ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་པའི་འཁྲིད་ཡིག 

ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་པའི་འཁྲིད་ཡིག 

 

མཛད་པ་པོའི་རྣམ་ཐར་སྙིང་བསྡུས།

 

གཞུང་འདིའི་མཛད་པ་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ནི། གཙང་རྟ་ནག་པད་ཁུད་ནང་པའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང༌། ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་༡༧༡༣ ལོར་འཁྲུངས། དགུང་ལོ་བདུན་ཐོག་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་དབུ་རྒྱན་ཆོས་འཕེལ་ཞེས་སྩལ། ཨ་ནིས་ཀློག་བསླབས། དགུང་ལོ་བརྒྱད་པར་བཀྲས་ལྷུན་དྲུང་རམས་པ་ནས་ཆོས་སྤྱོད་འཛིན་སྐྱོར་བྱེད་དུ་བཅུག །དགུང་ལོ་བཅུ་ཐོག་བཀྲས་ལྷུན་གྱི་ཆོས་སྒོར་ཞུགས། དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས།

 

མཚན་ཡེ་ཤེས་རྒྱལ་མཚན་འདོགས་པར་མཛད། དགུང་ལོ་བཅུ་བདུན་བར་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། རྣམ་འགྲེལ་ཐོག་ནས་མིང་བཏགས་གནང་རྒྱུ་ཡིན་ནའང་རང་མཉམ་འགའ་ཞིག་གིས་སྒྲོ་སྐུར་ལ་བརྟེན་མིང་སྐམ་པོར་མ་ཆགས་པར་སྐྱིད་གྲོང་དུ་ཕེབས། དེའི་ལོར་སྡོད་ཁང་སྤྱིལ་བུ་གསར་རྒྱག་གིས་ལོ་གསུམ་རིང་སྒྲུབ་ལ་བརྩོན། དགུང་ལོ་ཉི་ཤུ་ལ་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་ལ་དབུས་སུ་ཕེབས། ཕུར་བུ་ལྕོག་བྱམས་པ་རིན་པོ་ཆེ་མཇལ་ནས་ཟབ་ཆོས་འགའ་ཞུས་ཏེ་ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་ཏེ་ལོ་གཅིག་བཞུགས། དགུང་ལོ་ཉེར་གསུམ་ལ་སྐྱིད་གྲོང་དུ་ཕེབས་ནས་གྲུབ་དབང་རིན་པོ་ཆེ་བསྙུན་ཚུལ་གྱིས་ཞི་བར་གཤེགས་པའི་དགོངས་རྫོགས་བསྒྲུབས། དགུང་ལོ་ཉེར་ལྔ་ལ་དིང་རིར་ཕ་དམ་པའི་སྒྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་འཚོ་བ་ངན་ངོན་ལ་བརྟེན་ནས་སྔ་རྗེས་མི་ལོ་བཅུ་གཉིས་ཧྲིལ་པོ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། དགུང་ལོ་ཞེ་བཞི་ནས་རེ་ལྔའི་བར་སྐྱིད་གྲོང་བསམ་གཏན་གླིང་དང༌། དགའ་ལྡན་ཕུག་པོ་ཆེ། ཆོས་སྡིངས་ཚུལ་ལྡན་གླིང༌། བལ་ཡུལ་ཐང་དྷི་ཧ་ར་སོགས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོའི་མཛད་པ་གནང༌། དགུང་ལོ་རེ་གཉིས་ལ་ཕེབས་སྐབས་རྒྱལ་དབང་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དང་པཎྜི་ཏའི་མཚན་བསྟོད་བཞེས་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་བཞུགས་ནས་དགུང་ལོ་བརྒྱད་ཅུ་བར་ཡོངས་འཛིན་གནང༌། དབུས་གཙང་གི་ཆོས་སྡེ་ཆེ་ཆུང་ཚང་མར་འདུལ་བའི་ཕྱག་ལེན་དང་ལམ་རིམ་གྱི་འཆད་སྤེལ་ནར་མར་མཛད། དགུང་ལོ་དོན་བདུན་སྐབས་གྲིབ་ཚེ་མཆོག་གླིང་དགོན་པ་ཕྱག་བཏབ། དགུང་ལོ་གྱ་གཅིག་སྟེ་ཆུ་གླང་ ༡༧༩༣ ལོ་ལ་སྐུ་གཤེགས།

དཔལ་ལྡན་བླ་མ་འདི་ཉིད་ཀྱིས་མདོ་སྔགས་གནད་ལས་བརྩམས་པའི་བསྟན་བཅོས་མང་དུ་མཛད་པ་ལས་དང་པོ་མདོ་ཕྱོགས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་པ་བདག་ཉིད་ཆེན་པོ་སློབ་དཔོན་སེང་གེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་བསྡུས་དོན་ལྡེ་མིག་དང་། ཤེར་ཕྱིན་སྟོང་ཕྲག་བརྒྱད་པ་དང་མངོན་རྟོགས་རྒྱན་སྦྱར་ཏེ་བྱང་ཆུབ་ལམ་རིམ་གྱི་གནད་རྣམས་གསལ་བར་སྟོན་པའི་སྒྲོན་མེ་སོགས་དང༌། འདུལ་བ་ལས་བརྩམས་པ་རྒྱལ་བའི་བསྟན་པའི་ནང་མཛོད་དམ་པའི་ཆོས་འདུལ་བའི་བྱུང་ཚུལ་བརྗོད་པ་རྒྱལ་བསྟན་གསལ་བྱེད་ཉིན་མོའི་སྣང་བ་དང་། འདུལ་བའི་ལས་ཀྱི་ཆོ་ག །དབུ་མ་ལས་བརྩམས་པ་ཟབ་མོ་དབུ་མའི་ལྟ་ཁྲིད་བློ་བཟང་ཞལ་ལུང༌དང་བདེན་བཞིའི་བླང་དོར་གྱི་གནད་བསྡུས་པའི་ཚིགས་བཅད། སྐྱེས་རབས་རྣམ་ཐར་ལས་བརྩམས་པ་ཟབ་པ་དང་རྒྱ་ཆེ་བའི་ལམ་ལ་སློབ་ཚུལ་དེ་བཞིན་གཤེགས་པའི་སྔོན་གྱི་རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུང་བ་དང་སྦྱར་ཏེ་བཤད་པ་སྐྱེས་རབས་སོ་བཞིའི་དོན་རྣམ་བཤད་ཐེག་ཆེན་གསལ་སྒྲོན་དང་། བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་རྣམ་ཐར་རྒྱལ་བསྟན་མཛེས་པའི་རྒྱན་མཆོག་ཕུལ་བྱུང་ནོར་བུའི་ཕྲེང་བ། རྗེ་བཙུན་བླ་མ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་དཔལ་བཟང་པོའི་རྣམ་ཐར་སོགས་དང༌། གཉིས་པ་ཟབ་མོ་རྡོ་རྗེ་ཐེག་པའི་གནད་ལས་བརྩམས་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བསྟོད་སྤྲིན་སྒྲ་དབྱངས། བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་བརྒྱུད་མན་ངག་གི་གཏེར་མཛོད། རྣལ་འབྱོར་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་ཁྲིད་དམིགས་བསྡུས་དོན། བྱིན་རླབས་ཀྱི་གཏེར་ཆེན་པོ་རྡོ་རྗེ་འཇིགས་བྱེད་ཀྱི་ཟབ་ཁྲིད་མན་ངག་ཡིད་ཆེས་གསུམ་ལྡན། བློ་སྦྱོང་ལམ་རིམ་སྐོར་ལ། ཐེག་ཆེན་བློ་སྦྱོང་བློ་བཟང་དགོངས་རྒྱན་གྱི་རྩ་ཚིག །ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་ཁྲིད་དམིགས་བསྡུས་དོན་སྐལ་ལྡན་འཇུག་ངོགས། བློ་སྦྱོང་ཁྲིད་ཡིག་བདུད་རྩིའི་སྙིང་པོ།སོགས་གསུང་འབུམ་པོད་བཅུ་དགུ་ཙམ་ཡོད་པ་ལས་ད་རེས་འདིར་བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་བརྒྱུད་མན་ངག་གི་གཏེར་མཛོད། ཅེས་བྱ་བ་འདི་ཉིད་རྗེ་ཉིད་ཀྱི་ཞལ་ནས། དེ་ལ་འདིར་མདོ་སྔགས་གསུང་རབ་ཐམས་ཅད་ཀྱི་སྙིང་པོ། སྔོན་བྱོན་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ། རྒྱ་བོད་མཁས་གྲུབ་དམ་པ་རྣམས་ཀྱི་ཐུགས་དམ་མཐིལ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག །གྲུབ་མཆོག་དྷརྨཱ་བཛྲ་ཡབ་སྲས་ཀྱི་བཀའ་སྲོལ། སྐལ་ལྡན་གྱི་སྐྱེས་བུ་སངས་རྒྱས་ཀྱི་སར་མྱུར་བར་མྱུར་བར་འཁྲིད་པའི་ཐབས་ཟབ་མོ་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བླ་མ་ལྷའི་རྣལ་འབྱོར་ནི་གང་བཤད་པར་བྱ་བའི་ཆོས་སོ། །ཞེས་གསུངས་པ་ལྟར་མདོ་སྔགས་གསུང་རབ་གནད་རྣམས་མ་ལུས་པར་བསྡུས་ཅིཤི་སྐལ་ལྡན་སྐྱེས་བུ་སངས་རྒྱས་སར་འགྲོ་བ་ལ་མེད་དུ་མི་རུང་བའི་གསུང་རབ་ཀྱི་ཟབ་མོའི་དོན་རྣམས་ཁ་གསལ་ཞིང་གོ་བདེ་བའི་སྟེང་ནས་གསལ་བར་བསྟན་པ་སོགས་ཟབ་ལམ་བླ་མ་མཆོད་པའི་རྩ་འགྲེལ་ཡོངས་ཀྱི་ནང་ནས་འགྲེལ་པ་འདི་ཉིད་ས་འཛིན་དབུས་ན་ལྷུན་པོ་ལྟར་འཕགས་པ་སོགས་ཀྱི་ཁྱད་ཆོས་རྫོགས་པས་ན་གསུང་རབ་འདི་ལ་འཆད་ཉན་གནང་མཁན་གྱི་དོན་གཉེར་ཅན་རྣམས་དང་ཞིབ་འཇུག་གནང་མཁན་གྱི་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་དགོས་མཁོ་སྐོང་བྱེད་དབུས་གཙང་རིག་མཛོད་ནས་ཡིག་འཇུག་དཔར་འགྲེམས་ཞུས་པ་ཡིན།

