ཡར་ཀླུང་ཕུག་གསུམ་ལས། རས་ཆུང་ཕུག

མཁས་གྲུབ་ཀྱིས་བརྩམས།

བྲག་ཕུག་འདིའི་ནང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་མི་ལ་རས་པའི་སློབ་མ་རས་ཆུང་གིས་སྒོམ་སྒྲུབ་གནང་མྱོང་བ་དང་། རྗེ་བཙུན་མིད་ལ་རས་པ་ཞེས་པ་རུས་མིང་དང་རས་པ་ཞེས་པ་མཚན་དངོས་ཏེ། སྐུ་ལ་རས་གོས་རྐྱང་པ་གསོལ་མཁན་བཀའ་བརྒྱུད་པའི་རྣལ་འབྱོར་པ་ཞིག་ལ་ཟེར། རས་ཆུང་ཞེས་པ་ནི་རས་པ་ཆུང་བའི་དོན་ཡིན་ཏེ། རྣལ་འབྱོར་ཡོངས་ཀྱི་དབང་ཕྱུག་རྗེ་བཙུན་མིད་ལ་རས་པའི་སློབ་མ་ཡིན་པས་དེ་ལྟར་འབོད།

 


དེ་ཡང་སྔར་བྲག་ཕུག་འདིའི་ནང་རས་ཆུང་སྒོམ་སྒྲུབ་གནང་སྐབས་ལྷ་མོ་དབྱངས་ཅན་མ་དངོས་སུ་ཞལ་གཟིགས་ནས་སྐུ་ཡི་དངོས་གྲུབ་ཐོབ་པར་བརྟེན་སྐུ་གཟུགས་ཤིན་ཏུ་མཛེས་པར་གྱུར།
དེ་རྗེས་ཁོང་གིས་ཕྱག་ཏུ་ཌ་མ་རུ་བསྣམས་ཤིང་། ཞལ་ནས་སྙན་པོའི་གསུང་མགུར་ལེན་བཞིན་དུ་ས་ཆ་ག་ས་གང་དུ་གནས་མཇལ་དང་བསོད་སྙོམས་ལ་ཕེབས། ཐེངས་ཤིག་ཁོང་ལྷོ་ཁའི་རྩེད་ཐང་གྲོང་ལ་ཕེབས་དུས་ཁྱིམ་ཚང་ཕྱུགས་པོའི་བུ་མོ་ཞིག་འོ་མ་བཞོ་བཞིན་ཡོད་པ་དང་། ཁོང་གིས་དེ་དང་ཉེ་སར་ཌ་མ་རུ་དཀྲོལ་བས་བ་མོ་འདྲོགས་ཏེ། འོ་མ་ས་ལ་འབོ་བས་བུ་མོས་ཁོང་ཁྲོའི་ངང་རས་ཆུང་པ་བརྡུང་བར་ཡོང་དུས། རས་ཆུང་པ་ཁོང་སྐུ་ལུས་རབ་ཏུ་མཚར་བས་ཡིད་དབང་འཕྲོག་ནས་ནང་དུ་ཕེབས་རོགས་ཞེས་རེ་བ་ནན་པོ་ཞུས་པར་རས་ཆུང་པས་ངའི་བླ་མ་རྗེ་བཙུན་མིད་ལ་རས་པའི་སྐུ་མདུན་དུ། ངས་ཁྱིམ་ཚང་གི་ཐེམ་པ་མི་འགམ་པའི་མནའ་བསྐྱལ་ཚར་ཞེས་གསུངས་ཀྱང་བུ་མོ་དེས་མི་གཞན་གྱི་རོགས་རམ་འོག་ཁང་པའི་རྒྱབ་ནས་སྐས་འཛེགས་བཙུགས་ཏེ་ཨ་ན་ཨུ་ཚུགས་ཀྱིས་རས་ཆུང་པ་ཐོག་ཁར་གདན་དྲངས།
