འཇམ་དབྱངས་བླ་མ་ཆོས་རྗེ་བློ་གྲོས་བརྟན་པའི་རྣམ་ཐར་སྙིང་བསྡུས།

འཇམ་དབྱངས་བླ་མ་ཆོས་རྗེ་བློ་གྲོས་བརྟན་པའི་རྣམ་ཐར་སྙིང་བསྡུས།

དྭགས་པོ་གྲྭ་ཚང་ཕྱག་འདེབས་མཛད་པ་པོ་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱི་ནང་ཚན་ཆོས་རྗེ་བློ་གྲོས་བརྟན་པ་མཆོག་སྐུ་བལྟམས་པའི་ཡུལ་ནི། གཙང་སྟོད་རིག་པའི་འབྱུང་གནས་ཀྱི་ཤངས་མགྲོན་ཁང་《དེང་གཞིས་རྩེ་རྣམ་གླིང་རྫོང་ཁོངས་》དུ་རབ་བྱུང་བདུན་པའི་ཆུ་རྟ་ལོ་སྟེ་ཕྱི་ལོ་ ༡༤༠༢ ལོར་ངོ་མཚར་བའི་རྟགས་དུ་མ་དང་བཅས་སྐུ་འཁྲུངས། གནས་རྙིང་དུ་རབ་ཏུ་བྱུང་། གཙང་སྟོད་དུ་བཞུགས་པའི་སྐབས་ཤིག་བདག་བཅག་གི་སྟོན་པ་མཉམ་མེད་ཟས་གཙང་སྲས་པོ་འཁོར་དང་བཅས་པའི་ཞལ་དངོས་སུ་བསྟན་ནས་དཔའ་བོ་ཁྱོད་དབུས་ཕྱོགས་སུ་རྒྱལ་བ་འཇམ་དཔལ་སྙིང་པོའི་མདོ་སྔགས་ཀྱི་བསྟན་པའི་གནད་རྣམས་ཡོངས་སུ་རྫོགས་པ་བུམ་པ་གང་བྱོའི་ཚུལ་དུ་ལོངས་ཤིག །ཅེས་ལུང་བསྟན་གྱི་མཚན་མ་གསལ་བར་བྱུང་ཞིང་།

དེ་ལྟར་དགུང་ལོ་ ༡༦ ཡས་མས་ལ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་ལྷན་དུ་སྔོན་གྱི་ཐུགས་བསྐྱེད་བཟང་པོས་དབུས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་བྱོན་ཏེ། དགུང་ལོ་ཕྲ་ཡང་མགོན་པོ་འདི་ཉིད་ཀྱི་ཞབས་ཀྱི་པདྨོ་སྤྱི་བོའི་མཛེས་རྒྱན་དུ་བཞེས་ནས་ཟབ་རྒྱས་ཀྱི་གདམས་པ་རྣམས་གང་ཐུགས་རིན་པོ་ཆེའི་བུམ་བཟང་གང་བར་མཛད། ལྷག་པར་བཀའ་གདམས་བསྟན་པའི་ཆུ་འགོ་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཡང་དགོན་བྲག་སེང་གེ་འདྲ་བའི་ཞོལ་གྱི་རི་ཁྲོད་དུ་རྒྱལ་སྲས་དམ་པ་དེར་རྗེ་བདག་ཉིད་ཆེན་པོས་རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག་གཅིག་པུ་ལམ་རིམ་ཆེན་མོའི་གླེགས་བམ་ཞིག་གནང་ནས་ཤར་ཕྱོགས་དྭགས་ཡུལ་གྱི་ལྗོངས་སུ་ཁྱོད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་ཡོང་ངོ་ཞེས་སོགས་ལུང་བསྟན་དང༌། མ་འོངས་པ་ན་ལྷོ་དྭགས་ཀྱི་ཕྱོགས་སུ་ལམ་རིམ་གྱི་འཆད་སྤེལ་ཆེད་ཆོས་སྡེ་གསར་འཛུགས་དགོས་པའི་བཀའ་སློབ་དང་བཅས་སྩལ།