ཕྱག་དཔེ་འདི་ཉིད་ཕྱོགས་བསྒྲིགས་ཞུས་པའི་གོ་རིམ་ནང་རྩ་བ་འཚོལ་བདེ་བའི་ཆེད་ལོགས་སུ་བཏོན་ཡོད་ལ་འཁྲིད་ཡིག་འདི་ཉིད་ནང༌། ཆོས་རྣམས་རང་བཞིན་འགྲོ་འོང་ཀུན་བྲལ་ཡང་། །སྣ་ཚོགས་གདུལ་བྱའི་བསམ་པ་ཇི་བཞིན་དུ། །ཅིར་ཡང་འཆར་བའི་མཁྱེན་བརྩེའི་འཕྲིན་ལས་ཅན། །སྐྱབས་མགོན་དམ་པ་འཁོར་བཅས་གཤེགས་སུ་གསོལ། །ཞེས་པ་འདི་ཉིད་ཀྱི་རྩ་འགྲེལ་གཉིས་ཀ་མེད་པ་དང་དེ་མིན་སྤྱན་འདྲེན་གྱི་སྔགས་མེད་པ། ཚོགས་མཆོད་ནང་དུ། ཧཱུཾ། སྤྲོས་ཀུན་ཉེར་ཞི་ཆོས་སྐུའི་ངང༌། །རླུང་མེ་གཡོ་ཞིང་འབར་བའི་སྟེང་། །མི་མགོའི་སྒྱེད་བུ་གསུམ་གྱི་ཁར། །ཨཱཿམཚན་ལྡན་ཐོད་པ་ཀཱ་པ་ལར། ཨོཾ་རྫས་རྣམས་སོ་སོར་སྦར་བར་གྱུར། །དེ་དག་སྟེང་གནས་ཨོཾ་ཨཱཿཧཱུཾ། ཁ་དོག་གཟི་བརྗིད་སོ་སོར་འབར། །རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ཁོལ་བས་རླངས་པ་ཆེར་གཡོས་པས། །ཡི་གེ་གསུམ་ལས་འོད་ཟེར་ཚོགས། །ཕྱོགས་བཅུར་འཕྲོས་པས་རྡོ་རྗེ་གསུམ། །བདུད་རྩིར་བཅས་རྣམས་སྤྱན་དྲངས་ནས། །སོ་སོར་ཡི་གེ་གསུམ་ཐིམ་པས། །བདུད་རྩིར་ཞུ་ནས་བཅུད་དང་འདྲེས། །སྦྱངས་རྟོགས་སྦར་བྱས་ཨེ་མ་ཧོ། །འདོད་དགུའི་དཔལ་འབར་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ། ཐུགས་རྗེའི་བདག་ཉིད་རྩ་བརྒྱུད་བླ་མ་དང༌། །ཡི་དམ་ལྷ་ཚོགས་སྐྱབས་གནས་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་ལས་གྲུབ་མཛེས་པའི་གདན་ཁྲི་ལ། །ཞབས་སེན་འོད་ཆགས་བརྟན་པར་བཞུགས་ནས་ཀྱང༌། །གྲུབ་མཆོག་བདག་ལ་འདོད་དགུའི་དངོས་གྲུབ་སྩོལ། །དཔའ་བོ་ཆེན་པོ་ཚོགས་དང་པོ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་ཤིས་བརྗོད་ནང་དུ། སྲིད་ཞིའི་རྣམ་དཀར་ཇི་སྙེད་དགེ་མཚན་གྱིས། །དེང་འདིར་མི་ཤིས་རྒུད་པ་ཀུན་བྲལ་ཏེ། །གནས་སྐབས་མཐར་ཐུག་དགེ་ལེགས་ནམ་མཁའི་མཛོད། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཀུན་མཁྱེན་བློ་བཟང་གྲགས་པའི་ཆོས་ཀྱི་སྡེར། །བསླབ་གསུམ་རྣམ་དག་རྩེ་གཅིག་སྒྲུབ་ལ་བརྩོན། །རྣལ་འབྱོར་རབ་བྱུང་ཚོགས་ཀྱིས་ཡོངས་གང་བས། །ཐུབ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །གཞོན་ནུའི་དུས་ནས་བླ་མ་ལྷ་མཆོག་ལ། །གསོལ་བ་བཏབ་པས་བློ་བཟང་གྲགས་པ་ཡི། །བྱིན་རླབས་ཞུགས་ནས་གཞན་དོན་ལྷུན་གྱིས་གྲུབ། །བློ་བཟང་རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག །འདོད་དགུའི་འབྱོར་པ་དབྱར་གྱི་མཚོ་ལྟར་འཕེལ། །སྐྱོན་མེད་རིགས་ཀྱི་དལ་འགྲོ་རྒྱུན་ཆད་མེད། །ཉིན་མཚན་བློ་བཟང་དམ་པའི་ཆོས་ཀྱིས་འདའ། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཞེས་སོགས་ཀྱི་རྩ་འགྲེལ་མེད་པ་ནི་ཕྱིས་གསར་དུ་བསྣན་པའི་དབང་གིས་ཡིན་མིན་དཔྱད་པར་འཚལ། དེ་མིན་ཚོགས་མཆོད་ཀྱང༌། ཡིད་འོང་ལང་ཚོའི་དཔལ་འཛིན་དྲུག་ཅུ་བཞིའི། །ཞེས་པའི་སྔོན་དུ་ཡོད་པ་ཡང་འདོན་རྒྱུན་གྱི་དབང་གིས་ཡིན་ནམ་སྙམ། ཕྱག་དཔེ་འདི་ཉིད་ཞུས་དག་སྐབས་ཐོག་མའི་ཞུ་དག་དང༌། བསྐྱར་ཞུས། ཡང་ཞུས། ཞུས་ཆེན་བཅས་ཞུ་དག་གི་རིམ་པ་བཞི་ལྷག་ཙམ་བརྒྱུད་ཅིང༌། ལྷག་པར་ཡང་མ་དཔེ་སོར་བཞག་གི་རྩ་དོན་གཞིར་བཟུང་མ་དཔེའི་ནང་གང་ཡོད་རྣམས་རང་སོར་བཞག་ཐོག་དེ་མིན་མངོན་གསལ་ཅན་གྱི་དག་ནོར་རེ་ཟུང་སུམ་རྟགས་དང་མཐུན་པར་བཅོས་ཏེ་རང་བློས་གང་ཐུབ་ཀྱི་སྲི་ཞུ་བསྒྲུབ་ཁུལ་ལགས་ཀྱང་ད་དུང་ཡིག་ནོར་ཆད་ལྷག་སོགས་ཀྱི་སྐྱོན་ཆ་ཡང་འབྱུང་ངེས་པས་རྒྱ་ཆེའི་གཞུང་ཆེན་འཆད་ཉན་པ་རྣམས་ཀྱིས་གལ་སྲིད་ཡིག་ནོར་དང་ཆད་ལྷག་སོགས་སྐྱོན་ཆ་གཟིགས་ཚེ་མ་དཔེར་དཔེ་བསྡུར་ཞུས་ཏེ་རྣག་ཐོག་གཙག་འཁེལ་གྱི་སྐྱོན་འདོན་གནང་ཚེ་ང་ཚོའི་ཕྱིས་ཀྱི་ལས་ཀའི་ནང་ཡོ་བསྲང་ཞུ་ངེས་པས་སྐུ་ཉིད་ནས་བསྟན་པའི་ཞབས་འདེགས་ལ་དགོངས་ཏེ་རྩ་ཆེའི་དགོངས་འཆར་གནང་རྒྱུའི་འདུན་པ་ཤུགས་དྲག་དང་བཅས།

 

དཀར་ཆག

 

བླ་མ་མཆོད་པའི་འཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་རྒྱུད་མན་ངག་

གི་གཏེར་མཛོད།····················································································(1)

མཆོད་པར་བརྗོད་པ།··················································································(1)

གདམས་པའི་ཁུངས་བཤད་པ།·······································································(3)

གདམས་པའི་ཆེ་བ་བཤད་པ།······································································(22)

གདམས་པ་དངོས་ཉམས་སུ་ལེན་ཚུལ་ཀུན་སློང་བཅོས་པ་བཤད་པ།··························(28)

སྐྱབས་འགྲོ་སེམས་བསྐྱེད་བྱ་ཚུལ།·································································(38)

ཁྱད་པར་གྱི་སྔོན་འགྲོ་བཤད་པ།···································································(47)

ཚོགས་ཀྱི་ཞིང་དུ་བླ་མ་ལྷ་ཚོགས་གསལ་བཏབ་ནས་སྒོམ་ཚུལ།································(57)

བླ་མ་ལྷ་ཚོགས་མཆོད་པ་གལ་ཆེ་བའི་རྒྱུ་མཚན་བཤད་པ།·····································(84)

བླ་མ་ལྷ་ཚོགས་ལ་ཕྱག་འཚལ་བ་བཤད་པ།······················································(88)

ཕྱི་བུམ་དབང་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་བཤད་པ།······························(100)

ནང་གསང་དབང་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་བཤད་པ།··························(130)

གསང་བ་ཤེར་དབང་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་བཤད་པ།······················(140)

དེ་ཁོ་ན་ཉིད་ཚིག་དབང་རིན་པོ་ཆེ་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་བཤད་པ།·······(146)

སྨན་དང་བདག་ཉིད་བྲན་དུ་འབུལ་ཚུལ་བཤད་པ།·············································(149)

བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་བཤད་པ།······························(157)

ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་བྱ་ཚུལ།···············································(170)

ཡོན་ཏན་དང་བཀའ་དྲིན་དྲན་པའི་སྒོ་ནས་གསོལ་བ་འདེབས་ཚུལ།··························(181)

ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ།···(198)

ཕུར་ཚུགས་སུ་གསོལ་བ་འདེབས་ཤིང་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ།··············(210)

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་བཤད་པ།·······································(222)

སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་ལ་བཤད་པ།·························(225)

སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་བཤད་པ།·····························(230)

སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལས་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་

བསྐྱེད་ཚུལ་བཤད་པ།··········································································(234)

བདག་གཞན་མཉམ་བརྗེ་སྒོམ་ཚུལ་རྒྱས་པར་བཤད་པ།······································(240)

ལྷག་བསམ་དང་སེམས་བསྐྱེད་སྒོམ་ཚུལ་དང་སྨོན་སེམས་དང་

འཇུག་སྡོམ་ལེན་ཚུལ་བཤད་པ།······························································(267)

རྒྱལ་སྲས་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་ཚུལ་བཤད་པ།··························(273)

ཟབ་མོ་དབུ་མའི་ལྟ་བ་ལ་སློབ་ཚུལ་བཤད་པ།·················································(297)

ཐུན་མོང་མིན་པ་རྡོ་རྗཻ་ཐེག་པ་ལ་སློབ་ཚུལ་བཤད་པ།·········································(303)

བསྐྱེད་རིམ་ལ་སློབ་ཚུལ་བཤད་པ།······························································(319)

གཉིས་པ་རྫོགས་རིམ་ལ་སློབ་ཚུལ།······························································(324)

ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་བཤད་པ།················································(351)

 

༄༅། །བླ་མ་མཆོད་པའི་འཁྲིད་ཡིག་གསང་བའི་གནད་རྣམ་པར་

ཕྱེ་བ་སྙན་རྒྱུད་མན་ངག་གི་གཏེར་མཛོད་

ཅེས་བྱ་བ་བཞུགས་སོ། །

 

མཆོད་པ་བརྗོད་པ།

 

