འཕན་ཡུལ་གནས་མཇལ་གྱི་གོམ་པ་དང་པོ།

འཕན་ཡུལ་གནས་མཇལ་གྱི་གོམ་པ་དང་པོ།
རྩོམ་པ་པོ། བདའ་ཚང་སྙེམས་གྲོལ། རྫ་སྐྱེས་ཕུར་བ།

ནམ་མ་གསལ་ཙམ་ལ་ང་ཚོ་གཡུ་ཐོག་མགྲོན་ཤག་ནས་བུད་དེ་ཉང་བྲན་བྱང་ལམ་གྱི་དགའ་སྐྱིད་ཁང་གསར་གཞིས་ཁུལ་ལ་བསྐྱོད། སྙེམས་གྲོལ་སོགས་འཛོམས་རྗེས་ལྷ་ས་གྲོང་ཁྱེར་གྱི་བྱང་ལམ་གཉིས་པའི་ལམ་ཐིག་བརྒྱུད་ནས་རླངས་འཁོར་གྱི་ཁ་ལོ་འདམ་གཞུང་གི་ཕྱོགས་སུ་གཅུས། དེ་ནི་ཕྱི་ལོ༢༠༡༨ལོའི་ཟླ་༡༠ཚེས་༡༠ཡིན། རིམ་གྱིས་བྲེལ་དལ་རན་པའི་རླངས་འཁོར་དེས་འདམ་གཞུང་གི་ས་སྣེ་ཟིན་དུས། ནམ་ལངས་ནས་ཉི་མའང་ལམ་གཞུང་སྟེང་འཕྲོས་འདུག སར་བབས་པ་ན་ལྷ་ས་དང་མི་འདྲ་བར་རླུང་རྩུབ་མོ་ཞིག་གདོང་ལ་རྒྱུ་ཡོང་། ས་ཚིགས་དེ་གཉན་ཆེན་ཐང་ལྷའི་རྒྱབ་ཕྱོགས་སུ་ཁེལ་ཡོད་ཙང་། ཐང་ལྷའི་ཟོལ་གྱི་འགྱིང་བག་དང་། ཟུར་གྱི་རྔམ་སྟོབས་ཡོད་ཚད་མཐོང་ཐབས་བྲལ་མོད། གངས་རི་མཆོད་རྟེན་འདྲ་བའི་དབུ་རྩེ་དེ་སྤྲིན་དཀར་གྱིས་གཅུད་ཡོད་པ་དང་ཐོག་མཇལ་བྱུང་། དེ་ནས། ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ་འཛིན་པ། །སྟོང་གསུམ་མི་མཇེད་བདག་པོ་ཚངས་པ་ཆེ། །སོགས་འཇུ་མི་ཕམ་གྱི་གསོལ་བསྡུས་དེ་བཏོན།

འདམ་གཞུང་ནས་ཐང་ལྷར་མཇལ་བ། བདའ་ཚང་སྙེམས་གྲོལ་གྱིས་པར་བླངས།

གཉན་ཆེན་ཐང་ལྷའི་སྐོར་ནི་བོད་ཀྱི་རི་ཆུའི་རིག་གནས་དང་། སྐྱེས་ཆེན་རེ་རེའི་རྣམ་ཐར་ཁྲོད་དུ་མངོན་ལྐོག་མཉམ་འདྲེས་ཀྱི་གཏམ་རྒྱུད་རེ་དང་འགྲོགས་ནས་བྱུང་ཞིང་། དད་མོས་འདུ་ཤེས་དང་། འཆར་རྟོག་མཛེས་སྤྲོས་ཀྱི་འཇིག་རྟེན་ཞིག་ཏུ་གྲུབ་འདུག སྣོད་བཅུད་མཉམ་འདྲེས་ཀྱི་བསྡུས་གཟུགས་དང་། ལྷ་མི་གཅིག་གྱུར་གྱི་མཚོན་རྟགས་ལྟ་བུ་ཞིག་རེད། དོན་ངོ་མའི་ལྐོག་གྱུར་གྱི་མཚན་ཉིད་ལྡན་པའི་གཉན་ཆེན་ཐང་ལྷ་ནི་ཇི་འདྲ་ཞིག་ཡོད་དམ།

མདོ་ཁམས་ཀྱི་མི་ཕོ་དག་གིས་དགྲ་ལྷ་དཔུང་གཉེན་དུ་བཀུར་བའི་དམག་དཔོན་ཐང་ལྷ། འཇུ་མི་ཕམ་གྱིས་ས་བརྒྱད་སེམས་དཔའ་རུ་གཟིགས་པའི་བྱང་སེམས་ཐང་ལྷ། རྒྱལ་མཆོག་ལྔ་པས་འཕྲིན་ལས་ཐོགས་མེད་དུ་བསྔགས་པའི་ལས་བཞིའི་ཐང་ལྷ། པདྨ་སམ་བྷ་ཝས་དམ་ཆོས་སྤེལ་བ་ལ་དམ་བཅའ་ཡོད་པའི་བོད་སྐྱོང་ཐང་ལྷ། འབྲི་གུང་སྐྱོབ་པ་ལ་ལམ་གྲོགས་མཛད་པའི་ལམ་སྟོན་ཐང་ལྷ། སྟག་ལུང་ཐང་པར་སེང་གེའི་འོ་མ་འདྲེན་པའི་ཡོན་བདག་ཐང་ལྷ་སོགས་བྱ་བ་སྣ་མང་ཁྲོད་དུ་ཐང་ལྷ་རེ་རེ་ཡོད་པ་འདྲ་ལ། ལྐོག་གྱུར་གྱི་སྣང་བརྙན་རེ་རེ་བརྒྱུད་ནས་ཐང་ལྷ་རེ་རེ་མཇལ་ཡང་ཆོག་པ་འདྲའོ།།

གནམ་མཚོ་དང་འདབ་འབྲེལ་དུ་ཡོད་པའི་གཉན་ཆེན་ཐང་ལྷ།

གང་ལྟར་མདོ་ཁམས་སུ་ལས་ཀྱིས་སྐྱེས་པའི་ཞེན་པ་དེས་ཀྱང་ང་ཚོར་གཉན་ཆེན་ཐང་ལྷ་དང་དད་མོས་ཀྱི་བར་ཐག་ཅིག་ངང་གིས་གྲུབ་ཡོད་ཟེར་ཆོག ང་ཚོའི་མཐོང་ལམ་གྱི་ཐང་ལྷ་ནི་ལྟོས་ཆེ་བའི་གངས་ཀྱི་རི་རྒྱུད་ཅིག་ཡིན་པ་འདྲ་མོད། དོན་དངོས་ཀྱི་ཐང་ལྷ་ནི་དེ་ཙམ་ཞིག་ཀྱང་མ་ཡིན་ཏེ། ཡབ་ཆེན་འོ་དེ་གོང་རྒྱལ། མ་ཡུམ་གཡུ་བྱ་གཤོག་གཅིག སྐུ་ལྕམ་གནམ་མཚོ་ཕྱུག་མོ། སྐུ་ལྕམ་ལྷ་མོ་མཚོ་དར། འཁོར་འབྲི་ལམ་གངས་བཟང་། དམག་དཔོན་སྤོ་ཆེ་བེ་ཡང་། ཕྱི་བློན་སྤོམ་ཆེན་ཡོལ་པ། རྟ་རྫི་གྱང་ལྷ་བཙན་པོ། ར་རྫི་ཁྱོར་བ་རྩེ་གསུམ། ཁྱི་རྫི་གཡའ་དམར་སྟག་ལག འབྲི་རྫི་ལག་སེར་ཕྱུག་མོ། ལྕགས་སྒྲོམ་སྨུག་པོ་སྤུན་བདུན། ད་དུང་མི་ཡི་སྲས་པོ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། སྲས་མོ་དབུས་གཟའ་མཁའ་འགྲོ་སོགས་ཐང་ལྷའི་འཁོར་དང་རྣམ་པ་མང་དུ་མཆིས་པར་གྲགས་ཤིང་། དེ་དག་ནི་སྐྱེས་ཆེན་སོ་སོའི་རྣམ་ཐར་ལས་མཇལ་ཆོག དེ་ནས་རྒྱབ་ཀྱི་ལམ་དེད་ནས་རིམ་བཞིན་ང་ཚོ་རྭ་སྒྲེང་གི་ཕྱོགས་སུ་བསྐྱོད།

