ཡུལ་ཡར་ཀླུང་གི་ཕུག་པ་གྲགས་ཆེན་གསུམ།

ཡུལ་ཡར་ཀླུང་གི་ཕུག་པ་གྲགས་ཆེན་གསུམ།

  ཡུལ་ཡར་ཀླུང་གི་ཕུག་པ་གྲགས་ཆེན་གསུམ།

    ད་ཐེངས་ཁོ་བོ་ཡར་ཀླུང་ལ་ལྟ་སྐོར་དུ་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་འཕྱོངས་རྒྱས་བཙན་པོའི་བང་སོ་དང་བཙན་པོའི་རྡོ་རིང་ལ་ལྟ་འདོད་ཀྱི་འདུན་པས་ཡིན་ཞིང་། ཞ་ཞོར་དུ་དགོན་སྡེ་དང་རྟེན་གནས་རྩ་ཆེན་འགར་མཇལ་སྐོར་ཡང་བྱས་པ་ཡིན། དེ་ཡང་དད་པ་ཁོ་ན་ཙམ་མ་ཡིན་པར་ད་ལྟའི་ཆར་བོད་གནའ་བོའི་སྒྱུ་རྩལ་དང་། ལོ་རྒྱུས་སོགས་ཀྱི་ངོ་བོ་ལ་འགྱུར་བ་ཆེར་མ་སོང་བར་སྲུང་འཛིན་བྱས་ཡོད་པ་ནི་དགོན་སྡེ་ཁག་སོགས་ཆོས་ལུགས་དང་འབྲེལ་བ་དག་རེད། དེས་ན་ད་ཐེངས་གཤམ་དུ་ཡར་ཀླུང་རྟེན་གསུམ། གནས་གསུམ། ཕུག་གསུམ་ཞེས་པ་ལས་ཕུག་གསུམ་པོ་ངོ་སྤྲོད་མདོར་བསྡུས་ཤིག་བྱ། འོན་ཀྱང་གསལ་བཤད་བྱ་དགོས་པ་ཞིག་ལ། འདིར་གང་བཀོད་པ་ནི་གཙོ་བོ་རང་ཉིད་ཀྱི་མཐོང་ཚོད་ལྟར་བྲིས་པ་ལས་གཞན་གང་ཡང་མིན་པ་ནི་ཐོག་མར་ངེས་དགོས་པའི་དོན་ནོ།།

                       གཅིག ཡར་ཀླུང་ཤེལ་གྱི་བྲག་ཕུག

ཡར་ཀླུང་ཤེལ་བྲག་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡར་ཀླུང་གནས་གསུམ་གྱི་གྲས་སུ་བགྲང་ཡང་། ད་ཐེངས་ཡུལ་དུས་སོགས་དགོས་པ་དམིགས་བསལ་བ་ལ་བརྟེན་ནས་བདག་གིས་ཡུལ་འདིའི་གྲགས་ཚོད་ལྟར་ཡར་ཀླུང་ཤེལ་བྲག་ནི་ཡར་ཀླུང་ཕུག་གསུམ་གྱི་གྲས་སུ་བགྲང་པ་ཡིན་ནོ།། དེ་ཡང་ཡར་ཀླུང་གནས་གསུམ་གྱི་རྟེན་གཙོ་རྒྱལ་བ་བྱམས་པ་ཡིན་པར་བདག་གིས་སྐབས་གཞན་དུ་བཤད་ཟིན་པ་ལྟར་རོ།།