༈ རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་དབྱེར་མ་འཆིས་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། །རབ་འབྱམས་རྒྱལ་བའི་འཁོར་ལོ་མ་ལུས་པའི། །སྤྲོ་དང་བསྡུ་བའི་བྱེད་པོ་གཅིག་པུ་པ། །བདེ་ཆེན་མགོན་པོ་བླ་མ་ལྷག་པའི་ལྷ། །བདག་སྙིང་པདྨོའི་ཟེའུ་འབྲུར་རྟག་ཏུ་བཞུགས། །སྟོན་པ་མཉམ་མེད་ཐུབ་དབང་རྡོ་རྗེ་འཆང༌། །རྒྱལ་ཚབ་མི་ཕམ་མགོན་དང་འཇམ་པའི་དབྱངས། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སོགས། །ཐུབ་དབང་སྲས་དང་བཅས་ལ་ཕྱག་འཚལ་ལོ། །ཟབ་མོའི་ལམ་འདིས་གྲུབ་པ་མཆོག་བརྙེས་པ། །ཨིནྡྲ་བྷུ་ཏི་བདེ་བའི་མགོན་པོ་དང༌། །ས་ར་ཧ་དང་ཀླུ་སྒྲུབ་ཡབ་སྲས་དང༌། །གྲུབ་ཆེན་ཀུན་ཏུ་དགེ་དང་ལཱ་ལི་ཏ། །ཏཻ་ལོ་ནཱ་རོ་ཨ་ཏི་ཤ་ལ་སོགས། །འཕགས་ཡུལ་མཁས་གྲུབ་རྣམས་ལ་སྙིང་ནས་འདུད། །འཇམ་དཔལ་རྡོ་རྗེ་རྒྱལ་བ་ཙོང་ཁ་པ། །འཇམ་དབྱངས་བཀའ་གྲུབ་མཁས་གྲུབ་སྐུ་མཆེད་དང༌། །ཟུང་འཇུག་གྲུབ་པ་ཆོས་ཀྱི་རྡོ་རྗེ་སོགས། །འཇམ་མགོན་ཡབ་སྲས་རྣམས་ལ་སྙིང་ནས་འདུད། །བློ་བཟང་དགོངས་དོན་སྙན་བརྒྱུད་བསམ་འཕེལ་ནོར་བུ་གྲུབ་པའི་རྒྱལ་མཚན་རྩེར་མཆོད་སྐུ་གསུམ་འདོད་དགུའི་ཆར་འབེབས་དབེན་ས་བ། །ཐུབ་བསྟན་ཡོངས་རྫོགས་ཁང་བཟང་རྩེ་མོར་བློ་བཟང་སྙན་བརྒྱུད་ཆོས་ཀྱི་རྒྱལ་མཚན་རབ་བསྒྲེང་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས། །བློ་ཆེན་བཟང་པོའི་དཔལ་མངའ་དབང་ཕྱུག་བརྒྱད་ལྡན་རྣམ་འདྲེན་རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་ངག་གི་དབང་ཕྱུག་འཇམ་མགོན་ཆེ། །ཉམ་ཆུང་བདག་ཅག་བྱམས་པས་སྐྱོང་ཞིང་མན་ངག་བདུད་རྩིས་གསོ་མཛད་བཀའ་དྲིན་མཚུངས་མེད་རྣམས་ལ་ཀུན་ཏུ་ཕྱག་བགྱིད་དོ། །བློ་བཟང་རྡོ་རྗེ་འཆང་གི་ཐུགས་ཀྱི་བཅུད། །ཚེ་གཅིག་སངས་རྒྱས་གྲུབ་པའི་མྱུར་ལམ་མཆོག །ཤིན་ཏུ་གསང་བའི་གནས་འདི་འབྱེད་པ་ལ། །གནས་གསུམ་མཁའ་འགྲོས་བདག་གི་གྲོགས་མཛོད་ཅིག །

༈ དེ་ལ་འདིར་མདོ་སྔགས་གསུང་རབ་ཐམས་ཅད་ཀྱི་སྙིང་པོ། སྔོན་བྱོན་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ། རྒྱ་བོད་མཁས་གྲུབ་དམ་པ་རྣམས་ཀྱི་ཐུགས་དམ་མཐིལ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག ། གྲུབ་མཆོག་དྷརྨཱ་བཛྲ་ཡབ་སྲས་ཀྱི་བཀའ་སྲོལ། སྐལ་ལྡན་གྱི་སྐྱེས་བུ་སངས་རྒྱས་ཀྱི་སར་མྱུར་བར་མྱུར་བར་འཁྲིད་པའི་ཐབས་ཟབ་མོ་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བླ་མ་ལྷའི་རྣལ་འབྱོར་ནི་གང་བཤད་པར་བྱ་བའི་ཆོས་སོ། །

འདི་ལ་གསུམ། གདམས་པའི་ཁུངས་བཤད་པ། གདམས་པའི་ཆེ་བ་བཤད་པ་དང༌། གདམས་པ་དངོས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ། །

 

 

གདམས་པའི་ཁུངས་བཤད་པ།

 

དང་པོ་ནི། འདིར་བཤད་པར་བྱ་བའི་གདམས་ངག་གི་གཞུང་རྩ་བ་ནི་པཎ་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཟབ་ལམ་བླ་མའི་རྣལ་འབྱོར་རམ། བླ་མ་མཆོད་པའི་ཆོ་ག་ཞེས་བྱ་བ་འདི་ཉིད་ཡིན་ལ། གདམས་པ་འདི་ནི་བོད་དུ་རང་བཟོར་བྱས་པ་མིན་གྱི། རྒྱལ་བའི་བཀའ་དྲི་མ་མེད་པ་ནས་བྱུང་བ་འཕགས་ཡུལ་གྱི་མཁས་གྲུབ་དམ་པ་རྣམས་ཀྱི་ཐུགས་ཉམས་སུ་བཞེས་ཤིང་སྙན་ནས་སྙན་དུ་བརྒྱུད་དེ་བོད་ཡུལ་དུ་ཕེབས་པ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་མངོན་དུ་མཛད་ནས་གྲུབ་པའི་སྐྱེས་བུ་ཟམ་མ་ཆད་པ་ལས་བྱོན་པ། བྱིན་རླབས་ཀྱི་ངད་མ་ཡལ་བའི་ཡིད་ཆེས་ཁུངས་ལྡན་ཡིན་ནོ་ཞེས་གོ་བའི་ཆེད་དུ་གཞུང་འདྀའི་དབུར།

རྒྱ་གར་སྐད་དུ། གུ་རུ་པཱུ་ཛ་སྱ་ཀལྤ་ནཱ་མ། བོད་སྐད་དུ། བླ་མ་མཆོད་པའི་ཆོ་ག་ཞེས་བྱ་བ། བཀའ་དྲིན་མཉམ་མེད་བླ་མ་དམ་པ་རྣམས་ཀྱིས་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ།

གང་ལ་བརྟེན་ན་སྐུ་གསུམ་བདེ་བ་ཆེ། །

ཐུན་མོང་དངོས་གྲུབ་དང་བཅས་སྐད་ཅིག་ལ། །

རྩོལ་མཛད་འདོད་དགུའི་མཆོག་རྩོལ་ཡིད་བཞིན་ནོར། །

རྡོ་རྗེ་ཅན་ཞབས་པད་མོར་གུས་བཏུད་ནས། །

སྐལ་བཟང་སློབ་མའི་ཕན་བདེ་མ་ལུས་པ། །

སྒྲུབ་པའི་ཐབས་མཆོག་གཉིས་པ་དང་བྲལ་བ། །

མདོ་རྒྱུད་དམ་པའི་མན་ངག་པད་ཚལ་ལས། །

འོངས་པའི་མེ་ཏོག་ཕྲེང་མཛེས་མགུལ་རྒྱན་སྤེལ། །

ཞེས་གསུངས་ཏེ། གསུང་འདི་དག་གི་གདམས་པའི་ཁུངས་བསྟན་ཏོ། །དེ་ཡང་སྤྱིར་བོད་གཞུང་ལ་རྒྱ་སྐད་ཀླད་དུ་སྨོས་པ་མི་དགོས་ཀྱང༌། འདིར་རྒྱ་སྐད་ཀླད་དུ་སྨོས་ཏེ་སྐད་གཉིས་ཤན་སྦྱར་མཛད་པ་ནི་དགོས་པ་ཤིན་ཏུ་ཆེའོ། །

༈ གདམས་ངག་འདི་རྒྱལ་བའི་བཀའ་ཉིད་ལས་ཇི་ལྟར་བཤད། དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་ཚུལ་ཡང་ཇི་ལྟ་བུ་སྙམ་ན། དེ་ནི་ཤིན་ཏུ་གལ་ཆེ་བས་ཅུང་ཟད་ཅིག་བརྗོད་ན། དཔལ་ལྡན་ཨ་ཏི་ཤ་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལུགས་སྲོལ་དྲི་མ་མེད་པ་འདི་ལ་མན་ངག་གི་མཐར་ཐུག་རྒྱལ་བའི་བཀའ་ཉིད་ལ་བྱེད་དགོས་པས། ལམ་གྱི་གནད་མཐར་ཐུག་པ་རྣམས་གང་དུ་ཡོད་ས་ནི་རྒྱལ་བའི་བཀའ་དྲི་མ་མེད་པ་མདོ་སྡེ་དང་རྒྱུད་སྡེ་རིན་པོ་ཆེ་རྣམས་ཡིན་པས་དེ་དག་ནས་རྙེད་པ་ཞིག་དགོས་ཀྱི། རྒྱལ་བའི་བཀའ་དང་མི་མཐུན་ན་ཟབ་མོར་གྲགས་པ་ཅི་འདྲ་ཞིག་ཡིན་ཡང་ཡིད་བརྟན་དུ་མི་རུང་སྟེ། བྱམས་པ་མགོན་པོས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མ་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་གྱུར། །ཞེས་གསུངས། ལམ་གྱི་གནད་རྣམས་རྒྱལ་བའི་བཀའ་ཉིད་ལ་ནི་བཞུགས་ན་སྙན་བརྒྱུད་མན་ངག་རྣམས་ཅི་དགོས་སྙམ་ན། དེ་ནི་ལམ་གྱི་གནད་མ་རིག་པ་ཡིན་པས་སྙན་རྒྱུད་ཀྱི་མན་ངག་ངེས་པར་དགོས་ཏེ། དེ་མེད་པར་རྒྱལ་བའི་བཀའ་ལ་གྱ་ཚོམ་གྱིས་ཞུགས་ཀྱང་དགོངས་པ་མི་རྙེད་ཅིང་ལམ་བགྲོད་ནུས་པ་མི་སྲིད་དོ། །

དཔེར་ན། རྒྱ་མཚོའི་ནང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་ཀྱང༌། དེད་དཔོན་ཐབས་ལ་མཁས་པས་ལམ་རྒྱུས་ལ་བརྟེན་ཏེ་བཅིང་པ་དམ་པོས་བཅིངས་པའི་གྲུ་ཡིད་ཆེས་སུ་ཞུགས་ནས་དེད་དཔོན་གྱི་རྗེས་སུ་འགྲོ་དགོས་ཀྱི། དེད་དཔོན་དང་གྲུ་ལ་མ་བརྟེན་པར་རྒྱ་མཚོར་གྱ་ཚོམ་དུ་ཞུགས་ཀྱང་ནོར་བུ་མི་ལོན་པར་མ་ཟད་རང་སྲོག་ཀྱང་ཉམས་པར་འགྱུར་བ་བཞིན་ནོ། །

