འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་བཞུགས་སོ།།

འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་བཞུགས་སོ།།
ཞིང་བཅུའི་སྲོག་དབུགས་ལེན་ཕྱིར་མདའ་གཞུ་འཛིན། ། གཉིས་སྣང་བག་ཆགས་གསོད་ཕྱིར་ཤ་ཁྱི་འཁྲིད། ། བྱམས་དང་སྙིང་རྗེ་བཟོད་པའི་ཕུབ་ཆེན་འཁྱེར། ། འབྲུག་པ་ཀུན་ལེགས་ཞབས་ལ་གསོལ་བ་འདེབས། །
དེ་ཡང་འབྲུག་པ་ཀུན་ལེགས་སམ་འབྲུག་སྨྱོན་ཞེས་མཚན་གྱི་སྙན་པ་གང་སར་ཁྱབ་པ་གང་ཉིད་ནི་ཡབ་ནང་སོ་རིན་ཆེན་བཟང་པོ་དང་ཡུམ་དཔོན་མོ་མགོན་མོ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བརྒྱད་པའི་ཤིང་མོ་ཕག་སྤྱི་ལོ་༡༤༥༥ལོར་གཙང་སྐྱིད་ཤོད་དུ་སྐུ་བལྟམས།མཚན་ལ་ཚེ་དབང་རྒྱལ་པོར་གསོལ། གཞོན་ནུའི་དུས་ནས་སྦྱོར་ཀློག་སོགས་ལེགས་པར་སྦྱངས།ཁོང་དགུང་གྲངས་བཅུ་གསུམ་ལ་ཕེབས་སྐབས་ཡབ་སྐུ་གཤེགས་པ་དང་མི་རིང་བར་ཡུམ་ཡང་དགོངས་པ་རྫོགས་པས་ཁོང་དྭ་ཕྲུག་ཏུ་ལུས་ནས་ཨ་ནེའི་ཁྱོ་བོ་གསོལ་ཇ་བ་བཟང་པོ་ཞེས་པས་རོགས་རམ་བྱས་ནས་སྡེ་པ་རིན་སྤུངས་པ་མི་དབང་ཀུན་ཏུ་བཟང་པོའི་ཕྱག་ཕྱིར་ལོ་ངོ་དྲུག་ཙམ་བཞུགས། དེ་རྗེས་དབུས་སུ་ཕེབས་སྐབས་རིན་སྤུངས་ཀུན་བཟང་བས་ཁོང་ལ་གནང་བའི་སྤོས་ཤེལ་གྱི་ཕྲེང་བ་དང་རྣ་གཡུ་ལེགས་པོ་ཞིག་ཡོད་པ་དེ་སྲིང་མོ་རྒན་པར་གནང་།