ཡར་ཀླུང་ཤེལ་བྲག་ནི་བདག་ཆེས་འགྲོ་ན་འདོད་པའི་ཡུལ་ཞིག་ཡིན། ཤེལ་བྲག་གི་སྐོར་ཆུང་དུས་ནས་མང་དུ་ཐོས་མྱོང་ཡོད། ཆུང་དུས་པདྨ་བཀའ་ཐང་ངམ་བཀའ་ཐང་ཤེལ་བྲག་མར་གྲགས་པ་ཐེངས་མང་འདོན་མྱོང་ཡོད། བདག་ད་ཐེངས་ཡར་ཀླུང་དུ་ཆོས་མཇལ་ལ་ཡོང་བ་ནི་དད་པ་དང་བྱིན་རླབས་ཁོ་ནར་རེ་བ་མིན་མོད། ཤེལ་བྲག་ཏུ་ཡོང་བ་ནི་དད་པ་ཁོ་ནས་ཡིན་ཟེར་ཡང་ཆོག

ཡར་ཀླུང་ཤེལ་བྲག་དང་། བྲག་ཡེར་པ། བསམ་ཡས་མཆིམས་ཕུ་བཅས་ནི་བོད་ཀྱི་བྲག་ཆེན་གསུམ་ཡིན་ཞེས་གནས་ཡིག་ཏུ་བཤད་ཀྱང་ཁམས་དང་ཀོང་ཡུལ་སོགས་ཀྱི་བྲག་རི་ལྟ་བུ་ཆེན་པོ་རང་རེད་མི་འདུག གཙོ་བོ་པདྨ་བཀའ་ཐང་ལས་ལེའུ་གོ་ལྔ་པ་ལས། གང་ཟག་དབང་པོ་རབ་ཀྱིས་བསྟེན་པ་ལ༔ བསམ་ཡས་མཆིམས་ཕུ་ཡར་ཀླུངས་ཤེལ་གྱི་བྲག༔ ཡེར་པ་ཟླ་བ་ཕུག་གི་གནས་འདི་གསུམ༔ ཞེས་གསུངས་པས་གནས་འདི་གསུམ་ལ་བྲག་ཆེན་གསུམ་མམ་སྒྲུབ་གནས་ཁྱད་པར་བ་གསུམ་དུ་གྲགས་པ་འདྲ།

ཡར་ཀླུང་ཤེལ་གྱི་བྲག་ཕུག་འདིར་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒོམ་སྒྲུབ་ལོ་གསུམ་ལ་གནང་མྱོང་ཡོད་ཅིང་བདུད་རྩི་ཡོན་ཏན་གྱི་གནས་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ་སྟེ། པདྨ་བཀའ་ཐང་ལེའུ་གོ་ལྔ་པ་མ་འོངས་སྒྲུབ་གནས་བསྟན་པ་ལས། ཁྱད་པར་ཡར་ཀླུངས་ཤེལ་གྱི་བྲག་ཕུག་འདི༔ བདུད་རྩི་སྨན་སྒྲུབ་བྱས་པའི་གནས་ཡིན་པས༔ གསང་སྔགས་མཐར་ཕྱིན་ཨུ་རྒྱན་ཡུལ་ལྟ་བུ༔ ཡ་མཚན་སྒྲུབ་ཁང་བྲག་ཕུག་ཁྱད་འཕགས་ཡོད༔ ཞི་ཁྲོ་སོགས་ཀྱི་གཞལ་ཡས་ཁང་མང་བཞུགས༔ བོད་འབངས་དགའ་དང་སྤྲོ་བར་གྱུར་པའི་བྲག༔ ཡོན་ཏན་བརྒྱ་ལྡན་བསམ་ལས་འདས་པར་བརྗོད༔ ཅེས་དང་། སྐུ་ཡི་དབེན་གནས་བསྒྲགས་ཀྱི་ཡང་རྫོང་ཡིན༔ གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུ་སྟེ༔ ཐུགས་ཀྱི་དབེན་གནས་ལྷོ་བྲག་མཁར་ཆུ་ཡིན༔ ཡོན་ཏན་དབེན་གནས་ཡར་ཀླུངས་ཤེལ་གྱི་བྲག༔ འཕྲིན་ལས་དབེན་གནས་མོན་ཁ་སེང་གེ་རྫོང༔ ཁྱད་པར་ཡར་ཀླུངས་ཤེལ་བྲག་མཆིམས་ཕུ་གཉིས༔ རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས༔ ཡང་། གངས་དཀར་ཏི་སེ་ཙ་རི་ཟོམ་བུ་ལུང༔ གནས་གཞན་ལ་ཡང་ཡོན་ཏན་ཡོད་མོད་ཀྱང༔ བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཆར་མི་ཉེ༔ ཞེས་གསུངས་པ་ལྟ་བུ་རེད།

བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་སུ་ད་ལྟ་ཨོ་རྒྱན་ཆེན་པོ་གཙོ་འཁོར་གསུམ་གསར་བཞེངས་དང་། ཕྲག་ཕུག་གི་ནང་ལྡེབས་སུ་སྒྲོལ་མ་དང་། སྤྱན་རས་གཟིགས། ཚེ་དཔག་མེད། རྗེ་འབངས་ཉེར་ལྔ་སོགས་ཀྱི་སྐུ་རང་དོད་ལ་གསེར་བྱུག་པ་མང་པོ་འདུག

ཤེལ་བྲག་བསམ་འགྲུབ་ཕུག་པའི་འདབས་སུ་ཆགས་པའི་གྲྭ་ཚང་ནི་ཐོག་མར་གཡུ་སྒྲ་སྙིང་པོའི་སྐུ་སྐྱེ་ཆོས་རྗེ་དུར་ཁྲོད་རས་ཆེན་ནམ་འགྲོ་མགོན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་ཕྱག་བཏབ་ཅིང་། དེར་སྔོན་ཆད་རྟེན་གཙོ་གུ་རུའི་སྐུ་མཐོང་གྲོལ་རིན་པོ་ཆེ་དུར་ཁྲོད་རས་ཆེན་པས་ཤེལ་བྲག་གི་འདབས་ཞོལ་བཙན་ཐང་ཉང་སྟོད་སྒང་དུ་ལྷ་མིའི་རིན་ཆེན་སྣ་ཚོགས་བཞུ་བཏུལ་གྱིས་སྐུ་སྨད་ལུགས་སུ་བླུགས་པར་མཛད་པ་ན། སྐུ་སྟོད་རང་བྱུང་མཁའ་སྤྱོད་ནས་ཕེབས་པར་གྲགས་པ་སྟེ། ད་ལྟ་ཁྲ་འབྲུག་གཙུག་ལག་ཁང་གི་ཡང་སྟེང་དུ་བཞུགས་པ་དེ་དང།  གཞན་སངས་རྒྱས་གླིང་པའི་བརྡ་ཡིག རིག་འཛིན་པདྨ་འཕྲིན་ལས་ཀྱི་ཚེམས། ཨོ་རྒྱན་ཆེན་པོའི་ཆོས་གོས་དང་སྣམ་སྦྱར། ཨོ་རྒྱན་ཆེན་པོའི་ཞབས་ལྷམ་རྒྱ་ལྷ་མ་ཧེར་གྲགས་པ་དང་། ཟ་ཧོར་རྒྱལ་པོས་ཕུལ་བའི་ཨོ་རྒྱན་ཆེན་པོའི་དབུ་ཞྭ་གོས་ཡ་ཤེས་དམར་པོ།  ཨོ་རྒྱན་ཆེན་པོའི་གསེག་ཤིང་ཁ་ཊཱཾ་ངམ་ཕྱག་འཁར་སོགས་ཡོད་པར་གནས་ཡིག་ཁག་ཏུ་བཤད་ཀྱང་། ད་ལྟ་ཨོ་རྒྱན་ཆེན་པོའི་སྐུ་གསུང་འབྱོན་མ་ཆོས་འཁོར་ཁྲ་འབྲུག་ཏུ་བཞུགས་པ་ལས་གཞན་རྟེན་རྙིང་ཁག་བཞུགས་མེད་ཅེས་དཀོར་གཉེར་བས་བཤད། ད་ལྟའི་དགོན་པ་དེར་མཁན་སློབ་ཆོས་གསུམ་སོགས་གསར་བཞེངས་དང་། འགྲོ་མགོན་དུར་ཁྲོད་རས་པའི་གདུང་རྟེན་སོགས་བཞུགས།