རྒྱལ་ཚབ་ཐམས་ཅད་མཁྱེན་པའི་གདན་ས་ཆོས་སྡེ་ཆེན་པོ་གནས་རྙིང་དུ་སློབ་གཉེར་མཛད་དེ། དེའི་ཆོས་ཀྱི་སྐྱར་འགོ་ཡུན་རིང་དུ་མཛད། སྤྱིར་ཡབ་སྲས་གསུམ་ག་དང༌། སྒོས་སུ་རྒྱལ་ཚབ་རིན་པོ་ཆེ་གཙོ་བོར་བསྟེན་ནས་བརྩོན་པ་ཆེན་པོས་སྦྱངས་པ་མཛད་པས་གཞན་དྲིང་མེད་པའི་མཁས་པར་གྱུར། ལྷག་པར་བྱམས་ཆོས་དང་ལམ་རིམ་ལ་མཁས་པའི་མཚན་སྙན་གང་སར་འབར། དབུས་གཙང་གི་གདན་ས་རྣམས་སུ་བཀའ་བཅུའི་གྲྭ་སྐོར་མཛད་པས་སྙེགས་སྟོན་བཀའ་བཅུ་པ་ཞེས་མཚན་སྙན་ཆེ།
གསང་ཕུ་གླིང་སྟོད་ཁུ་སྦེ་གྲྭ་ཚང་གིས་འཆད་ཉན་པར་གདན་དྲངས་པ་ལྟར་ཕེབས་ནས་སྡེ་བདུན་མདོ་དང་བཅས་པའི་བཤད་པ་རྒྱ་ཆེར་མཛད་དེ་ལོ་ཤས་བཞུགས། དེར་གནས་སྐབས་ཀྱི་རྐྱེན་ཆགས་སྡང་འཕེལ་བའི་དབང་གིས་བཞུགས་མ་སྤྲོ་བ་དང༌། ལྷག་པར་རྗེ་བདག་ཉིད་ཆེན་པོའི་བཀའ་སློབ་ལུང་བསྟན་དུས་ལ་བབས་པར་གཟིགས་ནས་གསང་ཕུ་ནས་ཨེ་དྭགས་ཕྱོགས་སུ་བྱ་བྲལ་ལ་བྱོན། གདུལ་བྱ་དཔག་ཏུ་མེད་པ་ལ་ཆོས་ཀྱི་ཚིམ་པར་མཛད་དེ་སྡེ་སྣོད་སྤྱི་དང་། ལྷག་པར་འཕགས་པ་བྱམས་པའི་ཆོས་སྡེ་ལྔའི་ཚིག་དོན་འབྱམས་ཀླས་སུ་འཆད་པ་ལ། དཔལ་མི་ཕམ་མགོན་པོ་སླར་ཡང་བྱོན་པ་ལྟ་བུའི་མཚན་སྙན་གྱི་བ་དན་དཀར་པོ་གངས་ལྗོངས་ཡོངས་སུ་གཡོས། ཁྱད་པར་དེའི་མན་ངག་བྱང་ཆུབ་ལམ་རིམ་ཆེན་མོ་ལ་ཐུགས་ཐོག་རང་ནས་འཆད་སྤེལ་ལན་མང་གནང་བ་ལས། མཁན་ཆེན་ངག་གི་དབང་པོ་དང༌། བཤེས་གཉེན་ཆོས་ཀྱི་དཔལ་བ་སོགས་ཐར་འདོད་བློ་གསལ་དོན་གཉེར་ཅན་དཔག་ཏུ་མེད་པ་པདྨའི་ཚལ་ལ་བུང་བ་འདུས་པ་ལྟར་རྗེ་འདི་ཉིད་ཀྱི་དྲུང་དུ་གདན་འཛོམས་པ་དང་། ལྷག་པར་བཙན་པོའི་གདུང་རྒྱུད་ཨེ་ལྷ་རྒྱ་རི་བ་དང་མཆོད་ཡོན་འབྲེལ་བ་སོགས་རྐྱེན་དེ་དག་ལ་བརྟེན་ནས་དྭགས་པོ་གྲྭ་ཚང་འདི་ཉིད་ཆགས་ཤིང་། ཆོས་རྗེ་ཉིད་ནས་དྭགས་པོ་གྲྭ་ཚང་དང་བཅས་ལྷོ་ནས་གཡའ་བཟང་དུ་ཕེབས་ནས་སྤྱན་སྔ་རྡོ་རྗེ་རྒྱལ་མཚན་དད་དེ་རེར་དགེ་ལུགས་པ་བར་སྐབས་སུ་ཚུགས་པ་བྱུང་བར་གསལ་ཤིང་། དེ་ནས་དྭགས་པོ་གྲྭ་ཚང་དུ་འཆད་ཉན་གྱི་སློབ་དཔོན་མཛད་བཞིན་པའི་སྐབས་ཤིག་ལ་དགའ་ལྡན་བྱང་རྩེའི་འཆད་ཉན་གྱི་ཁྲིར་ཕེབས་དགོས་ཀྱི་སྙན་གསན་བྱུང༌། དེའི་ཚེ་རྗེ་འདིས་འཁོར་རྣམས་ལ་རྗེ་བླ་མའི་གསེར་ཁྲིར་ཐོག་མར་ངས་འགྲོ། དེ་ནས་ཁྱེད་རྣམས་སྦྲེང་ཚར་དུ་ཕེབས་ཏེ། རང་རེའི་བླ་སློབ་ཚང་མས་ལྟ་སྒོམ་སྤྱོད་འབྲས་གང་གི་ཆ་ནས་ཀྱང་རྗེ་བླ་མའི་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་པ་ཞིག་ཅི་ནས་ཀྱང་བྱེད་དགོས། ཞེས་བཀའ་གནང་སྟེ་སྒོམ་ཆེན་ངག་གི་དབང་པོ་རང་ཉིད་ཀྱི་གདན་སར་བསྐོས་ཏེ་དགའ་ལྡན་བྱང་རྩེར་བྱོན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསུངས།

