འཕགས་པ་ལྷ་ཁང་། ཇོ་བོ་ཝ་ཏི་བཟང་པོ། རྫོང་དཀར་ཆོས་སྡེ།

འཕགས་པ་ལྷ་ཁང་། ཇོ་བོ་ཝ་ཏི་བཟང་པོ། རྫོང་དཀར་ཆོས་སྡེ།

སྔོན་གྱི་ཚེ་མངའ་རིས་སྨད་དམ་མང་ཡུལ་གུང་ཐང་གི་ཆར་གཏོགས་པའི་སྐྱིད་རོང་ཇོ་བོའམ་ཇོ་བོ་ཝ་ཏི་བཟང་པོའི་བཞུགས་གནསསྐྱིད་རོང་འཕགས་པ་ལྷ་ཁང་། དེང་གི་གཞིས་ཀ་རྩེའི་སྐྱིད་གྲོང་རྫོང་གི་སྐྱིད་རོང་གྲོང་ཚོའི་དཀྱིལ་དུ་ཆགས་ཤིང་། ལྷ་ཁང་འདི་ནི་དུས་རབས་བདུན་པའི་དུས་དཀྱིལ་ལ་སྲོང་བཙན་སྒམ་པོས་བལ་བཟའ་ཁབ་དུ་བསུ་དུས་བཞེངས་པར་གྲགས་ཤིང་། ལྷ་ཁང་གི་ཕྱི་ནང་གཉིས་སུ་བལ་ལུགས་འཛུགས་སྐྲུན་གྱི་ཁྱད་ཆོས་གྱ་ནོམ་པོ་ཡོད། ནང་རྟེན་ལ་དེང་སྐབས་སྐྱིད་རོང་ཇོ་བོའི་སྐུ་ཚབ་ལས་ལས་གཞན་ལྡེབས་རིས་རྩ་ཆེན་དང་བལ་བཟའི་རྡོ་ཤེལ་སོགས་མང་དུ་མཇལ་རྒྱུ་འདུག པར་ཐ་མ་དེ་ཇོ་བ་ཝ་ཏི་བཟང་པོའི་སྐུ་ངོ་མ་འདི་ག་གྲྭ་ཚང་ནས་རྒྱ་གར་དུ་གདན་འདྲེན་ཞུས་ཏེ་ད་ལྟ་༸གོང་ས་མཆོག་གི་གཟིམ་ཆུང་དུ་བཞུགས་བཞིན་པ་རེད།

དེ་ཡང་གངས་ཅན་ལྷ་སྐལ་ཇོ་བོ་ཝ་ཏི་བཟང་པོ་ནི། ྋཀུན་གཟིགས་ལྔ་པ་ཆེན་པོས།
རྒྱ་གར་ཚུ་རོལ་བལ་པོའི་ཕ་རོལ་ན།།
ནགས་ཀླུང་དབུས་ན་ཧ་རི་ཙནྡན་ཤིང༌།།
འཕགས་མཆོག་རང་བྱུང་སྤྲུལ་སྐུའི་འབྱུང་གནས་ཆེ།།
ལྔ་བརྒྱའི་འགྲོ་བ་འདྲེན་པར་བསྟན་ལས་ཅི།།

