འཕྲུལ་བློན་མཛངས་མི་བདུན་གྱི་ལོ་རྒྱུས་མདོར་བསྡུས།

འཕྲུལ་བློན་མཛངས་མི་བདུན་གྱི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ། ཐུབ་ཕུན།

 འཕྲུལ་བློན་མཛངས་མི་མི་བདུན་གྱི་ལོ་རྒྱུས་གནད་བསྡུས།

ཐུབ་བསྟན་ཕུན་ཚོགས།

 

མཛངས་བློན་དང་པོ་རུ་ལས་སྐྱེས་ཀྱི་མཛད་རྗེས་དཔེ་རིས།

རྒྱལ་པོ་སྤུ་དེ་གུང་རྒྱལ་གྱི།  །

མཛངས་བློན་ཐོག་མ་རུ་ལས་སྐྱེས།  །

སྙན་པའི་གྲགས་པས་ཁོར་ཡུག་ཁྱབ།  །

མཛད་རྗེས་སོལ་བས་གཏེར་རྡོ་བཞུས།  །

གསེར་དངུལ་ལ་སོགས་ལྕགས་རིགས་བཏོན། །

རྨོན་པ་དོར་བསྡེབས་ས་ཞིང་བསྐྱེད།  །

ཞིང་ལ་ཆུ་དྲངས་ལོ་ལེགས་རྒྱས།  །

ཆུ་བོའི་རབ་བརྒལ་ཟམ་པ་བཙུགས།  །

མགར་དང་ཤིང་བཟོ་ཞིང་ལས་འཕེལ།  །

     བློན་པོ་རུ་ལས་སྐྱེས་ནི་མཛངས་བློན་བདུན་གྱི་དང་པོ་སྟེ།   བོད་ཀྱི་རྒྱལ་པོ་དགུ་པ་སྤུ་དེ་གུང་རྒྱལ་གྱི་བློན་པོ་ཡིན། སྤྱི་ལོའི་དུས་རབས་དང་པོའི་དུས་སྨད་ཙམ་ན་བློན་པོ་འདིས་དམག་དྲངས་ཏེ་ལོ་ངམ་གྱི་སྲིད་དབང་འཕྲོག  སྤུ་དེ་གུང་རྒྱལ་སྤུ་བོའི་ཡུལ་གདན་དྲངས་ཏེ་སླར་ཡང་བོད་ཀྱི་རྒྱལ་སར་བཀོད།  བློན་པོ་འདི་ཡིས་བློ་རིག་གིས་གསར་གཏོད་མང་པོ་ཞིག་བྱས་ཡོད་པ་ནི།  ཤིང་བསྲེགས་ཏེ་སོལ་བ་བཟོས།  སོལ་བའི་མེ་ཤུགས་ལ་བརྟེན་ནས་གསེར་རྡོ་དང་།  དངུལ་རྡོ།  ཟངས་རྡོ།  ལྕགས་རྡོ་ལ་སོགས་པའི་རྡོ་རིགས་མི་འདྲ་བ་རྣམས་བཞུས་ཤིང་དེ་དག་གི་སྙིང་པོ་གསེར།     དངུལ།   ཟངས།     ལྕགས་རྣམས་བཏོན་ནས་ལྕགས་རིགས་ཀྱི་དངོས་པོ་སྔ་ལས་འབེལ་པོ་བྱུང་ཡོད་པ།  དེས་བོད་ཀྱི་ཡུལ་དུ་གསེར་དངུལ་ཟངས་ལྕགས་ཀྱི་དངོས་པོ་རྣམས་བེད་སྤྱོད་བྱ་རྒྱུའི་གྲངས་འབོར་དང་རྒྱ་ཁྱོན་ཆེས་ཆེར་ཕྱིན་ཏེ།   དངོས་རྫས་བརྗེ་ལེན་སྐབས་ཀྱི་རིན་ཐང་འཇལ་བྱེད་དང་༌།   མཛེས་བྱེད་ཀྱི་རྒྱན་ཆ།  ཉེར་མཁོའི་སྣོད་སྤྱད།     ཐོན་སྐྱེད་ལག་ཆ།     དྲག་པོའི་མཚོན་ཆ་སོགས་བོད་འབངས་ཀྱི་འཚོ་བའི་ཡོ་བྱད་རྣམས་ཡར་རྒྱས་ཕྱིན་པའི་དུས་རབས་གསར་པ་ཞིག་ཏུ་སླེབས་པ་རེད།

སྐབས་འདིར་ཞིང་ལས་ཡར་རྒྱས་བྱུང་ཡོད་པར་སྔར་གྱི་མི་སོ་སོས་ས་ཞིང་བརྐོ་སློག་བྱེད་པ་དང་།  མཛོ་གཡག་ཁེ་རྐྱང་གིས་ས་ཞིང་རྨོ་བའི་ཐབས་དེ་ལས་བརྒལ་ཏེ།   གཉའ་ཤིང་དང་ཐོང་གཤོལ་གསར་དུ་བཟོས་ཏེ་མཛོ་དོར་བསྡེབས་པ་ལ་བརྟེན་ནས་ས་ཞིང་རྨོ་བའི་སྲོལ་གཏོད་པས་སྔར་ལས་རྨོ་མགྱོགས་པ་དང་།   རྨོས་པའི་ཞིང་རྒྱ་ཆེར་བསྐྱེད་ནས་འབྲུ་རིགས་ཀྱི་ཐོན་རྫས་ལ་ཡར་སྐྱེད་ཆེན་པོ་བྱུང༌ཡོད།

