འཛམ་གླིང་སྤྱི་བསང་གི་དུས་ཆེན་ངོ་སྤྲོད།

འཛམ་གླིང་སྤྱི་བསང་གི་དུས་ཆེན་ངོ་སྤྲོད།

གངས་ལྗོངས་ཀྱི་དབུས་གཙང་གི་གཙོ་བོར་གྱུར་པའི་ཡུལ་གྲུར་བོད་ཟླ་ ༥ ཚེས་ ༡༥ ཉིན་འཛམ་གླིང་སྤྱི་བསངས་ཞེས་པའི་དུས་སྟོན་གཏོང་སྲོལ་ཡོད་པ་འདི་ཉིད་ཀྱི་བྱུང་ཚུལ་ནི། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ཏེ་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས་ནས་ལས་ལ་བསྐུལ་བས་བསམ་ཡས་མི་འགྱུར་ལུགས་གསུམ་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་སྐབས་ཉིན་མོ་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་མགྱོགས་པར་བྱུང་ནས་ལེགས་བསྒྲུབས་ཟིན་པའི་གཏང་རག་ཏུ་ཧད་པོ་རི་རྩེར་སློབ་དཔོན་རིན་པོ་ཆེས་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ་བསང་མཆོད་ཀྱིས་གཟེངས་བསྟོད་རྒྱ་ཆེར་མཛད་པའི་དུས་ཚོད་དང༌། དུས་དེ་ནས་བཟུང་ལོ་ལྟར་བོད་ཟླ་ ༥ ཚེས་ ༡༥ ཉིན་འཛམ་གླིང་ཡོངས་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་སྤྱི་བསངས་དང་གསོལ་མཆོད་བྱེད་པའི་སྲོལ་བཟང་འདི་ཉིད་དར་འཕེལ་བྱུང་བ་ཞིག་ཡིན།

ཡང་བཤད་སྲོལ་གཞན་ཞིག་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ལྷ་སྲས་མུ་ནེ་བཙན་པོས་སྲིད་དབང་སྐྱོང་རིང་དབུལ་ཕྱུག་ལན་གསུམ་བསྙོམས་པར་མཛད་པ་ལམ་ལྷོངས་མ་བྱུང་བར་ལོ་པཎ་རྣམས་ནས་གྲོས་འགོ་བཏོན་པ་ལྟར་ཆོས་འཁོར་གསུམ་ལ་སྡེ་སྣོད་གསུམ་གྱི་མཆོད་པ་སྟེ། ལྷ་སར་འདུལ་བའི་མཆོད་པ་དང༌། ཁྲ་འབྲུག་ལ་མངོན་པའི་མཆོད་པ། བསམ་ཡས་ལ་མདོ་སྡེ་དང་བྱང་ཆུབ་ཀྱི་མཆོད་པ་སྟེ་ཆོས་འཁོར་གསུམ་དུ་མཆོད་པ་ཆེན་པོ་བཞིའམ་སྡེ་སྣོད་གསུམ་གྱི་མཆོད་པའི་སྲོལ་བཟང་གསར་དུ་བཙུགས་པ་ལས། ལྷ་སར་འདུལ་བའི་མཆོད་པ་ཞེས་གྲགས་པ་དེའི་ལམ་སྲོལ་འཛིན་པའི་རྗེས་དྲན་གྱི་དུས་སྟོན་ཞིག་ཡིན།

དེ་ཡང་ཟླ་བ་དེའི་ཡར་ངོའི་ཚེས་ཆ་གང་བཟང་ཞིག་ལ་གཞུང་ཕྱོགས་ཀྱིས་དབྱར་གསོལ་ཞེས་གནས་ཆུང་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་དང༌། དགའ་གདོང་ཤིང་བྱ་ཅན། ལ་མོ་ལྷ་ཆེན་ཚངས་པ་ཆེན་པོ་སོགས་གཞུང་བསྟེན་བསྟན་སྲུང་རྣམས་ལ་གཟབ་གསོལ་ལྷ་ཚེས་རྒྱས་པ་དང་འབྲེལ་རྩེའི་སྐུ་ཚབ་མཁན་ཆེ་དང༌། ཡིག་ཚང་ནས་སྦུག་དམ་ལུང་ཞུ། སྒྲོན་དར། བཀའ་བློན་གྱིས་གཙོས་ཤོད་སྐོར་ཡོངས་རྫོགས་ཕེབས་ཏེ་ཆོས་སྐྱོང་ཆེན་པོར་སྒྲོན་དར། ཞལ་ཇ་གསེར་ཕུད་སོགས་འབུལ་གནང་གིས་རྒྱལ་བསྟན་ཆབ་སྲིད་དང༌། གངས་ལྗོངས་སྐྱེ་འགྲོའི་བདེ་སྐྱིད་སྐོར་བཀའ་ལུང་བསྩལ་ཏེ་གཞུང་ཞབས་རྣམས་ཕྱིར་ལོག་མཛད།