ཤེལ་བྲག་གི་གཡོན་གྱི་རྒྱབ་ངོས་སུ་ཨུ་རྒྱན་གླིང་པའི་གཏེར་གནས་པདྨ་ཤེལ་ཕུག་ཏུ་གྲགས་པ་ཡོད་པར་བཤད། དེར་གུ་རུ་ཨུ་རྒྱན་གླིང་པས་པདྨ་བཀའ་ཡི་ཐང་ཡིག་གཏེར་ནས་དྲངས་པ་སྟེ། པདྨ་བཀའ་ཐང་གི་མཇུག་བྱང་དུ། ཆུ་འབྲུག་ཟླ་བ་བཞི་པའི་ཚེས་བརྒྱད་གཟའ་ཟླ་བ་དང་སྐར་མ་དབོ་འཛོམས་པའི་ཉིན་ཡར་ཀླུང་ཤེལ་གྱི་བྲག་རྫོང་པདྨ་བརྩེགས་པའི་ངོས་པདྨ་ཤེལ་ཕུག་གི་སྒོ་སྲུངས་ཁྱབ་འཇུག་ཆེན་པོའི་ཐུགས་ཀ་ནས་གུ་རུ་ཨུ་རྒྱན་གླིང་པས༔ ལས་ལྡན་གྱི་གྲོགས་གཞུ་ཀུན་རབ་ཧོར་བ་སྒོམ་ཤཱཀ་དང་བཅས་གཏེར་ནས་སྤྱན་དྲངས་པའོ༔ ཞེས་སོགས་གསུངས་ཤིང་། པདྨ་བཀའ་ཐང་འདི་ཤིན་ཏུ་འགྲོ་དོན་ཆེ་བ་ཡིན། གཞན་ཤེལ་ཕུག་གི་ཉེ་འཁྲིས་སུ་མཚོ་རྒྱལ་གསང་ཕུག་དང་། དུར་ཁྲོད་སོགས་ཀྱང་ཡོད་ཅེས་བཤད།

 

                          གཉིས། རས་ཆུང་ཕུག

རས་ཆུང་ཕུག་ནི་རྩེད་ཐང་གྲོང་གི་ལྷོ་ངོས་ཀྱི་རི་གཤམས་ཏེ་ཅུང་རིའི་འདབས་སུ་གཅར་བའི་ངོས་ལྡེབས་སུ་ཡོད། རས་ཆུང་ཕུག་ཅེས་པའི་དོན་ནི་ཕུག་པ་དེར་གཙོ་བོ་བཀའ་བརྒྱུད་པའི་བླ་མ་ཆེན་པོ་རས་ཆུང་བའི་སྒྲུབ་ཕུག་ཡོད་པས་རས་ཆུང་ཕུག་ཅེས་ཟེར་ཞིང་ཡར་ཀླུང་ཕུག་གསུམ་ཞེས་གྲགས་པའི་ཡ་གྱལ་ཡང་ཡིན། ཐོག་མར་རས་ཆུང་པའི་སྒྲུབ་ཕུག་ཡིན་ཞིང་རྗེས་སུ་རས་ཆུང་པའི་རྣམ་སྤྲུལ་གཙང་སྨྱོན་ཧེ་རུ་ཀས་མཛད་པ་རྒྱ་ཆེར་སྐྱོང་གནས་ཀྱང་ཡིན། སྔོན་གྱི་གནས་ཡིག་འགར་རས་ཆུང་བའི་རྣམ་འཕྲུལ་གཙང་སྨྱོན་ཧེ་རུ་ཀའི་གདན་ས་རས་ཆུང་ཕུག་སོགས་སུ་རྟེན་གསུམ་རབ་འབྱམས་ཞེས་གསུངས་པ་ནི་རས་ཆུང་པ་སྐུ་དངོས་ཀྱི་ཕུག་པ་མིན་ཞེས་པའི་དོན་མ་ཡིན་ཞིང་། ཕྱིས་སུ་གཙང་སྨྱོན་གྱིས་དེར་མཛད་པ་བསྐྱངས་པ་གྲགས་ཆེ་བས་ཡིན་པར་འདོད།

