འཇའ་ཚོན་སྣ་ལྔའི་མཚོན་དོན།

འཇའ་ཚོན་སྣ་ལྔའི་མཚོན་དོན།

རང་རེའི་སྤྱན་སྔར་རྟག་ཏུ་རིག་རྒྱུ་མང་བའི་ནམ་མཁའི་འཇའ་ཚོན་ནི། ཚན་རིག་གི་གཞུང་སོགས་ལས་ཚོན་མདོག་སྣ་ཁ་བདུན་ལས་གྲུབ་པར་གསུངས་རུང༌།  རང་ཅག་བོད་ལུགས་ཀྱི་སྲོལ་ལ་འཇའ་ནི་ཚོན་མདོག་སྣ་ལྔ་ལས་གྲུབ་པར་ངོས་འཛིན་བྱེད་ཀྱི་ཡོད།  རྒྱུ་མཚན་གང་ལགས་ཤེ་ན།  དེའང་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་གཏིང་ཟབ་ཡོད་པར་བསམ།  བོད་མིས་དད་གུས་ཆེན་པོ་བྱེད་པའི་ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དང༌།  ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ།  ནུབ་པདྨ་རིགས་ཀྱི་མཁའ་འགྲོ།  བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ།  དབུས་སངས་རྒྱས་མཁའ་འགྲོ་བཅས་མཁའ་འགྲོ་སྡེ་ལྔ་དེ་འཇའ་ཡི་ཚོན་མདོག་སྣ་ལྔ་ལས་མཚོན་པར་བྱེད་སྲོལ་ཡོད།  དོན་དམ་དུ་དེ་ཡང་རྩ་བའི་ཚོན་མདོག་དང་འབྲེལ་བ་ཡོད་ངེས་ཡིན་པས་ཚང་མས་དཔྱད་པར་ཞུ།

ཚེ་དཔག་མེད་འཆི་མེད་ལྷ་ལྔའི་བརྟན་བཞུགས་ལས།  ཤར་ནས་རྡོ་རྗེ་མཁའ་འགྲོ་མ།  །  དཀར་མོ་འབུམ་གྱིས་དར་ཐག་བསྡུད།  །  ལྷོ་ནས་རིན་ཆེན་མཁའ་འགྲོ་མ།  །  སེར་མོ་འབུམ་གྱིས་དར་ཐག་བསྡུད།  །  ནུབ་ནས་པདྨ་མཁའ་འགྲོ་མ།  །  དམར་མོ་འབུམ་གྱིས་དར་ཐག་བསྡུད།  །  བྱང་ནས་ལས་ཀྱི་མཁའ་འགྲོ་མ།  །  ལྗང་མོ་འབུམ་གྱིས་དར་ཐག་བསྡུད།  །  དབུས་ནས་བུདྡྷ་མཁའ་འགྲོ་མ།  །  སྣ་ཚོགས་མཁའ་འགྲོས་དར་ཐག་བསྡུད།  །  ཅེས་སོགས་དང༌།  མཁའ་འགྲོའི་གར་ཆས་སྤྲས་པའི་བསུན་མའི་དཔུང་ལྷ་གྲངས་བཞིན་དཀར་སེར་སྔོ་དམར་ལྗང་དང་ལྔ་པོ་རིམ་བཞིན་འོངས་བ་དང༌།  ཁྱབ་གདལ་ཆོས་སྐུའི་ཞིང་ནས་འོངས།  །  ལྷུན་གྲུབ་ལོངས་སྐུའི་ཞིང་ནས་འོངས།  །

འཇའ་ཟེར་འོད་ལྔའི་ཀློང་ནས་འོངས།  །  ཉི་ཤུ་རྩ་བཞིའི་གནས་ནས་འོངས།  །

ཞེས་སོགས་སྙན་པའི་དབྱངས་དང་བཅས་ཏེ་མཁའ་འགྲོ་མ་དཀར་མོ་སོགས་ཀྱིས་རིམ་བཞིན་བསྐུལ་བཞིན་པ་ལགས་ན།  འཇའ་ཚོན་ལྔ་པོ་དག་གིས་མཁའ་འགྲོ་ལྔ་པོ་མཚོན་པར་བྱེད་པ་ཡིན།  མིང་གི་རྣམ་གྲངས་སུ་རླུང་གི་རྒྱལ་མཚན་ཞེས་བརྗོད།  དེ་ཡང༌།  ས་གཞིའི་དྲོད་དང་མཁའ་དབུགས་ཕྲད་ནས་བྱུང་བ་དང༌།  ཚོས་གཞི་སྣ་ཚོགས་རྒྱལ་མཚན་གྱི་ཤམ་བུ་བརྩེགས་པ་ལྟར་ཡོད་པས་མིང་དེ་ལྟར་བཏགས་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།