འཇམ་མགོན་བླ་མ་ཝཱ་གིནྡྲ་བུདྡྷ་བཛྲའི་རྣམ་ཐར་སྙིང་བསྡུས།

འཇམ་མགོན་བླ་མ་ཝཱ་གིནྡྲ་བུདྡྷ་བཛྲའི་རྣམ་ཐར་སྙིང་བསྡུས།

དེ་རིང་མཁས་དབང་སངས་རྒྱས་རྡོ་རྗེས་ (༡༥༦༩-༡༦༤༥) མཛད་པའི་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོའི་རྟོགས་བརྗོད་སྙན་ངག་གི་ལམ་ནས་བྱས་པ་ཤིན་ཏུ་ཉམས་དགའ་བ་ཞིག་མཇལ་བྱུང་བའི་མུར། འཇམ་དབྱངས་རྣམ་སྤྲུལ་མཁས་དབང་སངས་རྒྱས་རྡོ་རྗེའམ་འཇམ་མགོན་བླ་མ་ཝཱ་གིནྡྲ་བུདྡྷ་བཛྲ་ཞེས་གྲགས་པའི་བདག་ཉིད་ཆེན་པོ་གང་དེའི་རྣམ་ཐར་ལ་མཇལ་བའི་ཟིན་བྲིས་ཐུང་ངུ་ཙམ་བརྗེད་ཐོར་བཀོད་པའོ། །

དམ་པ་དེ་ཉིད་ནི་རབ་བྱུང་བཅུ་པའི་དཀར་པོ་ཞེས་པ་ས་སྦྲུལ་ལོར་ལ་སྟོད་བྱང་གྲོམ་པ་ལྷ་རྩེའི་ས་ཡི་ཆ་མང་མཁར་དུ། ཡབ་ནང་སོ་མགོན་ཆེན་དང་། ཡུམ་ཆོས་ལགས་བསོད་ནམས་ཆོས་དབྱིངས་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གཉིས་ཙམ་ནས་ངོར་ཨེ་ཝཾ་ཆོས་ལྡན་དུ་མེས་པོ་ག་ཆེན་གྱི་དྲུང་ནས་ཡིག་རིས་དང་འབྱུང་རྩིས་ཞིབ་པར་བསླབས། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་ལས་ཀྱེ་རྡོར་མན་ངག་སོགས་དབང་ལུང་བུམ་པ་གང་འབྱོ་ཞུས།

དགུང་ལོ་བཅུ་གཉིས་པར་རྒྱལ་བྱེད་སྔགས་གྲྭ་གད་སེར་དུ་འབྲུག་པ་པདྨ་དཀར་པོའི་སྤྱན་སྔར་རབ་ཏུ་བྱུང་། ཀུན་མཁྱེན་པདྨ་དཀར་པོའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་ཐུན་མོང་དང་ཐུན་མིན་རིག་གནས་སྤྱི་ལ་མཁས་པར་སྦྱངས། སེམས་དཔའ་ཆེན་པོ་དུས་འཁོར་བ་རིན་ཆེན་དཔལ་བཟང་པོ་ལས། ཇོ་ནང་ལུགས་སྦྱོར་དྲུག་གི་ཁྲིད་ལུང་དང་སོགས་ལེགས་པར་ཞུས། ལོ་ཆེན་སངས་རྒྱས་དཔལ་བཟང་ལས་སྒྲ་ཀཱ་ལ་པ་དང་། སྐར་རྩིས། རིན་སྤུངས་ཞབས་དྲུང་ཟླ་བ་བཟང་པོ་ལས་སྙན་ངག་མེ་ལོང་མ་གསན། རིག་འཛིན་ངག་གི་དབང་པོར་བྱང་གཏེར་དང་པདྨ་བཀའ་ཐང་། ཀློང་ཆེན་པོའི་ངལ་གསོ་སྐོར་གསུམ་སོགས་ཞུས།
དགུང་ལོ་ཉེར་དྲུག་བཞེས་པ་ན་གྲུབ་པའི་ཁྱུ་མཆོག་དཔལ་མཉམ་མེད་ལྷ་རྩེ་བའི་ཞབས་པད་གཙུག་ཏུ་བསྙེན་ནས། མདོ་སྔགས་ཟུང་གི་ཟབ་རྒྱས་ཀྱི་ཆོས་བཀའ་རྫོགས་པར་གསན། དེ་ཙམ་ནས་འཆད་རྩོད་རྩོམ་གསུམ་ཐོགས་པ་མེད་པའི་མངའ་བརྙེས་ཤིང་། མཁས་པའི་གྲགས་པ་རྒྱས་པས་དབུས་གཙང་འཛིན་མའི་ཁྱོན་གྱི་མཁས་རློམས་མང་པོའི་སྤ་བཀོང་བར་མཛད། དགུང་ལོ་སོ་གསུམ་པར་ལྷུན་རྩེ་བདུད་འདུལ་གྲྭ་ཚང་གི་བླ་མར་ཕེབས། གཙང་སྡེ་སྲིད་དང་མཆོད་ཡོན་གྱི་ལུང་ལས་ཁྲོ་ཕུ་དགའ་ལྡན་བྱམས་པ་གླིང་གི་གདན་སར་བསྐོ་འཇའ་གཟེངས་སུ་བསྟོད། དེར་དགའ་ལྡན་གཙུག་ལག་ཁང་ཆེན་པོར་རྟེན་བརྟེན་པར་ཞིག་གསོའི་སྲི་ཞུ་ཕུལ་ཕྱིན་མཛད་ཅིང་། དགེ་འདུན་གྱི་འདུ་ཚོགས་རྒྱ་མཚོ་ལྟར་འཕེལ་བར་རྒྱུ་སྡེ་དང་གཞུང་ལུགས་དུ་མའི་བཤད་སྒྲུབ་ཐོས་བསམ་གྱི་འཁོར་ལོ་བར་དུ་བསྐོར།
དེ་ནས་ལ་སྟོད་ལྷོ་རྒྱལ་གྱི་ཤྲཱི་དགོན་མ་ལག་དང་བཅས་པའི་བསྟན་པ་འཛིན་སྐྱོང་དགོས་པའི་བཀའ་ནན་བྱུང་བ་ལྟར། རྒྱལ་བ་རྒོད་ཚང་པ་ཆེན་པོ་སློབ་མར་བཅས་པའི་གདན་ས། སྟོད་འབྲུག་བསྟན་པའི་མེ་རོ་རྨང་ནས་གསོ་བའི་ཐུགས་བསྐྱེད་ཀྱི་གོ་ཆ་བཞེས་ཏེ། དགུང་ལོ་ལྔ་བཅུ་པ་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་གནས་ཤྲཱི་པརྤ་ཏའི་བསམ་གཏན་གླིང་དུ་བྱོན་ཏེ་ཆོས་ཀྱི་རྒྱལ་མཚན་བསྒྲེངས། ལ་སྟོད་ལྷོ་བྱང་གི་སའི་ཆ་དུ་མར་ཞབས་བཅགས་ཀྱི་བུ་སློབ་མང་དུ་བསྐྱངས། ཀརྨ་པ་ཆོས་དབྱིངས་རྡོ་རྗེ། ཞྭ་དམར་ཅོད་པཎ་འཛིན་པ་གར་གྱི་དབང་ཕྱུག དཔལ་ལྡན་ས་སྐྱ་པ་ཁྲི་ཆེན་གྱི་ཀུན་དགའ་བསོད་ནམས་སོགས་སྐྱེས་ཆེན་དུ་མས་མཁས་པའི་དབང་པོ་ཞེས་བསྔགས་པའི་མེ་ཏོག་འཐོར་བས། མཚན་ཟུར་དུ་མཁས་དབང་ཞེས་འཇིག་རྟེན་དུ་གྲགས། ལྷག་པར་པཎ་ཆེན་བློ་བཟང་ཆོས་རྒྱན་དང་ཐུགས་ནང་གཤིན་པས་དགའ་ལྡན་ཕྱག་རྒྱ་ཆེན་པོའི་གདམས་པ་གསན་པ་བཅས་ཕན་ཚུན་སྣང་བ་རབ་འབྱམས་ཀྱི་དུས་འདའ།
རྗེའི་དེ་གསུང་གི་བདུད་རྩིས་བསྐྱངས་པའི་སློབ་ཚོགས་ལའང་། དཀའ་བརྒྱུད་བསྟན་པའི་སྲོག་ཤིང་ཡོངས་འཛིན་དམ་པ་ངག་དབང་ཀུན་དགའ་ལྷུན་གྲུབ་དང་། སྒམ་པོ་སྤྲུལ་སྐུ་རིན་པོ་ཆེ་ཕྱག་རྡོར་ནོར་བུ་རྣམ་གཉིས། ལོ་ཙྖ་བ་དུས་འཁོར་ཞབས་དཔལ་རྒྱས་དབང་པོ། སྨྲ་བའི་སེང་གེ་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། ཞབས་དྲུང་མཇལ་ཕུ་བ་ཆོས་གྲགས་རྣམ་རྒྱལ་སོགས་ཇི་སྙེད་ཅིག་བྱོན་ཞིང་། གཞན་ཡང་རྗེ་འདི་པས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་པའི་མཐའ་དག་བརྗོད་བྱར་བྱས་པའི་གསུམ་འབུམ་པོད་བརྒྱད་ཙམ་ཞིག་དེང་རང་རེའི་གོ་སྐལ་དུ་མཇལ་དུ་མཆིས།
དེ་ལྟར་འཁོར་ལོ་གསུམ་གྱི་མཛད་པས་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་མཐར། རྗེ་དེ་ཉིད་དགུང་ལོ་དོན་བདུན་ལ་ཕེབས་པ་ས་སྐྱོང་གི་ལོ་ནག་པས་ཉ་བའི་དཀར་ཆ་འཕེལ་བའི་ཚེས་ལྔའི་ནམ་ལངས་སྤེན་སྣར་འགྲུབ་སྦྱོར་ཐོག་སྙུན་མེད་པར། ཐུབ་དབང་རྩྭ་ཅན་དུ་གཤེགས་པ་ཇི་བཞིན་གཉའ་ནང་ཚོང་འདུས་སུ་སྐུ་ཚེའི་མཐའ་མའི་མཛད་པ་མངོན་དུ་བྱས་སོ།།

ལྷ་སྒང་ཆོས་གྲགས་ཀྱི་ངོ་དེབ་ལས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།