དེ་ནས་མོ་དགའ་སྤྲོའི་ངང་ཐབ་ཚང་དུ་སོང་ནས་གསོལ་ཇ་གསོལ་ཆས་གྲ་སྒྲིག་བྱེད་བཞིན་པའི་སྐབས་དེར་རས་ཆུང་གིས་གནས་ཚུལ་མི་ལེགས་པར་གཟིགས་ནས་རྒྱབ་ཀྱི་སྐས་འཛེགས་ལས་བབས་ཏེ་ཉ་འགོ་གྲུ་ཁའི་ཕྱོགས་སུ་བྲོས། རས་ཆུང་པ་གྲུ་སར་ཕེབས་པ་དང་། གྲུ་དཔོན་བསོད་ནམས་བག་གྲོ་སོགས་གྲུ་པ་ཚོས་ཁྱེད་རང་མགུར་གླུ་མཁས་པ་ཞིག་ཡིན་ཚོད་འདུག་པས་ང་ཚོས་ཁྱེད་ལ་གྲུ་གཏོང་དགོས་ན་ཁྱེད་ཀྱིས་ང་ཚོའི་གྲུ་འདིར་བསྟོད་པ་ཞིག་ཕུལ་དང་ཞེས་ཞུས་མ་ཐག་རས་ཆུང་པའི་ཞལ་ནས།
དེ་རིང་རས་ཆུང་ཉ་མགོ་གྲུ་ཁར་སླེབས། །གྲུ་དཔོན་བཀའ་བཞིན་བསྟོད་པ་ཚིག་གསུམ་འབུལ། །ཉ་མགོ་གྲུ་དེ་བླ་མའི་ཆོས་ར་འདྲ། །བསོད་ནམས་བག་གྲོ་རྩ་བའི་བླ་མ་འདྲ། ། འགྲུལ་པ་ཚོ་ནི་བཀའ་ཆོས་ཞུ་མཁན་འདྲ། །
ཞེས་མགུར་བླངས་པས་ཚང་མ་དགའ་ཐག་ཆོད། ཡང་བསོད་ནམས་བག་གྲོས་ད་འོ་ན་ཁྱེད་ཀྱིས་ང་ཚོའི་གྲུ་འདིར་སྨད་པའི་མགུར་གླུ་ཞིག་ལེན་དང་ཟེར་བས་རང་གིས་གྲེ་བ་སངས་ཙམ་གནང་ནས།
དེ་རིང་རས་ཆུང་ཉ་མགོ་གྲུ་ཁར་སླེབས། ། གྲུ་དཔོན་བཀའ་བཞིན་སྨད་པ་ཚིག་གསུམ་འབུལ། ། ཉ་མགོ་གྲུ་དེ་བཤས་པའི་བཤས་ར་འདྲ། །འགྲུལ་པ་ཚོ་ནི་ཤ་ལུག་ཚེ་ཟད་འདྲ། ། ཞེས་གསུངས་པས་གྲུ་པ་ཚོ་ཁོང་ཁྲོ་བཟས་ཏེ་གྲུ་མ་བཏང་། དེའི་ཚེ་རྩེད་ཐང་གི་བུ་མོ་དེའང་རས་ཆུང་རྗེས་འདེད་བྱེད་པར་ཡོང་ནས་ཉེ་སར་སླེབས་ཟིན་པས་རས་ཆུང་གིས་རང་གི་རྫུ་འཕྲུལ་ལ་བརྟེན་ནས། ཀོ་གདན་གྲུ་བཞི་ཀོ་བའི་ཚུལ་དུ་བྱས། འཁར་རྒྱུག་དཀར་པོ་སྐྱ་བའི་ཚུལ་དུ་བྱས། རས་ཆུང་རང་ཉིད་གྲུ་པའི་ཚུལ་དུ་བྱས་ནས་གཙང་པོ་བདེ་བླག་ངང་བཅད་དེ་ཆུ་ཕ་རིར་ཕེབས་པ་དང་ཀོ་གདན་གྲུ་བཞི་དེ་བརྡབ་བརྡབ་ལན་གསུམ་གནང་བས་ས་ཆ་དེར་ཆུ་ཤིང་འོམ་བུ་ཧ་ཅང་མང་པོ་སྐྱེས་པ་དེ་ནི། དུས་དེང་སང་ཡང་འོན་གྱི་མདའ་ན་གཞན་གང་དུའང་མེད་པའི་ཆུ་ཤིང་འོམ་བུའི་གླིང་ཁ་ཞིག་ཡོད་པ་དེ་ཡིན་ནོ། །

 

བརྒྱུད་སྐུལ།

མཆན་སྤེལ།