རྭ་སྒྲེང་ཁུ་བྱུག་མཆོད་པ་འཚོགས་སའི་ཐང་ཆེན། རྫ་སྐྱེས་ཕུར་བས་པར་བླངས།

ར་སྒྲེང་གི་ས་སྣེ་ཟིན་དུས་ཡིད་ལ་དང་ཐོག་འཁོར་ཡོང་བ་ནི་ར་སྒྲེང་ཁུ་བྱུག་མཆོད་པ་རེད། ར་སྒྲེང་ཁུ་བྱུག་མཆོད་པ་ནི། གུང་ཐང་མེ་ཏོག་མཆོད་པ་དང་། རྭ་སྒྲེང་ཁུ་བྱུག་མཆོད་པ། ལོ་གནམ་གང་མཆོད་པ། ལྷ་སའི་བཅོ་ལྔ་མཆོད་པ་སྟེ་དབུས་ཁུལ་གྱི་མཆོད་པ་བཞིའི་ཡ་གྱལ་ཞིག་རེད་ལ་ལོ་ལྟར་ས་ཟླའི་ནང་དུ་རྭ་སྒྲེང་དགེ་འཕེལ་གླིང་གིས་བཀོད་སྒྲིག་གནང་འོག་འཚོགས་ཀྱི་ཡོད་པ་རེད།  ང་ཚོས་མདུན་ཞོལ་གྱི་ཁུ་བྱུག་མཆོད་པ་འཚོགས་སའི་ཐང་ཆེན་དེ་ལ་རྒྱང་མཇལ་ཙམ་ལས། ཡོད་ལ་སྨོན་པའི་མཆོད་སྟོན་དེ་དངོས་མཇལ་གྱི་སྐལ་བ་མ་བྱུང་བར་ལམ་ལ་ཆས།


རྭ་སྒྲེང་གི་ཟིན་ཐོ།

 

 

རྭ་སྒྲེང་དགོན་གྱི་འདུ་ཁང་། རྫ་སྐྱེས་ཕུར་བས་པར་བླངས།

མཁས་གྲུབ་ཆེན་པོ་པྲཛྙ་རསྨི་ཡིས། “ཞུ་ཆེན་ལོ་ཙཱ་པ་གོར་བཻ་རོ་དང་། །རྒྱལ་བའི་གདུང་འཚོབ་འབྲོམ་སྟོན་ཨུ་པ་སཱི། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། །སྐད་གཉིས་སྨྲ་བའི་བླ་ཆེན་འབྲོག་མི་དང་། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མར་པའི་ཞབས། །གྲུབ་པའི་སར་བཞུགས་དམ་པ་རྒྱ་གར་དང་། །གྱི་ཇོ་ལོ་ཙཱ་མཁས་གྲུབ་ཨོ་རྒྱན་པ། །བྱང་ཕྱོགས་སྒྲུབ་བརྒྱུད་འདེགས་པའི་ཀ་ཆེན་བརྒྱད། །དེ་དག་གྲུབ་ཐོབ་གོང་མའི་གཤེགས་ཤུལ་ཡིན། །”ཞེས་གསུངས་པ་ལྟར། ཆོས་འབྱུང་རྣམས་སུ་པ་གོར་བཻ་རོ་ཙ་ན་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར། འབྲོག་མི་ཤཱཀྱ་ཡེ་ཤེས། ལྷོ་བྲག་མར་པ་ལོ་ཙཱ། རྒྱ་གར་དམ་པ་སངས་རྒྱས། གྱི་ཇོ་ཟླ་བའི་འོད་ཟེར། ཕྱིས་ཙམ་ལ་བྱོན་པ་གྲུབ་ཆེན་ཨུ་རྒྱན་པ་བཅས་ལ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་ཟེར་རོ། །

དེ་དག་ལས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ“བོད་ཡུལ་བསྟན་པའི་སྤྱི་རྫི”དང་། “བཀའ་གདམས་བསྟན་པའི་མེས་པོ”ཞེས་ཀྱང་འབོད་དོ། །དཔེར་ན། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས། “འཇིག་རྟེན་དབང་པོའི་ཐུགས་རྗེའི་རྣམ་སྤྲུལ་ལས། །བོད་ཡུལ་བསྟན་པའི་སྤྱི་རྫི་འབྲོམ་རྗེ་ཞེས། །ཚུལ་གཉིས་ཤིང་རྟའི་སྲོལ་ཆེན་རྒྱས་མཛད་པ། །བཀའ་གདམས་མེས་པོ་དེ་ལ་ཕྱག་འཚལ་ལོ། །”ཞེས་བསྔགས་པ་བརྗོད་པ་ལས་ཀྱང་འཕྲིགས་ཚུད་འཐོབ་པར་འགྱུར་རོ། །

རྭ་སྒྲེང་དགོན་གྱི་རི་དྭགས་ཆོས་འཁོར། རྫ་སྐྱེས་ཕུར་བས་པར་བླངས།

ཉིན་དེར། ང་ཚོ་བྱང་གི་འདམ་གཞུང་རིང་མོ་དང་གཉན་ཆེན་ཐང་ལྷའི་འདབས་རོལ་བརྒྱུད་ནས་རྭ་སྒྲེང་གི་ཕྱོགས་སུ་བསྐྱོད་པ་ཡིན། ཡུད་ཙམ་ལ་ཕྱིན་རྗེས་ཕོད་མདོར་འབྱོར་བྱུང་། ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ཕོ་དམ་ཞེས་པའི་ས་མིང་དེ་ཕོད་མདོ་ཡིན་ཟེར་མཁན་ཡང་ཡོད་པ་འདྲ། ལོ་རྒྱུས་ཀྱི་བསྟན་བཅོས་མང་པོར་ཕོད་མདོ་ཞེས་པའི་མིང་འདི་ཡང་དང་ཡང་དུ་ཐོན་པ་ནི། དུས་ཚོད་ཀྱི་ཀློང་དུ་སིམ་པའི་མི་སྣ་དང་དོན་རྐྱེན་གང་མང་ཞིག་ཡུལ་འདི་དང་འབྲེལ་བ་ཡོད་པས་ཡིན་ནོ། །