སྐབས་དེར་འགྲིམས་འགྲུལ་ཡར་ཐོན་བྱུང་ཡོད་པ་ནི།  བོད་ཀྱི་ས་མཐོ་རི་གཟར་ཡར་ཀླུང་གཙང་པོ་ལ་སོགས་གཙང་པོ་རྣམས་དང་།  རྨ་ཆུ་འབྲི་ཆུ་ལ་སོགས་ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་ཡིན་ཡིན་སྟབས་རི་ཀླུངས་ལ་ཆུ་བོ་དང་ཆུ་ཕྲན་མང་པོ་གཞུར་ཞིང་ཡོད་པས་མི་རྣམས་ཡུལ་ལུང་ཕན་ཚུན་བགྲོད་འགྲོས་ཀྱི་སྐབས་སུ་ཆུ་བོ་ཐད་ཀར་བརྒལ་དཀའ་ཞིང་རི་ལུང་མང་པོ་བསྐོར་ནས་འགྲོ་དགོས་པའི་སྣང་ཚུལ་དེ་ལ་བློན་པོ་འདི་ཡིས་བློ་རིག་གི་རྩལ་ལས་ཐོན་པའི་ཆུ་ལ་ཟམ་པ་བཙུགས་པའི་སྲོལ་གཏོད།   དེ་ནས་བཟུང་བོད་ཀྱི་ཆུ་བོ་དང་ཆུ་ཕྲན་རྣམས་ལ་ཟམ་པ་མང་པོ་བཙུགས་པས་སྡེ་ཤོག་ཕན་ཚུན་དང་།  གྲོང་པ་ཕན་ཚུན་བར་ལ་བགྲོད་འགྲོས་སྟབས་བདེ་བར་བྱུང་ཡོད་དེ།

《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།    “བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང༌། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང༌། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་༌།” །ཞེས་གསུངས་སོ།   །

༡   རུ་ལས་སྐྱེས་འདི་བོད་ཀྱི་རྒྱལ་རབས་གང་གི་བློན་པོ་དང་།  སྤྱི་ལོའི་དུས་རབས་གང་གི་མི་ཡིན།

༢   མཛངས་མི་འདིའི་མཛད་རྗེས་གཙོ་བོ་གང་ཡིན།

༣    མཛངས་མིའི་འདིའི་ལོ་རྒྱུས་ཡིག་ཆ་ཁུངས་གང་ལས་བཏུས།

 

མཛངས་བློན་གཉིས་པ་ལྷ་བུ་མགོ་དཀར་གྱི་མཛད་རྗེས་དཔེ་རིས།

རྒྱལ་པོ་ཨེ་ཤོ་ལེགས་ཀྱི་སྐབས།  །

མཛངས་བློན་ལྷ་བུ་མགོ་དཀར་ཀྱིས།  །

ཞིང་འབྲོག་དཔྱ་ཁྲལ་ཞིབ་ཏུ་བཀོད།  །

ས་ཞིང་ནོར་ཕྱུགས་འབངས་ལ་དབང་།  །

འབངས་ཀྱིས་དཔྱ་ཁྲལ་དཔོན་ལ་འཇལ།  །

ཁྱིམ་གྱི་བྲན་གཡོག་འབངས་སུ་བསྒྱུར།  །

བློན་པོ་ལྷ་བུ་མགོ་དཀར་ནི།   སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཏུ་བྱུང་བའི་བོད་ཀྱི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་ཀྱི་བློན་པོ་དང་།  མཛངས་བློན་མདུན་གྱི་གཉིས་པ་ཡིན།   སྐབས་འདིར་བོད་ཀྱི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་བྱུང་ཞིང་།  རྒྱལ་པོའི་མངའ་འོག་གི་རོང་ཁུལ་གྱི་འབངས་མི་རྣམས་ཀྱིས་བདག་ཏུ་བཟུང་བའི་ས་ཞིང་ལ་【ཞིང་ལ་དོར་རྩིས་】ཞེས་པའི་འབྲུ་ཁྲལ་བསྐོས་པ་དང༌།  འབྲོག་ཁུལ་གྱི་འབངས་མི་རྣམས་ལ་ཡོད་པའི་ནོར་ཕྱུགས་ཀྱི་བཞོན་གྲངས་དང་བསྟུན་པའི་【འབྲོག་ལ་ཐུལ་རྩིས་】ཞེས་པའི་ཤེ་ཁྲལ་བསྐོས་ཡོད་པ་ནི། རྒྱལ་འབངས་འབྲེལ་བའི་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་ཆ་ཡོངས་སུ་ཚང་བ་ཞིག་དར་སྲོལ་བྱུང༌ཡོད།      དེའང་ཞིང་ལ་དོར་རྩིས་ཞེས་པ།  མཛོ་དོར་གཅིག་གིས་ཉིན་རྨོས་ཀྱི་ས་ཞིང་ལ་འབྲུ་ཁྲལ་བྲེ་ཇི་ཙམ་འཇལ་དགོས་པ་གཏན་འབེབས་བྱས་པ་དང་༌།  འབྲོག་ལ་ཐུལ་རྩིས་ཞེས་པ།  འབྲི་བཞོན་མའི་གྲངས་དང་བསྟུན་ནས་ཤེ་བབ་ཀྱི་ཁྲལ་གཏན་འབེབས་བྱས་པ་ལ་ཟེར།  ཞིང་པས་འབྲུ་ཁྲལ་འཇལ་བའི་ལྷག་མ་དང༌་།  འབྲོག་པས་ཤེ་ཁྲལ་འཇལ་བའི་ལྷག་མ་རྣམས་ཁོ་རང་ཚོ་སྒེར་ལ་དབང་བའི་ནོར་རྫས་སུ་གྱུར་པ་རེད། །སྡེ་འབངས་ལ་དཔྱལ་ཁྲལ་བསྐོས་པ་འདི་ནི་སྐབས་དེར་སྤྱི་ཚོགས་གནས་སྟངས་ཀྱི་ཁྲིམས་སྲོལ་ཡོངས་སུ་ཆགས་ཐུབ་པ་བྱུང་ཡོད་པ་དང་།   རྒྱལ་འབངས་བར་འབྲེལ་བ་བརྟན་པོར་ཆགས་ཡོད་པ།   རྒྱལ་པོའི་མངའ་ཁོངས་སུ་ཞིང་འབྲོག་གི་སོ་ནམ་དར་རྒྱས་བྱུང་ཡོད་པ་བཅས་སྤྱི་ཚོགས་ཡར་རྒྱས་བྱུང་ཡོད་པའི་རྟགས་མཚན་གལ་ཆེ་ཤོས་ཤིག་ཡིན།  །