དབྱར་གསོལ་རྗེས་འབྲེལ་དགའ་སྟོན་གྱི་སླད་ལས་ཁུངས་སོ་སོས་སྤྲོ་ཆུང་ཉིན་གསུམ་ནས་ལྔའི་བར་གཏོང་སྲོལ་ཡོད་པ་བཅས་ཀྱི་ཐོག་དུས་དེར་ལྷ་ས་ཁུལ་དུ་གནམ་གཤིས་དྲོ་ལ་རྩི་ཤིང་ལོ་འདབ་རྒྱས་པ། མེ་ཏོག་བཞད་ཅིང་ཆར་རྒྱུན་གྱི་འགོ་ཚུགས་པ། ཁུ་བྱུག་གི་གྲེ་འགྱུར་རྣ་ལར་འཇེབས་པ། ཞིང་ལས་ལ་བྲེལ་འཚུབ་འཇགས་ཐོག་ཟས་རིགས་སོས་པ་ཁྲོམ་རར་དོན་པ་སོགས་ཀྱི་སྐབས་ཡིན་པས་གྲོང་ཁུལ་ཁོར་ཡུག་གི་གླིང་ཁ་རྣམས་སུ་དབྱར་སྐྱིད་སྤྲོ་གསེང་ལ་རོལ་བའི་སྐྱེ་བོ་རྣམས་གུར་རམ་རས་ཡོལ་གྱིས་བསྐོར་ནས་ཞིམ་མངར་བཟའ་བཏུང་ལ་རོལ་བཞིན་པར་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་ཁྲོད་དུ་གཞས་དང་ཞབས་བྲོས་ཁེངས་པ་དང༌། ལ་ལས་གུར་ནང་ཞག་སྡོད་ཉིན་བཅུ་གྲངས་ཀྱང་བྱེད་སྲོལ་ཡོད།

གཞན་ཡང་དེ་ཉིན་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་ཨོ་རྒྱན་སངས་རྒྱས་གཉིས་པའི་འཁྲུངས་སྐར་ཚེས་བཅུའི་དུས་ཆེན་མཇལ་བར་ལྷ་སའི་གྲོང་མི་དང༌། ཉེ་འཁོར་གཞིས་མི་མང་པོ་འགྲོ་བ་དང༌། བོད་ཟླ་ ༥ པའི་ཚེས་ ༡༥ ཉིན་འཛམ་གླིང་སྤྱི་བསངས་ཞེས་ཚེས་བཅོ་ལྔ་ཉིན་ལྷ་སའི་སྐུ་རྟེན་ཡོད་རིགས་ལ་ཁུངས་སོ་སོ་ནས་སྐུ་གསོལ་ཞུ་བ་དང༌། ལྷག་པར་གྲོང་ཁྱེར་གྱི་ཤར་ངོས་ཀརྨ་ཤག་གླིང་ཁར་གུར་ཕུབ་པའི་ནང་ཀརྨ་ཤག་ཆོས་སྐྱོང་དང་རགས་རྒྱབ་བཙན་ཁང་གི་ཆོས་སྐྱོང་གཉིས་ཁོག་ཞུགས་ལ་ལྷ་མི་བ་ཚོས་ཆང་ཕུད་བཏེགས་ཤིང༌། གླུ་གཞས་གཏོང་བ་སོགས་འདུ་འཛོམས་ཆེ་བ་དང༌། དེ་མིན་ད་དུང་གྲོང་ཁུལ་གྱི་བཙན་ཁང་ཚང་མར་སོ་སོའི་ལྷ་མི་བ་འཛོམས་ཐོག་ལྷ་ཕེབས་ཀྱི་ཡོད་པའི་ནང་དར་པོ་གླིང་བཙན་ཁང་དུ་དགྲ་ལྷ་སོགས་ལྷ་ཁག་བདུན་ཕེབས་ཏེ་འཆམ་རྒྱག་པ་སོགས་གནང་ལམ་ཡོད། དེ་བསྟུན་ལྷ་ས་བ་རྣམས་ཀྱིས་རྒྱན་གོས་གཟབ་འཕྱོར་གང་ལེགས་སྤྲས་ཏེ་དཔལ་ལྷ་ལྕོག་དང༌། གཙང་པོའི་ཉེ་འགྲམ། གླིང་སྐོར། རི་རྩེ་སོགས་སུ་བསྐྱོད་དེ་ལྷ་སྲུང་སྤྱི་ལ་བསང་གསོལ་གཟབ་རྒྱས་བྱེད་པ་དང་འབྲེལ་ལྷ་ས་ཁུལ་གྱི་གྲོང་མི་རྣམས་གཙང་པོའི་ཉེ་འགྲམ་གྱི་གླིང་ཁ་ཚང་མར་གླིང་གཏོང་དབྱར་ཀའི་སྤྲོ་སྐྱིད་གཏོང་མིའི་གུར་དང༌། ཇ་གཡབ། ཡོལ་གོར་གྲིབ་སྐྱོར་སོགས་བཟོས་ཏེ་རོ་བཅུད་ལྡན་པའི་བཟའ་བཏུང་ལ་རོལ་ཞིང༌། གླུ་གཞས་དང༌། སྒྲ་སྙན་སོགས་རོལ་མོའི་བྱེ་བྲག་མི་འདྲ་བའི་སྙན་འཇེབས་ཀྱི་གླུ་གར་དང༌། རྩེད་རིགས་སོགས་དགའ་བདེའི་དཔལ་ལ་རོལ་ཏེ་ལྷ་ཡུལ་གྱི་བདེ་སྐྱིད་མོག་པོར་བྱེད་པའི་དུས་ཆེན་ཤིག་ལགས་སོ།།

 

བརྒྱུད་སྐུལ།

མཆན་སྤེལ།