འཇམ་མགོན་ཀོང་སྤྲུལ་གཉིས་པ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར།

འཇམ་མགོན་ཀོང་སྤྲུལ་གཉིས་པ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར།

གདོད་མའི་མགོན་པོའི་རྒྱལ་སར་མངོན་པར་བྱང་ཆུབ་ནས་གདུལ་བྱ་འདུལ་བའི་རྣམ་འཕྲུལ་གཅིག་ལས་དུ་མ་སྤྲུལ་པ་དང༌། དུ་མ་གཅིག་ཏུ་སྡུད་པ་སོགས་སོ་སོ་སྐྱེ་བོའི་བློར་ཚད་བཟུང་མི་ནུས་པས་བེ་རོའི་རྣམ་འཕྲུལ་དུ་ཡོངས་སུ་གྲགས་པ་ཡང་དུས་གཅིག་ལ་མང་དུ་བྱོན་པ་དང༌། མི་ཚེ་གཅིག་གི་ཐོག་མཐའ་བར་གསུམ་དུ་བྱོན་པ་སོགས་མང་བས་ཚུར་མཐོང་གི་བློས་དཔྱད་པར་དཀའ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཚུལ་རྟོགས་པ་རྣམས་ནི་ངོ་མཚར་བསྐྱེད་པར་འགྱུར་འོག་ཏུ་འབྱུང་བ་འདི་རྣམས་ཀྱང་རྒྱུ་མཚན་དེ་ལྟར་ཤེས་པར་བྱ་དགོས་སོ་ཞེས་འཇམ་མགོན་བླ་མས་གསུངས་སོ། །དེ་བཞིན་འདིའི་སྤྲུལ་གཞི་ཡང་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད།

སྤྲུལ་པ་རྡོ་རྗེ་ཆོས། ཀུན་དགའ་བོ། རྒྱལ་པོ་ཛཿཨིནྡྲ་བོ་དྷི། ཐུ་མི་སཾབྷོ་ཊ། བེ་རོ་ཙ་བ། ཙ་མི་སངས་གྲགས། ལོ་ཙ་རིན་ཆེན་བཟང་པོ། རྔོག་བློ་ལྡན་ཤེས་རབ། བྱ་འདུལ་འཛིན་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ཞང་བརྩོན་འགྲུས་གྲགས་པ། དཔལ་ཆེན་ཆོས་ཡེ། རོག་དོལ་པ་ཤེས་རབ་རྒྱ་མཚོ། གཡག་སྡེ་པཎ་ཆེན། པཎ་ཆེན་འབུམ་ཕྲག་གསུམ་པ་རྣམས་ཡིན་པར་གསུངས། གཞན་ཡང་གཏེར་བདག་གླིང་པའི་འཁྲུངས་རབས་དང༌། རྩེ་ལེའི་སྐྱེས་རབས་ཀྱང་ཕྱོགས་མཚུངས་པར་སྣང་ཞིང༌། ཁྱད་པར་སྐུ་གོང་མ་འཇམ་མགོན་བློ་གྲོས་མཐའ་ཡས་ནི། རྩེ་ལེ་ཨོ་རྒྱན་བསྟན་འཛིན་གྱི་ཞལ་སློབ་མཚུངས་མེད་བསྟན་འཛིན་རྡོ་རྗེ་ཞེས་རྩེ་ལེའི་གདན་ས་ཐོག་མར་འདེབས་པ་པོ་དེ་ཡིན་པ་འདུག་ཅེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རང་ཉིད་ཀྱིས་གསལ་བར་ཞལ་བཞེས་གནང་ཡོད་ཅིང༌། ད་ལྟའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་འདི་ཉིད་ཀྱང་རྗེ་གོང་མ་རང་ཉིད་ཀྱི་ཞལ་བཞེས་ལུང་བསྟན་མངོན་དུ་གྱུར་པའི་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་འདིའི་སྐུ་འཁྲུངས་པའི་ཡུལ་ནི། དཔལ་གྱི་སྟོད་ལུང་མཚུར་ཕུའི་སྐྱེད་ཚལ་བསམ་གྲུབ་ཆོས་གླིང་ཞེས་པའི་འོག་མིན་ས་ལ་འཕོས་པའི་གནས་མཆོག་ག་ལ་བ་དེར། ཡབ་ཡུམ། རིགས་རུས་ཆོ་འབྲངས། འཁོབ་ཚོགས་མཐུན་རྐྱེན་སོགས་ཕུན་སུམ་ཚོགས་པ་ལ་ལེགས་པར་དགོངས་ཤིང་གཟིགས་ནས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ། རྒྱལ་དབང་བཅོ་ལྔ་པ་དཔལ་སྤུངས་ནས་དབུས་སུ་ཕབས་སྐབས་ཞབས་བརྟན་རྒྱས་འབུལ་དང་འབྲེལ་ད་དུང་ཞལ་མཇལ་མ་གྱུར་པར་རྟག་ཏུ་བཞུགས་པ་དང་ཅིས་ཀྱང་སྐུ་བཞུགས་མིན་འགྱུར་ཚེ་སླར་ཡང་མཆོག་གི་སྤྲུལ་སྐུའི་བཀོད་པ་རྒྱལ་དབང་རང་གི་རིགས་སྲས་སུ་འཁྲུངས་ཐུབ་པར་གསོལ་བ་བཏབ་པས་དེ་བཞིན་ཞལ་བཞེས་བྱུང་བ་དང་འཇམ་མགོན་དགོངས་པ་རྫོགས་སྐབས་གསོལ་འདེབས་ཐུགས་དམ་དུས་ཀུན་མཛད་པས། ཡེ་ཤེས་ཀྱི་རོལ་པ་ཡབ་ཡུམ་གྱི་ལྷུམས་སུ་ཞུགས་པའི་མཚན་མ་ཡིད་ཆེས་པ་སྔ་ཕྱིར་བྱུང་ཚུལ་དི་བཞིན་གསལ་འདུག་པས་འཇམ་མགོན་མཆོག་སྤྲུལ་འཁྲུལ་མེད་དུ་ངེས་ཞེས་དཔལ་འབྱོར་སྒང་གི་ཚབ་ཚའི་མཁན་པོ་ཞིག་གིས་རྒྱལ་དབང་མཆོག་གི་ཕྱག་བྲིས་འཇལ་ཏེ་དེ་ལྟར་གསུངས་ཞེས་པའི་དམ་པ་འདི་ཉིད་ཆུ་མོ་ཡོས་ལོར་རིགས་ཀྱི་ཡུམ་མཆོག་དམ་པའི་ལྷུམས་སུ་བསམ་བཞིན་ཞུགས་པ་དང༌། ཡུམ་གྱི་སྐུ་ལུས་ཡངས་ཤིང་ཟོ་དོག་བདེ་བ་དང༌། རྨི་ལྟས་ལ་སོགས་པའང་དགེ་ཞིང་ཤིས་པ་སོགས་མང་དུ་བྱུང༌། དེ་ནས་ཟླ་བའི་གྲངས་ནི་རྫོགས། བཙའ་བར་བྱེད་པའི་དུས་ལ་བབས་པ་ན། གཟའ་སྐར་འབྱུང་འཕྲོད་བཟང་བ། རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་གི་ལོར་ཡུམ་ལ་གནོད་པ་མེད་པར་བདེ་བར་སྐུ་འཁྲུངས་པ་དང༌། དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་སྐུ་ཁྲུས་གསོལ་འདྲ་བས། ནམ་ཁའི་ངོས་ནས་སྤྲིན་གྱི་ཕུང་པོ་དག་ནི་གློ་བུར་དུ་འཁྲིགས། བདུད་རྩིའི་གཟེག་མ་དག་ནི་དལ་བུས་འཐོར། ཞབས་འབྲིང་རྣམས་ནི་སྲི་ཞུར་བརྩོན། ཕྱོགས་ཕྱོགས་ནས་བལྟ་བ་དག་ནི་ངོ་མཚར་མིག་གི་བདུད་རྩ་བྱེད་ཅིང༌། སྙན་པར་སྨྲ་བས་མགྲིན་རྔ་འཁྲོལ་བ་ལ་སོགས་རྣམ་གྲངས་ཀྱི་འབྱམས་སུ་ཀླས་སོ། དེ་ནས་ཡབ་ཡུམ་ལ་སོགས་པས་སྐུའི་བསྐྱེད་བསྲེངས་པ་ན། རིང་པོར་མ་ཐོགས་པ་མཚར་ལོངས་སུ་གྱུར་པ་ནས། རྗེ་གོང་མའི་ཞལ་ཆེམས་ལྟར་དཔལ་ལྡན་མཚུར་ཕུའི་རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་གདུང་རིགས་སུ་སྐུ་འཁྲུངས་པར་ཤེས་ཏེ་མཆོག་གི་སྤྲུལ་པའི་སྐུ་ཆུང་ངུ་ཉིད་ལ་དགོས་པའི་ཆ་ཐམས་ཅད་ཞབས་དྲུང་དུ་འདྲེན་པར་བྱེད་ཅིང༌། རིམ་གྲོ་བ་དག་ཀྱང་རིམ་གྱིས་བཅར་བའི་གྲས་སུ། བན་ཆེན་གྲྭ་རྒྱུན་མཚན་ཤེས་པ་ཞིག་འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེའི་ཞབས་གྲས་སུ་ལོ་གཅིག་ཙམ་མཆིས་པ་དེའི་ཟིན་ཐོ་ཞིག་ལས་གསལ་བ་ལྟར་ན། རྗེ་བཅོ་ལྔ་པས་ངའི་བུ་འདི་རང་གི་རྩ་བའི་བླ་མའི་འདུ་ཤེས་ལས་ངའི་བུའི་འདུ་ཤེས་གཏན་ནས་མེད། བྱིས་པའི་དུས་ནས་སྤྱོད་པ་གང་བྱས་དགོས་པ་ཆེན་པོ་རེད་ཡོད་ངེས་གསུངས་པ་བཞིན། ཟོར་རྒྱག་དང༌། སྐུ་འཆམས་ལ་ཐུགས་ཤིན་ཏུ་མཉེས་པའི་དེ་རིགས་ནམ་མཛད་སྐབས། ཞྭ་ནག་སོགས་སྔགས་ཆས། ཟོར་གྱི་ནམ་མཁའ་བྲན་རྒྱུ་དང་གཏོར་བཟོ། སེར་ཕྲེང་དུ་ཕྱག་རྔ་སྤོས་སྣ་སོགས་རྒྱས་བསྡུས་བཀའ་བཞིན་འཕྲལ་འཕྲལ་གྲྭ་ཚང་ལ་རྒྱལ་དབང་ཉིད་ཀྱིས་བཀའ་གནང་ནས་མཛད་པར་འདུག་ཟེར། འཇམ་མགོན་རིན་པོ་ཆེས་ཀྱང་སྐུ་སྲས་གཞན་དང་སྐུ་རྩེད་སྐབས་སྐུ་སྲས་གཞན་དག་གིས་རྒྱལ་དབང་རིན་པོ་ཆེའི་བཞུགས་སྟེང་ཕེབས་པ། སྐུ་ཆས་སོགས་འཛེམས་མེད་ཀྱི་ཞབས་ཀྱིས་བརྫི་བ་སོགས་མཛད་ཀྱང་འཇམ་མགོན་རིན་པོ་ཆེ་དེ་འདྲ་གཏན་མི་མཛད། སྐྱབས་མགོན་མདུན་ཕེབས་སྐབས་ཀྱང་སྐུ་པང་དུ་བཞེས་ཚེ་ནན་ཏན་གནང་ན་ལས་མི་ཕེབས་པས། ཕེབས་ཚེ་ཡང་གུས་འདུད་མཛད་པ་སོགས་ཡབ་སྲས་གཉིས་ཀྱི་མཛད་པ་ངོ་མཚར་ཆེ་བ་ཡོད་ཟེར། ཐུགས་སྲས་གཞན་ལ་བུ་ཞེས་དང༌། འཇམ་མགོན་ལ་རིན་པོ་ཆེ་གསུང་ཟེར། དེ་ནས་ས་སྤྱོད་འོག་མིན་དག་པའི་ཞིང་ས་དང་མཚུངས་པ་དཔལ་ལྡན་མཚུར་ཕུར་སེང་གེའི་ཁྲི་ཆེན་པོ་བརྩེགས་པའི་མདུན་དུ། ཁམས་དབུས་ཀྱི་དད་སྦྱིན་སློབ་ཚོགས་དང་བཅས་པ་ཡོངས་སུ་བསྡུས་ནས། བཀྲ་ཤིས་པའི་དར་དང་རྒྱལ་མཚན་སོགས་མང་པོ་ནི་མཁའ་དབྱིངས་སུ་སྒྲེང༌། མཛད་ཤིང་བརྗིད་ཆགས་པའི་བ་དན་དང༌། བླ་བྲེ་དང༌། ས་ཡོལ་དང༌། གནམ་ཡལ་དང༌། ཀ་ཕན་དང༌། ཕྱེ་འཕུར་དང༌། གདུགས་ལ་སོགས་པ་མཆོད་རྫས་རྣམ་པར་བཀྲ་བ་རྣམས་ཀྱིས་ནི་བརྒྱན། བྲོ་གར་དང༌། རོལ་མོའི་བྱེ་བྲག་དག་ནི་སྙན་ཅིང་འཇེབས། རྣམ་སྦྱར་གྱི་རྒྱལ་མཚན་ཀླུབས་པ་མཚར་དུ་དངར་བ་མང་པོས་ནི་སྔོན་བསུས། ལེགས་པར་བཤམས་པའི་ཁྲི་འཕང་མཐོན་པོར་ནི་བཞུགས་སུ་གསོལ་ཏེ། འབུལ་བར་བྱེད་པའི་དངོས་པོ་རྣམས་སོ་སོའི་གོ་རིམ་ལྟར་སྒྲིག་པའི་ཐོག་མར་རྒྱལ་བའི་དབང་པོ་མཆོག་གིས་འདི་ལྟར། ཁམས་གསུམ་མཐའ་དག་གི་གཙུག་གི་ནོར་བུ་དྲན་མཆོག་འཁོར་ལོའི་མགོན་པོའི་སྒྱུ་འཕྲུལ་གཞོན་ནུ་རྣམ་པར་རོལ་པའི་ཞབས་ཀྱི་ཆུ་སྐྱེས་ཉེ་བར་བསྟན་པའི་ཆོས་ཀྱི་ཁྲི་འཕང་མངོན་པར་མཐོ་བའི་ཉེ་དྲུང་དུ། གུས་པ་ཆེན་པོས་བཏུད་དེ་ལེགས་སྐྱེས་ཀྱི་མཆོད་སྤྲིན་བསྟར་བའི་ཐོ་ཆུང་དུ་ཕུལ། གང་ཞིག་བདེན་པའི་སྤྲིན་ལས་བྱིན་རླབས་ནོར་བུའི་གྲུ་ཆར་འབེབས། །འདོད་པའི་དངོས་ཀུན་འཇོ་བས་སྐྱེ་རྒུ་འཚོ་མཛད་དཔག་བསམ་ཤིང༌། རིན་ཆེན་རྣམ་གསུམ་དགེ་ལེགས་སྒྲིབ་བསིལ་གཡོ་བ་མེད་གྱུར་ཅིག། ཅེས་མཆོད་པར་བརྗོད་ཅིང༌། དོན་གྱི་རྣམ་ཐར་ཆ་ཤས་ཕྲ་མོར་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བས་མདུན་བདར་ནས། གང་གི་ཚེ་