དེ་ལྟར་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། མན་ངག་མེད་པའི་བཟླས་པ་ནི། །སྔགས་ཀྱི་རྒྱལ་པོ་བློ་རྨོངས་བྱེད། །དེ་ཡིས་དཀའ་བ་ཅི་བྱས་ཀྱང༌། །ཆུ་སྲུབས་མར་ནྀ་མི་འབྱུང་ལྟར། །དེ་བཞིན་མན་ངག་དང་བྲལ་སྔགས། །སྐྱེས་བུས་ཇི་སྲིད་འཚོ་ཡི་བར། །བཟླས་ཀྱང་དེ་ཡི་འབྲས་བུ་ཡི། །ཆ་ཙམ་ཐོབ་པར་མི་འགྱུར་རོ། །མི་ཤེས་པ་ཡི་མི་འགའ་ཞིག །རྒྱ་མཚོ་བཞི་ཡི་ཕ་མཐའ་ཡི། །ས་ལ་ཤིན་ཏུ་འགྲོ་འདོད་པ། །ལམ་ནི་གང་ཡིན་མི་འདྲི་གང༌། །དེ་ལྟར་བདག་ཉིད་འགྲོ་བར་བྱེད། །དེ་བཞིན་དཀའ་བ་ཆེར་བྱེད་པའི། །མན་ངག་དང་བྲལ་སྒྲུབ་པ་པོ། །འབྲས་བུ་མེད་ཕྱིར་མཁས་པ་ཡང༌། །སྒྲུབ་པ་པོ་ནི་ཁོང་ཁྲོ་སྐྱེ། ཁོང་ཁྲོ་སྐྱེས་པའི་སྐད་ཅིག་ལ། །འབྲས་བུ་མེད་ཅིང་ངུ་འབོད་འགྲོ །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །དད་པས་བླ་མ་བརྒྱུད་པ་ལས། །མན་ངག་དག་ནི་བསླབ་པར་བྱ། །ཞེས་དང༌། ཡེ་ཤེས་གྲུབ་པ་ལས་ཀྱང༌། སྐྱ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་གསུངས།

དེས་ན་རྒྱལ་བས་ཆོས་ཀྱི་རྣམ་གྲངས་མཐའ་ཡས་མུ་མེད་པ་ཞིག་བཀའ་སྩལ་ལ། དེ་ཡང་འདུལ་བྱའི་ཁམས་དང་བསམ་པ་དང་དབང་པོ་ལ་གཟིགས་ནས་གསུངས་པས་ལྟ་བའི་གནད་ལ་སོགས་པའི་དོན་འགའ་ཞིག་དྲང་དོན་དགོངས་པ་ཅན་དུ་གསུངས་པ་མང་དུ་ཡོད་ཀྱང༌། ལམ་གྱི་རྩ་བ་བླ་མ་བརྟེན་ཅིང་མཆོད་པའི་ཚུལ་འདི་ལ་གསུང་རབ་ཐམས་ཅད་མི་མཐུན་པ་མེད་པར་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཤིན་ཏུ་གལ་ཆེ་བར་གསུངས། དེ་ཡང་རྒྱལ་བའི་བསྟན་པ་ལ་འཇུག་པའི་སྒོ་དང་པོ་སྐྱབས་སུ་འགྲོ་བ་དང༌། དེ་རྩོམ་བྱེད་དུ་བྱས་ནས་དགེ་བསྙེན། རབ་བྱུང༌། དགེ་ཚུལ། བསྙེན་རྫོགས་ཀྱི་སྡོམ་པ་ལེན་པ་ཐམས་ཅད་བླ་མ་ཁོ་ན་ལ་རག་ལས་ཤིང༌། དེ་དག་གི་ཚེ་མཁན་པོ་དང་སློབ་དཔོན་ཇི་ལྟར་འཚོལ་བའི་ཚུལ། རྙེད་ནས་ཇི་ལྟར་བསྟེན་ཚུལ། དེ་ནས་སྤང་བླང་ཞུ་བའི་ཕྱིར་གནས་ཀྱི་སློབ་དཔོན་འཚོལ་ལུགས། ཐོས་བསམ་སྒོམ་གསུམ་གྱི་ཕྱིར་ཀློག་པའི་སློབ་དཔོན་འཚོལ་ལུགས། རྙེད་ནས་ཇི་ལྟར་བསྟེན་ཚུལ། བླ་མ་དེ་དག་ལ་བཀུར་སྟི་དང་སྲི་ཞུའི་མཆོད་པ་བྱ་ཚུལ། སྟོན་པར་བལྟས་ཏེ་བསམ་པས་བསྟེན་ཚུལ། ལུས་ངག་གི་བསྙེན་བཀུར་དང་བཀའ་བཞིན་སྒྲུབ་པ་སྦྱོར་བས་བསྟེན་ཚུལ་རྣམས་འདུལ་བ་ལུང་ལས་རྒྱ་ཆེར་གསུངས། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུ་བླ་མ་བསྟེན་ཅིང་མཆོད་པའི་ཚུལ་རྒྱ་ཆེར་གསུངས་ཏེ། མདོ་སྡེ་ཕལ་པོ་ཆེ་ལས་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་གིས་བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ་རྣམས་གསུངས་ནས་ཕྱི་རབས་ཀྱི་འདུལ་བྱ་རྣམས་ཀྱིས་ཀྱང་དེ་བཞིན་བྱ་དགོས་པར་གསུངས། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ནས་ཤེར་ཕྱིན་ཟབ་མོའི་དོན་རྙེད་པ་དགེ་བའི་བཤེས་གཉེན་ཁོ་ན་ལ་རག་ལས་པ་དང༌། དགེ་བའི་བཤེས་གཉེན་ལ་བསྟེན་ཏེ་ལམ་བགྲོད་དགོས་པར་གསུངས་ཏེ། བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི། ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ་བརྟེན་པར་བྱ་བསྙེན་བཀུར་བྱའོ། །ཞེས་དང༌། ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་ཤིང་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ་གུས་པར་བྱ་བསྙེན་བཀུར་བྱའོ། །ཞེས་གསུངས། བླ་མ་ཇི་ལྟར་བསྟེན་པའི་ཚུལ་ནི་རྟག་ཏུ་ངུས་ཆོས་འཕགས་ཇི་ལྟར་བསྟེན་པ་ལྟར་དུ་བྱ་དགོས་པར་གསུངས་ཏེ། རྟག་ཏུ་ངུས་ནི་སངས་རྒྱས་ཐམས་ཅད་ལས་དགེ་བའི་བཤེས་གཉེན་ལྷག་པར་བལྟས་ཤིང༌། སངས་རྒྱས་ཐམས་ཅད་མཆོད་པ་བས་དགེ་བའི་བཤེས་གཉེན་མཆོད་པ་དོན་ཆེ་བར་གཟིགས་ནས། ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཕངས་པ་མེད་པར་བཏང་ནས་དགེ་བའི་བཤེས་གཉེན་ཆོས་འཕགས་བསྟེན་ཅིང་མཆོད་པ་དང༌། དེའི་མཐུས་ས་ལམ་མྱུར་དུ་བགྲོད་པར་གསུངས་ཏེ། འདི་དག་གི་ཁུངས་རྣམས་དྲངས་ན་ཡི་གེ་མངས་སུ་དོགས་པས་མདོ་སྡེ་རིན་པོ་ཆེ་ཉིད་ལ་བལྟས་ནས་ངེས་པ་བརྟན་པོ་བསྐྱེད་དོ། །

མདོར་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་དང༌། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དང་ས་དང་བཟོད་པ་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་དང་གཟུངས་དང་སྤོབས་པ་དང་བསྔོ་བ་དང་སྨོན་ལམ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་ནི་བླ་མ་ལ་རག་ལས། བླ་མ་རྩ་བར་གྱུར། བླ་མ་ལས་བྱུང༌། བླ་མ་སྐྱེ་གནས་དང་སྐྱེ་མཆེད་དུ་གྱུར། བླ་མས་བསྐྱེད། བླ་མས་སྤེལ། བླ་མ་ལ་བརྟེན། བླ་མ་རྒྱུར་གྱུར་བ་དག་གོ །ཞེས་གསུངས་པ་ལྟར། ཡོན་ཏན་

ཐམས་ཅད་བླ་མ་ཁོ་ནའི་བཀའ་དྲིན་ལ་ལྟོས་པས་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱེད་དགོས་པ་ནི། ཐེག་པ་ཆེན་པོའི་སྡེ་སྣོད་ཐམས་ཅད་ཀྱི་དགོངས་པའོ། །

རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ནི་བླ་མ་ཉིད་ལམ་གྱི་རྩ་བར་ནན་ཏན་ཤིན་ཏུ་ཆེ་བར་བསྔགས་ཏེ། གསང་སྔགས་རྒྱུད་སྡེ་བཞི་ག་ནས་སྔགས་ཀྱིས་ལམ་བགྲོད་པ་ཐོག་མར་བླ་མས་དབང་བསྐུར་ཏེ་བྱིན་གྱིས་བརླབས་པ་ལ་ལྟོས་པ་དང༌། དེ་ནས་དམ་ཚིག་དང་སྡོམ་པ་བསྲུང་བ་ལམ་གྱིས་གཞིར་མེད་དུ་མི་རུང་བ་དང༌། དམ་ཚིག་ཐམས་ཅད་ཀྱི་ནང་ནས་བླ་མའི་དམ་ཚིག་གཙོ་བོ་ཡིན་པ་དང༌། དམ་ཚིག་སྡོམ་པ་ལ་གནས་ནས་ལམ་བགྲོད་པའི་ཚེ་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པའི་རྣལ་འབྱོར་ལ་གནས་ནས་ལམ་བགྲོད་དགོས་པར་གསུངས་ཏེ། རྒྱུད་སྡེ་བཞི་སོ་སོ་ནས་ཇི་ལྟར་གསུངས་པའི་ཁུངས་རྣམས་དྲངས་ན་མང་དུ་དོགས་པས་རྒྱུད་སྡེ་རིན་པོ་ཆེ་དེ་དག་ཉིད་ལས་ཤེས་པར་བྱའོ། །

༈ ལྷག་པར་གདམས་ངག་འདིའི་རྩ་བའི་ཁུངས་མཐར་ཐུག་པ་ནི་དཔལ་གསང་བ་འདུས་པ་རྩ་བཤད་ཀྱི་རྒྱུད་རྣམས་ཡིན་ལ། དེ་ཡང་གསང་བ་འདུས་པའི་རྩ་རྒྱུད་དུ་བླ་མ་དང་དཀྱིལ་འཁོར་བའི་ལྷ་ལ་ཇི་ལྟར་མཆོད་པའི་ཚུལ་དང༌། བླ་མ་དང་རྡོ་རྗེ་འཆང་དབྱེར་མེད་པའི་རྣལ་འབྱོར་ལ་གནས་ནས་ལམ་རིམ་གཉིས་ཇི་ལྟར་བགྲོད་པའི་ཚུལ་རྣམས་ཚང་བར་གསུངས་མོད་ཀྱང༌། མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་པའི་རྡོ་རྗེའི་མདུད་པ་དབྱེ་བར་དཀའ་བ་རྒྱལ་བ་རང་ཉིད་ཀྱིས་ཤིན་ཏུ་གསང་བའི་རྒྱ་བཀྲོལ་ཏེ་གདུལ་བྱའི་དོན་ཏུ་གསལ་བར་འཆད་པ་རྡོ་རྗེ་ཕྲེང་བ་ལ་སོགས་པའི་བཤད་རྒྱུད་རྣམས་མཛད་པས་བླ་མའི་རྣལ་འབྱོར་འདིའི་གནད་རྣམས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཞིབ་ཏུ་འབྱུང་སྟེ། ཐོག་མར་བླ་མ་དང་སློབ་མའི་མཚན་ཉིད་བརྟགས་པ། དེ་ནས་བླ་མ་ཇི་ལྟར་བསྟེན་པའི་ཚུལ། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་ལྟ་ལུགས། བླ་མའི་སྐུའི་དཀྱིལ་འཁོར་སྒོམ་ལུགས། དེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་འབུལ་ལུགས། དེ་ནས་ལམ་རིམ་གཉིས་སྒོམ་ལུགས་རྣམས་སྟོན་ཏེ། ཁུངས་རྣམས་དྲངས་ན་མང་སུ་དོགས་ཞིང་སྐབས་སུ་བབ་པ་ཅུང་ཟད་དངོས་གཞིའི་སྐབས་སུ་སྟོན་ནོ། །