《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།    “ ལེགས་དྲུག་ཐོག་མ་ཨི་ཤོ་ལེགས་ཅེས་བྱ། །དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། །མདའ་རུ་ཆུ་མ་རྨོ་བ་འདི་ནས་དར།”།ཞེས་གསུངས་སོ།  །

༡   ལྷ་བུ་མགོ་དཀར་འདི་བོད་ཀྱི་རྒྱལ་རབས་གང་གི་བློན་པོ་དང་།  སྤྱི་ལོའི་དུས་རབས་གང་གི་མི་ཡིན།

༢   མཛངས་མི་འདིའི་མཛད་རྗེས་གཙོ་བོ་གང་ཡིན།

༣    མཛངས་མིའི་འདིའི་ལོ་རྒྱུས་ཡིག་ཆ་ཁུངས་གང་ལས་བཏུས།

 

མཛངས་བློན་གསུམ་པ་མོང་ཁྲི་ངོར་སྣང་བཙུན་གྱི་མཛད་རྗེས་དཔེ་རིས།

རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི།  །

མཛངས་བློན་ཁྲི་ངོར་སྣང་བཙུན་ཀྱིས།  །

བྲེ་སྲང་ལེགས་བཅོས་ཚོང་ལས་དང་།  །

རོང་འབྲོག་བར་གྱི་འབྲེལ་འདྲིས་འཕེལ།  །

བློན་པོ་མོང་ཁྲི་ངོར་སྣང་བཙུན་ནི།   སྤྱི་ལོའི་དུས་རབས་དྲུག་པའི་དུས་དཀྱིལ་ཙམ་བྱུང་བའི་རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་བློན་པོ་དང་།  བོད་ཀྱི་མཛངས་བློན་གསུམ་པ་ཡིན།  ཁོང་གི་མཛད་རྗེས་གཙོ་བོ་བྲེ་དང་།  ཕུལ་དང་།  སྲང་རྣམས་ལེགས་བཅོས་བྱས་ཤིང་གཅིག་གྱུར་ཅན་གཏན་ལ་ཕབ།  མངའ་འོག་གི་སྡེ་འབངས་རྣམས་ལ་འབྲུ་ཁྲལ་དང་།  མར་ཁྲལ་རྣམས་ཀྱི་ཚད་གཞི་གཅིག་གྱུར་བྱས་པ་དང་།  ཞིང་པའི་ས་ཁུལ་ནས་ཐོན་པའི་འབྲུ་རིགས་རྣམས་བྲེ་ལ་འཇལ་དང་།   འབྲོག་པའི་ས་ཁུལ་ནས་ཐོན་པའི་མར་སོགས་སྲང་ལ་འཇལ་ནས་ཚོང་རྫས་བརྗེ་ལེན་གྱི་སྲོལ་གཏོད་པས་བོད་ཀྱི་ཚོང་རའི་དཔལ་འབྱོར་གཅིག་གྱུར་དང་དྲང་བདེན་གྱི་ལམ་དུ་བསྐྱོད་པའི་འགོ་ཚུགས།   །

《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།    “འདི་དུས་ཁྲི་དོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། །དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། །དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས།” །ཞེས་གསུངས་སོ།   །

༡༽  མོང་ཁྲི་ངོར་སྣང་བཙུན་འདི་བོད་ཀྱི་རྒྱལ་རབས་གང་གི་བློན་པོ་དང་།  སྤྱི་ལོའི་དུས་རབས་གང་གི་མི་ཡིན།

༢ ༽  མཛངས་མི་འདིའི་མཛད་རྗེས་གཙོ་བོ་གང་ཡིན།

༣ ༽   མཛངས་མིའི་འདིའི་ལོ་རྒྱུས་ཡིག་ཆ་ཁུང་གང་ལས་བཏུས།

 

མཛངས་བློན་བཞི་པ་ཐུ་མི་སམ་བྷོ་ཊའི་མཛད་རྗེས་དཔེ་རིས།

རྒྱལ་པོ་སྲོང་བཙན་སྒམ་པོ་ཡི།  །

མཛངས་བློན་བཞི་པ་སམ་བྷོ་ཊ།  །

རྒྱ་གར་ཕེབས་ཤིང་རྒྱ་སྐད་སྦྱངས།  །

དམ་ཆོས་ཐོག་མར་བོད་སྐད་བསྒྱུར།  །

བོད་ཀྱི་བརྡ་སྤྲོད་གསར་དུ་བརྩམས།   །

བློན་པོ་ཐུ་མི་སམ་བྷོ་ཊ་ནི།  སྤྱི་ལོ་༦༡༨པ་ས་སྟག་ལོར་བོད་ཡུལ་གཡོར་པོ་ཡུལ་དགུའི་ནང་ཚན་གཉལ་གྱི་གྲོང་དུ་བློན་ཆེན་པོ་ཐུ་མི་ཨ་ནུའི་སྲས་སུ་འཁྲུངས།  བོད་ཀྱི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་བློན་པོ་དང་།  མཛངས་བློན་བཞི་པ་ཡིན།   ཁོང་གི་ཐུན་མིན་གྱི་མཛད་རྗེས་གཙོ་བོ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ཐོག་མར་བརྩམས་དང་།  རྒྱ་གར་གྱི་ནང་ཆོས་རིག་གཞུང་ཐོག་མར་བོད་སྐད་དུ་བསྒྱུར་བ་དེ་ཡིན། སྤྱི་ལོ་༦༣༩ལོར་ཙམ་ན་རྒྱ་གར་ནས་ཕྱིར་བོད་དུ་འབྱོར་པ་དང་ལྷ་སའི་སྐུ་མཁར་མ་རུ་ཞེས་བྱ་བ་ད་ལྟའི་ཕ་བོང་ཁ་འདིར་བཞུགས་གནས་བཅས་ཏེ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ལ་སོགས་པ་རྒྱ་གཞུང་རྣམས་བོད་ཡིག་ཏུ་བསྒྱུར་པ་དང༌།  བོད་ཀྱི་རྒྱལ་པོ་དང༌་།  བློན་ཆེན་འགའ་ཞིག་ལ་ལེགས་སྦྱར་གྱི་སྐད་ཡིག་སློབ་ཁྲིད་གནང་བར་གསལ།  དེ་ནི་བོད་ཀྱི་བརྡ་སྤྲོད་རིག་པ་བརྩམས་པའི་སྔོན་འགྲོའི་མཐུན་རྐྱེན་དང་། བོད་འདིར་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་རྣམས་དར་བའི་འགོ་ཚུགས། །ཐུ་མི་སམ་བྷོ་ཊ་བོད་ཡིག་གསར་གཏོད་བྱེད་མཁན་ཡིན་མིན་སྐོར་ལ་བན་བོན་གྱི་ཡིག་ཆ་རྣམས་མི་མཐུན་པ་དང་།   《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་ཀྱང་མཛངས་བློན་བཞི་པའི་མཛད་རྗེས་ནང་དུ།  “ཐུ་མིས་བོད་ཡིག་ཐོག་མ་མཛད་པའི་ཕྱིར། །བོད་ཕྲུག་མཛངས་མི་བདུན་གྱི་བཞི་པར་གྲགས།” ཞེས་པ་ཙམ་ལས་མཛངས་བློན་གཞན་རྣམས་ཀྱི་མཛད་རྗེས་ལྟར་ཧ་ཅང་གསལ་བཤད་དང་རྒྱས་བཤད་ཀྱང་གནང་མི་འདུག   །དེས་ནས་རྩོད་གཞི་ཅན་གྱི་མཛད་རྗེས་དེ་རེ་ཞིག་དཔྱད་ཡུལ་དུ་བཞག་ཅིང་། སྐབས་འདིར་ཁོང་གི་མཛད་རྗེས་གཙོ་བོ་ལོ་རྒྱུས་ཡོངས་གྲགས་ལྟར་བོད་ཀྱི་བརྡ་སྤྲོད་གསར་བཟོ་དང་།   ནང་ཆོས་ཐོག་མར་བོད་སྐད་དུ་བསྒྱུར་པ་དེ་ཡིན།   །བོད་ཀྱི་བརྡ་སྤྲོད་རིག་པ་ལ་རྗེ་འདི་ཉིད་མཛད་རྗེས་ཧ་ཅང་ཆེ།    རྒྱ་ཡིག་ལ་སོགས་ཀྲུང་གོའི་མི་རིགས་སོ་སོའི་སྐད་ཡིག་རྣམས་ཀྱི་བརྡ་སྤྲོད་རིག་པ་ལ་ལོ་ངོ་ཉིས་བརྒྱ་ཉེ་བ་ཙམ་ལས་མེད་ཀྱང་།   བོད་ཡིག་བརྡ་སྤྲོད་རིག་པ་ལ་ཡོངས་གྲགས་སུ་ལོ་ངོ་གཅིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་རེད།   །

༡༽   ཐུ་མི་སམ་བྷོ་ཊ་འདི་བོད་ཀྱི་རྒྱལ་རབས་གང་གི་བློན་པོ་དང་།  སྤྱི་ལོའི་དུས་རབས་གང་གི་མི་ཡིན།

༢ ༽  མཛངས་མི་འདིའི་མཛད་རྗེས་གཙོ་བོ་གང་ཡིན།

༣ ༽   མཛངས་མིའི་འདིའི་ལོ་རྒྱུས་ཡིག་ཆ་ཁུང་གང་ལས་བཏུས།

 