ལྷ་གཅིག་སྲོང་བཙན་སྨིན་མཚམས་འོད་ཟེར་གྱིས།།
སྤྲུལ་བའི་དགེ་སློང་བརྫུ་འཕྲུལ་བཀོད་པ་ཡིས།།
མང་ཡུལ་སྐྱེ་དགུའི་ཡམས་ནད་མུན་པའི་གླིང༌།།
ཐུགས་རྗེ་ཉི་མའི་འོད་ཀྱིས་བསལ་ཟིན་ནས།། ཞེས་པ་ལྟར་དུས་རབས་བདུན་པའི་ནང་བོད་རྗེ་སྲོང་བཙན་སྒམ་པོས་མཛད་པའི་ལེའུ་ཉེར་གཅིག་པའི་ནངགསེས་བརྒྱད་པ་ལས།
དེ་ནས་རྒྱལ་པོའི་ཐུགས་དགོངས་ལ།།
ད་དུང་ལྷོ་བལ་གྱི་རྒྱལ་ཁམས་ན།། གསུངས་པ་བཞིན། ཆོས་རྒྱལ་གྱིས་དམར་པོ་རིའི་སྟེང་ཕོ་བྲང་དམར་པོ་བཞེངས་བསྒྲུབས་རྗེས་རྟེན་གཙོ་རང་བྱུང་ལྔ་ལྡན་སྤྱན་རས་གཟིགས་ཀྱི་སྐུ་བརྙན་གྱི་མདུན་དུ་གསོལ་བ་བཏབ་སྟེ་ད་དུང་ལྷོ་བལ་གྱི་ཡུལ་ནས་འཕགས་པའི་སྐུ་ཞིག་གདན་འདྲེན་དགོས་དགོངས་ཏེ་ཁོང་གི་སྨིན་མཚམས་ནས་སྤྲུལ་པའི་དགེ་སློང་ཨ་ཀ་ར་ཤི་ལ་མ་ཏིའམ་བློ་གྲོས་འབྱུང་གནས་ཚུལ་ཁྲིམས་ཞེས་པ་ཕོ་ཉར་མངགས་ཏེ་རྒྱ་བལ་གྱི་ས་མཚམས་ཙནྡན་གྱི་ནགས་ཁྲོད་ནས་ཧ་རི་ཙན་དན་གྱི་སྡོང་པོ་ཞིག་ལས་འཕགས་པ་སྐུ་མཆེད་བཞི་བཞེས་ཏེ་འཕགས་པ་འཇའ་མ་ལིའམ་འཛམ་གླིང་དཀར་མོ་ཞེས་པ་བལ་ཡུལ་གྱི་རྒྱལ་ས་ཡམ་བུ་ཡ་འགལ་ཞེས་པར་བཞུགས། དེའི་འོག་འཕགས་པ་དབུ་ཁང་ངམ་ཨ་ཁངནི་རྒྱ་བལ་ས་མཚམས་ཤིག་ཏུ་བཞུགས། དེའི་འོག་འཕགས་པ་ཝ་ཏི་བཟང་པོ་ནི་མངའ་རིས་སྐྱིད་གྲོང་དུ་བཞུགས། དེའི་འོག་ལོ་ཀེ་ཤྭ་རེས་ང་དལ་བུ་ཆོད་ལ( ང་དལ་བུས་ཆོད་ལ་སོགས་བཞི་གར་སྦྱར།)རྒྱལ་པོའི་མཆོད་གནས་སུ་ཞོག་ཅེས་ལུང་བསྟན་པ་བཞིན་བོད་དབུས་སུ་གདན་དྲངས་ཏེ་རྒྱལ་པོར་ཕུལ་བ་ཐུགས་དམ་གྱི་རྟེན་དུ་མཛད་པ་རེད།།
རྒྱལ་པོ་བཀའ་འབུམ་དུ་བལ་བཟའ་དང་ལྷན་དུ་བོད་དུ་ཕེབས་པའང་བཤད་དེ། བལ་པོའི་རྒྱལ་པོས་རང་གི་སྲས་མོར་གདམས་པ་ལས། ཝ་ཏི་བཟང་པོ་འཕགས་པ་རང་བྱོན་ནི། །ཞལ་མཐོང་ཙམ་གྱིས་སངས་རྒྱས་ས་ཐོབ་ཅིང༌། །དེ་ཡང་བུ་མོ་ཁྱོད་ཀྱི་མཆོད་གནས་མཛོད།། ཅེས་བྱུང་ངོ༌།།