དུས་འགྱུར་གོང་དགོན་དེར་འདུ་ཁང་ཨ་མ་ཞེས་དང་། རྩེ་ཕོ་བྲང་། གཙུག་ལག་ཁང་། མ་ཎི་ལྷ་ཁང་སོགས་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད་པར་བཤད། ད་ལྟ་ཡང་ཕུག་པའི་སྟེང་ནས་ཡར་ཅུང་ཙམ་སོང་མཚམས་སུ་གནའ་བོའི་དགོན་རྙིང་གི་རྩིག་ཀོག་རྣམས་ཉམ་ཆག་རྩ་རྫོགས་སུ་མ་སོང་པར་ད་ལྟ་ཡང་ལྷག་འདུག

རས་ཆུང་པ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བྱུང་བའི་རྗེ་བཙུན་མི་ལ་རས་པའི་སློབ་མའི་གཙོ་བོ་ཞིག་ཡིན་ལ། བཀའ་བརྒྱུད་པའི་ཟབ་ཆོས་ལུས་མེད་མཁའ་འགྲོའི་སྐོར་ཏེ་བདེ་མཆོག་སྙན་བརྒྱུད་སྐོར་ཁོང་ནས་བརྒྱུད་པས་བོད་བརྒྱུད་ནང་བསྟན་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན། བདག་ཆུང་དུས་ནས་མི་ལ་རས་པའི་རྣམ་མགུར་སོགས་ལས་ཁོང་གི་སྐོར་ཡང་ཡང་ཐོས་མྱོང་ཡོད། ཁོང་ནི་གྲུབ་ཐོབ་ཐོ་ཅོའི་སྤྱོད་པ་ཅན་ཞིག་སྟེ། ཕྱག་ཏུ་ཌ་མ་རུ་བསྣམས་ཤིང་། ཞལ་ནས་སྙན་པོའི་གསུང་མགུར་ལེན་བཞིན་དུ་ས་ཆ་ག་ས་གང་དུ་གནས་མཇལ་དང་བསོད་སྙོམས་ལ་མཁན་ཞིག་ཡིན་པར་བཤད་ཅིང་། དེའི་སྐོར་གྱི་དགོད་བྲོ་བའི་བཤད་རྒྱུན་ཤིན་ཏུ་མང་པོ་ཡོད།

གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་ནི་དུས་རབས་བཅོ་ལྔ་པའི་སྨད་ཕྱོགས་སུ་བྱུང་བའི་འགྲོ་མགོན་བཀའ་བརྒྱུད་པའི་བླ་ཆེན་ཞིག་དང་། བོད་ཀྱི་སྨྱོན་པ་རྣམ་གསུམ་ཞེས་པའི་གྲས་རེད། བལ་ཡུལ་གྱི་འཕགས་པ་ཤིང་ཀུན་ཞིག་གསོ་དང༌། གྲུབ་གནས་མང་པོར་བཀའ་བརྒྱུད་ཀྱི་སྒྲུབ་སྡེ་བཙུགས་པ། སྙན་བརྒྱུད་གླེགས་བམ་དུ་བཀོད་པ་པོ་ཏི་བཅུ་གསུམ་ལ་ཞུ་དག་གཙང་མ་བྱས་ཞེས་བཤད་པ་དང་། ལྷག་པར་དུ་ད་ལྟའི་བར་བོད་ཀྱི་དམངས་ཁྲོད་ལ་ཁྱབ་རྒྱ་ཤིན་ཏུ་ཆེ་བའི་རྗེ་བཙུན་མི་ལའི་རྣམ་མགུར་ལྗག་རྩོམ་ཕྱོགས་སྒྲིག་བྱས་པ་སོགས་བཀའ་དྲིན་ཤིན་ཏུ་ཆེ།