ཆག་ལའི་ལ་ཁ། རྫ་སྐྱེས་ཕུར་བས་པར་བླངས།

དུས་རབས་བཅུ་གཅིག་པའི་ནང་དུ། ཡུལ་འདི་འཕྲང་ཀ་བེར་ཆུང་གིས་དབང་བསྒྱུར་ནས་ཡོད་ཅིང་། འཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་འབྲོམ་སྟོན་པའི་རྣམ་ཐར་དུ་བལྟས་ཚེ། སྐབས་དེར། སྔགས་སྡེ་གཉིས་ཀྱི་འཁྲུག་པ་དང་། འཕྲང་སྟག་གཉིས་ཀྱི་འཁྲུག་པ། ཤ་རྩམ་གཉིས་ཀྱི་འཁྲུག་པ་སོགས་འཁྲུག་པ་སྣ་ཚོགས་བདོ་ནས་མི་སེམས་ཡབ་ཡབ་ཏུ་བཟོས་ཡོད་པ་རྟོགས་ཐུབ། འཕྲང་ཀ་བེར་ཆུང་ནི་སྔགས་པ་འབྲིང་གི་ཚད་ཙམ་གྱི་ཡོན་ཏན་ཡོད་པ་ཞིག་དང་།འདྲ་ཆགས་པའི་ཆོས་བཤད་བརྒྱག་པར་སྤྲོ་ལ། ཆེ་སྒྲོབ་ཀྱི་ཉམས་བཏོད་པར་དགའ་བ་ཞིག་ཀྱང་ཡིན་སྐད། ཁོས་དང་པོ་འབྲོམ་སྟོན་པར་ཕྱག་ཀྱང་འཚལ་དུ་བཅུག་པ་དེབ་སྔོན་སོགས་སུ་གསལ། འབྲོམ་སྟོན་པས་ཁོའི་ཆོས་བཤད་ཀྱི་ཚིག་སྣ་རེ་རེ་ནས་འབུར་འཇོམས་དང་རྨེག་མེད་དུ་བཟོས་པ་ལ་བརྟེན་ནས། གཉའ་ཆག་བག་འཁུམས་ཀྱི་ངང་ནས་འོག་གི་གྲུམ་ཙེ་ཕྱུངས་ཏེ་འབྲོམ་ལ་ཕུལ་བའི་ལོ་རྒྱུས་འདུག དེ་ནས་བཟུང་། འཕྲང་ཀ་བེར་ཆུང་གིས་འབྲོམ་སྟོན་པའི་ཞལ་ལ་བརྩིས་ནས་འཁྲུག་པ་ཐམས་ཅད་བསྡུམས་ཏེ་ཡུལ་ཁམས་ཞོད་འཇགས་སུ་བཏང་། ཕོད་མདོའི་མཁར་ཡང་བཤིགས་ནས་ཕོད་མདོ་བདུད་འདུལ་གྱི་གཙུག་ལག་ཁང་བཞེངས་སྐད། གཙུག་ལག་ཁང་དེ་ནི་འཕྲང་ཀ་བེར་ཆུང་གིས་རང་གི་ཡབ་འཕྲང་ཀ་བེར་ཆེན་གྱི་འདད་དམ་དགེ་རྩར་དམིགས་ནས་བཞེངས་སྐད། གང་ལྟར་འཕྲང་ཀ་བེར་ཆུང་ནི་རྭ་སྒྲེང་གི་སྦྱིན་བདག་གཙོ་བོར་གྱུར་ཡོད་ལ། དུས་ཕྱིས་ཨ་མེས་བྱང་ཆུབ་རིན་ཆེན་གྱིས་གདན་ས་མཛད་དུས་སུ། འཕྲང་ཀ་བེར་ཆུང་གི་བུ་དང་ཡང་ཚ་སོགས་ཀྱིས་རྭ་སྒྲེང་དུ་འདུ་ཁང་བཞེངས་པ་དང་། རྭ་སྒྲེང་གསར་དུ་འདེབས་སྐབས་ཀྱང་ཨ་མེས་བྱང་ཆུབ་རིན་ཆེན་གྱི་གཟིམ་ཁང་ཡང་འཕྲང་ཀ་བེར་ཆུང་གི་གཅུང་པོ་ཞིག་གིས་བཞེངས་པ་ལ་སོགས་པའི་མཐུན་རྐྱེན་གང་ལེགས་སྦྱར་བ་ཡིག་ཚང་དུ་གསལ་བོ་འདུག འབྲོམ་སྟོན་པ་སོགས་ཀྱིས་ཇོ་བོའི་སྐུ་གདུང་གནམ་གྱི་བྱེ་མ་ལུང་དུ་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་པར་བཞེད་པ་ལ་ཁྱི་སྟོན་ཇོ་ཡེ་ཟེར་བས་ཕྲག་དོག་གིས་བཞེང་དུ་མ་བཅུག་པར་འུ་ཐུག་པའི་སྐབས་དེར། འཕྲང་ཀ་བེར་ཆུང་གི་བུ་ཇོ་སྲས་ཆོས་གྲགས་ཟེར་བ་འབྲོམ་སྟོན་སྤྱན་འདྲེན་དུ་ཡོང་བའི་ལམ་བར་དུ་འཕན་ཡུལ་གྱི་ངན་ཆུས་འཁྱེར་བའི་གཏམ་སྤྲང་མོ་ཞིག་གི་ཁ་ནས་ཐོས་པའི་ལོ་རྒྱུས་ཀྱང་བཤད་རྒྱུ་ཡོད། འབྲོམ་སྟོན་པའང་འཕྲེང་ཀ་བེར་ཆུང་ལ་ཐུགས་རྩིས་ཤིན་ཏུ་ཆེ་སྟེ། ཁོང་གིས་ཞང་འཕྲང་ཀ་བེར་གདམས་པ་སྔ་ཕྱི་གཉིས་སོགས་མཛད་ཡོད། དེའི་ཕྱིར་འབྲོམ་སྟོན་དང་རྭ་སྒྲེང་ཐག་པའི་ཚུལ་གྱིས་གླེང་ན་འཕྲང་ཀ་བེར་ཆུང་ཡང་དེའི་ཞོར་དུ་འབྲེང་པ་འདྲུད་པའི་ཚུལ་གྱིས་གླེང་དགོས་པ་ཞིག་ཡིན་ངེས་སྙམ། དེ་བས་འདིར་འཕྲང་ཀ་བེར་ཆུང་ཡང་ཞར་བྱུང་གྲུ་ཞུགས་ཀྱི་ཚུལ་དུ་གླེང་ཙམ་བྱས་པ་ཡིན་ནོ། །

