སྐྱུ་རའི་རླུང་བུས།
སྔར་འོ་མའི་ཐང་ཞེས་བརྗོད་ལ་ད་ལྟ་འོ་བརྒྱལ་ཐང་ཞེས་བརྗོད་པའི་ས་ཡུལ་དེ་ནི། སྔར་མེས་སྲོང་བཙན་སྐབས་ནས་འགྲུལ་བཞུད་ཀྱི་གདོང་ཁ་གཏོད་སའི་ལྟེ་བའི་གནས་གཞིས་ཤིག་ཡིན་པ་མ་ཟད་རྒྱལ་རབས་ཆོས་འབྱུང་ཁག་ལས་ཀྱང་ལྟེ་བའི་ས་གནས་ཤིག་ལ་ངོས་བཟུང་ཡོད། གནས་དེར་འོ་བརྒྱལ་ཐང་ཞེས་ཐོགས་ཚུལ་ལའང་། ཆོས་འབྱུང་འགའ་ཞིག་ལས་རྒྱལ་པོ་སྲོང་བཙན་འདས་ཤིང་མང་སྲོང་མང་བཙན་སྐབས་བོད་ལ་རྒྱའི་དམག་དྲངས་ནས་ཡུལ་གཞིས་ཅི་དྲག་བཅོམ་སྟེ་སྟོན་པ་དགུང་ལོ་བཅུ་གཉིས་པའི་ཚད་ཇོ་བོ་ཤཱཀྱ་མུ་ནི་དེ་ཉིད་རྒྱ་ནག་ཏུ་གདན་དྲངས་པའི་སྐབས་སུ་དང་པོ་རྟ་པ་མི་གཅིག་གིས་པང་དུ་ཐེག་པ་དང་རྗེས་སུ་མ་ཐེག་པར་དྲ་བར་བཅུག་སྟེ་མི་སུམ་བརྒྱས་སྒོར་ཕྱུང་བ་དང་། དེ་ནས་མི་སྟོང་གིས་མ་ཐེག་པར་ད་ལྟའི་འོ་བརྒྱལ་ཐང་འདིར་བྱེ་མའི་གཏིང་རུམ་དུ་སྦས་པས་ཇོ་བོ་འོ་བརྒྱལ་བྱུང་ནས་འོ་བརྒྱལ་ཐང་ཞེས་གྲགས་པ་རེད་ཟེར་བ་དང་། ཡང་ཇོ་བོ་གདན་དྲངས་པའི་སྐབས་སུ་དོ་མོའི་ཐང་ལ་ཟླ་ཤས་འོ་བརྒྱལ་བྱུང་ནས་འོ་བརྒྱལ་ཐང་ཞེས་གྲགས་པ་རེད་ཟེར་བ། གཞན་ཡང་། ཇོ་བོ་རྣམ་གཉིས་ཀྱི་རྟེན་ཁང་བརྗེ་སྲོོལ་བྱུང་བའི་ཆ་གཞི་ཐོག་མ་ཡང་དེ་སྐབས་ནས་བྱུང་བ་སོགས་བཞེད་ཚུལ་མང་མོད། ཅིའི་ཆ་ནས་དཔྱད་གཞི་ལས་ཐག་གཅོད་མི་རུང་ཡང་། དེ་དག་ཁུངས་དག་པར་མི་སྣང་སྙམ་སྟེ། ཆོས་འབྱུང་མཁས་དགའ་གཞིར་བཞག་ནས་ཅུང་ཟད་སྤྲོས་ན།
དེ་ནས་མང་སྲོང་ཉིད་དགུང་ལོ་ཉེར་བདུན་ལ་གཙང་གི་བར་སྣང་སྒང་དུ་འདས་རྗེས་ཐང་དམག་འབུམ་ལྔ་བོད་དུ་ལྷགས། ཕོ་བྲང་ཁྲི་རྩེ་དམར་པོ་བསྲེགས། ཇོ་བོ་ཤཱཀྱ་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་ཡོད་པ་ཤེས་ཀྱང་འཇམ་དབྱངས་ཀྱི་སྐུ་བྲིས་པར་འཇིག་མ་ནུས། ལ་ལས་དེ་སྐབས་ཇོ་བོ་ཤཱཀྱ་རྩ་བ་ནས་མི་རྙེད་པ་དང་སྔར་ཇོ་བོ་ཤཱཀྱ་བཞུགས་སར་གདན་དྲངས་པའི་ཇོ་བོ་མི་བསྐྱོད་པ་དང་འཁྲུལ་ནས་གདན་དྲངས་ཚུལ་སྨྲ་མཁན་འདུག་ཀྱང་དག་པར་མ་མཐོང་སྟེ། དེ་ཉིད་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་ཡོད་པ་ཤེས་ཀྱང་འཇམ་དབྱངས་ཀྱི་སྐུ་བྲིས་པས་འཇིག་མ་ནུས་པར་དེའི་ཚབ་ཏུ་ཇོ་བོ་མི་བསྐྱོད་རྡོ་རྗེ་གདན་དྲངས་པ་ཡིན། དེའི་ཚེ་ར་ས་འཕྲུལ་སྣང་ལ་བཞུགས་པའི་ཁྲོ་བོ་རྨེ་བརྩེགས་ཕྱག་གཉིས་ཁུ་ཚུར་བསྣོལ་བ་གྲིབ་སེལ་གྱི་ཕྱག་རྒྱར་བཞུགས་པ་ཞིག་ཡོད་པ་དང་། དེས་ཁུ་ཚུར་གྱིས་ཐུགས་ཀ་ཁ་ཕྱེ་བས་སྤྲུལ་པའི་དམག་དཔུང་འཐོན་ཏེ། ཐང་དམག་རྣམས་ཤིན་ཏུ་སྐྲག་ནས་འཐོར་བ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་ཤར་ཕྱོགས་འོ་མའི་ཐང་དུ་ཞག་བདུན་ལུས་པས་ཇོ་བོ་འོ་བརྒྱལ་བྱུང་ནས་འོ་བརྒྱལ་ཐང་ཞེས་དངོས་སུ་གྲགས་པ་ཡིན་ནོ། ། གོང་གི་ཇོ་བོ་ཤཱཀྱ་མུ་ནི་མི་སྟོང་གིས་མ་ཐེག་པར་བྱེ་མའི་འོག་ཏུ་ལུས་ཟེར་བ་ནི། ཤར་ཕྱོགས་འོ་མའི་ཐང་ངམ་འོ་བརྒྱལ་ཐང་འདི་མ་ཡིན་པར་དོ་མོའི་ཐང་ལ་གོ་རྒྱུ་ཡིན། རྗེས་སུ་ཁྲི་ལྡི་གཙུག་བརྟན་མེས་ཨག་ཚོམ་དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཡར་འབྲོག་སྦ་ཚལ་མཁར་གཤེགས་རྗེས། སྲས་ཁྲི་སྲོང་ལྡེའུ་བཙན་ཆབ་སྲིད་བཞེས་མ་ཐག་སྐུ་ནར་མ་སོན་པས། སྡིག་བློན་གྲོམ་པ་སྐྱེས་ལ་སོགས་པའི་ངན་བློན་འགས་རྒྱལ་པོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན། ཚེ་ཕྱི་མ་ཟེར་བ་རྫུན་རེད་ཟེར་ནས་ཆོས་བློན་རྣམས་ཕམ་པར་བཟོས་ནས་བོད་ནག་པོར་བཏང་། རྒྱ་སྟག་ར་མོ་ཆེ་ན་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནི་རྒྱའི་ལྷ་ཡིན་པས་སླར་རྒྱ་ཡུལ་དུ་བསྐྱལ་བར་བྱ་ཟེར་ནས་དང་པོ་རྟ་པ་མི་གཅིག་གིས་པང་དུ་ཐེག་ཀྱང་དེ་ནས་མི་སྟོང་གིས་མི་ཐེག་པར་བྱེ་མའི་དོང་དུ་སྦས་ཞེས་པ་ནི་ཇོ་བོ་ཤཱཀྱ་མུ་ནི་འདི་རང་ལས་ཇོ་བོ་མི་བསྐྱོད་རྡོ་རྗེ་འདི་ལ་གོ་རྒྱུ་རྩ་བ་ནས་མ་ཡིན་ནོ། །
༢༠༢༠ ༢ ༤དགོང་མོར།