ཡང་སྐབས་འགའ་ཞིག་ཏུ་ཁོང་གིས་ཀྱང་གྲུབ་ཐོབ་ཐོ་ཅོའི་སྤྱོད་པ་སྐུ་ལུས་གཅེར་བུར་མིའི་གཡང་གཞི་གསོལ་བ་སོགས་དང་། རུས་རྒྱན་ཏེ་ཐོད་པ། རྐང་གླིང༌། ཁ་ཊཱཾ་རྣམས་འཆང་ཞིང་དུར་ཁྲོད་དང་གྲོང་གསེབ་ངེས་མེད་དུ་བྱོན་པས་གཙང་སྨྱོན་ཧེ་རུ་ཀ་ཞེས་གྲགས།

ད་ལྟ་ཡང་ཕུག་པ་དེ་ཉམས་དགའ་བ་ཞིག་རེད། ཕུག་པའི་ནང་ཨོ་རྒྱན་ཆེན་པོའི་སྐུ་དང་དང་། རས་ཆུང་པ། རྗེ་མི་ལ། གཙང་སྨྱོན་ཧེ་རུ་ཀ་སོགས་ཀྱི་སྐུ་འདྲ་གསར་བཞེངས་དང་། ལྷག་པར་དུ་རས་ཆུང་བའི་ཞབས་རྗེས་དང་། མི་ལའི་ཕྱག་འཁར་སོགས་མཇལ་རྒྱུ་ཡོད།

 

   གསུམ། ལོ་ཆེན་བེ་རོའི་ཕུག་པ།

བེ་རོ་ཕུག་ནི་རས་ཆུང་ཕུག་ནས་ཡར་འཕྱོངས་རྒྱས་ཕྱོགས་སུ་ལེ་དབར་གཅིག་ཙམ་སོང་བའི་པད་རོང་གྲོང་ཞེས་པའི་ཤར་རིའི་ལྡེབས་སུ་ཡོད། ཡར་ཀླུང་ཕུག་གསུམ་ཞེས་གྲགས་པའི་གྲས་ཀྱང་ཡིན། བོད་ཀྱི་ལོ་ཙཱ་བ་ཆེན་པོ་བེེ་རོ་ཙཱ་ནས་སྒོམ་སྒྲུབ་གནང་མྱོང་བའི་གནས་ཁྱད་པར་ཅན་ཞིག་ཡིན་པས་ཁོང་གི་མཚན་བྲག་ཕུག་ལ་ཐོགས་ནས་བེེ་རོ་ཕུག་ཅེས་བརྗོད།

ཕུག་པ་འདི་དང་འབྲེལ་བའི་ཨོ་རྒྱན་ཆེན་པོ་དང་ལོ་ཆེན་བེ་རོ་ཙཱ་ན་གཉིས་ཀྱིས་རྫུ་འཕྲུལ་བསྟན་པའི་སྐོར་བཤད་རྒྱུན་མང་པོ་ཡོད། ཨོ་རྒྱན་ཆེན་པོས། བེ་རོ་ཙཱ་ན་ཨོ་རྒྱན་དངོས་དང་མཉམ་ཞེས་བསྟོད་བསྔགས་ཆེན་པོ་གནང་།