རྭ་སྒྲེང་དགོན་གྱི་ཐུག་ནག རྫ་སྐྱེས་ཕུར་བས་པར་བླངས།

ཕོད་མདོ་ན་ད་དུང་གླེང་རི་བ་ཞིག་ཡོད་པ་ནི། ཕོད་མདོའི་ལྕགས་ཟམ་དེ་རེད། དུས་རབས་བཅོ་ལྔ་པའི་ནང་དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་མང་པོ་གསར་སྐྲུན་གནང་བའི་ཐོག་མ་དེ་ཡིན་པའི་ལོ་རྒྱུས་ལ་མི་ཕལ་ཆེར་རྒྱུས་ཆེ། ང་ཚོ་ཕོད་མདོའི་གཙང་པོའི་ཁ་ལ་འབྱོར་དུས། ཕུར་བ་ལགས་ཀྱིས། “རྭ་སྒྲེང་ཁུ་བྱུག་མཆོད་པ། །མཇལ་འདོད་ཡིད་ལ་ཡོད་ཀྱང་། །ཕོད་མདོའི་ལྕགས་ཟམ་ཕྲ་མོ། །གཤིན་རྗེའི་འཕྲང་གི་དོག་རེད། །”ཅེས་པའི་དམངས་གཞས་ཤིག་བཏང་བྱུང་། ཁོས་བཤད་ན། དམངས་གཞས་དེ་ནི་དབུས་གཙང་གི་ཕྱོགས་ཀྱི་མིའི་ངག་ལས་ཐོས་པ་ཞིག་མ་ཡིན་པར། ཆུང་ངུའི་དུས་སུ་རང་གི་ཕ་ལགས་ཀྱི་ངག་ལས་ཐོས་པ་ཡིན་ཟེར། ད་ལྟ་ལྕགས་ཟམ་དེ་སྣང་ཡུལ་དུ་མི་འདུག་ནའང་། ང་ཚོས་ཕོད་མདོའི་གཙང་འགྲམ་དུ་དེ་ལྟར་དམངས་གཞས་ཤིག་དང་འགྲོགས་ནས་ཕོད་མདོའི་ལྕགས་ཟམ་དེ་གླེང་བ་ཡིན།

དེ་ནས་སྔར་བཞིན་མདུན་ཕྱོགས་ལ་ཕྱིན་པ་ན། གཞི་ནས་རྭ་སྒྲེང་དུ་འབྱོར་བྱུང་། རྭ་སྒྲེང་ཞེས་པའི་མིང་འདི་ལ་ཟེར་སྒྲོས་སྣ་ཚོགས་ཤིག་སྣང་མོད། འཆིམས་ནམ་མཁའ་གྲགས་ཀྱིས། དང་པོ་ལྡན་མའི་ཡུལ་ཡིན་པས་ལྡན་སྐད་དུ་ར་སྒྱེང་། བོད་སྐད་དུ་ཆུ་མིག་རིང་མོ་བྱ་བ་ཡིན་སྐད་ཅེས་དགེ་བཤེས་སྟོན་པའི་རྣམ་ཐར་དུ་གསུངས་སོ། །

 

རྭ་སྒྲེང་དགོན་གྱི་མངུན་ལྗོངས། བདའ་ཚང་སྙེམས་གྲོལ་གྱིས་པར་བླངས།

ང་ཚོ་རྭ་སྒྲེང་ལ་འབྱོར་དུས། རི་རྩེའི་གཡའ་མ་སྔོ་སིལ་ལེ་ནམ་མཁའ་ནས་ནམ་མཁར་བསྙེགས་པ་མཐོང་བྱུང་། ཤུག་པའི་ནགས་ཀློང་ལྗང་ཐང་ངེ་རི་ལུང་ནས་རི་ལུང་ལ་འཁྲིགས་པ་མཐོང་བྱུང་། གསེར་ཏོག་དང་རྒྱ་ཕིབས་བྱིན་ཆགས་པའི་ཉི་འོད་ཀྱི་ཀློང་ན་ཕྲོམ་ཕྲོམ་དུ་འབར་བ་མཐོང་བྱུང་། རླངས་འཁོར་གྱིས་རྟབ་རྟབ་པོར་དྲུད་ཡོང་བའི་ང་ཚོ། སྣང་གཡེལ་ཆེ་ཞིང་རི་བྲག་ཀུན་ཀྱང་བག་ལ་ཕེབས་པའི་གནས་འདི་ནས་རེ་ཞིག་ལྷོད་འབབ་ཐུབ་པ་བྱུང་སོང་། རང་སེམས་ཀྱི་ཉོན་མོངས་ལ་རྡུལ་སྤྲུགས་རེ་བརྒྱག་ཐུབ་པ་བྱུང་སོང་།

ང་ཚོས་མོས་གུས་ཀྱི་ཆུ་མིག་རང་སེམས་ལ་སྙིལ་བཞིན། ཇོ་བོའི་ཐུགས་དམ་གྱི་གསང་འདུས་འཇམ་དཔལ་རྡོ་རྗེའི་གསེར་སྐུ་སོགས་ལ་མཇལ་ཁ་བླངས་ཤིང་། དཀོར་གཉེར་གྱི་རྟེན་བཤད་ལའང་རྣ་བ་ཡུད་ཙམ་ལ་བླགས། དུས་རབས་བཅུ་བཞི་པའི་ནང་ལ་སོག་དམག་གིས་རྭ་སྒྲེང་ལ་གཏོར་བཤིགས་ཚབས་པོ་ཆེ་བཏང་ནས། སྐུ་གསུང་ཐུགས་རྟེན་ཕལ་ཆེར་མེ་ཡི་འབྱུང་པ་ལ་བསྟིམས་སྐད། འོན་ཀྱང་། ཇོ་བོ་འཇམ་དཔལ་རྡོ་རྗེ་དང་།སྒྲོལ་མ་གསུང་འབྱོན་མ།བླ་མ་གསེར་གླིང་པའི་གདུང་ཁང་དངུལ་གདུགས་ཅན་ཆེ་ཆུང་།རྒྱ་དཔེ་འགའ།ཐུགས་དམ་གཤིན་རྗེ་གཤེད་ཀྱི་སྐུ་ཐང་བཅས་མེས་གཏན་ནས་མ་འཚིགས་པར་ལུས་ཞེས་པ་ཐོས་པས་སེམས་ཀྱི་ག་ཤེད་ཅིག་ཏུ་སྐྱོ་སྣང་གི་ཚེར་མས་དཀྲིགས་བྱུང་།

ང་ཚོ་སྐས་ཀྱི་གདང་བུ་ཞིག་བརྒྱུད་ནས་འདུ་ཁང་གི་ཐོག་ཁར་མཇལ་དུ་ཕྱིན་པ་ན། རྭ་སྒྲེང་གི་ས་བབས་དང་ཆགས་ལུགས་ཐམས་ཅད་སྙིམ་མཐིལ་གྱི་རྫས་ཤིག་དང་མཚུངས་པར་གསལ་པོར་མངོན་བྱུང་། དེ་མ་ཐག་འབྲོམ་སྟོན་པའི་རྣམ་ཐར་དུ་རི་ལུང་གི་ཆགས་དབྱིབས་དང་། ཆུ་ཡི་བཞུར་རྒྱུན། ལུང་པའི་ཕུ་མདའ། ཆུ་མིག་སྣ་ཚོགས། ཤུག་པ་གསེར་མ་དང་གཡུ་མ། ཕ་བོང་ཐང་སོགས་ལ་མནལ་ལམ་གྱིས་བརྟག་པ་དང་རྟེན་འབྲེལ་དཔྱད་པ་སྣ་ཚོགས་ཤིག་གསུངས་པ་དེ་དག་ཀྱང་དྲན་པའི་རྩིག་ལྡེབས་ལ་འཁོར་བྱུང་།