མཛངས་བློན་ལྔ་པ་སྙགས་ཀྱི་ཁྲི་བཟང་ཡང་སྟོན་གྱི་མཛད་རྗེས་དཔེ་རིས།

སྙགས་ཀྱི་ཁྲི་བཟང་ཡང་སྟོན་ནི།  །

འཕྲུལ་བློན་མཛངས་མི་ལྔ་པ་སྟེ།  །

རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས།  །

དགུང་བློན་ཆེ་བཞིའི་ཡ་གྱལ་ཡིན།  །

རི་ཡི་ཁེར་དུད་ཀླུངས་སུ་ཕབ།   །

བོད་ཀྱི་གྲོང་སྡེ་གསར་དུ་བཅས།  །

ལྷ་སར་གྲོང་ཁྱེར་ཐོག་མར་ཆགས།   །

བློན་པོ་སྙགས་ཁྲི་བཟང་ཡང་སྟོན་ནི། སྤྱི་ལོའི་དུས་རབས་བདུན་པའི་སྟོད་ཙམ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཀྱི་བློན་ཆེན་ཞིག་དང་།   འཕྲུལ་བློན་མཛངས་མི་བདུན་གྱི་ལྔ་པ་ཡིན། ཁོང་གི་མཛད་རྗེས་གཙོ་བོ་ལྷ་ས་གཙོས་པའི་བོད་ཀྱི་ཀླུངས་གཤིས་རྣམས་སུ་གྲོང་དང་གྲོང་ཁྱེར་གསར་དུ་འཛུགས་སྐྲུན་བྱས་པ་རེད།   དུས་དེར་བོད་ཀྱི་རི་ལུང་ཁག་ཏུ་འཚོ་སྡོད་བྱས་པའི་མི་ཚང་རྣམས་ལྷན་ཏུ་བསྡུས་ཤིང་།  ས་ཕྱོགས་གཅིག་ཏུ་འཚོགས་ཏེ་ཀླུངས་ཐང་དུ་ཁང་པ་བརྩིགས།   གྲོང་དང་གྲོང་ཁྱེར་གྱི་རྣམ་པ་གསར་དུ་བཙུགས་པ་རེད།  །

ཐུ་མི་སམ་བྷོ་ཊ་དང་སྙགས་ཁྲི་བཟང་ཡང་སྟོན་གཉིས་ཀ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ཡིན་པ་མ་ཟད་དེ་གཉིས་ཀ་མེད་ཐབས་མེད་པའི་བློན་བཞིའི་ཡ་གྱལ་རེ་ཡིན་པ་འདྲ་ནའང་།   ཐུ་མི་སམ་བྷོ་ཊ་མཛངས་མི་བཞི་པ་དང་།   བློན་ཆེན་འདི་མཛངས་མི་ལྔ་པ་བཞག་དགོས་པའི་རྒྱུ་མཚན་གང་ཞེ་ན།   སྤྱི་ལོ་༦༢༩ལོར་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱལ་སྲིད་བཟུང་།  སྤྱི་ལོ་༦༣༠ལོ་ཙམ་ན་རྒྱལ་ས་ལྷ་སར་སྤོས།  དེ་ནས་སྤྱི་ལོ་༦༤༠ལོའི་བར་ཙམ་བོད་བཙན་པོའི་མངའ་ཐང་རྒྱ་བསྐྱེད་པའི་སྐབས་ཡིན་པ་དང་།  སྤྱི་ལོ་༦༤༠ལོ་ནས་སྤྱི་ལོ་༦༥༠ལོའི་བར་རྒྱལ་པོ་སྲོང་བཙན་སྒམ་པོའི་མངའ་ཐང་དར་ཞིང་རྒྱས་པའི་སྒང་ཡིན། །ཐུ་མི་སམ་བྷོ་ཊས་བརྡ་སྤྲོད་རིག་པ་རྩོམ་པའི་སྐབས་སུ་སྤྱི་ལོ་༦༣༩ལོ་ཡས་མས་ཙམ་ན་ཡིན་སྟབས་སྐབས་འདི་བོད་བཙན་པོའི་རྒྱལ་ཁམས་གཅིག་གྱུར་བྱེད་བཞིན་པའི་སྐབས་ཡིན་པ་དང་།   དེའི་ཕྱི་ལོ་ཙམ་ན་ཞང་ཞུང་ལ་སོགས་བོད་ཁམས་ཡོངས་རྫོགས་བོད་བཙན་པོའི་མངའ་ཁོངས་སུ་བསྡུས་ཤིང་།  སྤྱི་ལོ་༦༤༡པའི་ལྕགས་གླང་ལོར་བོད་ཁམས་དབང་སྒྱུར་བྱེད་པའི་ཐབས་སུ་ཁྲིམས་ཡིག་དོན་ཚན་སོ་དྲུག་གཏན་འབེབས་གནང་།  བོད་བཙན་པོའི་མངའ་ཐང་ཡོངས་སུ་དར་བའི་སྐབས་སུ་བློན་པོ་འདིས་བོད་ཀྱི་རི་ལུང་གི་ཁེར་དུད་རྣམས་ཕོ་བྲང་པོ་ཏཱ་ལའི་ཉེ་སྐོར་དུ་བསྡུས་ནས་གྲོང་ཁྱེར་བཅས་པ་ནི་ཐུ་མིས་བརྡ་སྤྲོད་རིག་པ་བརྩམས་པའི་རྗེས་ཀྱི་བྱ་ཡིན་པས་ན་གོ་རིམ་ཡང་དེ་ལྟར་བཞག་པ་སྨོས་མ་དགོས་པ་རེད།   །རྒྱལ་པོ་མེས་ཨོག་ཚོམ་གྱི་སྐབས་སུ་ཡང་སྙགས་ཁྲི་བཟང་ཡང་སྟོན་ཟེར་བ་ཞིག་ཡོད་འདུག་པས་དེ་གཉིས་ལ་འབྲེལ་བ་གང་ཡོད་དཔྱད་འོས་པ་ཞིག་རེད།  །

