འོང་སྐོར་དུས་ཆེན་ངོ་སྤྲོད།

འོང་སྐོར་དུས་ཆེན་ངོ་སྤྲོད།

 

ཞིང་ཁུལ་དུ་དབྱར་དུས་སུ་གཏོང་བའི་འོང་སྐོར་ནི་བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་དུས་སུ་མཛངས་བློན་རུ་ལས་སྐྱེས་ཀྱིས་ཞིང་ལས་ལ་མཐོང་ཆེན་ནང་ནས་ཞིང་ལས་ལག་རྩལ་གོང་འཕེལ་གཏོང་སྐབས།  བོན་པོ་བས་ཞིང་ཁར་སྐོར་བ་བརྒྱབ་ནས།  ལོ་ལེགས་ཡོང་བའི་གསོལ་བ་འདེབས་པའི་ཆོ་ག་སྤེལ་བ་ནས་བཟུང་།  རིམ་པས་དམངས་ཁྲོད་དུ་དར་བའི་དུས་ཆེན་ཞིག་རེད།  དེ་ལྟར་ན་སྲོལ་དེ་བྱུང་ནས་ད་བར་ལ་ལོ་ངོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད།  དུས་ཆེན་དེ་གྲ་རྒྱས་གཏོང་དགོས་དོན་ནི་ངལ་རྩོལ་མི་དམངས་རྣམས་ཀྱིས་རང་བྱུང་གི་གནོད་འཚེ་ཡོངས་ལས་རྣམ་པར་རྒྱལ་ནས་ཞིང་ལས་ཐོན་སྐྱེད་ལ་ལོ་ལེགས་ཡོང་བར་སྐྱབས་བཅོལ་ཞུ་བའི་དུས་ཆེན་ཞིག་རེད།  འོང་སྐོར་ཟེར་བའི་ཐ་སྙད་དེའི་གོ་དོན་འདི་ལྟ་སྟེ།  འོང་ནི་འོང་ཁ་སྟེ་སྟོན་ཐོག་དང་ལྡན་པའི་ཞིང་ཁ་ལ་ཟེར་བ་དང་།  སྐོར་ནི་ཞིང་ཁ་ལ་སྐོར་བ་རྒྱག་པའི་དོན་ཡིན།

དེ་སྔོན་འོང་སྐོར་རྒྱག་སྲོལ་ཡོད།  འོང་སྐོར་ནི་བོད་ཀྱི་ཞིང་གྲོང་མང་ཆེ་བར་གཏོང་སྲོལ་ཡོད།  འོང་སྐོར་གཏོང་བའི་དུས་ཚོད་ནི་གཅིག་གྱུར་མིན།  དེ་ནི་ཡུལ་ལུང་སོ་སོའི་ས་བབ་གནམ་གཤིས་ཀྱི་གནས་ཚུལ་དང་ལོ་ཏོག་སྨིན་སྔ་ཕྱིིའི་དངོས་དོན་ལ་གཞིགས་ནས་གཏོང་ཞིང་།  སྤྱིར་བཏང་བྱས་ན་ཉིན་གསུམ་ནས་བཞི་བར་གྱི་དུས་ཚོད་བེད་སྤྱད་ནས་འོང་སྐོར་གཏོང་གི་ཡོད།  དེའི་ནང་དོན་ཀྱང་ཐོན་སྐྱེད་ཀྱི་ནུས་ཤུགས་གོང་འཕེལ་ཕྱིན་པ་དང་།  མི་ཚེའི་འཚོ་བར་འགྱུར་ལྡོག་བྱུང་བའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་འོང་སྐོར་གྱི་ནང་དོན་ལའང་འགྱུར་བ་ཆེན་པོ་བྱུང་ཡོད།  དེང་སྐབས་ཞིང་གྲོང་མང་ཆེ་བའི་འོང་སྐོར་གཏོང་བའི་ནང་དོན་དང་རྣམ་པ་ནི་སྔར་གྱི་རྨང་གཞིའི་ཐོག་རྟ་རྒྱུག་དང་།  གཡག་རྒྱུག མི་རྒྱུག ལྷ་མོ་ཟློས་གར།  སྒོར་གཞས་ལ་སོགས་རིགས་རྩལ་འགྲན་བསྡུས་གྱི་བྱེད་སྒོ།  གླིང་ག་བཏང་ནས་དགའ་པོ་ཉེ་པོ་འཛོམས་འཛོམས་བྱེད་པའི་ཕྱོགས་ལ་འཕེལ་ཡོད།

འོང་སྐོར་གཏོང་བའི་དུས་ཚོད་གཏན་འཁེལ་བའི་ཉིན་མོ་དེའི་ཞོགས་པ་ཁྱིམ་ཚང་སོ་སོས་རང་ཉིད་ཀྱི་ཞིང་ཁའི་ནང་ནས་བྲུ་སྣ་ཁག་གི་སྙེ་མ་ཆག་པ་བརྒྱབ་ནས་ཐབ་ལྷའི་ཁྲིས་སུ་བཞག་སྟེ།  ལོ་ལེགས་འབྲས་བུའི་ཕུད་དེ་ཀླུ་ལ་ཕུལ།  ལོ་ལེགས་ཡོང་བའི་གསོལ་བ་འདེབས།  དེ་ནས་ཁྱིམ་མི་ཚང་མས་ལུས་ལ་དུས་སྟོན་གྱི་རྒྱན་གོས་གྱོན་ནས་དགའ་སྤྲོའི་ངང་ཆང་དང་བཟའ་རིགས་ཕུན་སུམ་ཚོགས་པ་འཁྱེར་ནས་རིགས་རྩལ་གྱི་བྱེད་སྒོ་སྤེལ་སར་གཟིགས་མོ་གཟིགས་པར་ཕེབས་ཀྱི་ཡོད།  དེའི་རིང་རིག་རྩལ་གྱི་གཟིགས་མོར་རོལ་བ་མ་ཟད།  དགའ་ཉེ་བློ་དཀར་རྣམས་སྐུ་མགྲོན་དུའང་འབོད་ཀྱི་ཡོད།

བརྒྱུད་སྐུལ།

མཆན་སྤེལ།