོ་ཐམས་ཅད་འདུད་ཅིང་གུས་པར་མཐོང་༔ ཞེས་གསུངས་པས་སོ། །དེས་ན་གལ་ཏེ་སེངྒ་ལ་སྲིན་ཡུལ་མ་ཡིན་ན་སློབ་དཔོན་པདྨས་སྲིན་ཡུལ་དུ་གཤེགས་པར་ཞལ་གྱིས་བཞེས་ཏེ་སྲིན་ཡུལ་དུ་མ་བྱོན་པར་སེངྒ་ལར་ཕེབས་དགོས་དོན་མེད་ལ།    སྲིན་ཡུལ་དུ་ཕེབས་དགོས་པར་གསུངས་དོན་ཡང་མེད།

གཉིས་པ། ཤྲི་མལཡཱ་ཟངས་མདོག་དཔལ་རི་ཡིན་པའི་རྒྱུ་མཚན་ནི།

 

དེ་ལ་ཟངས་མདོག་དཔལ་རི་ཞེས་པའི་ཟངས་མདོག་ནི་ཟངས་ཀྱི་མདོག་དང་ལྡན་པའི་གླིང་གི་རི་ཡིན་པས་ཟངས་མདོག་ཅེས་གླིང་གི་མིང་ལས་ཐོག་པར་སྣང་སྟེ། སིངྒལའི་སྐོར་གྱི་གསེར་ཐང་ལས། ཤར་ལྷོའི་ངོས་ཀྱི་རྒྱ་མཚོའི་ཕྱོགས་ཀུན་ས་དམར་སྐྱ་ཧལ་ལེ་བ་ཡོད་པས་རོཧིནི་ཡང་དམར་མོ་བྱ་བ་སྟེ་དེ་ལ་ཟེར་བ་འདུག ཞེས་དང་། དེ་བཞིན་ཏཱམྲདྭིཔ་སྟེ་ཟངས་གླིང་ཡང་འདི་ལ་ཟེར་བ། རང་རེའི་འདུལ་བའི་དཔེ་མེད་མའི་བྱུང་བའི་སྐབས་ན་ཡང་གསལ་ལ། ཁོང་དག་ལ་ཡང་རྒྱུས་འདུག ཞེས་གསུངས་པས་སོ། །

དཔལ་གྱི་རི་ནི་ཤྲིམལཡཱ་བྱ་བའི་དོན་འགྱུར་ཏེ། གསེར་ཐང་ལས། སྤྱིར་མལཡཱ་བྱ་བ་ཏ་མི་ལའི་སྐད་དེ་རིའི་མིང་ཙམ་ཡིན་ཅིང་ཏྲཱིམལཡཱ་བྱ་བ་ཡང་དེ་དག་གི་སྐད་དེ་ཤྲིམལཡྰ་དང་དོན་གཅིག་ཅིང་། དཔལ་གྱི་རི་བོ་བྱ་བ་ཡིན། ཞེས་གསུངས་པའི་ཕྱིར་རོ། །

ཟངས་མདོག་དཔལ་རི་ལ་དཔལ་གྱི་རི་ཞེས་སྨོས་པའང་འཇུ་མི་ཕམ་པས། འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རི། །ཞེས་གསུངས་པས། དེ་ཕར་བསྒྱུར་ན་ཤྲིམལཡཱ་ཞེས་པ་ལས་འོས་མེད།

21/8/2017ལ་སྤྱང་ཚས་བྲིས་སོ། །

བརྒྱུད་སྐུལ།

མཆན་སྤེལ།