རྭ་སྒྲེང་དགོན་གྱི་ལྡེབས་རིས། རྫ་སྐྱེས་ཕུར་བས་པར་བླངས།

དེ་ནས་ང་ཚོ་རྭ་སྒྲེང་གི་ཤུག་གསེབ་བརྒྱུད་ནས་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་མཛད་ས་དང་། ཡོན་ཏན་གཞིར་གྱུར་མ་གསུངས་ས། རྗེ་རེད་མདའ་པའི་སྒྲུབ་གནས། འབྲོམ་གྱི་བླ་ཤིང་། བདུད་རྩིའི་ཆུ་མིག་རིང་མོ། འབྲོམ་གྱིས་ཇོ་བོའི་གདུང་ཚ་དང་རང་གི་ཕྱག་ཕྲེང་གཟུངས་གཞུག་ཏུ་ཕུལ་ནས་བཞེངས་པའི་མཆོད་རྟེན་བརྒྱ་རྩ་སོགས་ལ་མཇལ་ནས་མོས་གུས་ཀྱིས་མཆི་མ་འཁྲུགས་བྱུང་ལ་གདུང་སེམས་ཀྱིས་མགྲིན་པ་བརྣངས་བྱུང་།

ལྗང་ཐིང་ཐིང་གི་ཤུག་པའི་ནགས་ཚལ་འདི་ནི། དང་ཐོག་ཤུག་པ་གསེར་མ་དང་གཡུ་མ་སྟེ་སྡོང་རྐང་གཉིས་མ་གཏོགས་མེད་ནའང་། འབྲོམ་སྟོན་པའི་དབུ་ལྗོན་གཏོར་བ་ལ་བརྟེན་ནས་ཇེ་མང་ནས་ཇེ་མང་དུ་གྱུར་པ་ཡིན་སྐད། འཆིམས་ནམ་མཁའ་གྲགས་ཀྱིས། རྭ་སྒྲེང་པ་རྣམས་ཀྱིས་ཤུག་པ་མི་གཅོད་པར་ཤིན་ཏུ་རྩིས་ཆེན་བྱེད་ཅེས་ཀྱང་གསུངས་སོ། །གང་ལྟར། ལྗང་ཐིང་ཐིང་གི་ནགས་ཀློང་འདི་རུ། དམ་པ་ཇི་སྙེད་ཅིག་གི་ཞབས་རྗེས་སིམ་ཡོད་ཨང་།

རྭ་སྒྲེང་དགོན་གྱི་ལྡེབས་རིས། རྫ་སྐྱེས་ཕུར་བས་པར་བླངས།

ལྷ་ཁང་ཞིག་ཏུ་ཇོ་བོའི་རྣམ་ཐར་ཐང་ཀར་བྲིས་པ་ཞིག་དང་མཇལ། དེར་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་རྟ་ལ་ལྕག་གིས་བྲབས་ནས་ཇོ་བོ་དང་འབྲོམ་སྟོན་སོགས་ཀྱི་རྗེས་འདེད་གཏོང་བ་སོགས་ལ་མཇལ་ནས་དགའ་སྡུག་སྣ་ཚོགས་མཚོ་མོའི་རླབས་ལྟར་བྲུག་བྱུང་། སྤྱིར་བཀའ་གདམས་པའི་རྣམ་ཐར་སྣ་ཚོགས་ལ་མཇལ་དུས། ཟག་བཅས་ཀྱི་ཤ་ཕུང་དང་ལྡན་པའི་མི་ཞིག་གིས་རང་གི་མི་ཚེའི་ནང་གི་སྐྱིད་སྡུག་ལ་གདོང་ལེན་ཇི་ལྟར་བྱས་ཚུལ་དང་། ཉམས་རྟོགས་དང་ཡོན་ཏན་གྱིས་རྒྱུད་ཇི་ལྟར་སྨིན་ཚུལ་སོགས་རྩལ་དུ་བཏོན་ཡོད་པ་ལས། ནམ་མཁའ་ལ་བྱ་ལྟར་འཕུར་བ་དང་། རི་བྲག་ལ་ཐོགས་མེད་དུ་རྒྱུ་བ། རྩིག་པ་ལ་ཟང་ཐལ་དུ་བརྒལ་བ་ལྟ་བུ་ཆོས་ཉིད་འདས་པ་མང་པོ་ཞིག་མཐོང་རྒྱུ་མི་འདུག་སྙམ། དཔེར་ན། འབྲོམ་སྟོན་པས་བོད་ཀྱི་མི་བོ་ཆེ་རྣམས་འཕྲིན་དུ་སྤྲིངས་པ་ཚིགས་བཅད་བཅུ་དགུའི་བདག་ཉིད་ཅན་དེར། ཁུ་སྟོན་གྱི་མིང་མ་ཐོན་པ་ལ“ངའི་མིང་མི་འཇུག་པ་ཇི་ལྟར་ཡིན”ཞེས་སྨྲས་པ་ལ། འབྲོམ་གྱིས། “ལེགས་པའི་ཤེས་རབ་ལ་སོགས་པའི་ཞེས་པའི་སོགས་ཁོངས་ལ་འདུ་ལགས”ཞེས་བཤད་པས། ཁུ་སྟོན་གྱིས“སོགས་སྒྲའི་ཁོངས་སུ་སྡུད་དགོས་པ་དེ་ང་མ་ཡིན་ནོ། །”ཞེས་ཤིན་ཏུ་ཁྲོས་ཤིང་ཡུན་རིང་ལ་འཁོན་དུ་བཟུང་བ་ལ། དབུ་རུ་བྱང་ཕྱོགས་ཀྱི་དགེ་བཤེས་རྣམས་ཀྱིས“བོད་ཁམས་ཀུན་གྱི་གདུགས་གཅིག་པུ། ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། །”ཞེས་པའི་ཚིག་ཅིག་བསྣན་ན་འགྲིགས་པར་སྣང་ཞེས་ལབ་པ་ལྟ་བུ་སོགས་འཁུ་ལྡོག་བྱེད་པ་དང་། ཡུས་ཤགས་འདེབས་པ་ལྟ་བུ་ནི་རྣམ་ཐར་མང་པོ་ཞིག་གི་ནང་དུ་གབ་ནས་འཇོག་པ་ལས་མངོན་དུ་ཕྱུངས་ནས་འབྲི་རྒྱུ་ཞིག་མིན་པ་ལྟ་བུར་བྱེད། འདི་ནི་ང་རང་རྭ་སྒྲེང་གི་ནགས་ཀློང་ནས་ངལ་གསོས་ཏེ་ཡིད་ལ་ཤར་བའི་དྲན་ཚུལ་ཞིག་ཡིན།