དེ་ལྟར་རྒྱལ་བས་མདོ་རྒྱུད་རྣམས་སུ་རྒྱ་ཆེར་གསུངས་པ་རྗེ་བཙུན་བྱམས་པ་དང་རྗེ་བཙུན་འཇམ་པའི་དབྱངས་དང༌། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་ཞིང་འདིར་སྟོན་པའི་འཁོར་གྱི་ཚུལ་དུ་བྱོན་པ་རྣམས་ལ་ཡོངས་སུ་རྫོགས་པར་མངའ་ཞིང༌། དེ་ནས་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་དང༌། ཐོགས་མེད་སྐུ་མཆེད་དང༌། རྒྱལ་པོ་ཨིནྡྲ་བྷཱུ་ཏི། གྲུབ་ཆེན་མགོན་པོ་བདེ་བ་ཆེན་པོ། གྲུབ་ཆེན་ས་ར་ཧ། ཤ་བ་རི་པ། ལཱུ་ཨི་པ། ལཱ་ལི་ཏ་སོགས་དང༌། ཏཻ་ལོ་ན་རོ་སོགས་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱི་ཐུགས་ཉམས་སུ་བཞེས་ཤིང༌། ཕྱི་རབས་ཀྱི་གདུལ་བྱའི་དོན་ཏུ་མན་ངག་ཡི་གེར་འགོད་པའང་མང་དུ་མཛད་དེ། གྲུབ་ཆེན་མགོན་པོ་བདེ་བ་ཆེན་པོས་གསང་བ་འདུས་པ་རྩ་བཤད་ཀྱི་སྙིང་པོའི་དོན་གསལ་བར་སྟོན་པ་གསང་བ་གྲུབ་པ་ཞེས་བྱ་བ་མཛད་དེ། དེར་བླ་མ་ལྷའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱེད་ཚུལ་འདི་ཉིད་རྩལ་དུ་བཏོན་ནས་ཡང་དང་ཡང་དུ་གསུངས།

དེའི་རྗེས་སུ་འབྲངས་ཏེ་ཡེ་ཤེས་གྲུབ་པ་དང༌། དེ་ཁོ་ན་ཉིད་གྲུབ་པ་ལ་སོགས་པ་གྲུབ་པའི་སྡེ་གཞན་རྣམས་དང༌། སྙིང་པོའི་ཆོས་སྐོར་དུ་གྲགས་པ་བྲམ་ཟེ་ཆེན་པོའི་དོ་ཧའི་སྐོར་རྣམས་སུ་ཡང་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱེད་ཚུལ་ཡང་དང་ཡང་དུ་གསུངས། བདག་ཉིད་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཀྱིས་འདུས་པ་རྩ་བཤད་ཀྱི་སྙིང་པོའི་དོན་ལམ་རིམ་པ་ལྔར་བསྒྲིགས་པ་རིམ་ལྔའི་གཞུང་མཛད་ཅིང༌། དེ་ཉིད་དུའང་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱེད་པ་དང༌། སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མ་མཆོད་པ་དོན་ཆེ་བ་སོགས་རྒྱ་ཆེར་གསུངས།

མདོར་ན་འཕགས་ཡུལ་གྱི་གྲུབ་ཆེན་ཐམས་ཅད་དགོངས་པ་མཐུན་པར་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱེད་ཚུལ་འདི་རང་རང་གི་གཞུང་དང་མན་ངག་ཐམས་ཅད་དུ་གསུངས་ཤིང༌། འཕགས་ཡུལ་གྱི་གྲུབ་ཆེན་ཐམས་ཅད་ཀྱི་མན་ངག་ཡོངས་སུ་རྫོགས་པ་མངའ་བ་ནི། དཔལ་ཨ་ཏི་ཤ་ཡིན་ལ། དཔལ་ལྡན་ཨ་ཏི་ཤས་ནི་ཐེག་པ་ཆེན་པོའི་ས་ལམ་ཐམས་ཅད་བླ་མ་ཁོ་ནའི་དྲིན་གྱིས་བགྲོད་དགོས་པར་གསུངས་ཏེ། འབྲོམ་རིན་པོ་ཆེས་བོད་ལ་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་པ་ལ་ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་ཞུས་པས། ཇོ་བོའི་ཞལ་ནས། ཐེག་ཆེན་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བ་ལ། ཁྱེད་བོད་བླ་མ་ལ་ཐ་མལ་བའི་འདུ་ཤེས་ལས་མེད་ག་ན་སྐྱེ། ཞེས་གསུངས། ཇོ་བོ་རྗེ་ཉིད་ཀྱང་བླ་མའི་རྣལ་འབྱོར་ཐུགས་དམ་གྱི་སྙིང་པོར་མཛད། རྒྱ་བོད་ཐམས་ཅད་དུ་འཕྲིན་ལས་ཀྱི་ཁྱབ་གདལ་ཆེ་བའང་དེའི་མཐུ་ཡིན་པར་གསུངས་ཏེ། ཁོ་བོ་ལ་ཡོན་ཏན་བྱ་བ་སེམས་བཟང་པོ་སྤྲིག་ཙམ་ཞིག་ཡོད། འདི་གསེར་གླིང་པའི་བཀའ་དྲིན་ཡིན། ཞེས་གསུངས་ཤིང༌། ཇོ་བོའི་གདམས་ངག་

ཐམས་ཅད་ཀྱི་རྩ་བ་ལམ་སྒྲོན་དུ། བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཡང་དག་

ཐབས་ནི་བཤད་པར་བྱ། །ཞེས་སོགས་ཡོན་ཏན་ཕྲ་མོ་ཞིག་ཚུན་ཆད་བླ་མ་ཁོ་ནའི་བཀའ་དྲིན་དུ་གསུངས་པ་དང༌། བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ནས་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སློབ་ཚུལ་རྒྱ་ཆེར་གསལ་བར་མཛད་པ་ལྟར་རོ། །

དེ་ལྟར་ཐུབ་དབང་རྡོ་རྗེ་འཆང་ནས་འཕགས་ཡུལ་གྱི་མཁས་གྲུབ་དམ་པ་རྣམས་ལ་རིམ་གྱིས་བརྒྱུད་དེ་དཔལ་ཨ་ཏི་ཤའི་བར་དང༌། དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པ་རྣམས་གྲྭ་སྐོར་མཁན་ཆེན་དང་ལྷོ་བྲག་གྲུབ་ཆེན་གཉིས་ལ་རྗེ་རིན་པོ་ཆེས་གསན་ཅིང༌། ཡང་ནཱ་རོ་པ་ནས་ལྷོ་བྲག་མར་པ་ལ་བརྒྱུད་པ་དང༌། རྒྱ་གར་གྲུབ་ཆེན་མང་བ་ནས་རྗེ་འགོས་ལ་བརྒྱུད་པ་དང༌། ཕམ་མཐིང་པ་སྐུ་མཆེད་ནས་བརྒྱུད་པ་སོགས་འཕགས་ཡུལ་ནས་བྱོན་པའི་མན་ངག་ཁུངས་མ་རྣམས་རྗེ་རིན་པོ་ཆེས་བླ་མ་ཁྱུང་པོ་ལྷས་པ་དང༌། ཆོས་རྗེ་དོན་གྲུབ་རིན་ཆེན་དང༌། སྤྱན་སྔ་གྲགས་པ་བྱང་ཆུབ་དང༌། རྗེ་བཙུན་རེད་མདའ་བ་སོགས་ལས་ཡོངས་སུ་རྫོགས་པར་གསན། ཉེ་བརྒྱུད་ཐུན་མོང་མིན་པ་ནི་རྗེ་རིན་པོ་ཆེས་ཐོག་མར་བླ་མ་དབུ་མ་བས་ལོ་ཙཱ་བྱས་ཏེ་རྗེ་བཙུན་འཇམ་པའི་དབྱངས་ལ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཅིང༌། ཕྱིས་རྗེ་བཙུན་འཇམ་པའི་དབྱངས་ཉིད་ཀྱིས་ཞལ་མངོན་སུམ་དུ་བསྟན་ཏེ་སྤྱིར་མདོ་སྔགས་ཀྱི་ལམ་གྱི་གནད་མཐའ་དག་དང༌། ལྷག་པར་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་མཐར་ཐུག་པར་བཀྲལ་བའི་ཟབ་མོ་དབུ་མའི་ལྟ་བ་སྣང་བས་ཡོད་མཐའ་སེལ་ཞིང་སྟོང་པས་མེད་མཐའ་སེལ་བའི་ཚུལ་དང༌། ལམ་རིམ་པ་ལྔའི་ངོ་བོ། གྲངས་ངེས་གོ་རིམ་སོགས་མཐའ་དག་གསན་ཅིང༌། སླར་ཡང་མགོན་པོ་འཇམ་པའི་དབྱངས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཚད་མེད་པ་ཕུལ་ཏེ་གསོལ་བ་ཤུགས་དྲག་ཏུ་འདེབས་པར་མཛད་པས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་སྙན་རྒྱུད་ཀྱི་མན་ངག་མཐར་ཐུག་པ་རྣམས་གནང་ཞིང༌། དེའི་ཚེ་རྗེ་བཙུན་ལ་མྱུར་བ་ལས་ཀྱང་ཆེས་མྱུར་བར་རྡོ་རྗེ་འཆང་གི་སར་བགྲོད་པ་ལ་ཇི་ལྟར་བགྱི་དགོས་ཞེས་ཞུས་པ་ན། བླ་མ་དང་ཡི་དམ་དབྱེར་མེད་པའི་རྣལ་འབྱོར་འདི་ཉིད་ལམ་གྱི་སྲོག་ཏུ་བྱེད་དགོས་ཚུལ་དང༌། བླ་མའང་གང་བྱུང་གིས་མི་ཆོག་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་འཁྲིད་ནུས་པ་ཞིག་དགོས་ཚུལ་དང༌། ཡི་དམ་ཡང་བདེ་གསང་འཇིགས་གསུམ་ཡ་མ་བྲལ་བ་དགོས་ཚུལ་དང༌། ཆོས་སྐྱོང་ཡང་མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་ཀྱི་རྒྱལ་པོ། རྣམ་ཐོས་སྲས་གསུམ་བསྟེན་དགོས་ཚུལ་དང༌། གྲོགས་ཀྱང་བླ་མ་ཡི་དམ་ཆོས་སྐྱོང་རྣམས་མཐུན་པ་ཞིག་དགོས་ཚུལ་སོགས་གསུངས་ཤིང༌། དེའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེ་དང་གྲུབ་ཆེན་འཇམ་དཔལ་རྒྱ་མཚོ་བ་དང༌། སྐལ་ལྡན་གྱི་ལྷ་ཁ་ཤས་དང་བཅས་པ་ལ་སྙན་རྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་སྤྲུལ་པའི་གླེགས་བམ་ཆེན་མོ་དང་བཅས་པ་གནང༌། གསང་བ་ལས་ཀྱང་ཆེས་གསང་བར་མཛད་ནས་སུ་ལའང་མི་མངོན་པར་མཛད་དོ། །