རྟ་ངང་པ་ལེགས་པོ་ཞིག་ཡོད་པ་དེ་གསོལ་ཇ་བ་བཟང་པོ་ལ་བྱིན་ནས་གནས་ངེས་མེད་དུ་ཕེབས་འགོ་བཙུགས། སྐབས་དེར་འབྲུག་ར་ལུང་དུ་ཕ་ངག་དབང་ཆོས་རྒྱལ་ཞུ་བ་དང་མཇལ་ཏེ་རྒྱུད་བརྟག་གཉིས་གསན་སྦྱོང་མཛད་པའི་སྐབས་རྟོགས་ལྡན་ཆེན་པོ་ལྷ་བཙུན་པ་ར་ལུང་དུ་ཕེབས་པ་དང་མཇལ་ནས་ཁོང་གི་དྲུང་ནས་ཟབ་ཆོས་མང་ཙམ་ཞུས། དེ་རྗེས་གཙང་རོང་བྲག་དཀར་ཆོས་སྡིངས་སུ་ཕེབས་ནས་དགེ་སློང་བསོད་ནམས་མཆོག་ལྡན་གྱི་དྲུང་དུ་ཕྱག་ཆེན་དང་རོ་སྙོམས་ཀྱི་ཁྲིད་ཆ་ཚང་ཞུས་ནས་ཟླ་བ་དྲུག་ཙམ་བཞུགས། བླ་མ་བསོད་ནམས་བཟང་པོ་ནས་གསང་སྔགས་རྙིང་མའི་ཆོས་སྐོར་འགའ་ཞིག་ཞུས་ཏེ་ཚུར་གནས་རྙིང་དུ་བྱོན། གནསརྙིང་ཆོས་རྗེའི་མདུན་དུ་དགེ་ཚུལ་གྱི་སྡོམ་པ་ཞུས། མཚན་ལ་ཀུན་དགའ་ལེགས་པའི་དཔལ་འབྱོར་བཟང་པོ་ཞེས་བསྩལ། ཞྭ་ལུ་རྗེ་མཁྱེན་རབ་ཀྱི་མདུན་ནས་སྙེན་པར་རྫོགས། མཁན་སློབ་དེ་གཉིས་ཀྱི་སྤྱན་ཀྱི་སྤྱན་སྔར་འདུལ་བ་དང་ཕར་ཕྱིན་དགྱེས་རྡོར་སོགས་མདོ་སྔགས་ཀྱི་གཞུང་མང་དུ་གསན། དེ་རྗེས་ཀོང་ཡུལ་དུ་བྱོན་ནས་ཀརྨ་པ་སྐྱེ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་ཞབས་དྲུང་དུ་གསང་སྔགས་ཟབ་མོའི་སྙིང་བཅུད་ཚེ་གཅིག་སངས་རྒྱས་འགྲུབ་པའི་མྱུར་ལམ་ཟབ་མོ་ནང་དོན་དང་རླུང་སེམས་དབྱེར་མེད་སྐོར་གྱི་ཁྲིད་རྒྱས་པ་གསན་ཅིང་ཉམས་ལེན་ཡང་རྟགས་ཐོན་པར་མཛད་པ་མ་ཟད། སྟག་ལུང་པ་དང་རྟོགས་ལྡན་ལྷ་བཙུན་པ་བསོད་ནམས་བཟང་པོ། གྲམ་པ་དཀའ་བཅུ་པ་སོགས་མཁས་གྲུབ་མང་དུ་བསྟེན་ནས་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་མཐའ་དག་ལ་མཁས་པའི་མཐར་སོན། ཆོས་དང་འཇིག་བརྟེན་གང་ཐད་ནས་གཞན་དྲིང་མི་འཚོག་པའི་སྤོབས་པ་རྒྱུད་ལ་བསྐྱེད། མོན་ཡུལ་མོན་སྲིབ་ལྷ་ཁང་བཏབ་སྟེ་མོན་པའི་གྲྭ་བཙུན་སུམ་ཅུ་སྐོར་བསྡུས་ཁོངས་ཀྱི་སྤུན་གཅེན་གཅུང་གསུམ་ཡོད་པ་ཡང་ཕྱོགས་སོས་སོར་ཐོར་བས་སྐྱོ་བ་ཚད་མེད་འཁྲུངས། ཁྱིམ་གཞིས་འཛིན་རྒྱུའི་དགོངས་པ་རྩ་བ་ནས་ཡལ། ཁོང་གི་རང་རྣམ་དུ། ཕ་རིན་ཆེན་བཟང་པ་ད་ནི་འདས་སོང་། མ་རྒན་མགོན་མོ་སྐྱིད་དེ་ཡང་འདས། ཀུན་ལེགས་ཕ་བུ་གནམ་ས་ལུང་ཀྱོག་ལ་ཡོང་བའི་ཁོ་ཐག་དེ་ཆད་སོང་། རྒྱལ་ཁམས་གང་ལ་འགྲོ་རུང་བར་ཆད་ལས་སྲུང་ཤིག འབྲུག་པའི་ཆོས་སྐྱོང་ཞེས་གསུངས་ཏེ་ལྷོ་མོན་དང་། མངའ་རིས།དྭགས་ཀོང་སོགས་དང་། གཞན་ཡང་དགོན་སྡེ་དང་དབེན་པའི་རི་ཁྲོད་སོགས་གནས་ངེས་མེད་དུ་བྱོན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་ཁོ་ན་མཛད། སྐུ་ཆས་ཀྱང་སྐྱ་ཆས་དང་བན་ཆས། རྔོན་ཆས་དང་སྤྲང་ཆས། ཕོ་ཆས་དང་མོ་ཆས་སོགས་གང་བྱུང་ངེས་པ་མེད་དུ་བྱོན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་ཁོ་ན་མཛད། སྐབས་དེར་མི་མ་ཆེ་བས་ཁོང་གྲུབ་ཐོབ་རེད་ཟེར་ནས་དད་པ་བྱེད། རེ་འགས་སྨྱོན་པ་རེད་ཟེར་ནས་སྨད་པར་བྱེད་ཀྱང་ཁོང་ནི་གང་ལ་ཡང་འཛེམ་པ་མེད་པའི་བྱ་བྲལ་གྱི་རྟོགས་ལྡན་ཞིག་ཡིན། ཁོང་གི་རིག་མ་ཞིག་བཞེས་པའི་མཚན་ལ་ཚེ་དབང་འཛོམས་ཟེར་ཞིང་ཁོང་ལ་སྲས་ཞིང་སྐྱོང་འབྲུག་གྲགས་འཁྲུངས། སྣེ་གདོང་དཔོན་གྱིས་ཁང་པ་དང་ས་ཞིང་ཅུང་ཟད་གནང་བར་བརྟེན་སྐབས་ཤིག་དེར་བཞུགས། འོན་ཀྱང་ཁོང་ནི་འཇིག་རྟེན་ཕལ་པ་ལྟར་སྡོད་ས་གཅིག་ཏུ་བསྡད་ནས་ལྟོ་གོས་འཛོམས་པ་ཙམ་གྱི་བློ་ཚིམས་པ་ཞིག་མིན་པར་ཡུལ་ཀུན་ཏུ་བྱོན་ཏེ་ཆོས་དང་འཇིག་རྟེན་ཀུན་ལ་ཞིབ་དཔྱད་ཟབ་མོ་མཛད་མཁན་ཞིག་ཡིན་པས་ཁོང་གང་དུ་བྱོན་པའི་ཡུལ་གྲུ་རྣམས་སུ་བླ་སྤྲུལ་དང་དགེ་བཤེས་སྔགས་པ་སོགས་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཏུ་ཁས་འཆེ་བ་འགའ་ཞིག་གིས་དཀོར་ནག་ཟ་བ་དང་། དཔོན་གཟུགས་འཛིན་པ། ནོར་ཕྱིར་ཆོས་འཚོང་བ། གྲུབ་མཐའ་ཕྱོགས་རིས་ཀྱི་རྩོད་པ་བྱས་ཏེ་ཐ་ན་སེར་དམག་བསྡུས་ནས་དམག་འཁྲུག་རྒྱག་པ་སོགས་ཆོས་མིན་གྱི་བྱ་བ་ངན་པ་མང་པོ་གཟིགས་པས་ཐུགས་ཤིན་ཏུ་སྐྱོ་ཞིང་ཞེན་པ་གཏིང་ནས་ལོག ཁོང་གི་གསུང་མགུར་ལས། དཀའ་ཐུབ་སྡུག་སྒུར་འཛུགས་པའི་ཆོས་པ་དཀོན།། དཀོར་ནག་རབ་འབྲང་ཐ་གསུམ་ཟ་བ་མང་།། ཆོས་པར་མིང་བཏགས་ཆོས་མིན་རྐྱང་པ་སྤྱོད།། བླ་མར་མིང་བཏགས་དཔོན་གཟུགས་རྐྱང་པ་འཛིན།། སྒོམ་ཆེན་མིང་བཏགས་ཐོ་ཅོའི་སྤྱོད་པ་བྱེད།། སོགས་གསུངས་ནས་དོན་གསལ་ལ་ཚིག་རྣོན་པོས་དགག་རྒྱག་ནན་སྨིན་མཛད། གྲྭ་ས་འགའ་ཞིག་ཏུ་ཐུབ་པའི་དགོངས་དོན་ཚུལ་བཞིན་ཉམས་ལེན་མི་བྱེད་པ་དང་། དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར་བཤགས་དགྱེས་པ་ཙམ་གྱིས་འཆད་ཉན་ལ་འཛིན་པ་ལྟར་ཚིག་གི་རོལ་རྩེད་ཁོ་ནས་མི་ཚེ་སྟོང་ཟད་མཁན་དག་ལ་ཟུར་ཟུའི་ཚིག་འདི་ལྟར་གསུངས་པ་སྟེ། ཁོང་གི་རྣམ་ཐར་ཁ་པ་ལྕགས་པར་ཤོག་གྲངས་༤༡༨ནང་། ཡང་གཅིག་མཚན་ཉིད་པའི་གྲྭ་སར་ཕྱིན། ཚིག་གི་རྐྱལ་གོག་ཁུར་ནས་ཡོང་། དོན་གྱི་རྩམ་པ་འཕོས་ནས་ཡོང་། ཞེས་གསུངས་ཡོད། ཀུན་ལ་ཁྱད་གསོད་བྱེད་ཀྱིན་ཡོང་། ཆོས་སྤོང་རྟ་ལ་བཞོན་ནས་ཡོང་། ཞེས་གསུངས་ཡོད། མདོར་ན་སྐབས་དེར་ཁོང་གང་དུ་བྱོན་པའི་ས་གནས་ཀུན་ཏུ་ཆོས་པའི་མིང་ཁྱེར་ནས་འཇིག་རྟེན་ཁོ་ན་སྒྲུབ་པ་དང་། སྤྱི་དོན་ལ་བསྙད་ནས་སྒེར་དོན་སྒྲུབ་པ། ལས་འབྲས་མི་བརྩི་བ། ཁ་བཤད་དང་ལག་ལེན་ཕྱོགས་འགལ་ཡིན། ཕན་ཚུན་མགོ་སྐོར་དང་གཡོ་རྒྱུ་བྱེད་པ་སོགས་སྤྱོད་ངན་སྣ་ཚོགས་ཞིག་ཁྱབ་ཡོད་པ་དེ་ལ་ཐུགས་མ་རངས་པར་ཁོང་གི་སྐུ་ཚེ་ཧྲིལ་པོ་གནས་ཚུལ་ངན་པ་དེ་དག་དགག་རྒྱག་དང་མཚང་བརྟོལ་ཁོ་ནས་དུས་འདའ་བར་མཛད་དོ།།

 

བརྒྱུད་སྐུལ།

མཆན་སྤེལ།