《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།      “མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ།       །སྤོ་མཐོ་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས།  །འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད།  །དེའི་ཕྱིར་བོད་ཀྱི་མཛངས་མི་ལྔ་པ་ཡིན།”  ཞེས་གསལ་བར་ལྟར།  གནའ་བོའི་དུས་སུ་བོད་ཀྱི་ཡུལ་འདིར་དགྲ་ཇག་གི་གཙེས་པ་མང་པའི་རྐྱེན་གྱིས་མི་ཚང་རྣམས་རི་སྒང་དང་།  བྲག་ཁྲོད། ལ་རྩེ་རྣམས་སུ་བཙན་ས་བཟུང་ནས་གནས་གཞི་བཅས་པ་ཤ་སྟག་ཡིན་འདུག     །རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་བཙན་པོའི་སྟོབས་ཤུགས་ཧ་ཅང་ཆེ་སྟབས།   སྡེ་འབངས་རྣམས་ཀླུངས་སུ་བབས་ཏེགྲོང་དང་གྲོང་ཁྱེར་གྱི་གནས་གཞི་གསར་དུ་བཅས་པ་ནི་སྐབས་དེར་དགྲ་རྐུན་ཇག་གསུམ་གྱི་མགོ་ནོན་ཞིང་།   སྤྱི་ཚོགས་གཏན་ལྷིང་དང་བདེ་འཇགས་སུ་ཆགས་ཡོད་པའི་ལོ་རྒྱུས་ཤིག་རེད།   །

༡༽   སྙགས་ཁྲི་བཟང་ཡང་སྟོན་འདི་བོད་ཀྱི་རྒྱལ་རབས་གང་གི་བློན་པོ་དང་།  སྤྱི་ལོའི་དུས་རབས་གང་གི་མི་ཡིན།

༢ ༽  མཛངས་མི་འདིའི་མཛད་རྗེས་གཙོ་བོ་གང་ཡིན།

༣ ༽   མཛངས་མིའི་འདིའི་ལོ་རྒྱུས་ཡིག་ཆ་ཁུང་གང་ལས་བཏུས།

 

མཛངས་བློན་དྲུག་པ་མགོས་ཁྲི་བཟང་ཡབ་ལྷག་གི་མཛད་རྗེས་དཔེ་རིས།

ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་སྐབས།   །

མགོས་ཀྱི་བློན་པོ་ཁྲི་བཟང་གིས།   །

རྨས་པར་ཁྲག་གསོས་བསད་པར་སྟོང་།  །

བྱང་ཟས་སྦྲུལ་མགོ་སྨིན་ནག་ཅེས།   །

སྟོང་མཇལ་ཞལ་ལྕེ་རྣམ་གསུམ་དང་།  །

བྱེ་བྲལ་གཉེན་གྱི་ཞལ་ལྕེ་ལ།   །

ཐེན་བྱང་མཆུ་སྨྱུང་གཉིས་སུ་བཅས།  །

གྱོད་དང་ཁ་མཆུའི་མདུན་མ་ལ།   །

ཟང་ཡག་རྐེད་ཁྲེ་ཁ་དམར་གསུམ།  །

ཉེས་སྐྱོན་སྤྱི་རྒྱུག་རྒྱ་བྱང་བཅས།  །

དམངས་ཁྲིམས་བྱང་བུར་ཆ་དགུ་བཅས།  །

གངས་ཅན་བོད་ལ་འབངས་ཁྲིམས་ཆགས།  །

བློན་པོ་མགོས་ཁྲི་བཟང་ཡབ་ལྷག་ནི།   སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་ན་བྱུང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་བློན་པོ་དང་།  མཛངས་བློན་དྲུག་པ་ཡིན།   ཁོང་གི་མཛད་རྗེས་གཙོ་བོ་ནི།  དམངས་ཁྲིམས་བྱང་བུར་ཆ་དགུ་གཏན་ལ་ཕབས།  བསད་པ་སྟོང་གི་ཞལ་ལྕེ་དང་།  རྨས་པ་ཁྲག་གི་ཞལ་ལྕེ་སོགས་གསར་དུ་བསྒྲགས་པ་དེ་ཡིན།