བླ་མའི་རྣལ་འབྱོར་ཐུན་མོང་མིན་པ་འདི་ཉིད་ནི་བླ་མ་ལྔ་བཅུ་པའི་རྣམ་བཤད་དང༌། རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་དང༌། ཆོས་དྲུག་གི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་རྣམས་སུ་རྒྱུད་སྡེའི་ཁུངས་དང་སྦྱར་ཏེ་སྡོམ་ཙམ་ཞིག་འགོད་པར་མཛད་ཅིང༌། མན་ངག་གི་གནད་ཞིབ་པར་ཞལ་ལས་ཤེས་དགོས་པར་མཛད་དོ། །རྗེ་ཐམས་ཅད་མཁྱེན་པ་ལ་འཁོར་བདག་ཉིད་ཆེན་པོ་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་ཀྱང༌། སྙན་བརྒྱུད་མན་ངག་ཡོངས་སུ་རྫོགས་པ་ནི་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་བ་དང༌། ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་སྨྲ་བའི་ཉི་མ་གཉིས་ལ་གནང༌། སྤྲུལ་པའི་གླེགས་བམ་ཆེན་མོ་ནི་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་ཕྱག་ཏུ་བཞུགས། གྲུབ་ཆེན་འཇམ་དཔལ་རྒྱ་མཚོས་དགའ་ལྡན་སྒྲུབ་བརྒྱུད་ཀྱི་ཆུ་འགོ་འཛུགས་ཕྱིར་དབེན་པའི་གནས་སུ་སྙན་རྒྱུད་མན་ངག་ཡོངས་རྫོགས་ཐུགས་ཉམས་སུ་བཞེས་ཏེ། ཟབ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ཅིང་རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་མང་པོ་མཁྱེན་པ་དང༌། ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ཡུན་དུ་ཞལ་གཟིགས་པ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྟོགས་པ་མཆོག་བརྙེས་ཤིང༌། སྐལ་བ་དང་ལྡན་པ་རྣམས་ལ་མན་ངག་འདོམས་པར་མཛད་ལ། ལྷག་པར་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་སྙན་རྒྱུད་ཀྱི་མན་ངག་ཡོངས་རྫོགས་སྤྲུལ་པའི་གླེགས་བམ་དང་བཅས་པ་གནང་ངོ༌། །མཁས་གྲུབ་ཐམས་ཅད་མཁྱེན་པས་ནི་རྗེ་བླ་མའི་བསྟན་པ་ལ་མ་དད་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲི་མ་ཐམས་ཅད་རིགས་པ་དྲི་མ་མེད་པས་བསལ་ཏེ། གསེར་སྦྱངས་བཙོ་མ་དང་རྒྱལ་མཚན་རྩེ་མོའི་ཡིད་བཞིན་གྱི་ནོར་བུ་ལྟར་རྗེའི་བསྟན་པ་བསྲེ་སླད་དང་བྲལ་ཞིང་རྣམ་པ་ཀུན་ནས་འགྲན་པའི་ཟླ་དང་བྲལ་བ་འདི་མཛད། བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པའི་རྣལ་འབྱོར་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པས། རྗེ་ཐམས་ཅད་མཁྱེན་པ་ཞིང་གཤེགས་ནས་ཀྱང་ལན་ལྔའི་བར་དུ་ཞལ་གཟིགས་ཤིང་ལུང་བསྟན་པ་དང་དབུགས་དབྱུང་བ་རྒྱ་ཆེར་སྩལ། རྗེའི་བསྟན་པ་རྒྱ་ཆེར་སྤེལ་ཞིང༌། ལྷག་པར་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་སྙན་རྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པར་གནང་ངོ༌། །

པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ནི་རྗེ་ཡབ་སྲས་ཀྱི་སྙན་རྒྱུད་མན་ངག་ལ་སྒྲུབ་པ་ཚེ་གཅིག་ཏུ་མཛད་ཕྱིར་མི་མེད་ལུང་སྟོང་དུ་དཔལ་ཤ་བ་རི་པའི་རྣམ་ཐར་དང་མཚུངས་པ་ཞིག་བྱེད་དགོངས་པ་ནར་མར་ཡོད་པ་ན། བླ་མ་དང་ཡི་དམ་གྱིས་དངོས་དང་རྨི་ལམ་དུ་ལུང་བསྟན་པ་ལྟར། རྗེ་བླ་མའི་བསྟན་པའི་སྲོག་ཤིང་འཛིན་ཕྱིར་དགའ་ལྡན་གྱི་ཁྲི་ཐོག་ཏུ་ཕེབས་དགོས་པ་བྱུང༌། དེ་ནས་རྗེའི་བསྟན་པ་རྒྱ་ཆེར་སྤེལ་ཞིང༌། ལྷག་པར་གྲུབ་ཆེན་ཆོས་རྡོ་རྗེ་དགུང་ལོ་བཅུ་གཅིག་གི་དུས་ཡབ་ཡུམ་དང་བཅས་དགའ་ལྡན་དུ་ཕེབས་པ་ན། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ལ་མཁའ་འགྲོའི་ལུང་བསྟན་བྱུང་བ་ལྟར། ཡབ་ཡུམ་གཉིས་ལ་ཟང་ཟིང་གི་གནང་སྦྱིན་མང་དུ་མཛད་དེ་རབ་ཏུ་བྱུང༌། མཚན་ཆོས་ཀྱི་རྡོ་རྗེར་བཏགས། དེ་ནས་ལོ་ལྔའི་བར་དུ་སྲས་ཀྱི་ཐུ་བོར་བཟུང་སྟེ་མདོ་སྔགས་ཀྱི་གདམས་པ་མཐའ་ཡས་པ་སྩལ་ཅིང༌། ལྷག་པར་སྙན་རྒྱུད་ཀྱི་མན་ངག་ཡོངས་རྫོགས་སྤྲུལ་པའི་གླེགས་བམ་དང་བཅས་པ་གནང་སྟེ། མི་མེད་དབེན་པའི་གནས་སུ་སྒྲུབ་པ་སྙིང་པོར་བྱ་དགོས་ཚུལ་དང༌། མ་འོངས་པ་ན་སྐལ་ལྡན་རེ་གཉིས་ལ་སྙན་རྒྱུད་ཀྱི་མན་ངག་འདི་དག་སྟོན། གཞན་མ་མན་ངག་འདི་འདྲ་ཡོད་པའི་འཕྲོས་ཙམ་ཡང་མ་བྱེད་ཅེས་བཀའ་རྒྱས་བཏབ་བཽ། །

དེ་ནས་གྲུབ་ཆེན་ཆོས་ཀྱི་རྡོ་རྗེས་ཀྱང་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་བཞིན། གངས་དང༌། རི་སུལ་དང༌། ནགས་ཁྲོད་དབེན་པ་རྣམས་སུ་འཚོ་བ་དཀའ་ཐུབ་ལ་བརྟེན་ནས་སྒྲུབ་པ་སྙིང་པོར་མཛད་པས། ནམ་ཞིག་ན་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས་ཏེ། ཐུན་མོང་དང་ཐུན་མོང་མིན་པའི་གདམས་པ་ཡོངས་སུ་རྫོགས་པ་སྩལ། ལྷག་པར་བླ་མའི་རྣལ་འབྱོར་སེམས་དཔའ་སུམ་བརྩེགས་ཅན་མདོ་སྔགས་གཉིས་ཀའི་ལམ་གྱིས་གནད་ཚང་བ་འདི་གནང༌། དེ་ནས་གྲུབ་ཆེན་གྱིས་བླ་མའི་རྣལ་འབྱོར་འདི་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། རྗེ་བཙུན་ཕྱག་ན་པདྨོ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པའི་ཞལ་གཟིགས། ཐུན་མོང་དང་ཐུན་མོང་མིན་པའི་ལམ་གྱི་རྟོགས་པ་རྣམས་རིམ་གྱིས་འཁྲུངས་ཏེ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པར་གྱུར་ཏོ། །

དེ་ནས་གྲུབ་ཆེན་གྱིས་རྗེ་བླ་མའི་སྙན་རྒྱུད་མན་ངག་འདི་དག་སུ་ཞིག་ལ་གཏད་པར་བྱ་སྙམ་དུ་ཡེ་ཤེས་ཀྱི་གཟིགས་པ་ན། རྒྱལ་བ་དབེན་ས་བ་ཆེན་པོ་ཉིད་སྙན་རྒྱུད་བསྟན་པའི་བདག་པོར་འགྱུར་བ་མཁྱེན་ནས། དབེན་ས་ཆེན་པོ་དགུང་ལོ་བཅུ་བདུན་བཞེས་པའི་སྐབས་འབྲུམ་བུའི་སྙུན་གཞིས་དབེན་ས་ན་བཞུགས་ཡོད་པར། གྲུབ་ཆེན་ཆོས་ཀྱི་རྡོ་རྗེས་སྒོ་དྲུང་དུ་ཕེབས་ཏེ། ཟབ་དོན་གྱི་མན་ངག་མཐར་ཐུག་པ་ཁོ་བོ་ལ་ཡོད་དོ་ཞེས་བརྡ་མཚོན་ཕྱིར་རྟེན་འབྲེལ་བསྟོད་པ་ཞལ་འདོན་མཛད་ཅིང་བསོད་སྙོམས་སློང་བའི་ཚུལ་མཛད་པ་ན། དབེན་ས་པ་ཆེན་པོས་ཀྱང་གསུང་གི་གདངས་ཐོས་ཙམ་ཉིད་ནས་དད་པའི་སྤུ་ལོང་གཡོས་ཤིང༌། རྟོགས་པ་མཆོག་བརྙེས་པ་ཞིག་ཡིན་པར་དགོངས་ནས་ནང་དུ་སྤྱན་དྲངས་པ་ན། དགེ་སློང་སྨ་ར་དཀར་པོའི་ཨག་ཚོམ་ཡོད་པ་ཕྱག་དར་ཁྲོད་ཀྱི་ཆོས་གོས་སྐུ་ལ་གསོལ་བ་གཟི་བྱིན་ཆེ་བ་ཞིག་འདུག་པ། འདི་ནི་བདག་ཉིད་ཆེན་པོ་ཞིག་ཡིན་པར་གོར་མ་ཆག་གོ་སྙམ་དུ་དགོངས་ནས་ཞིབ་ཏུ་བརྟགས་པ་ན། རྗེ་བླ་མའི་སྙན་རྒྱུད་ཡོངས་རྫོགས་འཛིན་པའི་གྲུབ་ཆེན་ཡིན་པར་མཁྱེན་ནས་རྗེས་སུ་འཛིན་པའི་གསོལ་བ་བཏབ་པས་དགྱེས་བཞིན་ཞལ་གྱིས་བཞེས་ཏེ། དུས་ཚོད་འདི་ག་ཙམ་ལ་ཇོ་མོ་ལྷ་རིར་ཤོག་གསུངས་ཏེ་ཕེབས།