རྗེ་ཉིད་དགུང་ལོ་དོན་གཉིས་པ་ཆུ་སྦྲུལ་ཕྱི་ལོ་ ༡༤༧༣ ལོར་ཆོས་རྗེ་བ་སོ་བ་རྗེའི་གསེར་ཁྲི་ལས་ཟུར་པའི་ཚབ་ཏུ་དགེ་ལྡན་རིང་ལུགས་འཆང་བའི་གནས་བརྟན་རྒན་གྲས་ཀུན་གྱི་རེ་དགོངས་ལྟར་མི་འཇིགས་སེང་གེའི་ཁྲི་འཕང་མཐོན་པོར་ཞབས་སོར་འཁོད། ཁྲི་ལོ་དྲུག་ཙམ་བསྐྱངས། རྣམ་དཀར་གྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་བོ། །རྩོམ་པ་ལེགས་བཤད་ཀྱི་འཕྲེང་བ་སྤེལ་བ་ཡང༌། ཡོངས་གྲགས་བྱམས་ཆོས་ཕྱི་མ་བཞིའི་ཊཱིཀྐ་དང་། རྣམ་འགྲེལ་ལམ་བསྒྲིགས། འདུལ་བའི་ལས་ཆོག་རིན་ཆེན་འཕྲེང་བ། དགེ་ལྡན་ཆོས་འབྱུང་སོགས་མཛད། དགུང་ལོ་དོན་བདུན་པ་ས་ཕོ་ཁྱི་ལོ་སྟེ་ཕྱི་ལོ་ ༡༤༧༨ ལོའི་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཡ་མཚན་པའི་ལྟས་དུ་མ་བསྟན་ཏེ་སྐུ་གཤེགས། ལོ་ལྟར་དེའི་ཉིན་དྭགས་པོ་གྲྭ་ཚང་དུ་དགོངས་རྫོགས་ཀྱི་དུས་མཆོད་དུ་སྲུང་བརྩི་ཞུ་བཞིན་པ་ལྟར། དེ་རིང་དྭགས་པོ་གྲྭ་ཚང་ཕྱག་འདེབས་མཛད་པ་པོ་འཇམ་དབྱངས་གཙང་པ་གདུང་བདུན་གྱི་ནང་ཚན་གྱི་དྲུག་པ་འཇམ་དབྱངས་བླ་མ་ཆོས་རྗེ་བློ་གྲོས་བརྟན་པའི་དགོངས་རྫོགས་དུས་མཆོད་ཡིན་པ་བཅས་སོ།། 

ཆོས་རྗེ་བློ་གྲོས་བརྟན་པའི་གསུང་ལ་མཚོན་ན།


 

ཡོང་ཁུངས། དྭགས་པོ་གྲྭ་ཚང་གི་ངོ་དེབ།

དགའ་ལྡན་ཁྲི་ཐོག་བདུན་པ་གཙང་བློ་གྲོས་བརྟན་པ།

 

དགའ་ལྡན་ཁྲི་ཐོག་བདུན་པ་གཙང་བློ་གྲོས་བརྟན་པ་ནི། ཡུལ་གྱི་ལྷུམས་སུ་ཞུགས་པའི་ཚེ་ཌ་ཀི་མ་རྣམས་ཀྱིས་ཁྱོད་ནི་ཐུབ་བསྟན་རྒྱ་མཚོའི་མགོན་དུ་འགྱུར་ཞེས་ལུང་གིས་བསྟན། རབ་བྱུང་བདུན་པའི་ཆུ་རྟ་ ༡༤༠༢ ལོར་གཙང་ཤངས་མགྲོན་ཁང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སྔོན་གྱི་བག་ཆགས་བཟང་པོའི་མཐུ་ཡོངས་སུ་བརྟས་ཏེ་བྱིས་པ་ཕལ་བ་གཞན་དང་མའི་འདྲ་བར་སྤྱོད་ལམ་དུལ་བ་སོགས་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ། བཟོ་དང་སྒྱུ་རྩལ་གྱི་ཤེས་བྱ་མང་པོ་མ་བསླབས་པར་མཁྱེན། དད་ལྡན་སྐྱེ་བོ་གཞན་གྱིས་བསྐུལ་བ་ལྟར་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་གདན་ས་གཙང་གནས་རྙིང་དུ་རབ་ཏུ་ཞུགས་ནས་ཆོས་ཞུགས་དང་སློབ་གཉེར་གནང་བས་ཕྱི་ནང་གི་གྲུབ་མཐའ་ཀུན་ལ་མཁས་པར་མ་ཟད་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་མ་འདྲེས་པར་འབྱེད་དཀའ་བ་རྣམས་ལེགས་བཤད་སྙིང་པོ་ལ་བརྟེན་ནས་ཇི་ལྟར་བ་བཞིན་འབྱེད་པས་། གཙང་ཁུལ་དུ་མཁས་པའི་མཚན་སྙན་འབར། ཐེངས་གཅིག་གཟིམས་ལམ་དུ་སང་ཉིན་བུ་སྟོན་ཆོས་རྗེ་འི་གདན་ས་ཞ་ལུ་དགོན་དུ་ཕེབས་ན་དེར་སྤྱན་རས་གཟིགས་ཀྱི་དབང་སྐུར་གནང་བཞིན་ཡོད་པ་དེ་ཞུས་ན་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རླབས་ཚུལ་ལུང་བསྟན་བྱུང་བས། སང་ཉིན་དེར་ཕེབས་སྐབས་སྤྱན་རས་གཟིགས་ཀྱི་དབང་གནང་གི་ཡོད་པ་དང་འཕྲོད་དབང་གནང་མཁན་བླ་མ་སུ་ཡིན་ཤེས་མ་བྱུང་པས་རྨི་ལམ་ལ་ངེས་ཤེས་རྙེད་པ་བྱུང༌། དབང་ཞུས་ནས་སྒྲུབ་པ་ལ་བཞོལ་བས་དངོས་གྲུབ་བརྙེས་པའི་རྟགས་ཐོན། སྐུ་ན་སོན་པ་དང༌། དྭགས་པོ་ངག་དབང་གྲགས་པས་མཛད་པའི་རྗེ་འདིའི་གསོལ་འདེབས་ལས། པད་དཀར་ཅན་གྱི་ཞིང་དུ་ལེགས་བཞུགས་ཚེ། །འཇམ་དཔལ་སྙིང་པོའི་ཡོངས་རྫོགས་གདམས་པའི་གནད། །དཔའ་བོ་ཁྱོད་ཀྱིས་དབུས་ནས་ལོངས་ཤིག་ཅེས། །རྒྱལ་བས་རབ་ཏུ་སྐུལ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་གཙང་གི་གནས་རྙིང་གདན་ས་ལ་བཞུགས་པའི་སྐབས་རྒྱལ་བ་མ་ཕམ་པས་ཁྱོད་དབུས་སུ་སོང་ལ་རྗེ་ཙོང་ཁ་པའི་དྲུང་ནས་སྐྱེས་བུ་གསུམ་གྱི་གདམས་པའི་གནད་མཐའ་དག་ཞུས་ཤིག་ཅེས་ལུང་བསྟན་ཚད་མ་བྱུང་བ་ལ་བརྟེན་ནས་དབུས་སུ་ཕེབས་ཏེ། རྗེ་ཙོང་ཁ་པ་ཆེན་པོ་དང༌། རྒྱལ་ཚབ་ཆོས་རྗེ་སོགས་ལ་བརྟེན་ནས། བྱམས་ཆོས་ལྔ་དང༌། རིགས་ཚོགས་དྲུགམངོན་པ་གོང་འོགའདུལ་བ༌། ཚད་མ། མདོ་སྔགས་ཀྱི་ལམ་རིམ། དྲང་ངེས་རྣམ་འབྱེད། རྩ་འཇུག་བཞི་གསུམ་གྱི་རྩ་འགྲེལ་སོགས་འཕགས་བོད་ཀྱི་གཞུང་ལུགས་ཆེན་པོ་དུ་མར་བརྩོན་པར་མཛད་པས་མཁས་མང་ཚོགས་པའི་མདུན་སར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་པའི་མཁས་པར་གྱུར། ལྷག་པར་བྱམས་ཆོས་ལ་མཁས་པའི་མཚན་སྙུན་གང་སར་འབར། གསང་ཕུ་ཁུ་སྤེ་གྲྭ་ཚང་གིས་འཆད་ཉན་པ་གདན་དྲངས་པ་ལྟར་ཕེབས་ནས་སྡེ་བདུན་མདོ་དང་བཅས་པའི་བཤད་པ་རྒྱ་ཆེར་མཛད། རྗེ་ཡབ་སྲས་རྣམསཀྱི་མདུན་ནས་སྨིན་ལམདབང་བཞི་ནོད་པ་དང་སྐྱེས་བུ་གསུམ་གྱི་སྲུང་མ་དང་འདོད་ཁམས་དབང་ཕྱུག་མ་སོགས་བདུད་འདུལ་དངོས་གྲུབ་སྟེར་པའི་བསྟན་སྲུང་རྣམས་དང༌། དཔལ་ལྡན་འདུས་པ་དང་འཇམ་དབྱངས་དྲག་པོ།དུས་ཀྱི་འཁོར་ལོ་དང་འཁོར་ལོ་སྡོམ་པ་སོགས་རྒྱུད་སྡེ་རྒྱ་མཚོའི་ཤིན་ཏུ་ཟབ་པའི་དོན་མཐའ་དག་གདམས་པར་ཤར། དེ་ནས་རྗེ་ཙོང་ཁ་པ་ཆེན་པོས་རྗེ་འདི་ཉིད་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་གླེགས་བམ་ཞིག་གནང་ནས་ལྷོ་ཁ་དང་དྭགས་པོའི་ཕྱོགས་སུ་བྱང་ཆུབ་ལམ་གྱི་རིམ་པའི་འཆད་ཉན་སྤེལ་བའི་ཆེད་ཆོས་སྡེ་ཞིག་གསར་འདེབས་དགོས་པའི་ལུང་གི་ཞལ་བཀོད་གནང་བ་ལྟར་ཨེ་དྭགས་ཀྱི་ཕྱོགས་སུ་བྱོན་ཏེ། རང་ཉིད་མ་གྲོལ་བར་གཞན་སྒྲོལ་བའི་སྲོལ་དེ་ཀོ་དགེ་ལྡན་པའི་ལུགས་མིན་པས་དེས་ན་ཐོག་མར་ཡ་ཀླུང་ཨེ་དྭགས་ཀྱིཕྱོགས་སུ་བྱ་བྲལ་ལ་ཕེབས་ཏེ་རྩེ་གཅིག་སྒྲུབ་པ་ལ་གཞོལ་བས་རྣམ་འབྱོར་དབང་ཕྱུག་མི་ལ་བཞེད་པའི་རྡོ་རྗེས་རྗེས་སུ་བཟུང༌། རྒྱལ་བའི་རྒྱལ་ཚབ་ཨ་ཏི་ཤཱ་དང་མཇལ། སྐྱེ་བ་སྔ་