ལྗང་ཐིང་ཐིང་གི་ནགས་ཀློང་འདི་ནས། ངས་རྩག་ཧྲུལ་གྱོན་པའི་རྒད་པོ་སེ་པོ་དེ་དྲན་བྱུང་། གསང་སྔགས་ཤིན་ཏུ་དར་སོ་ཆེ་སྒང་ལ། གསང་སྔགས་འཆལ་བར་སྤྱོད་མཁན་ཡང་མང་དུ་བདོ། རྒད་པོ་དེ་ནི། རྣག་སུངས་སུ་གྱུར་པའི་རྨ་ཐོག་ལ་གཙག་བུ་ཞིག་གི་ཚུལ་གྱིས་བྱོན་པས། ཁོང་ལ་དོར་བསྡོས་ཕོད་བཙུགས་ཀྱིས་ངན་དམོད་བྱེད་མཁན་ཡང་མང་དུ་ཡོད་མྱོང་སྟེ། ཁོང་རྭ་སྒྲེང་ནས་ས་རློན་དུག་ཏུ་སོང་སྟེ་གྲང་སྙུན་བཞེས་ནས་སྐུ་ཤ་སྐྲངས་པ་སོགས་ཀྱིས་རྐྱེན་བྱས་ཏེ་སྐུ་གཤེགས་པ་ལ། འབྲོམ་སྟོན་པས་གསང་སྔགས་བཀག་པའི་རྣམ་སྨིན་གྱིས་མཛེ་ནད་ཕོག་ནས་གཤེགས་པ་རེད་ཅེས་འུད་མྱོང་བ་ལྟ་བུ་རེད། དྭགས་པོ་ཟླ་འོད་གཞོན་ནུ་མིད་ལ་རས་པར་མཇལ་དུས། མིད་ལ་རས་པས་བཀའ་གདམས་པར་ཧབ་ཆ་མཛད་ནས། བྱེ་མ་བཙིར་བས་མར་ཁུ་མི་ཡོང་བ་འདྲ། བཀའ་གདམས་པ་ལ་གདམས་ངག་ཡོད་དེ་མན་ངག་མེད། བོད་ཀྱི་སྙིང་ལ་འདྲེ་ཞུགས་པས། ཇོ་བོར་གསང་སྔགས་འཆད་དུ་མ་བཅུག དེ་བཅུག་ན་ད་ལྟ་བོད་གྲུབ་ཐོབ་ཀྱིས་གང་བ་ཡོང་། བཀའ་གདམས་པ་ལ་བསྐྱེད་རིམ་ལྷ་ཕོ་རིང་པོ་རེ་དང་། རྫོགས་རིམ་སྣོད་བཅུད་འོད་གསལ་དུ་སྡུད་པ་རེ་ལས་མེད་ཅེས་སྨད་ར་བཏང་། ཚིག་དེའི་ནང་གི་བོད་ཀྱི་སྙིང་ལ་འདྲེ་ཞུགས་པ་ཞེས་པ་དེ་ཡང་འབྲོམ་སྟོན་པར་བཤད་པ་རེད། བཀའ་བརྒྱུད་པའི་མཁས་གྲུབ་ཆེན་མོ་འབྲུག་པ་པདྨ་དཀར་པོ་སོགས་ཀྱང་འབྲོམ་ལ་ཡུས་བཏོན་མྱོང་ངོ་། །

རག་མ་བྲག་ཁྲོད་ནས་མཐོང་བའི་ངས་ཆུ། རྫ་སྐྱེས་ཕུར་བས་པར་བླངས།

ཇོ་བོ་རྗེ་ལ། སྒྲོལ་མ་འབྱུང་པའི་རྒྱུད་ལས་འབྱུང་བ་བྱེའུ་ཆད་པར་བཅུག་པ་དང་འདྲ་བར་གསོད་ན་དབང་ཡོད་དང་གཏོང་ན་ཡང་དབང་ཡོད་པ་དང་། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ལས་འབྱུང་བ་ཞག་བདུན་ན་འཆི་བ་དང་། དྲང་སྲོང་ཉ་མིག་གིས་བྱས་པ་ཞག་ཉི་ཤུ་རྩ་གཅིག་ན་འཆི་བ་གསུམ་གྱི་དཔེ་ཡོད་པ་ལ། ཇོ་བོ་རྗེ་མི་བཞུགས་པའི་སྐབས་ཤིག་ལ། དགེ་བཤེས་གུང་ཐང་པ་ཟེར་བ་ཞིག་གིས་གཟིགས་པ་ལ། རྗེ་བོ་རྗེ་འཕྲལ་དུ་བྱུང་ནས་འཕྲོག་སྟེ་བལྟར་མ་བཅུག་སྐད། འོན་ཀྱང་། འབྲོམ་སྟོན་པ་ལ་དཔེ་དེ་དག་ཐམས་ཅད་གནང་ནའང་། འབྲོམ་སྟོན་པས་དཔེ་དེ་དག་འབྲོམ་སྟོན་པས་མེར་སྲེག་རྩིས་བྱས་སྐད། ཇོ་བོ་རྗེས་བྱང་ཆུབ་སེམས་དཔའི་རིགས་པ་བྱ་བ་ཡིན་གསུངས་ནས་མེར་སྲེག་ཏུ་མ་བཅུག་སྐད། འཆིམས་ནམ་མཁའ་གྲགས་ཀྱིས། དྲང་སྲོང་ཉ་མིག་གིས་བྱས་པའི་དཔེ་དེ་སྐབས་དེར་ད་དུང་རྭ་སྒྲེང་ན་ཡོད་ཟེར། ཇོ་བོ་རྗེས་འབྲོམ་སྟོན་པར་གསང་སྔགས་ཀྱི་ཟབ་ཆོས་མང་དུ་གནང་ནའང་། འབྲོམ་སྟོན་པ་མཚམས་ལན་རེར་ཉན་ཞིང་ཡོད་པ་ལྟ་བུ། མཚམས་ལན་རེར་གཉིད་ཅིང་ཡོད་པ་ལྟ་བུ་སོགས་ཉོབ་མདོག་སྣ་ཚོགས་མཛད་པ་སོགས་ལས། ཁོང་པ་སྔགས་ཀྱི་འུར་རྡོ་གཅིག་གིས་ཉེས་ལྟུང་གི་བྱ་བརྒྱ་འུར་ཆིལ་ལེར་དཀྲོགས་ནུས་པའི་གྲོལ་ལམ་ལ་དགག་བྱ་མང་བར་གཟིགས་མཁན་ཞིག་ཡིན་པ་གསལ་པོར་རྟོགས་ནུས་སྙམ།

གང་ལྟར་རྩག་ཧྲུལ་གྱོན་པའི་རྒད་པོ་སེ་པོ་དེ་ནི། མཐོ་མཐོ་འུར་འུར་གྱི་དབྱིངས་ལ་དཔྱངས་པའི་སྤྱི་ཚོགས་དེར། བྱ་རྒོད་ཀྱི་ཚུལ་གྱིས་འཕུར་བའི་རྨི་ལམ་ཡད་ཡུད་རྨི་མཁན་ཞིག་མ་ཡིན་པར། རྐང་པའི་རྟིང་པ་ས་ལ་བཙུགས་ནས་དམའ་ས་ནས་མཐོ་སར་རིམ་གྱིས་སྙིང་རུས་དང་ཧུར་སྐྱེད་བྱེད་མཁན་གྱི་སྐྱེས་བུ་དམ་པ་ཞིག་རེད།

རྩག་པའི་བུག་རལ་ལ་ལྷན་པ་བརྩེགས་པའི་རྒད་པོ་སེ་པོ་དེ་ནི། གཡའ་མ་མེར་འབུད་པ་དང་ཉི་མ་ཐག་པས་རྟོད་པ་ལ་སོགས་ངོ་མཚར་མཚར་གྱི་གཏམ་རྒྱུད་འབའ་ཞིག་ཕྱི་རབས་པའི་ཨ་མཆོག་ཏུ་ལྡུག་མཁན་ཞིག་མ་ཡིན་པར། ཤེས་རྒྱུད་ཐ་རེངས་སུ་གྱུར་པ་འདུལ་བའི་ཆུ་ཡིས་བོངས་པ་ཞིག་དང་། མི་གཞི་ཡོ་འཁྱོག་ཏུ་སོང་བ་ཆོས་ཀྱི་མགར་བས་སྲོངས་པ་ཞིག་ཏུ་འབོད་ཅེས་ཞལ་གདམས་ལྷུག་པོར་གནང་མཁན་ཞིག་རེད་ཨང་།

འཕན་ཡུལ་གྱི་མཁར་ཞིང་། རྫ་སྐྱེས་ཕུར་བས་པར་བླངས།

ང་ཚོས་རྭ་སྒྲེང་ལ་མཆོད་མཇལ་བླངས་ཚར་ཏེ་མདུན་ཐད་ཀྱི་ཡངས་ཕྱལ་ལེ་ཡོད་པའི་ཕ་བོང་ཐང་ནས་ཕྱིར་མིག་ཅིག་བསློགས་དུས། ཇོ་བོ་དང་འབྲོམ་སྟོན་པ་གཉིས་དབུ་སྔས་སྦྲེལ་ནས་ཉལ་བའི་རྣམ་པ་དང་། ཇོ་བོ་སྐུ་གཤེགས་རྗེས། འབྲོམ་སྟོན་པ་དང་བང་སྟོན་སོགས་ཅི་བྱ་གཏོད་བྲལ་དུ་གྱུར་ནས། སྦྲ་དཀར་ནག་གཉིས་ཁྱེར་ཏེ་འབྲོག་པ་སྐྱས་འདེགས་པ་ལྟར་ཐོ་རེ་ལོང་ངེ་བྱོན་པའི་རྗེས་སུ། ཇོ་བོའི་ཁྱི་གསུམ་པོ་ཡང་འབྲངས་པའི་རྣམ་པ་སོགས་ཡིད་ལ་འཁོར་བྱུང་། སྐབས་དེར། ང་ཡི་མགྲིན་པ་བརྣངས་གྲབས་དང་མིག་ཆུ་འཆོར་གྲབས་ཀྱི་སེམས་པ་འདི་སུས་ཀྱང་ཚོར་མ་བྱུང་། དེ་ལྟ་དེ་ལྟར་ང་ཚོ་རྭ་སྒྲེང་དང་གྱེས་ཏེ་སྟག་ལུང་གི་ཕྱོགས་སུ་ཆས་པ་ཡིན།


སེ་གླིང་རྒོད་ཚང་ལ་མཇལ་བ།

 

ཉི་མ་ཕྱེད་ཡོལ་དུས་སུ་སེ་གླིང་རྒོད་ཚང་ལ་འབྱོར། དགོང་མོ་དེར་ཆར་བབས་དྲགས་པ་དང་། འཕྱི་པོ་སོང་ཙང་། ཞིབ་མཇལ་བྱེད་ལོང་མ་བྱུང་བར་སྨོན་ལམ་རེ་དང་པར་རེ་བརྒྱབ་སྟེ་ངེད་ཅག་སླར་ཡང་འཕན་པོ་ཆག་ལ་བརྒྱུད་ནས་ལམ་ལ་ཆས། རྗེས་ནས་ཕྱིར་ཕ་ཡུལ་དུ་ཐོན་པའི་ཉིན་ཞིག་ཨ་མས་ཉེ་མི་གཞན་ཞིག་ལ་ཁ་བརྡ་གླེང་སྐབས༼ངེད་ཆ་ད་རེས་བྲག་དམར་སེ་གླིང་རྒོད་ཚང་ལ་མཇལ་བ་རེད་གདའ༽ཞེས་སྤྲོ་སྣང་འཁོལ་བས་བཤད་པ་ཐོས། དེ་ནས་བཟུང་ནམ་ཡིན་རུང་ངའི་སེམས་ལ་བྲག་དམར་སེ་གླིང་རྒོད་ཚང་ཞེས་པ་འཁོར་ཡོང་ལ། ཨ་མའི་སྤྲོ་སེམས་འཁོར་བོའི་ཁ་བརྡ་དེ་དང་སྣང་བརྙན་དེའང་འཁོར་ཡོང་།

རེད་དེ་སེ་གླིང་ལས་བྲག་དམར་སེ་གླིང་ཞེས་པ་རྣམ་ཐར་སོགས་ནས་མཇལ་རྒྱུ་མ་བྱུང་མོད། གང་ལྟར་གནས་འདི་ནི་སྟག་ལུང་བཀའ་རྒྱུད་པ་མང་པོས་གཏན་སྤངས་རྣལ་འབྱོར་ལ་བརྩོན་སའི་རི་ཁྲོད་ཅིག་ཡིན་འདུག་གོ། དུས་རབས་བཅུ་གཉིས་པའི་སྟོད་ལ་ཞང་སྟོན་ཁང་མོ་ཆེས་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ལ་གནས་གཞིར་ངོ་སྤྲད་པ་དང་། འདི་ཡི་བྲག་སྐྱིབས་ནས་སྟག་ལུང་ཐང་པས་ལོ་བདུན་སྒྲུབ་པ་མཛད་མཐར་སློབ་མའི་ཚོགས་བསྐྱངས་པ་བྲག་ལྷས་སུ་མི་ཤོང་བའི་ཚོད་དུ་འཕེལ་བར་བཤད་དོ།། རྣམ་ཐར་འགའ་ན་བྲག་སླེ་དང་བྲག་གླེ་ཞེས་ཀྱང་བྲིས་གནང་ཡོད་དོ།། གནམ་མ་བརྩེགས་དགུང་ན་མཐོ་བ་དེ།།  སེང་གླིང་བྲག་སྐྱ་རྡོ་རྗེའི་རྫོང་།། གནས་རང་བཞིན་འབར་ལ་བཀྲ་ཤིས་པའི།། རི་བོ་བག་ཡངས་ནགས་ཀྱིས་བརྒྱན། །སྟེང་གི་གནམ་ནི་འཁོར་ལོ་འདྲ།། འོག་གི་ས་ནི་པད་མ་འདྲ། ཤར་རི་དམའ་ཞིང་ནུབ་རི་མཐོ།། བྱང་རི་སྐྱོར་ཞིང་ལྷོ་རི་གཞོལ།། རི་སུལ་སྣ་ཚོགས་རྩི་ཤིང་རྒྱས།། པད་མ་སྟོང་ལྡན་མེ་ཏོག་བཀྲ།། བྱ་རྒྱལ་མང་པོ་འཁོར་ཞིང་ལྡིང་།།  བྱ་ཕྲན་མང་པོ་སྐད་སྙན་སྒྲོགས།། ཞེས་དང་།

རག་མ་བྱམས་ཁང་ནས་མཐོང་བའི་འཕན་པོའི་གཞུང་། རྫ་སྐྱེས་ཕུར་བས་པར་བླངས།

དཔལ་ཆེན་པོ་ཏཻ་ལོ་ཕྱིན་ཆད་ནས།། ང་བན་ཆུང་བཀྲས་དཔལ་ཡན་ཆད་དུ།།  བདེ་གཤེགས་བརྒྱུད་པ་མ་གཏོགས་པ།། ཁོང་སོ་སྐྱེའི་བར་ཆོད་མེད་དོ་གསུངས།། ཞེས་སྟག་ལུང་ཐང་པས་གནས་འདིའི་རང་བྱུང་གི་བཀོད་པ་ལ་སྦྱར་བའི་མགུར་ཡང་བཞེངས་སོ།།

སྟག་ལུང་ཐང་པ་དང་། སྟག་ལུང་སངས་རྒྱས་ཡར་བྱོན། སྟག་ལུང་ནམ་མཁའ་བཟང་པོ་སོགས་ཀྱིས་རིམ་བཞིན་རི་ཁྲོད་བཟུང་སྟེ། གནས་འདི་ནས་ངེས་མེད་ཀུན་རྟོག་གི་རྒྱུ་བ་རླུང་ལ་བསྐུར་མྱོང་བའི་རྣམ་ཐར་ནི་རབ་ཏུ་འབེལ་ལོ།། ད་ལྟ་འཕན་ཡུལ་ཕོད་མདོ་གྲོང་གི་ཁོངས་དང་། སྟག་ལུང་དགོན་དང་སྤྱི་ལེ་ལྔ་ཡས་མས་ཀྱི་གནས་སུ་བཞུགས། སྟག་ལུང་ཐང་པའི་སྒྲུབ་གནས་ཐོག་མ་དང་། རྫོང་ཆེན་པོ་དྲུག་གི་ཡ་གྱལ་སེང་གླིང་བྲག་སྐྱ་རྫོང་ནི་འདི་ཉིད་དོ།།

མཚན་གྱི་རྣམ་གྲངས་གསོལ་སྟངས་ནི་འགའ་ཙམ་མཆིས་ཏེ།  སེང་གླིང་རྒོད་ཚང་དང་། སེ་གླིང་རྒོད་ཚང་། སེ་གླེ་རྒོད་ཚང་བཅས་སོ།།

ངག་དབང་རྣམ་རྒྱལ་གྱི་སྟག་ལུང་ཆོས་འབྱུང་དུ་སེང་གླིང་དང་། སྟག་ལུང་ཆོས་རྗེ་ནམ་མཁའ་བཟང་པོའི་རྣམ་ཐར་དུ་སེ་གླེ།  ཀཿ ཐོག་པ་ཆོས་ཀྱི་རྒྱ་མཚོའི་དབུས་གཙང་ལམ་ཡིག་དུ་སེ་གླིང་རྒོད་ཚང་ཞེས་གསལ་ལོ།། དེ་དག་རེ་རེའི་འགྲེལ་ཚུལ་ནི་སྟག་ལུང་ཐང་པའི་རྣམ་ཐར་མོས་གུས་ཀྱི་སྙེ་མ་དང་། འཕན་ཡུལ་གནས་བཤད་དགེ་ལེགས་ཀུན་འབྱུང་མ་རུ་རིམ་བཞིན་གསལ་ལོ།། དཔེ་ཆ་དེ་རྣམས་དཔེ་སྐྲུན་ཁོངས་སོ་སོའི་དཔར་མ་དང་། སྐུ་དྲིན་ཆེ་བའི་ནང་བསྟན་དཔེ་ཚོགས་ཀྱི་གློག་རྡུལ་དཔེ་ཆའི་རྣམ་པར་ཡང་བཞུགས་སོ།།

འཕན་ཡུལ་གྱི་སྟོན་ལྗོངས། རྫ་སྐྱེས་ཕུར་བས་པར་བླངས།

བཙན་པོ་ནོ་མོན་ཧན་གྱིས་རྒྱལ་བ་རྒོད་ཚང་པའི་གདན་ས་སི་ལི་རྒོད་ཚང་ཞེས་པ་དང་། བཤེས་གཉེན་ཚུལ་ཁྲིམས་ཀྱིས་བསྒྲིགས་པའི་ལྷ་སའི་དགོན་ཐོ་རུ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་གདན་ས་གསེར་གླིང་རྒོད་ཚང་ཞེས་བྲིས་པ་གཉིས་ནི་ནོར་བཤད་ཡིན་པ་འདྲ་ཡང་ཁོ་ཚོད་གཅོད་མི་ཐུབ་མོད། འགོས་ལོའི་དེབ་སྔོན་དུ་རྒོད་ཚང་པས་སེང་གེ་གླིང་དང་རང་ཉོང་ཐང་གཉིས་སུ་ལོ་གཅིག་བཞུགས་པ་གསུངས་ཤིང་།  རྒོད་ཚང་རས་པའི་མཚན་གྱི་རྣམ་གྲངས་སུ་རྩེ་ལེ་རྒོད་ཚང་པ་སྣ་ཚོགས་རང་གྲོལ་ཞེས་གསལ་བ་དེ་ལ་གོ་ནོར་རེ་བྱུང་བ་ཨེ་ཡིན་སྙམ་མོ།། ཡང་གཏན་ནས་མིན་ཡང་སྲིད་དོ།།

དང་པོ་བྲག་ཕུག་གི་རྣམ་པ། བར་ལམ་སྒྲུབ་དགོན་གྱི་ངོ་བོ། སྔ་ཕྱིའི་འཕེལ་འགྲིབ་ཀྱི་བྱུང་བ། ད་ལྟ་ནང་རྟེན་གྱི་གཙོ་བོ། ཚོང་དཔོན་ནོར་བཟང་དང་འབྲེལ་བའི་གཏམ་རྒྱུད་ཀྱི་ཆ་སོགས་ནི་གནས་བཤད་དགེ་ལེགས་ཀུན་འབྱུང་མ་རུ་གསལ་ཙམ་མཆིས་སོ།། ད་དུང་རྣལ་འབྱོར་བ་མང་པོའི་དག་སྣང་གིས་འདི་རུ་གཟིགས་པ་ངོ་མཚར་ཆེ་ལ། དངོས་ཡོད་ཀྱི་ཉམས་དགའ་བའི་བཀོད་པའང་ཡིད་འོང་ཞེ་དྲག་ཅིག་ཡོད་ཅེས་ཞུའང་འདོད་དོ།། ཏལ་ཙམ་ནི་ཞུས་ཀྱང་ཞུས་སོ།།

སེ་གླིང་རྒོང་ཚང་གི་འདབ་ཞོལ། རྫ་སྐྱེས་ཕུར་བས་པར་བླངས།

 

 

ཡོང་ཁུངས། རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ།

 

 

 

བརྒྱུད་སྐུལ།

མཆན་སྤེལ།