མི་མཆོག་སེམས་དཔའ་ཆེན་པོ་རྣམས་གང་ལ་འཇུག་པའི་གཞི་ལྷག་པའི་བསམ་པ་དང༌། ལམ་བྱང་ཆུབ་ཀྱི་ཆོས་དང༌། ས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། གཟུངས་དང༌། སྤོབས་པ་དང༌། ཏིང་ངེ་འཛིན་དང༌། ཡེ་ཤེས་ལ་སོགས་པ་རྣམས་ལ་བསྐལ་པ་རྒྱ་མཚོའི་ཕ་རོལ་གྱི་ཆེས་གྲངས་མེད་པ་རྒྱ་མཚོའི་སྔ་རོལ་ནས་བཞུགས་ཤིང༌། དེ་དག་གི་རྗེས་སུ་འཐོབ་པར་བྱ་བའི་འབྲས་བུ་ཡང་ཕྱོགས་བཅུར་བཞུགས་ཤིང༌། དུས་གསུམ་བཞུགས་པའི་དེ་བཞིན་གཤེགས་པ་མ་ལུས་པ་དང་མཉམ་པ་ཉིད་དུ་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་བཅོ་བརྒྱད་ལ་སོགས་པ་འབྲས་ཆོས་ཀྱི་ཡོན་ཏན་རྒྱ་མཚོ་ལ་དབང་འབྱོར་བའི་བདག་ཉིད། ཞི་བ་བླ་ན་མེད་པའི་གོ་འཕང་ཆེན་པོ་མངོན་པར་འདུ་མཛད་ཟིན་ནའང༌། ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དང༌། ཚིགས་ལྷུགས་དང་སྤེལ་མ་དག་གིས་མནྜལ་གྱི་བཤད་པ་དང༌།ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་རྒྱས་པར་སོ་སོའི་གོ་རིམ་བཞིན་བླ་བྲང་ཁག་དང༌། དད་སྦྱིན་ཁག་བཅས་ཀྱིས་འབུལ་ལམ་ཞུས་པ་ལགས་ན། བརྩེ་བའི་འཛུམ་བག་གི་དཀྱུས་རིང་གཡོ་བའི་སྤྱན་རས་ཀྱི་འབབ་སྟེགས་སུ་བཙའ་ཞིང༌། མེ་ཏོག་མཆོད་རྫས་ཀྱི་ཛུལ་དུ་དགྱེས་བཞེས་གྲུབ་པ་མཁྱེན་མཁྱེན་མཁྱེན། སླར་ཡང༌། ལྷག་བསམ་རབ་ཏུ་དཀར་ཞིང༌། དམ་ཚིག་རྣམ་པར་དག་པའི་རྟེན་འབྱུང་དང༌། ཁྱད་པར་ཕྱོགས་བཅུའི་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་བསྐུལ་བ་སྔོན་དུ་འགྲོ་བའི་བརྟན་བཞུགས་གསོལ་སྨོན། ཤིས་བརྗད་སྭ་སྟི། ཀཱ་མ་ལའི་ཕྲེང་བ་བཅས་ཀྱི་མཇུག་བསྡུ་གྲུབ་པར་མཛད་པ་དང༌། དེ་ནས་འཇམ་མགོན་ཁམས་སུ་ཕེབས་སྐབས་བྱམས་མགོན་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ལ་བཀའ་ལས། ང་ཡི་བུ་འདི་ཕ་མ་མཁས་ནས་བུ་སྤྲུལ་སྐུ་བཟོས་པ་མིན། འཇམ་དགོན་རིན་པོ་ཆེའི་མཆོག་སྤྲུལ་འཁྲུལ་མེད་ཡིན་པས་ངེས་ཤེས་གཏིང་ནས་རྙེད་རྒྱུ་ཡོད་པ་ཞིག་ཡིན་པས་འབྲལ་བར་མི་ཕོད་པའི་མིག་ལས་གཅེས་པ་ཞིག་ཡིན་ཡང་རྗེ་གོང་མའི་གདན་སར་མ་ཕེབས་ཐབས་མེད་ལགས་པས། དཔལ་སྤུངས་ལྟོན་འཁོར་རྣམས་ནས་དམ་ཚིག་འགལ་མེད་ཀྱིས་ཞབས་ཏོག་དགོས་པའི་བཀའ་བསླབ་ཞིབ་རྒྱས་སུ་སྩལ༑ འོག་མིན་མཚུར་ཕུར་རྗེ་རང་གི་བཞུགས་ཁྲིའི་སྟེང་དུ་འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་ཁྲི་སྟོན་གནང་སྐབས་རྗེ་དུས་མཁྱེན་གྱི་དབུ་ཞྭ་དང༌། སྐུ་ཆོས་གསོལ། ཡུམ་སྲས་མཚུར་ཕུའི་གྲ་ཚང་ཐམས་ཅད་འདི་ངའི་བུ་ཞིག་ཡིན་པའི་འདུ་ཤེས་གཏན་ནས་མ་བྱེད། འཇམ་མགོན་རྡོ་རྗེ་འཆང་དངོས་ཡིན་སྙམ་པའི་དད་མོས་ཀྱིས་གསོལ་གདབ་སྨོན་ལམ་གལ་ཆེ་ཞེས་གསུངས་ཏེ། ཐོག་མར་རྗེ་བཅོ་ལྔ་པ་ཉིད་ཀྱིས་སྐུ་ཡི་སྐྱེ་བ་ཐམས་ཅད་དུ། བུད་མེད་ཀྱི་གྲོགས་ཀྱི་སེམས་རྒྱུ་དཀྲུགས་པས་བསྟན་པ་ལ་རྨ་སྦྱིན་པའི་ལུས་སུ་མི་འགྱུར་བ་སོགས་སྨོན་ལམ་ཞིབ་རྒྱས་སྩལ་བ་ལས་དད་ལྡན་ཀུན་གྱི་མིག་ནས་མཆི་མ་ཐོན་པ་བྱུང་ཞེས་ཐོས། མཇམ་དགོན་མཆོག་སྤྲུལ་རིན་པོ་ཉིད་ཀྱི་བཀའ་ལས། ཁོང་ཁམས་སུ་ཕེབས་ཁར། རྗེ་བཅོ་ལྔ་པས་ཕ་རྒན་ང་བཟང་ངན་གང་ལྟར་མཐོང་ཡང༌། གུ་རུ་རིན་པོ་ཆེའི་སྤྲུལ་པ་ཞིག་ནི་ཡིན། བུ་ཁྱོད་ཀྱིས་ཕ་ང་མ་བརྗེད་དང༌། ངས་བུ་མི་བརྗེད་ཚེ་འདིར་དངོས་སུ་མ་འཕྲད་ཀྱང༌། ཕྱི་མར་བཟང་མདོག་དཔལ་རིར་ཕ་བུ་ལྷན་ཅིག་ཚོགས་པར་ཐེ་ཚོམ་མི་དགོས་གསུངས་ཏེ། འཇམ་མགོན་ཟབ་གཏེར་ལམ་ཟབ་ལེའུ་བདུན། འཇམ་མགོན་དངོས་ལས་ལྗགས་ལུང་གསན་པ་ཡིན་པས། འདིས་གསོལ་བཐོབ་གསུངས། ལྗགས་ལུང་སྩལ་བའི་ཉིན་ནས་བཟུང་ཉིན་རེ་བཞིན་མ་ཆག་པར་འདོན་གྱི་ཡོད་པས་ཐུགས་ཀྱི་གཏད་སོ་དེ་ཡིན་ཞེས་ཐོས། རྗེ་ཉིད་ཀྱི་ཚབ་ཡིན་ཞེས་གུ་རུའི་སྐུ་ཚབ་རྒྱལ་དབང་བཅོ་ལྔ་པས། ཙཱ་རི་མཚོ་དཀར་ནས་བཞེས་པ་ད་སྐབས་གནང་གསུངས། བཀའ་བསླབ་ལ་སྐུ་ཚེ་སྤེལ་བ་སྒྲོལ་དཀར། བར་ཆད་སེལ་བ་ཕུར་པ་སོགས། བཀའ་བརྒྱུད་གོང་མའི་བསྟན་པ་རྣམས་དུས་དང་རྒྱུན་བར་ཉམས་བཞེས་མཛོད་དང༌། རྩ་བའི་ཐུགས་དམ་འདི་དགོས་སྙམ་པའི་ཡིད་ཆེས་རྙེད་པ་ཞིག་ཕྱིས་འབྱུང་བས་དེ་ལ་གཙོ་བོར་གསུངས་པ། ཕྱིས་གསར་རྙིང་བསྙེན་པ་མང་དུ་བསྐྱལ་ཀྱང༌། བཀའ་བརྒྱུད་གོང་མའི་ཐུགས་དམ་རྩ་བ་རྒྱ་རྒྱམ་ཡིན་པས་ཁྱད་པར་རྒྱལ་དབང་སྐུ་ཕྲེང་ཐམས་ཅད་ཀྱི་ཐུགས་དམ་སྤྲུལ་གཞི་འཇམ་མགོན་རྡོ་རྗེ་འཆང་དང༌། རྗེ་བཅོ་ལྔ་པས་ཀྱང༌། འདི་ཁོ་ན་བསྔགས་པས་རྒྱ་རྒྱམ་འདི་ཡི་དམ་བྱེད་སམ་ངེས་ཤེས་འབྲངས་པ་བྱུང་བས་དེའི་ཟླས་པ་དུ་ཕྱུར་ཨེ་སྒྲུབ་སམ་པ་ཡོད་གསུངས། སྔར་ཚ་བ་རོང་དུ་གདུལ་བྱར་ཕེབས་སྐབས་འདས་ལ་ཉེ་བར་བསྙུང་བས་དོ་རེངས་མནལ་དང་འོད་གསལ་འདྲེས་པ་ཞིག་ལ་རྗེ་བཙུན་ཡིད་བཞིན་འཁོར་ལོ་མཇལ་བ། ཕྱག་གཡས་སྐྱབས་སྦྱིན་གདེངས་ཙམ་མཛད་དེ། འཇིགས་པ་ཀུན་ལས་སྐྱོབ་པར་བགྱིད་འོ་གསུངས་པ་ལ། ད་རེ་མི་འཆི་བ་འདྲ་ཞེས་དང༌། མ་སྙུང་གོང་མཚུར་ཕུའི་མགོན་ཁང་གི་མགོན་པོ་དེར་སྐུ་རྡུལ་གྱིས་གཡོགས་ནས་སྐྱ་སང་ངེར་བྱུང་བ་རྨིས་གསུངས་པ་རྣམས། དྲུང་རིན་པོ་ཆེ་གོང་མ་ཆོས་ཀྱི་ཉིན་བྱེད་ལ་འཇམ་མགོན་རིན་པོ་ཆེ་ནས་གསུངས་པ། ཕྲན་ལ་དྲུང་རིན་པོ་ཆེ་ནས་གསུངས། ཡིད་ནོར་ཐུགས་ཐག་མ་བཅད་གོང་ཙམ་ལ་འཇམ་མགོན་རིན་པོ་ཆེ་ནས། རྒྱལ་དབང་རིན་པོ་ཆེའི་མཆོག་སྤྲུལ་ག་ན་ཕེབས་འོངས་དགོངས་ཏེ་ཡོད་པས་ནུབ་གཅིག་རྨི་ལམ་དུ། རྒྱལ་དངོས་སུ་མཇལ་བ་སྐུ་གཤེགས་ཟིན་པ་ཐུགས་དྲན་གསོས་པས། རྗེ་ཉིད་ད་ལྟ་ཞིང་ཁམས་གང་དུ་བཞུགས་ཡོད་ཞོས་པས། ད་ལྟ་ང་སངས་རྒྱས་ཀུན་དང་དབྱེར་མེད་དུ་ཡོད་གསུངས། སྤྲུལ་སྐུ་གང་དུ་ཕེབས་ཞུས་པས། འདན་ཨ་ཐུབ་ཚང་རྩར་ཡོད་ཞེས་གསུངས་པ་རྨིས་གསུངས་པ་རང་གི་སྤུན་བཤད་སྒྲུབ་ལ་འཇམ་མགོན་རིན་པོ་ཆེས་གསུངས་འདུག འཕྲང་འགུར་ཕེབས་སྐབས། ཕྲ་ལེགས་ཡབ་གཞིས་བྲན་འཁོར་མག་པ་ཤི་བ་འཇམ་མགོན་རིན་པོ་ཆེ་ཕེབས་པ་ཡར་ལམ་བན་ཆེན་དགོན་དུ་མཉན་པ་རིན་པོ་ཆེ་མདུན་བྱོན་ཐེ་གཟིམས་མལ་དུ་བཞུགས་ནས་བཀའ་མོལ་སྐབས་ཕྲན་རྨི་ལམ་ལེགས་པོ་མེད། ཁར་སེང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་མདའ་ཚད་ཞིག་དབུ་ནས་གས་ཏེ་སྐྱོན་ཞུགས་པ་ཡར་གསོ་ཐུབ་མ་སོང་བས་ཕྲན་ཡང་ཅུང་ཟད་ན་འདུག་ཤི་འདྲ་སོང་ན་ཁྱེད་ཕེབས་ཙམ་བྱུང་ན་བློ་ཆེ་ཞེས་གསུངས། རྗེས་སུ་བསྙུན་ཚབ་ལྗི་སྐབས་ཁོང་ཕེབས་པས་གསུང་འབྱོན་མཛད་མིན་འདུག་ཀྱང༌། སྤྱན་ཅེར་གྱི་གཟིགས་ཏེ། ཞལ་འཛུམ་ཙམ་གནང་བ་རྒྱལ་དབང་བཅོ་ལྔ་པས་མཚན་ནས་བོད་ཅིང་ཐུགས་དམ་གསོལ་འདེབས་ཞུས་པས་ཐུགས་དགྱེས་ཉམས་ཀྱིས་ཞལ་རས་འཛུམ་མདངས་བཅས་དགོངས་པ་འོད་གསོལ་དུ་བསྡུས་སོང་གསུངས། འདན་ཁོག་དྲན་ཁོ་ནས་ཡར་ཕེབས་སྐབས། འདན་སེར་ལ་ཞེས་པའི་སྟེང་དབུ་མཛད་བླ་མ་འཇམ་དབྱངས་ཞེས་པ་ལ་དབུ་མཛད་བླ་མ་མི་རྟག་པ་སྒོམ་གྱི་ཨེ་ཡོད་གསུངས། ཅི་ཡང་དྲན་གྱི་མེད་ཞུས་པས། རང་རེ་རྣམས་ལྷན་རྒྱས་མར་ལམ་འདི་ནས་ཨེ་ཡོང་ན་བསམ་གསུངས། ཁྲ་འགུ་ནས་དགོངས་པ་རྫོགས་རྒྱུའི་གསུངས་འཕྲོད་མང་པོ་དབུ་མཛད་ལ་ཕེབས་པ་ཕྲན་ཤི་ནས་སྐྱེ་བ་བོད་དུ་ལེན་ངེས། མྱུར་དུ་འཕྲད་ཡོང་གསུངས། གང་དུ་འཁྲུངས་ཞུས་པས་རྒྱལ་དབང་རིན་པོ་ཆེར་བཀའ་དྲ་ཞུས་གསུངས། གདན་ས་མཚུར་ཕུའི་ལོ་རྒྱུས་ཁོ་ན་གསུངས། དེའི་དཔར་ལ་གཟིགས་མོ་ཡང་ཡང་གདང་འདུག་ཅེས་ཐོས། ཟུར་མང་རྣམས་ལ་རྩེར་རིན་ཆེན་གཏེར་མཛོད་དབང་ལུང་སྐབས་ཚམ་ཚམ་སློབ་མ་རྣམས་ལ་བཀའ་ཁྲིད་ཀྱི་ཚུལ་དུ་ཡང་ཡང་གསུངས་སྐབས་ཕྲན་འཇམ་མགོན་རིན་པོ་ཆེའི་སྤྲུལ་སྐུ་ཞེས་མཚན་དུ་གསོལ་བའི་དོན། རྗེ་གོང་མའི་མཛད་པའི་གཙོ་བོ་མཛོད་ཆེན་རྣམ་ལྔ་འདི་འཆད་སྤེལ་ཅི་ནུས་སུ་ཐུབ་དགོས་རེད། ཕྲན་གྱིས་ད་ལོ་རིན་ཆེན་གཏེར་མཛོད་འཆད་པ་འདི་གསུམ་པ་ཡིན། ད་ཕན་འཆད་ཨེ་ཐུབ་མི་ཤེས་ཕྲན་ལོ་བརྒྱ་བསྡད་ཀྱང་འཁོར་ལོ་གསུམ་གྱི་བསྟན་པ་ལ་བྱ་བ་འདི་ལས་ལྷག་མི་ཡོང