མ་རྣམས་ལག་མཐིལ་གྱི་རྫས་བཞིན་གཟིགས། དཔལ་ལྡན་འཇིགས་མེད་བསྟན་པའི་ཉི་མའི་དྲུང་ནས་འཇམ་དབྱངས་ཀྱི་ཆོས་སྐོར་ཞུས་པས་ཇི་སྲིད་འཇམ་དབྱངས་ཆོས་སྐོར་ཞུས་པ་དེ་སྲིད་དུ་འཇམ་དབྱངས་ཀྱིས་ཞལ་དངོས་སུ་གཟིགས། སྒྲིབ་པ་བྲལ་བ་དང་རྟོགས་པ་སྨིན་པའི་རྟགས་དང་མཚན་མ་དུ་མ་བྱུང༌། ཐ་མལ་སྣང་ཞེན་ཀུན་སྨུན་སྤྲིན་བཞིན་ཡལ། ཐུན་མོང་གྲུབ་པ་བརྒྱད་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཀྱི་མཛོད་ལ་དབང་འབྱོར། དེ་ལྟར་རྟོགས་པའི་ཀློང་བརྡོལ་བ་ན་གནས་དེར་སྡེ་སྣོད་སྤྱི་དང་ཁྱད་པར་བྱམས་ཆོས་སྡེ་ལྔ་དང་དེའི་མན་ངག་བྱང་ཆུབ་ལམ་རིམ་ཆེན་མོ་ཐུགས་ཐོག་རང་ནས་འཆད་སྤེལ་ལན་མང་དུ་མཛད་པས། དྭགས་པོ་མཁན་ཆེན་ངག་གི་དབང་པོ་བློ་གྲོས་མཐའ་ཡས་དང་དྭགས་པོ་དཀའ་བཅུ་གྲགས་པ་མཐའ་ཡས། སྤྱན་སྔ་བ་རྡོ་རྗེ་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་འདུས། ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲྭ་ཚང་ཕྱག་བཏབ་སྟེ་དེ་ཉིད་གདན་ས་མཛད། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་བཞེད་པ་གཞིར་བཟུང་གིས་ལམ་རིམ་ཆེ་ཆུང་དང༌། སྔགས་བསྐྱེད་རྫོགས།དབུ་ཕར། འདུལ་མཛོད་སོགས་ཀྱི་བཤད་པ་རྒྱ་ཆེར་མཛད་དེ་དྭགས་པོའི་ཁུལ་དུ་སྤྱི་ཐུབ་པའི་བསྟན་པ་དང་སྒོས་སུ་དགེ་ལྡན་གསེར་སྦྱངས་རིང་ལུགས་གཙང་མའི་སྲོལ་བཟང་ཤིན་ཏུ་དར་བ་མཛད་པས་དུས་ཕྱིས་ཀྱང་གདན་ས་འདི་ནས་དགའ་ལྡན་ཁྲི་ཆེན་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་དང༌། དགའ་ལྡན་ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད། དགའ་ལྡན་ཁྲི་ཐོག་སོ་བརྒྱད་པ་དྭགས་པོ་བསྟན་པ་རྒྱལ་མཚན་དང༌། ཁྲི་ཐོག་ཞེ་གསུམ་པ་ཆོས་རྗེ་བྱམས་པ་བཀྲིས། ང་གཉིས་པ་ངགས་པོ་ངག་དབང་ཚེ་འཕེལ། གཞན་ཡང་ལམ་རིམ་འཁྲིད་ཆེན་བརྒྱད་ཀྱི་ཡ་གྱལ་དྭགས་པོའི་མཆན་ཞེས་སུ་གྲགས་པ་དེ་ཉིད་མཛད་པ་པོ་ཐུགས་སྲས་ངག་དབང་གྲགས་པ་དང༌། མདོ་སྨད་བྱང་རྒྱུད་ཀྱི་གདན་ས་ཆེན་པོ་དགེ་ལུང་བྱམས་པ་གླིང་ཕྱག་འདེབས་པ་པོ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ།དྲུང་པ་རྒྱལ་ཚབ་བློ་བཟང་བརྩོན་འགྲུས། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡིག་ཆ་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་སྐོར་རྩོམ་པ་མཛད་མཁན་དྭགས་པོ་ནམ་མཁའ་གྲགས་པ། བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབ་བསྟན་པོའི་བདག་པོ་དྭགས་པོ་བསྐལ་བཟང་མཁས་གྲུབ་དང༌། དྭགས་པོ་འཇམ་དཔལ་ལྷུན་གྲུབ་སོགས་མཐོན་པོའི་ཁྲི་ལ་མཛེས་པའི་བླ་ཆེན་དང༌། འཕྲིན་ལས་ཕྱོགས་བརྒྱར་བརྡལ་བའི་སྐྱེས་ཆེན། རྩེ་གཅིག་སྒྲུབ་པ་མཛད་པའི་བྱ་བཏང་རྣལ་འབྱོར་པ་ཤིན་ཏུའང་མང་པོ་བྱུང་སྣང་ལ། དབུས་ཀྱི་གདན་ས་ཆེན་པོ་གསུམ་གྱི་འོག་ནས། རྗེ་དགེ་འདུན་རྒྱ་མཚོའི་གདན་ས་རྒྱལ་བ་གྲྭ་ཚང་དང༌། མངའ་རིས་གྲྭ་ཚང༌། རྗེ་འདིས་ཕྱག་བཏབ་པའི་དྭགས་པོ་གྲྭ་ཚང་གསུམ་ལ་མངའ་དྭགས་རྒྱལ་གསུམ་ཞེས་བར་ལམ་ཞིག་ནས་མདོ་སྔགས་ཀྱི་འཆད་ཉན་ཆེས་ཆེར་འཕེལ་བའི་དབུས་ཀྱི་དགེ་ལྡན་པའི་གདན་ས་ཆེ་གྲས་སུ་ཆགས་མྱོང་པའི་ལོ་རྒྱུས་ཀྱང་གྲགས་ཆེ། གདན་སར་ཞེ་ཆགས་མི་འབྱུང་བའི་ཆེད་ས་གནས་གཅིག་ཏུ་ཡུན་རིང་མ་བཞུགས་པར་གདན་ས་དེར་འཆད་ཉན་པ་མཛད་ཞོར། འོལ་ཁ་དང༌། དྭགས་སྟོད། དྭགས་སྨད། ཨེ། རོང༌། དང་ཆུ་ལྷོ་རྒྱུད་ཡར་ཀླུང་སོགས་སུ་བྱོན་ཏེ་མདོ་སྔགས་ཀྱི་ལམ་རིམ་དང་བྱམས་ཆོས་ཀྱི་འཆད་ཉན་སྤེལ་བ་དང༌། གཞི་གསུམ་གྱི་ཉམས་ལེན་སོགས་ཆད་ཉན་སྒོམ་སྒྲུབ་ཁོ་ནས་དུས་འདའ་བར་མཛད་པས་ཆུ་ལྷོ་རྒྱུད་ཀྱི་ཁུལ་དུ་འཕྲིན་ལས་ཤིན་ཏུ་འཕེལ་བར་མ་ཟད། སྐབས་དེར་དགེ་ལྡན་པའི་ཁྲོད་ནས་ཉམས་དང་རྟོགས་པའི་གདིངས་ཐོབ་པ་དང་འཕྲིན་ལས་རྒྱས་ཤས་ཡིན་པས། དགའ་ལྡན་ཁྲི་ཐོག་དྲུག་པ་ཆོས་རྗེ་བ་སོ་པ་རྗེའི་གསེར་ཁྲི་ལས་ཟུར་པའི་ཚབ་ཏུ། དགེ་ལྡན་རིང་ལུགས་འཆང་བའི་གནས་བརྟན་རྒན་གྲས་ཀུན་གྱིས་རེ་དགོངས་ལྟར་རྗེ་འདི་ཉིད་བྱང་རྩེ་བརྒྱུད་ནས་དགའ་ལྡན་གསེར་ཁྲིར་ཕེབས་དགོས་ཀྱི་སྙན་སིང་བྱུང་བར་རྗེ་འདིས་སློབ་འབངས་རྣམས་ལ་རྗེ་བླ་མའི་གསེར་ཁྲིར་ཐོག་མར་ང་རང་འགྲོ། དེ་ནས་ཁྱོད་རྣམས་རིམ་པར་བཞིན་ཕེབས་