དེའང་ཐོག་མར་བལ་ཡུལ་གྱི་ཡམ་བུ་རྒྱལ་པོར་སྲས་ཤིག་བྱུང་བ་དང་ཡུམ་འདས། སྲས་ལ་བ་དམར་པོ་ཞིག་ཡོད་པ་དེའི་འོ་མ་ཕུལ་ནས་སྐྱེད་བསྲིངས་བྱུང༌། འོན་ཀྱང་དུས་ནམ་ཞིག་ན་བ་དེ་ཉིན་ཕྱེད་ནས་བོར་བརླག་ཏུ་འགྲོ་བ་དང་དགོང་མོ་ལོག་ཡོང་དུ་རྟག་ཏུ་བ་ལ་འོ་མ་འཇོ་ཡས་མེད་སྟབས་རྒྱལ་པོས་བ་རྫིར། ཁྱོད་ཀྱིས་ཉིན་ལྟར་ཕྱི་དྲོ་བའི་འོ་མ་བཞོས་ནས་བཏུངས་པ་འདྲ་གསུངས་ནས་བཀའ་བཀྱོན་དྲག་པོ་གནང་བས། བ་རྫིས་ངས་འོ་མ་འཐུང་རྒྱུ་མ་བྱུང༌། བ་དེ་ཉིན་ལྟར་ཕྱི་དྲོ་བརླགས་འགྲོ་ཡི་འདུག་གལ་ཏེ་རྒྱལ་པོ་ཐུགས་ཡིད་མ་ཆེས་ན་སང་ཉིན་ང་དང་མཉམ་དུ་བློན་པོ་ཞིག་གཏང་གནང་བ་ཞུ་ཞེས་ཞུས་པས། ཕྱི་ཉིན་བ་རྫིས་ཞུས་པ་ལྟར་བ་རྫི་དང་མཉམ་དུ་བློན་པོ་ཞིག་བཏང་གནང་མཛད། ཉིན་ཕྱེད་ཡོལ་ཙམ་ལ་བ་དམར་པོ་མཐོང་རྒྱུ་མེད་པར་གྱུར་པས་བ་རྫི་དང་བློན་པོ་གཉིས་བ་འཚོལ་དུ་གང་སར་སོང་བ་ཐང་ཞིག་ཏུ་བྱིས་པ་ཞིག་དང་འཕྲད། བློན་པོས་བྱིས་པར་བ་དམར་པོ་ཞིག་མཐོང་བྱུང་ངམ་ཞེས་དྲིས་པས། བྱིས་པ་དེས་ང་ལ་རྔན་པ་སྤྲད་ན་བཤད་ཆོག་ཅེས་བཤད་པར། བློན་པོས་བྱིས་པར་རྔན་པ་གནང་བས་བྱིས་པས་བ་དམར་པོ་ཞིག་སྟག་མོ་ཡི་རྗེས་བསྙེགས། དེ་ནས་བ་རྗེས་དེད་ནས་སོང་བས་ཙནྡན་གྱི་སྡོང་པོ་ཆེན་པོ་ཞིག་ཡོད་པ་དེའི་སར་བ་དམར་པོ་དེ་ལངས་ནས་ཡོད་པ་དང༌། བས་རྐང་པ་བཀྱག་སྟེ་ཙནྡན་གྱི་སྡོང་པོར་འོ་མ་གཏོར་བ་དང་འོ་མ་མེ་ཏོག་ལྟ་བུ་ཞིག་ཆགས་ནས་ཡོད་པའི་ལོ་རྒྱུས་ཇི་བཞིན་རྒྱལ་པོར་ཞུས་པས་རྒྱལ་པོས་དམག་མི་ཁྲིད་དེ་ཤིང་གཅོད་པོར་ཕེབས། ཤིང་ལ་སྟ་གྲི་ཞུ་རྩིས་བྱེད་སྐབས་ཇོ་བོ་ཝ་ཏི་བཟང་པོ་སོགས་ཇོ་བོ་སྐུ་མཆེད་སོ་སོ་ཞལ་གཟིགས་ཏེ་ང་ལ་སྟ་གྲི་མ་ཞུ་གསུངས་པས་རྒྱལ་པོས་དད་གུས་དང་བཅས་ཕོ་བྲང་དུ་གདན་དྲངས་ནས་མཆོད་པ་ཕུལ་བའི་ལོ་རྒྱུས་ཀྱང་ཡོད།

