འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།

འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།

འདུལ་འཛིན་གྲགས་པ་རྒྱལ་མཚན་ནི། མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་སྦྲང་མདའ་ཞེས་པར་རབ་བྱུང་དྲུག་པའི་ཤིང་སྟག་ལོ་སྟེ་སྤྱི་ལོ་ ༡༣༧༤ ལོར་སྐུ་འཁྲུངས། ཆུང་ངུ་ནས་གདན་ས་ཐེལ་དུ་སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་གཟིམ་དཔོན་མཛད། དེ་རྗེས་རྗེ་ཙོང་ཁ་པ་ཆེན་པོ་ལ་མི་ཕྱེད་པའི་དད་པ་བརྙེས་ནས་མདོ་སྔགས་ཀྱི་ཆོས་སྐོར་རྒྱ་ཆེན་གསན་བསམས་གནང་སྟེ་རྗེ་བདག་ཉིད་ཆེན་པོའི་སྲས་ཀྱི་ཐུ་བོར་གྱུར།

རྗེའི་སློབ་མ་ཐམས་ཅད་ཀྱིས་རྗེ་ཉིད་དང་འདྲ་བར་གུས་པར་བྱེད་ཅིང་ཆོས་ཞུས། མདོ་སྔགས་སྤྱི་དང་ཁྱད་པར་འདུལ་བ་ལ་མཁས་པས་འདུལ་བའི་ཊི་ཀ །གླེང་འབུམ། བསླབ་བྱ། གཞི་གསུམ་ཆོ་ག་ཕྱོགས་བསྒྲིགས་མང་པོ་བརྩམས་པས་འདུལ་འཛིན་ཞེས་མཚན་སྙན་ཡོངས་སུ་གྲགས། དགའ་ལྡན་དགོན་བཞེངས་པའི་སྐབས་རྗེའི་བཀའ་བཞིན་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་མ་གྲུབ་པའི་བར་འཁུར་བཞེས།
རྗེ་ཙོང་ཁ་པ་ཆེན་པོ་ཞིང་དུ་གཤེགས་རྗེས་རྗེའི་གདུང་རྟེན་བཞེངས་པར་མཛད། རྗེ་རིན་པོ་ཆེའི་དགོངས་རྫོགས་སུ་སྔར་རྒྱལ་པོ་སྲོང་བཙན་ཡབ་ཡུམ་གྱི་སྐྱིད་མོས་ཚལ་ཏེ། བཙུན་མོ་རྣམས་རྒྱུན་དུ་བཞུགས་པས་བཙུན་མོ་ཚལ་ཞེས་པར་ཆོས་སྡེ་བཏབ་ནས་དགེ་འདུན་བརྒྱད་བརྒྱ་ཙམ་འདུས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ལས་བསྙེན་རྫོགས་བཞེས། གསུང་རྩོམ་ལ་འདུལ་བའི་བསླབ་བྱ་ཆེན་མོ་དང་། རྩ་ལྟུང་བཅུ་བཞིའི་འགྲེལ་པ་གསལ་བྱེད་འཁྲུལ་སྤོང་། བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་ཆོ་གའི་རྣམ་བཤད་ལེགས་བཤད་སྙིང་པོ་སོགས་པོད་གཉིས་ཙམ་བཞུགས། མཐར་དགུང་གྲངས་རེ་གཅིག་ལ་ཕེབས་པ་རབ་བྱུང་བདུན་པའི་ཤིང་སྟག་སྤྱི་ལོ་ ༡༤༣༤ ལོར་བཙུན་མོ་ཚལ་དུ་སྐུ་གཤེགས། སྐུ་གདུང་ཧྲིལ་པོ་བཙུན་མོས་ཚལ་གྱི་དགོན་དུ་བཞུགས་པ་བཅས་སོ།།

 

དེང་གི་བཙུན་མོ་ཚལ་དགོན་གྱི་རྣམ་པ།

བརྒྱུད་སྐུལ།

མཆན་སྤེལ།