༌། ད་བྱ་བ་མ་འགྲུབ་པ་གང་ཡང་མེད་ཁྱེད་རྣམས་ནས་དབང་ལུང་ཐོབ་པའི་དོན་གོ་རྩ་གསམ་བསྙེན་སྒྲུབ། ཡར་མར་གྱི་ཚེས་བཅུ། རྟེན་སྡོམ་གསུམ་གཙང་མ། ཁྱད་པར་ཕྱག་རྫོགས་ཉམས་ལེན་དགོས་ཚུལ་ད་ལྟ་ཆོས་ཞུ་བ་འདི་འདྲ་སླད་ནས་དཀོན་པོ་ཡིན་ལུགས་བསམ་ནས་ལེགས་པར་ཉན་དགོས་སོགས་བཀའ་སྔ་ཕྱི་ནུ་མ་སྩལ་ཞེས། སློབ་མ་རྣམས་ནས་གསུངས། ཁྲ་འགུ་ན་བསྙུན་ཚབ་ཆེས་ལྗི་སྐབས། གཡུ་བྲག་རྟོགས་ལྡན་ཞེས་བླ་རྒན་སྔགས་འཆང་སྨྱོན་པ་ལྟ་བུའི་ཉམ་ལེན་ཐུགས་དམ་བཟང་པོ་ཅན་གཏེར་སྲས་ཚེ་དབང་ནོར་བུའི་སློབ་མ་ཞིག་ཡོད་པ་དེའི་ཡབ་མཆོག་གླིང་གི་གདུང་ཟིན་གཏེར་སློབ་ཞིག་རེད་ཟེར་བས་བླ་རྒན་སྨྱོན་པ་ལྟ་བུ་དེ་སྐུ་མདུན་བཅར་ཏེ། ཞབས་བརྟན་ཕུལ་བས། ཡོན་དགེའི་གྲོ་ལོད་ཟློག་པ་གསུངས། སྔར་ནས་ཞལ་འདྲེས་ཆེ་བས་འཇམ་མགོན་རིན་པོ་ཆེའི་སྐུ་མདུན་དུ་ཡང་ཡང་ཕེབས་ཏེ་ཞབས་པད་བརྟན་དགོས་པའི་རྒྱུ་མཚན། ཞབས་པད་བརྟན་ཐབས་གང་ཟབ་ཡང་ཡང་ཞུ་སྐབས་ཞིག། །ཞལ་རྩེད་ལྟ་བུས་འོ་ད་ང་ནི་ཇོ་ནང་རྗེ་བཙུན་གྱི་སྤྲུལ་སྐུ་ཡིན་པས་ཞབས་བརྟན་གཞོན་ནུ་མའི་སྟོན་མོ་ཞིག་ལས་ཕན་ཐབས་གཞན་མི་འདུག་གསུངས་ཞེས་བླ་རྒན་དེས་ཟེར་འདུག། ད་དེ་འདྲ་དགོན་པ་རེད་སྟབས་སྒྲིག་མི་དགོས་གསུངས་ཟེར། བླ་རྒན་དེས་སྟབས་མ་འགྲིག་ཟེར། འདི་ཡི་ཐུན་མོང་མ་ཡིན་པའི་རིགས་བདག་གཅིག་ཆོག་རྒྱལ་དབང་བཅོ་ལྔ་པ། ཁམས་ན་གཞི་ཆེན་རྒྱལ་ཚབ། ཟུང་མང་དྲུང་རིན་པོ་ཆེ་གཉིས་ཡིན་ཞེས་བཀའ་ལས་ཐོས། རྒྱལ་དབང་བཅོ་ལྔ་པ་ལས་པཀའ་བརྒྱུད་སྔགས་མཛོད། ནག་རྒྱལ་ཁག་གསུམ་སོགས་བཀའ་བརྒྱུད་ཀྱི་ཟབ་ཆོས་གལ་ཆེའི་རིགས། གཏེར་མཛོད་ཡོངས་རྫོགས། བྱམས་མགོན་རིན་པོ་ཆེ་ལས་སྔགས་མཛོད། དཔལ་སྤུངས་མཁྱེན་བརྩེ་རིན་པོ་ཆེ་ལས་ནང་བརྟན་རྒྱུད་གསུམ་བཤད་པ་སོགས་རྒྱལ་དབང་བཅོ་ལྔ་པའི་དབང་ལུང་གི་རྒྱུན་གལ་ཆེ་རིགས། དྲུང་རིན་པོ་ཆེ་ལས་རབ་བརྙེན་སྡོམ་རྒྱུན་གདམས་མཛོད། འཇམས་མགོན་སློབ་མ་གནས་བཟང་དམ་ཚིགས་སྤྲུལ་སྐུ་ལས་གཏེར་མཛོད་བཀའ་རྒྱ་སྤོད་གསུམ། རྒྱལ་ཚབ་རིན་པོ་ཆེ་ལས་འཁོན་ལུགས་ཡང་དག་བླ་མ་ཡང་ཏིག །གཞི་ཆེན་ཀོང་སྤྲུལ་རིན་པོ་ཆེ་ལས་རྒྱལ་ཚབ་བཀའ་འབུམ། སྒར་པ་བཀའ་འགྱུར་བླ་མ་ས་བཀའ་འགྱུར། ཆུ་འགུལ་སྔགས་པ་ལས་ཤེས་བྱ་མཛོད། རྫོང་གསར་མཁྱེན་སྤྲུལ་རིན་པེ་ཆེ་ལས་འདུས་པ་མདོ། གནས་གསར་བཀྲ་འཕེལ་ལས་དབང་ལུང་མང་པོ་གསན་ཀྱང་ཅི་གསན་ཞུ་མ་ཤེས། རོལ་རྡོར་གཏེར་སྤྲུལ་ལས་ཟུར་ལུགས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་དང༌། རོལ་རྡོར་གཏེར་ཆོས་ཡོངས་རྫོགས། སྤྲུལ་སྐུ་བསམ་གཏན་རྒ་མཚོ་ལས