དེའང་དུས་སྐབས་འདིར་བོད་ཀྱི་སྡེ་དམངས་ཕན་ཚུན་འཁྲུགས་རྩོད་དང་།  ཤི་རྨས་མང་པོ་བྱུང་བ་དང་།   དཔོན་འབངས་བར་ལའང་དེ་བཞིན་འཁྲུགས་རྩོད་བརྒྱུད་ནས་ཤི་རྨས་རྒྱུན་མ་ཆད་པར་བྱུང་ཡོད་པ་དཔེར་ན།   རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་འབྲིང་བ་མུ་ཏིག་བཙན་པོས་ཞང་སྣ་ནམ་པའི་སྲས་དབུ་རུ་རིང་པོ་བསད་པ་ལ།    བློན་ཆེན་པོ་མགོས་རྒན་གྱིས་ཁོང་གི་རིག་རྩལ་ལ་བརྟེན་ནས་དགའ་གསུམ་ཞེས་པའི་ཁྲིམས་ཆད་གནང་བ་ལྟ་བུ་རེད།    རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་ལ་རྒྱལ་འབངས་གོང་འོག་ཐམས་ཅད་ཀྱིས་བཀའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་སྲོལ་བཟང་ཞིག་ཆགས་ཡོད་སྟབས།  བློན་ཆེན་པོ་མགོས་རྒན་གྱིས་སྲས་མགོས་ཁྲི་བཟང་ཡབ་ལྷག་གིས་རང་གི་ཡབ་ཀྱིས་དགོངས་པ་དང་།  ཡུལ་དུས་ཀྱི་དགོས་མཁོ་བཅས་ལ་གཞིར་བཟུང་ནས་བསད་པ་དང་།  རྨས་པ་ལ་སྟོང་མཇལ་བའི་ཁྲིམས་བྱང་བུར་ཆ་དགུ་ཞེས་པ་གཏན་འབེབས་བྱས་པ་དེས་བོད་ཀྱི་སྤྱི་ཚོགས་བདེ་འཇགས་དང་མཐུན་ལམ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།    །

《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།    “མགོས་ཀྱི་བློན་ཆེན་ཁྲི་བཟང་ཡབ་ལྷག་གིས། །མཛངས་པའི་ལས་སུ་གསོས་ཐང་སྟོང་ཐང་བཅད། །ཕྱི་རབས་བློན་པོ་གཡར་ཁྲལ་ཆུང་བར་བྱས། །ཞེས་གསུངས་སོ།   །

དེའི་ཚེ་བློན་ཆེན་མགོས་རྒན་གྱི་སྲས་མགོས་ཁྲི་བཟང་ཡབ་ལྷག་གིས་སྔར་ཞལ་ཅེ་དང་གསོས་ཐང་སྟོང་ཐང་ཁྲིགས་སུ་བཅད་པ་ལ་ཁྲིགས་སུ་བཅད་ནས་བྱང་བུ་ཆ་དགུར་བཅོས་ཏེ།   མི་སྟོང་སོགས་ཀྱི་ཞལ་ཅེའི་དུས་ཤགས་ཀྱི་མགོ་རྒྱངས་ལ་ཡིག་ཚངས་སྟོང་ཐང་བདེན་ཡུས་དང་བཅས་བྲིས་ཏེ་བླའི་གྲར་སྲིད་པ་ལ་༡ བྱང་ཟས་ཟེར། དེའི་ལན་གྱི་བྱང་བུ་ལ་༢ སྦྲུལ་མགོ།   ཡང་ལོན་ལ་༣ སྨིག་ནག་ཟེར་སྟེ་དེ་གསུམ་གསོས་དང་སྟོང་གི་བྱང་བུའོ། །

གཉེན་བྱེ་བྲལ་གྱི་ཞལ་ཅེའི་དུས་གཉེན་སྡེབས་དང་དགྲ་སྡེབས་ཇི་ལྟར་བྱུང་བའི་མགོ་རྒྱངས་དང་བཅས་ཐོག་མར་བསྲིངས་པ་ལ་༤ ཐེན་བྱང་ཟེར། སྨྱོན་ཐོལ་དཀར་མིའི་ཞལ་ཅེའི་དུས་བསྲིངས་པ་ལ་བྱང་བུ་ལ་༥ མཆུ་སྨྱུང་ཟེར་ཏེ་སྤྱིར་བློ་ཡུས་ཀྱི་བྱང་བུ་ལྔའོ། །

བློ་ཡུས་ཀྱི་ཤགས་དང་སྦྱར་ནས་དྲང་པོར་གཅོད་པ་ལ་

༦ ཟང་ཡག་ཟེར། ཡོན་པོར་གཅོད་པ་ལ་༧ རྐེད་ཁྲེ་ཟེར། བདེན་རྫུན་གྱི་ཁ་དམར་འདོགས་པ་ལ་བྱང་བུ་༨ ཁ་དམར་ཟེར་ཏེ་ཞལ་ཅེའི་བྱང་བུ་གསུམ་མོ། །ཉེས་པའི་སྐྱོན་ཐམས་ཅད་བཟང་པོའི་རྒྱས་བཏབ་ནས་བྱང་བར་བྱེད་པ་ལ་༩ རྒྱ་བྱང་ཟེར་སྟེ་སྤྱིར་རྒྱུག་པའི་བྱང་བུའོ། །