དེ་ནས་དབེན་ས་པ་ཆེན་པོས་ཀྱང་གྲུབ་ཆེན་གྱི་བཀའ་བཞིན་དུས་ལས་མ་ཡོལ་བར་ཇོ་མོ་ལྷ་རིར་ཕེབས་པས། ཇོ་མོ་ལྷ་རིའི་མགུལ་མགར་མ་ཆོས་རྫོང་དུ་ཞལ་མཇལ། ཚོགས་ཀྱི་མཆོད་པ་དང་མཎྜལ་བཅས་ཅི་འབྱོར་ཕུལ་ཏེ། གདམས་ངག་ཞུས་པ་ན་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་དང༌། ལྷག་པར་རྗེ་བླ་མའི་སྙན་རྒྱུད་ཀྱི་མན་ངག་ཡོངས་རྫོགས་སྤྲུལ་པའི་གླེགས་བམ་དང་བཅས་པ་གནང་ངོ༌། །

དེ་ཡང་རྒྱལ་བ་དབེན་ས་པ་ཆེན་པོ་འདི་ཉིད་སྐུ་གཞོན་ནུའི་དུས་ནས་སྟོན་པ་ཐུབ་པའི་དབང་པོ་དང༌། རྗེ་བླ་མས་ཡང་ཡང་ཞལ་བསྟན་ནས་བྱིན་གྱིས་བརླབས་ཤིང༌། ལྷག་པར་ནུབ་ཅིག་རྗེ་བླ་མས་དབུ་ཞྭ་གནང་སྟེ་སྙན་རྒྱུད་བསྟན་པའི་བདག་པོར་བྱིན་གྱིས་བརླབས་པ་དང༌། དགུང་ལོ་བརྒྱད་བཞེས་པའི་དུས་ན་ནུབ་ཅིག་སེག་རིའི་རྩེ་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་ཤར་བྱུང་བས། རང་ཉིད་ཀྱི་སྐུ་ལ་དར་དཀར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་རྡོར་དྲིལ་འཛིན་པས་ཟླ་བ་དེ་ལ་བཞུགས་ཏེ་དྲིལ་བུ་གསིལ་བའི་སྒྲས་འཇིག་རྟེན་གྱི་ཁམས་ཁྱབ་པ་ཞིག་རྨིས་གསུངས་ཏེ། རྗེ་བླ་མའི་སྙན་རྒྱུད་དར་ཞིང་རྒྱས་པར་མཛད་དེ་གངས་ཅན་གྱི་ལྗོངས་གྲུབ་པའི་སྐྱེས་བུས་གང་བར་མཛད་པའི་ལྟས་སུ་མངོན་ཞིང༌། དབེན་ས་པ་ཆེན་པོས་བླ་མ་གྲུབ་ཆེན་གྱི་བཀའ་བཞིན་དབེན་གནས་དུ་མར་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་ལམ་ཐུན་མོང་དང་ཐུན་མོང་མིན་པའི་རིམ་པ་ཡོངས་སུ་རྫོགས་པ་ཐུགས་ཉམས་སུ་བཞེས་པས་རྟོགས་པ་མཆོག་བརྙེས་ཏེ། རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་དུ་མ་མཁྱེན་པ་དང༌། རྫུ་འཕྲུལ་ཡ་མ་ཟུང་དུ་མ་སྟོན་པ་ལ་ཐོགས་པ་མེད་པ་དང༌། བརྒྱད་སྟོང་པ་སམ་སྐྲི་ཏའི་སྐད་དུ་འདོན་པ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དང་ལྡན་ཞིང༌། རྗེ་བླ་མའི་སྙན་རྒྱུད་ཀྱི་བསྟན་པའི་བདག་པོར་གྱུར་ཏོ། །

དེ་ཡང་རྒྱལ་བ་དབེན་ས་ཆེན་པོ་ཉིད་ཀྱི་ཞལ་ནས། སྔོན་དུས་ཀྱི་མི་ལ་རས་པ་དང༌། །ད་དུས་ཀྱི་བློ་བཟང་དོན་གྲུབ་ལ། །འཕྲལ་ཆས་ཀྱི་ཟས་གོས་མ་གཏོགས་པ། །ནོར་དངོས་པོའི་འཛིན་པས་དགོས་པ་མེད། །ཚེ་གཅིག་ལ་སངས་རྒྱས་བསྒྲུབ་པ་ལ། །དེ་འདྲའི་སྤྱོད་ལ་ལེགས་གནས་ནས། །ཆགས་སྡང་སྤངས་པའི་དབེན་གནས་སུ། །དལ་འབྱོར་ལ་སྙིང་པོ་ལེན་པར་ཤོག །ཅེས་དང༌། གངས་ཅན་ཁྲོད་ཀྱི་སྐལ་ལྡན་མཆོག །བློ་བཟང་དོན་གྲུབ་ཅེས་བྱས་ཀྱང༌། །ལམ་མཆོག་འདི་ཉིད་ཉམས་བླངས་པས། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །ཅེས་དང༌། འཇམ་པའི་དབྱངས་ཀྱི་སྲས་ཀྱི་ཐུ་བོ་མཆོག །བློ་བཟང་གྲགས་པ་ཞེས་པའི་བླ་མ་དེའི། །གསུང་གི་སྙིང་པོ་སྙན་རྒྱུད་འཛིན་པ་ནི། །དེང་སང་དུས་ན་ཁོ་བོ་ཙམ་དུ་བས། །ཞེས་གསུང༌།

བླ་མའི་རྣལ་འབྱོར་ལ་ཐུགས་དམ་སྙིང་པོར་མཛད་པ་ནི་ཞལ་ནས། ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་རྒྱལ་བ་བློ་བཟང་གྲགས་པ་དང༌། རྒྱལ་བ་བློ་བཟང་གྲགས་པའི་རྣམ་སྤྲུལ་རྩ་བརྒྱུད་བླ་མའི་ཚོགས་དང་བཅས་པ་རྣམས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་རྒྱལ་བ་བློ་བཟང་གྲགས་པ་དང༌། རྒྱལ་བ་བློ་བཟང་གྲགས་པའི་རྣམ་སྤྲུལ་རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལས། རང་གི་གོ་ལུགས་ལ་ཤར་བའི་ཆོས་ལུགས་རྣམ་པར་དག་པ་ནོར་བུ་རིན་པོ་ཆེའི་ཕྲེང་བ་ནི་འདི་ལྟ་སྟེ། དེ་ཡང་དང་པོར་བདག་གིས་བླ་མ་སངས་རྒྱས་དུ་མའི་ཞབས་ཀྱི་པདྨོ་སྤྱི་བོར་བསྟེན་ནས། གསུང་གི་སྙིང་པོའི་གནད་ཀྱིས་གདམས་ངག་དུ་མ་ཐོབ་པར་བྱས་ནས་དགེ་སྦྱོར་ལ་བརྩོན་པར་བྱས་ལ། དེ་ནས་བར་སྐབས་ཤིག་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་འདི་ཉིད་དོན་དང་ལྡན་པར་བྱེད་པ་སྟེ་མྱུར་དུ་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པ་ལ། མདོ་སྔགས་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་དོན་གྱི་གདམས་ངག་ཁྱད་པར་ཅན་བླ་མ་དམ་པའི་ཞལ་གྱི་བདུད་རྩིའི་སྙིང་པོའི་ཡང་སྙིང་པོ་ཞིག་ལ་དགོངས་པ་གཅིག་ཏུ་དྲིལ་ཏེ་ཉམས་སུ་བླངས་ནས་གདེང་ཐོབ་པའི་མྱོང་བ་ཁྱད་པར་ཅན་ཞིག་དགོས་པར་གོ་ནས། རྡོ་རྗེ་འཆང་ཆེན་པོའི་ངོ་བོ་རྒྱལ་བ་བློ་བཟང་གྲགས་པ་དང༌། རྒྱལ་བ་བློ་བཟང་གྲགས་པའི་རྣམ་སྤྲུལ་བླ་མ་རྣམས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ལ། ཞེས་དང༌། བླ་མ་ལྷ་ལ་རྩེ་གཅིག་གསོལ་བཏབ་ནས། །ཡིད་ལ་གང་དྲན་འཕྲལ་ལ་ལག་ལེན་ལ། །འགེལ་བ་སྨྱོན་པ་འདྲ་བའི་སྤྱོད་པས་ནི། །སངས་རྒྱས་མྱུར་དུ་སྒྲུབ་པ་བདག་གིས་ལུགས། ཞེས་དང༌། བླ་མ་ལྷ་ལ་རྩེ་གཅིག་གསོལ་བཏབ་ནས། །གང་བྱུང་རྐྱེན་རྣམས་ཕལ་ཆེར་དགེ་སྦྱོར་གྱི། །གྲོགས་སུ་འཆར་ཕྱིར་སྨྱོན་སྤྱོད་ལ་གནས་ནས། །དབེན་པར་གཅིག་པུར་སྡོད་པ་ཁོ་བོའི་ལུགས། །ཞེས་གསུང༌།

མདོར་ན་བླ་མའི་རྣལ་འབྱོར་ལམ་གྱིས་སྲོག་ཏུ་བྱས་ནས་མདོ་སྔགས་གཉིས་ཀའི་ལམ་ཀྱི་ལུས་ཡོངས་སུ་རྫོགས་པ་སྟན་ཐོག་གཅིག་ལ་ཉམས་སུ་ལེན་པའི་ཚུལ་རྗེ་བླ་མའི་སྙན་རྒྱུད་འབའ་ཞིག་ལ་ཐུགས་དམ་ཆིག་སྒྲིལ་དུ་མཛད་དོ་ཞེས་གོ་བའི་ཆེད་དུ་འདི་ལྟར་ཕྱག་བྲིས་སུ་མཛད་དེ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལ་ན་མོ། ཚེ་རབས་ཐམས་ཅད་དུ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་ན་ཐོག་མར་ལམ་ཐུན་མོང་བ་ལ་སྦྱངས་ནས་རྒྱུད་འོས་སུ་གྱུར་པ་ན། བླ་མ་མཉེས་པར་བྱས་ནས་རྣམ་པར་དག་པའི་དབང་ལམ་ཟབ་མོའི་རྟེན་དུ་བསྒྲུབ་པར་ནུས་ངོ་ཤེས་པ་བླངས་ནས་དམ་ཚིག་དང་སྡོམ་པ་གཟུང༌། དེ་ནས་སྐབས་དེ་དང་གཞན་དུ་བླངས་པའི་སྡོམ་པ་གསུམ་ལ་གཅེས་སྤྲས་སུ་བྱས་ཏེ། ཚུལ་བཞིན་དུ་བསྲུང་བ་གཞིར་བཞག་ནས། ཐུན་བཞིའི་རྣལ་འབྱོར་གྱིས་རིམ་པ་དང་པོ་བསྒོམས་ལ་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་དགེ་རྩ་སྨིན་པར་བྱས། དེ་ནས་རྫོགས་པའི་རིམ་པ་ཁྱད་པར་ཅན་རིམ་གྱིས་བསྐྱེད་ནས་ཟུང་འཇུག་གི་སྐུ་བསྒྲུབ་ན། མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གི་གནད་རྣམས་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྱུར་བ་ལ་ངེས་པ་རྙེད་ནས་ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པ་རང་གིས་འཛིན་ཅིང་གཞན་ལའང་སྤེལ་ནུས་པའང་ཡིན་ནོ། །དྷརྨ་བཛྲ་གྱི་གསུང་རྒྱུན་བློ་བཟང་གིས་ཡི་གེར་བཀོད། ཅེས་གསུངས། དོན་དེ་དག་གི་ཕྱིར་རྒྱལ་བ་དབེན་ས་བ་ཆེན་པོ་འདི་ཉིད་ནི་རྗེ་བླ་མའི་སྙན་རྒྱུད་བསྟན་པ་སྤེལ་པའི་ཕྱིར་དུ་བསམ་བཞིན་དུ་བྱོན་པ་ཞིག་གོ །