ཇོ་བོ་འདིས་སྔོན་བྱོན་དམ་པ་གོང་མ་མང་པོར་ལུང་བསྟན་དབུགས་དབྱུང་མཛད་པའི་རྣམ་ཐར་ཧ་ཅང་མང་ཞིང༌། གོར་དམག་གི་ཉེན་ཡོལ་སོགས་ཀྱི་སླདྋགོང་ས་ལྔ་པ་དང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སུ་རྩེ་པོ་ཏཱ་ལར་གདན་ཞུ་གནང་ཡོད། དེ་སྔ་བོད་དུ་ཆོས་རྒྱལ་མངའ་བདག་ཁྲི་འབུམ་ལྡེ་མགོན་གྱི་རང་གི་མཆོད་གཞིས་རྫོང་དཀར་ཆོས་སྡེ་འདི་ཉིད་ཕྱག་བཏབ་པ་ནས་བཟུང་གནས་འཛིན་འདི་གའི་དགེ་འདུན་བརྒྱད་གྲྭ་གཅིག་གཏན་ཆགས་འཕགས་པ་ལྷ་ཁང་དུ་བཞུགས་ནས་དུས་འགྱུར་མ་བྱུང་བར་སྲི་ཞུ་ཞབས་ཏོག་ལྷོད་མེད་ཞུས། ས་ཕག་སྤྱི་ལོ་ ༡༩༥༩ ནས་ཉེན་ཡོལ་སླད་སྐབས་དེའི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་བལ་བོད་ས་མཚམས་ཙུམ་ནུབ་རི་གློ་བཅས་བརྒྱུད་མཐར་མེ་ལུག་སྤྱི་ལོ་ ༡༩༦༧ ལོར་འཕགས་ཡུལ་དུ་གདན་ཞུ་དང་འབྲེལ་ཟླ་ ༤ ཚེས་ ༢༤ ཉིན་བཞུགས་སྒར་དུ་ྋགོང་ས་མཆོག་གི་ཐུགས་དམ་གྱི་རྟེན་དུ་བཞུགས་སུ་གསོལ་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༧ ཉིན་ྋགོང་ས་སྐྱབས་མགོན་ཆེན་པོས་རྡ་སྟེང་བོད་ཁྱིམ་དུ་ནང་ཆོས་ངོ་སྤྲོད་ཀྱི་ཉིན་ཐ་མར་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་སྐབས་ྋརྒྱལ་དབང་ལྔ་པ་ཆེན་པོས་སྟོད་ཀྱི་ཇོ་བོ་ཝ་ཏི་བཟང་པོ་དང་རྩེའི་ལོ་ཀེ་ཤྭ་རའི་དྲུང་ནས་གསང་བ་རྒྱ་ཆེན་གྱི་ཆོས་འཁོར་དག་སྣང་བྱུང་བའི་རྣམ་ཐར་རིམ་པ་ཞིག་གསུངས་རྗེས། རྫོང་དཀར་ཆོས་སྡེའི་དགེ་འདུན་ཚོས་ཇོ་བོའི་ཞལ་རས་མཇལ་སྟངས་ལ་མི་འདྲ་བ་འབྱུང་བ་བརྗོད་པ་དེ་ཏན་ཏན་བདེན་པ་རང་རེད་འདུག ཞལ་རས་མི་འདྲ་མི་འདྲ་སེ་མཇལ་ཡོང་གི་འདུག་ཅེས་སོགས་གསུངས་ཡོད། འདི་དག་ནི་རྣམ་ཐར་སྙིང་བསྡུས་སུ་བཀོད་པ་ཙམ་ཞིག་ཡིན་གྱི་རྒྱས་པ་གཞན་ལས་ཤེས་པར་བྱའོ།།

བརྒྱུད་སྐུལ།

མཆན་སྤེལ།