ཡང་ཕུག་པ་འདིར་ཁོང་གིས་སྒོམ་སྒྲུབ་མཛད་པས་རྗེ་བཙུན་འཇམ་པའི་དབྱངས་ཞལ་མཇལ་ཞིང་བློ་གྲོས་ཀྱི་སྤོབས་པའི་གདིང་ཆེན་པོ་ཐོབ་ཟེར། ཕྱི་རབས་པ་དག་གིས་བྲག་ཕུག་འདིའི་ནང་སྒོམ་སྒྲུབ་བྱེད་པའམ། ཡང་ན་མཆོད་མཇལ་དུ་བསྐྱོད་ན་རིག་པའི་དངོས་གྲུབ་ཐོབ་ཅེས་གྲགས། གཞན་ཡང་བེེ་རོ་ཕུག་ནང་བཀའ་འགྱུར་གྱི་ཆ་ཤས་རང་བྱོན་དང་། དམ་ཅན་གྱི་ཞལ་འབག་རང་བྱོན་སོགས་ཀྱང་མཇལ་རྒྱུ་ཡོད་ཅེས་བཤད་མོད་བདག་གིས་ཉམས་འཇོག་ཆེན་པོ་མ་ཐུབ་པས་མ་མཇལ། ཕུག་པ་ཆུང་ངུ་འདིར་ད་ལྟ་ལོ་ཆེན་བེ་རོ་ཙ་ནའི་སྐུ་བརྙན་སོགས་གསར་དུ་བཞེངས་འདུག

བདག་གིས་པར་དུ་བླངས་པའི་བེ་རོའི་འདྲ་འབག་ལ་བལྟས་ནས་གྲོགས་པོ་ཞིག་གིས་སྐུ་དེར་མིག་གསུམ་ཡོད་པ་གང་རེད་ཅེས་དྲིས་བྱུང་བར། བདག་གིས་ལོ་ཙཱ་བ་ཆེན་པོ་མཚོན་བྱེད་རེད། རྔོག་ལོ་ཆེན་པོས། བེ་རོ་ཙཱ་ན་ནམ་མཁའི་མཐའ་དང་མཉམ།། ཞེས་བསྟོད་བསྔགས་གནང་བ་ཡང་ཁོང་གི་མཁྱེན་པ་ལ་བསྟོད་པ་རེད། མིག་དེ་གཞན་སུ་ལ་ཡང་མེད་པའི་ཁོང་གི་ཤེས་རབ་མཚོན་བྱེད་རེད་ཅེས་བཤད།

  ཡར་ཀླུང་ཤེལ་བྲག་དང་། རས་ཆུང་ཕུག  བེེ་རོ་ཕུག་བཅས་ལ་ཡར་ཀླུང་ཕུག་གསུམ་ཞེས་ཟེར་དོན་ནི། རས་ཆུང་ཕུག་ནང་རྣལ་འབྱོར་པ་རས་ཆུང་པ་ལ་སྐུ་ཡི་དངོས་གྲུབ་ཐོབ་པ་དང་། བེེ་རོ་ཕུག་ནང་ལོ་ཆེན་བེེ་རོ་ཙ་ནར་གསུང་གི་དངོས་གྲུབ་ཐོབ་པ། ཤེལ་བྲག་ཕུག་ནང་སློབ་དཔོན་པདྨ་འབྱུང་གནས་ལ་ཐུགས་ཀྱི་དངོས་གྲུབ་ཐོབ་པ་བཅས་མདོར་ན་ཕུག་པ་དེ་གསུམ་ནང་སྐྱེས་ཆེན་དམ་པ་གསུམ་ལ་སྐུ་གསུང་ཐུགས་གསུམ་གྱི་དངོས་གྲུབ་ཐོབ་པས་ཕུག་དེ་གསུམ་ལ་ཡར་ཀླུང་ཕུག་གསུམ་ཞེས་རྩ་ཆེན་དུ་འཛིན་པར་གྲགས་སོ།། 

༢༠༡༩/༢/༡༧ཉིན་ཡུལ་ཡར་ཀླུང་རྩེད་ཐང་གྲོང་ནས་ཤར་མཚམས་སྤྲིན་དུ་འབོད་པས་ཟིན་བྲིས་སུ་བཏབ་པ་ཕྱིས་ཕྲི་སྣོན་ཅུང་ཙམ་དང་བཅས་སྤེལ་བའོ།།

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།