རྩོམ་འབྲི་བ། ར་སེ་དཀོན་རྒྱམ།
བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་ཕོ་བྲང་ཡུམ་བུ་བླ་སྒང་གི་དཀར་ཆག་སྐོར་གླེང་ན། འདི་ཉིད་ལ་དཀར་ཆག་ཅི་རིགས་ཡོད་སྲིད་པ་ལས་འདིར་གླེང་བའི་དཀར་ཆག་འབྲིང་པོ་ཞེས་པ་འདི་ནི་ལྕང་གླིང་པ་རོལ་བའི་རྡོ་རྗེའི་དབོན་པོས་བརྩམས་པ་ཅིག་ཡིན་ལ། ཉེ་རབས་བརྩམས་པའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ཞེས་པའི་དཔེ་དེབ་སྟོད་སྨད་བར་གསུམ་དུ་ཡོད་པ་ལས། སྟོད་ཆའི་ངོས་༤༡པར། ལྕང་གླང་པ་རོལ་པའི་རྡོ་རྗེས་མཛད་པའི་ཡམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ་ཞེས་གསལ་པོར་བཀོད་ཅིང་ལུང་འདྲེན་གནང་འདུག་པས། ཁོང་གི་མཚན་དེ་ཉིད་ཡོངས་ཁྱབ་ཅན་དུ་གྱུར་པ་འདི་བྱུང་ཡོད།
ལྕང་གླིང་བ་ཁོང་ནི་དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་རྡོ་རྗེ་འཛིན་པ་ཆོས་མགོན་གྱི་སློབ་མ་ཡིན་པ་དང་། ཙཱ་རི་ཅིག་ཅར་དགོན་གྱི་འགྲོ་མགོན་ནམ་རྡོ་རྗེ་འཛིན་པ་ཡིན་ཚུལ་བླ་མ་ཆོས་མགོན་༼༡༥༠༡ནས་༡༥༨༢བར་༽གྱི་རྣམ་ཐར་ན་གསལ་བར་འཁོད་ཡོད་པས། དུས་ཚོད་གསལ་པོར་ཤེས་ཐུབ་པར་ཆགས་ཡོད་པས། དབོན་པོ་ཡང་དེ་བས་འཕྱི་བ་ཅིག་ཡིན་པར་གསལ་བར་རྟོགས་ནུས་སོ།།
གཞན་ཡང་སེམས་དཔའ་ཆེན་པོ་པདྨ་དཀར་པོའི་རྣམ་ཐར་ཐུགས་རྗེ་ཆེན་པོའི་ཟློས་གར་ལས། ལྕང་གླིང་པ་ཅིག་ཅར་རྡོར་འཛིན་དུ་བསྐོས། ཞེས་གསལ་ལ། དེ་ཡང་ཁོང་གིས་ཙཱ་རིའི་ཅིག་ཅར་ལྷ་ཁང་ཕྱག་བཏབ་རྗེས་ཡིན་པར་གསལ་ཡོད། པན་ཆེན་ལྷ་དབང་བློ་གྲོས་ཀྱིས་མཛད་པའི་རྣམ་ཐར་ཐུགས་རྗེ་ཆེན་པོའི་ཟློས་གར་གྱི་འཕྲོ་འཐུད་ལས། དབང་ཕྱུག་མེ་གླང་ཤར། ཙ་རི་ཅིག་ཅར་གྱི་རྡོ་རྗེ་འཛིན་པ་ལྕང་གླིང་བ་ཆོས་རྗེ་རོལ་བའི་རྡོ་རྗེ་ཆབ་མ་འཕྲོད་ནས་ཀུན་སྤངས་མཛད། ཅེས་གསལ་ཡོད།
དེ་བཞིན་དུ་མཉམ་མེད་ལྷ་རྩེ་བས་མཛད་པའི་ཀུན་མཁྱེན་རྣམ་ཐར་ཆ་ཤས་ཙམ་བརྗོད་པ་ལས་ཀྱང་། དབང་ཕྱུག་སྟེ་མེ་མོ་གླང་ལོ་ཤར། དེ་ཙ་ན་ཅིག་ཅར་གྱི་རྡོ་རྗེ་འཛིན་པ་ཆེན་པོོའི་གོ་སར་ལྕང་གླིང་པ་རོལ་པའི་རྡོ་རྗེ་བཞུགས། འདི་ཉིད་མཁྱེན་རབ་དང་གསན་པ་རྒྱ་ཆེ། ལྷག་པར་ཡི་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པའི་བསྙེན་སྒྲུབ་མཐར་ཕྱིན་པ་ཞིག་ནའང་ཆབ་མ་འཕྲོད་ནས་ཀུན་སྤངས་མཛད། ཅེས་བཀོད་གནང་འདུག་གོ།
དེས་ན་བོད་ཀྱི་ལོ་རྒྱུས་ཡིག་ཚངས་སྨྲ་བ་ལ་དབང་ཐོབ་པ་ཅིག་དགོས་ན། ལོ་རྒྱུས་ཡིག་ཚངས་སམ་ཡིག་ཆ་རེ་རེ་ཡི་བྱུང་དུས་དང་། བྱུང་བའི་རྒྱུ་རྐྱེན་སོགས་རེ་རེ་ནས་ཞིབ་ཆ་ཡོད་དགོས་པ་ནི་རྩ་དོན་ཡིན་འདུག་པའི་གནད་ཀྱིས་འདིར་དཔེ་ཀློག་གི་འབྲས་བུ་ཅུང་ཟད་རང་མཉམ་ལ་ཕན་པའི་འདུན་པས་ར་སེ་དཀོན་རྒྱམ་པས་ཕུལ་བ་ལགས་སོ།།༢༠༢༠/༥/༢༠