མཆོག་གཏེར་ཡོངས་རྫོགས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས། དྲི་མེད་རྣམ་གཉིས། སྤྱིར་ཕྱིས་སུ་བཀའ་བརྒྱུད་གོང་མ་རྣམས་དང༌། སྐྱབས་མགོན་བཅོ་ལྔ་པའི་མཚན་གསན་པ་ཙམ་གྱིས་སྤྱན་ཆབ་དེ་མ་ཐག་གཡོ་བས་མོས་གུས་ཁྱད་པར་ཅན་རྟག་ཏུ་མངའ། ཟླ་བ་འབྱུང་ངོ་ཅོག་གི་ཚེས་ཉེར་གདུ་ལ་གཟིམས་ཆུང་དུུ་བཞུགས་པའི་ཆོས་གྲགས་རྒྱ་མཚོའི་ཕྱག་བཟོ་མགོན་པོ་རྒྱ་གླིང་དང་སྤོས་སྣས་སྤྱན་དྲངས་ཏེ། རྫེ་བཅོ་ལྔ་པའི་མགོས་ཕྲིན་མ་ཆག་པར་གསུང་བ་གལ་ཆེ་བཞེས་མཛད་འདུག །སྐུ་ན་ཕྲ་ཞིང་དཔེ་ཆ་སློབ་སྦྱོང་རྒྱ་ཆེར་མ་མཛད་པས་དུས་ནའང་དོན་གྱི་ཞལ་གདམས། ཚིགས་བཅད་སྩལ་བ་ཐམས་ངད་མཁས་པ་སུས་གཟིགས་ཀྱང་ངོ་མཚར་སྐྱེ་བ་དང༌། དེ་ཡང་ཉམས་མྱོང་གི་དམར་ཁྲིད་ཅན་དུ་གསུངས་པ་སོགས་པ་དུ་མ་ཡོད་པ་དང༌། ཕྱིས་སུ་བླ་མའི་རྣལ་འབྱོར་སོགས་ཁ་ཤས་ནི་དགོངས་གཏེར་ཡིན་སྙམ་པའང་མཇལ།   གཞན་བསྟན་འགྲོའི་དོན་དུ་དབང་ཆེས་གསུང་རྒྱུ་སོགས་གང་ལའང་སྐུ་ངལ་མེད་པ་སོགས་དམ་པའི་ཡོན་ཏན་མངའ་ཚུལ་སྐོར་མཁྱེན་གསར་ལྟར་ཡིན་ཞེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཟིན་བྲིས་ཡིན་ཟེར་བ་ཞིག་ལས་དེ་ལྟར་དུ་སྣང་ངོ༌།།

གང་ལྟར་ཡང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྤྲུལ་པ་འཁྲུལ་མེད་ཞིག་གདུལ་བྱའི་དོན་དུ་ཞིང་འདིར་བྱོན་ནས་སྐུ་ཚེ་གཅིག་ལ་ཁ་དབང་ཇི་ཡོད་མཆོད་སྦྱིན་དུ་ལན་གསུམ་བཏང་བ། འཁྲུགས་འདུམ་དང༌། རིན་ཆེན་བྲག་གི་སྒྲུབ་ཁང་ལ་སོགས་པའི་གཙུག་ཁང་དང་སྐུ་གསུང་ཐུགས་རྟེན་དཔག་མེད་བཞེངས་པ་སོགས་རྣམ་པར་དཀར་བའི་ལས་དང༌། རིགས་ཅན་གསུམ་གྱི་གདུལ་བྱར་མཛོད་ཆེན་རྣམ་པ་ལྔ་ལ་སོགས་པ་ཆེས་འཁོར་ལན་མང་དུ་བསྐོར་ཏེ། སྐལ་ཅན་སྨིན་གྲོལ་ལ་བཀོད་པའི་ཚུལ་དག་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་ལ་སོགས་པའི་གསན་ཡིག་ཁག་ལ་གཟིགས་ན་མཁྱེན་སླ་བ་ཡིན་ནོ། མཐར་དམ་པ་འདུ་ཉིད་ཀྱི་གདུལ་བྱ་ཡོངས་སུ་རྫོགས་ནས། རེ་ཞིག་སྐུ་མྱ་ངན་ལས་འདའ་བར་དགོངས་ཏེ། གདུལ་བྱའི་མཐའ་མ་ཁྲ་ལེགས་སྐྱབས་མགོན་གྱི་དགོངས་རྫོགས་གྲུབ་འཕྲལ། ཁྲ་འགུའི་ཉེ་མཚམས་ཀྱི་མི་ཕམ་རིན་པོ་ཆེའི་སྒྲུབ་གང་དུ་ཕེབས་པ་དང༌། དེར་འཚོ་བའི་འདུ་བྱེད་ཡོངས་སུ་བཏང་སྟེ། དགུང་བགྲང་ལྔ་བཅུར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་མཛད་པ་དང༌། ནམ་མཁའ་ནས་མེ་ཏོག་གི་ཆར་བབ་པ་ལ་སོགས་ངོ་མཚར་བས་བརྟགས་མཚན་དུ་མ་དང་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།