ཏེ་རང་རེ་བླ་སློབ་ཚོས་རྗེའི་ལྟ་སྤྱོད་གཙང་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྗེ་རང་གི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཛིན་སྐྱོང་སྤེལ་གསུམ་གྱིས་རྒྱལ་བ་གཉིས་པའི་བསྟན་པའི་མཛེས་རྒྱན་དུ་འགྱུར་ངེས་བྱེད་དགོས།ཞེས་གདན་ས་འདི་ཉིད་ནས་འཇམ་མགོན་བླ་མའི་གདན་ས་འཛིན་པའི་འབྱུང་འགྱུར་སྐྱེས་ཆེན་དུ་མར་འབྱོན་པ་ཤུགས་ལ་ལུང་གིས་བསྟན་ནས། དྭགས་པོ་གྲྭ་ཚང་གི་གདན་ས་རང་གི་སློབ་མ་དྭགས་པོ་ངག་དབང་གྲགས་པར་བསྐོས་ནས་རང་ཉིད་དགའ་ལྡན་དུ་ཕེབས། དགུང་ལོ་དོན་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ ༡༤༧༣ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མི་འཇིགས་སེང་གེའི་ཁྲི་ཕང་མཐོན་པོར་ཞབས་སོར་འཁོད། དགའ་ལྡན་དུ་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། མྱུར་མཛད་མགོན་དང་རྣམ་སྲས་དུས་དགྲ་དམག་ཟོར་མ་སོགས་ཆོས་སྲུང་བྲན་དུ་ཁོལ། ཞྭ་སེར་བསྟན་ལ་རྒྱལ་བ་གཉིས་པ་སླར་ཡང་བྱོན་པ་ལྟར་བསྟན་པའི་ཁུར་རླབས་ཆེར་བཞེས་བཞིན་པའི་མུར། དགུང་ལོ་དོན་བརྒྱད་པ་རབ་བྱུང་བརྒྱད་པའི་ས་ཁྱི་ ༡༤༧༧ ལོར་གདན་ས་རང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གདུང་རྟེན་དངུལ་གྱི་དབྱེན་ཟླུམ་མཆོད་རྟེན་རྗེའི་གསེར་གདུང་གི་གཡོན་གྲལ་བཞི་པར་བཞུགས། དྭགས་པོ་གྲྭ་ཚང་དུ་དུས་མཆོད་ཚུགས། གསུང་གི་ལེགས་བཤད་ཀྱང༌། མདོ་སྡེ་རྒྱན་དང༌།ཆོས་དབྱིངས་རྣམ་འབྱེད། དབུས་མཐའ་རྣམ་འབྱེད།རྒྱུད་བླ་མ་སྟེ་བྱམས་ཆོས་ཕྱི་མ་བཞིའི་ཊིཀྐ་དང༌། རྣམ་འགྲེལ་ལམ་བསྒྲིགས། འདུལ་བའི་ལས་ཆོས་རིན་ཆེན་ཕྲེང་བ།དགེ་ལྡན་ཆོས་འབྱུང་སོགས་དུ་མ་ཡོད་པར་སྣང༌། གསུང་ལས་སྐྱེས་པའི་སློབ་མ་ཡང་གཡའ་བཟང་བ་རྡོ་རྗེ་རིན་ཆེན་དང༌། དྭགས་པོ་བློ་གྲོས་མཐའ་ཡས། དྭགས་པོ་གྲགས་པ་མཐའ་ཡས། དྭགས་པོ་ངག་དབང་གྲགས་པ། སྤྱན་སྔ་བ་རྡོ་རྗེ་རྒྱལ་མཚན་སོགས་སྐྱེས་ཆེན་དམ་པ་དུ་མ་བྱུང་སྣང༌།

 

ཡོང་ཁུངས། https://bo.wikipedia.org/wiki

བརྒྱུད་སྐུལ།

མཆན་སྤེལ།