དེ་ཡང་དགུང་བློན་ཆེན་པོ་ནི་འགྲན་གྱི་ཟླ་མེད་དེ་བསད་ན་སྟོང་ཐང་ཁྲི་ཆིག་སྟོང༌།       དགུང་བློན་འབྲིང་པོ་དང་ནང་བློན་ཆེན་པོ་གཉིས་མཉམ་སྟེ་ཁྲི།         དགུང་བློན་ཆུང་ངུ་ནང་བློན་འབྲིང་པོ་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་མཉམ་སྟེ་དགུ་སྟོང༌།        ནང་བློན་ཐ་ཆུང་དང་བཀའ་ཡོ་གལ་འཆོས་པ་འབྲིང་མཉམ་སྟེ་བརྒྱད་སྟོང༌། བཀའ་བློན་ཆུང་ངུ་ལ་བདུན་སྟོང་ངོ་།  དེ་བཞིན་དུ་འབངས་ཡང་ཐའི་བར་དུ་རིམ་པས་བཅད་དེ་ཁྲིམས་ཡིག་དུ་བཀོད་པས་བློན་པོ་ཕྱི་མ་རྣམས་ལ་ཤིན་ཏུ་དྲིན་ཆེ་བས་བོད་ཕྲུག་མཛངས་པའི་མི་བདུན་གྱི་དྲུག་པར་འདྲེན་ནོ།” །   ཞེས་གསུངས་སོ།   །

༡༽   མགོས་ཁྲི་བཟང་ཡབ་ལྷག་འདི་བོད་ཀྱི་རྒྱལ་རབས་གང་གི་བློན་པོ་དང་།  སྤྱི་ལོའི་དུས་རབས་གང་གི་མི་ཡིན།

༢ ༽  མཛངས་མི་འདིའི་མཛད་རྗེས་གཙོ་བོ་གང་ཡིན།

༣ ༽   མཛངས་མིའི་འདིའི་ལོ་རྒྱུས་ཡིག་ཆ་ཁུང་གང་ལས་བཏུས།

 

མཛངས་མི་བདུན་པ་གཉེར་སྟག་བཙན་གདོང་གཟིགས་ཀྱི་མཛད་རྗེས་དཔེ་རིས།

རྒྱལ་པོ་མུ་ནེ་བཙན་པོ་སྐབས།   །

བོད་ཁམས་ཡོངས་ཀྱི་འབངས་མི་རྣམས།  །

དབུལ་ཕྱུག་སྙོམས་པའི་ཐབས་ཇུས་མཛད།  །

འཕྲུལ་བློན་སྟག་བཙན་གདོང་གཟིགས་ཀྱིས།  །

རོང་དང་གྲོང་གི་འབངས་ཁྱིམ་རྣམས།   །

སྒོ་ཕྱུགས་གསོ་བའི་ལས་གཞི་བགོས།  །

དགུན་གྱི་གཟན་རྩྭ་དབྱར་དུས་བསྒྲུབས།  །

དབྱར་གྱི་རྩྭ་སྔོན་མཛོད་དུ་བསྐམས།  །

བློན་པོ་གཉེར་སྟག་བཙན་གདོང་གཟིགས་ནི།  རྒྱལ་སྲས་མུ་ནེ་བཙན་པོས་བོད་ཁམས་དབུལ་ཕྱུག་ཐེགས་གསུམ་སྙོམས་པའི་ཐབས་ཇུས་མཛད་པའི་སྐབས་ཀྱི་བློན་པོ་དང་།  འཕྲུལ་བློན་མཛངས་མི་བདུན་པ་ཡིན།    ཁོང་གི་མཛད་རྗེས་གཙོ་བོ་ནི།   གྲོང་གི་འབངས་མི་དབུལ་པོ་རྣམས་ལ་རྟ་རེ།  མཛོ་མོ་རེ།  བ་རེ།  གླང་རེ་གནང་སྟེ་གསོ་ཚགས་བྱ་དགོས་པའི་ལས་འགན་བསྐོས།   གྲོང་སྡེའི་སྒོ་ཕྱུགས་རྣམས་ཀྱི་དགུན་གྱི་གཟན་རྩྭ་ཆེད་དུ་དབྱར་དུས་རྩྭ་སྔོ་འཐུ་ཞིང་བསྐམས་གསེད་བྱས་པ་དེ་དག་རྩྭ་མཛོད་དུ་ཉར་ཚགས་བྱའི་སྲོལ་གཏོད།  །

《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།    “སྟག་བཙན་གདོང་གཟིགས་བློན་པོ་གཉེར་གྱི་བུས། །མཛངས་པའི་ལས་སུ་དབྱར་རྩ་དགུན་དུ་བསྐམས། །མཛངས་མི་བདུན་ལས་ཐ་མ་ཞེས་སུ་གྲགས། །ཞེས་གསུངས་སོ།  །

 

༡༽   གཉེར་སྟག་བཙན་གདོང་གཟིག་འདི་བོད་ཀྱི་རྒྱལ་རབས་གང་གི་བློན་པོ་དང་།  སྤྱི་ལོའི་དུས་རབས་གང་གི་མི་ཡིན།

༢ ༽  མཛངས་མི་འདིའི་མཛད་རྗེས་གཙོ་བོ་གང་ཡིན།

༣ ༽   མཛངས་མིའི་འདིའི་ལོ་རྒྱུས་ཡིག་ཆ་ཁུང་གང་ལས་བཏུས།

 

ཞེས་པ་བོད་ལ་མཛད་རྗེས་ཆེ་བའི་མི་སྣ་གང་ཞིག་ཆོས་ལུགས་དང་འབྲེལ་བ་མེད་པའི་ཚན་རིག་མཁས་པ་རྣམས་ཀྱི་ལོ་རྒྱུས་གནད་བསྡུས་མུ་འབྲེལ་ངོ་སྤྲོད་འདི་ནི་རྒྱལ་ཁམས་ཐུབ་བསྟན་ཕུན་ཚོགས་དེས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ཏུ་བྲིས་སོ། །

 

བརྒྱུད་སྐུལ།

མཆན་སྤེལ།