རྒྱལ་བ་དབེན་ས་བ་ཆེན་པོས་སྙན་བརྒྱུད་མན་ངག་སྤྱིར་སྐལ་ལྡན་དུ་མ་ལ་གནང་ཞིང༌། ལྷག་པར་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་ཡོངས་སུ་རྫོགས་པ་གནང་ངོ༌། །མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་ནི་བླ་མའི་རྣལ་འབྱོར་ཉིད་ལ་ཐུགས་དམ་སྙིང་པོར་མཛད་ཅིང་བླ་མའི་རྣལ་འབྱོར་གྱི་སྟེང་ནས་མདོ་སྔགས་ཀྱི་ལམ་གྱི་གནད་ཐམས་ཅད་རྫོགས་པར་མཛད་དོ། །བླ་མའི་རྣལ་འབྱོར་ལ་བརྟན་པ་ཐོབ་པའི་གསུང་ཡང་མང་དུ་སྣང་ཞིང༌། དགེ་སྦྱོར་ཐམས་ཅད་བླ་མའི་རྣལ་འབྱོར་སྟེང་ནས་བྱེད་དགོས་ཚུལ་རྒྱ་ཆེར་གསུངས་ཏེ། ཇི་ལྟར་གསུངས་པའི་ཁུངས་རྣམས་བྲིས་ན་མངས་སུ་དོགས་པས་སངས་རྒྱས་བཀའ་འབུམ་ཉིད་ལས་ཤེས་པར་བྱའོ། །

མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་སྙན་རྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པར་གནང་ཞིང༌། རྡོ་རྗེ་འཆང་ཆེན་པོ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གངས་ཅན་གྱི་སའི་ཆ་ཐམས་ཅད་རྗེ་བླ་མའི་སྙན་རྒྱུད་ཀྱིས་ཁྱབ་པར་མཛད། ལྷག་པར་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བླ་མ་མཆོད་པའི་ཆོ་ག་འདི་མཛད་ནས་སྐལ་ལྡན་མཐའ་ཡས་པ་ལ་གནང་བས། ནུབ་ཛ་ལནྡྷ་ར་ནས་ཤར་ཕྱོགས་རྒྱ་མཚོ་ཆེན་པོའི་མཐའ་ལ་ཐུག་གི་བར་དང༌། རྒྱ་མཚོའི་གླིང་བར་གྱི་ཡུལ་གྲུ་ཚུན་ཆད་དུ་ཡང་ཁྱབ་སྟེ། འཛིན་མའི་ཁྱོན་མ་ལུས་མན་ངག་མཆོག་འདིས་ཁྱབ་པའི་བཀའ་དྲིན་འདི་མཛད་དོ། །

རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་སྲས་ཀྱི་ཐུ་བོ་གྲུབ་པའི་དབང་ཕྱུག་མང་དུ་ཡོད་ཀྱང་གདམས་ངག་འདི་སྤེལ་བའི་འཕྲིན་ལས་ཀྱི་བཀའ་བབ་པ་ནི་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ཏེ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱིས་གདམས་པ་འདི་ཉིད་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང༌། གཞན་ལ་ཡང་རྒྱ་ཆེར་སྤེལ། ལྷག་པར་བདག་གི་མཁན་རིན་པོ་ཆེ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་དེ་ཉིད་ལ་གདམས་པ་འདི་ཡོངས་སུ་རྫོགས་པར་གནང༌། རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱིས་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང་སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་གནང་བ་ལས། འཕྲིན་ལས་སྤེལ་བའི་བཀའ་བབ་པ་ནི་རྡོ་རྗེ་འཛིན་པ་བློ་བཟང་རིག་གྲོལ་ཏེ། རྡོ་རྗེ་འཛིན་པ་དེ་ཉིད་ཀྱིས་གདམས་པ་འདི་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང་སྐལ་ལྡན་མཐའ་ཡས་པ་ལ་གནང༌།

བཀའ་དྲིན་མཚུངས་མེད་ཀྱི་རྗེ་བཙུན་བླ་མ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་དེ་གཉིས་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་ལ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་དང༌། ལྷག་པར་བླ་མའི་རྣལ་འབྱོར་གྱི་གདམས་པའང་གསན་ཀྱང༌། ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བླ་མའི་རྣལ་འབྱོར་འདིའི་མྱོང་འཁྲིད་མན་ངག་ཞལ་ཤེས་ཡོངས་སུ་རྫོགས་པ་ནི་རྡོ་རྗེ་འཛིན་པ་བློ་བཟང་རིག་གྲོལ་ལ་གསན། རྗེ་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ནི་ལམ་གྱི་ལུས་རྫོགས་པའི་བླ་མའི་རྣལ་འབྱོར་འདི་ཉིད་ལ་ཐུགས་དམ་ཀྱི་མཐིལ་དུ་མཛད་ཅིང༌། འདི་ལ་བརྟེན་ནས་ལམ་མཐོན་པོར་གཤེགས་པ་ཞིག་གོ །བླ་མ་བདག་ཉིད་ཆེན་པོ་དེ་ལས་བདག་གིས་ཆོས་འདིའི་བཀའ་དྲིན་ལན་མང་དུ་ཐོབ་བོ། །

དེས་ན་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་ནས། མདོ་རྒྱུད་ཀྱི་རྒྱབ་བརྟེན་དཔུང་ཆེ་ཞིང༌། །གདམས་ངག་གི་ནང་བྱན་ཆུད་པ་ཡི། །བྱིན་བརླབས་ཀྱི་བརྒྱུད་པ་མ་ཉམས་པའི། །མཚན་ལྡན་གྱི་རྗེ་བཙུན་བསྟེན་པས་འཚེངས། །ཐར་འདོད་ཀྱི་སྐལ་ལྡན་ཁྱེད་རྣམས་ཀྱང༌། །ཆོས་ཉིད་ཀྱི་རང་ཞལ་གཟིགས་བཞེད་ན། །སྐམ་བཤད་ཀྱི་ཐ་སྙད་མཁན་པོ་དང༌། །ཐོས་ཆུང་གི་སྒམ་སྒོམ་མ་ཡིན་པའི། །ཡོངས་གྲགས་ཀྱི་རྗེ་ལ་བློ་སྙིང་གཏོད། །ཤུགས་དྲག་གི་བསག་སྦྱངས་ཡུན་དུ་སྲིངས། །ཞེས་གསུངས་པ་ལྟར༌། ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་ནས་བཟུང་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གདམས་པ་ཡིད་ཆེས་ཁུངས་ལྡན་འདི་ལྟ་བུ་རྙེད་པར་དཀའ་བས་ན། རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་འདོད་པའི་བློ་ལྡན་རྣམས་ཀྱིས་དགའ་ལྡན་སྙན་རྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་བཟང་པོའི་རྗེས་སུ་བསླབ་པར་བྱའོ། །

 

 

 

གདམས་པའི་ཆེ་བ་བཤད་པ།

 

༈ གཉིས་པ་གདམས་པའི་ཆེ་བ་བཤད་པ་ནི། གཞུང་ཉིད་ལས། དེ་ཡང་ཐར་འདོད་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་རྟེན། ལེགས་ཚོགས་མ་ལུས་པའི་འབྱུང་གནས། མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་ཡས་པ་ཀུན་གྱི་རྩ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་མན་ངག་མཐའ་དག་གི་གནད་བསྡུས་པ་ནི། རང་ལ་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ལ་རག་ལས་པ་ཡིན་ཏེ། བེའུ་བུམ་སྔོན་པོ་ལས། མན་ངག་ཐམས་ཅད་བསྡུས་པའི་འགོ་ནི། །བཤེས་གཉེན་དམ་པ་མི་བཏང་བ་ཡིན། །དེ་ལས་དད་དང་བྱང་ཆུབ་སེམས་སོགས། །ཡོན་ཏན་ཀུན་འབྱུང་ཀུན་གྱི་གཏེར་ཡིན། །ཞེས་གསུངས་ཤིང༌། རྗེ་

ཐམས་ཅད་མཁྱེན་པས་ཀྱང༌། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་དང༌། འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཆེན་རྗེ། །ཞེས་གསུངས་ཤིང༌། བླ་མ་ལྔ་བཅུ་པ་ལས་ཀྱང༌། དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱི། །བླ་མ་ཡོངས་སུ་མཉེས་པར་བྱ། ཞེས་དང༌། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས་ཀྱང༌། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང༌།ཞེས་གསུངས་པའི་ཕྱིར།

དེ་བས་ན་སློབ་མའི་ཚོགས་གསོག་པ་དང༌། སྒྲིབ་པ་སྦྱོང་བའི་ཞིང་དུ་སངས་རྒྱས་ཐམས་ཅད་ལས་ཀྱང་རྡོ་རྗེ་སློབ་དཔོན་ལྷག་སྟེ། །སྡོམ་འབྱུང་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་གསུངས་སོ། །

རྒྱུ་མཚན་དེ་ལྟར་ན། ལམ་གྱི་གནད་ཚང་བའི་བླ་མའི་རྣལ་འབྱོར་སྒོམ་པ་ནི་དལ་འབྱོར་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་གྱུར་བ་ཡིན་པས་འདི་ལྟར་ཉམས་སུ་བླང་བར་བྱའོ། །ཞེས་གསུངས་ཏེ། དེ་དག་ནི་གོ་སླ་བ་དང་ཚིག་རེ་རེ་ནས་ཞིབ་ཏུ་བཤད་ན་མངས་སུ་དོགས་པས་མ་སྤྲོས་ཤིང༌། མདོར་ན་འཁོར་བའི་གནས་ན་ཡོད་པའི་ཟག་བཅས་ཀྱི་བདེ་བ་ཕྲ་མོ་ཞིག་ནས་བཟུང་ཐར་པ་བླ་ན་མེད་པའི་བདེ་བ་མཆོག་གི་བར་བདེ་བ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་དང༌། ས་ལམ་འབྲས་བུ་དང་བཅས་པའི་ཡོན་ཏན་ཐམས་ཅད་བླ་མ་བསྟེན་ཅིང་མཆོད་པའི་མཐུ་ལས་འབྱུང་བར་གསུངས་སོ། །

དེ་ལྟར་སྤྱིར་ཡོན་ཏན་ཐམས་ཅད་བླ་མ་ཚུལ་བཞིན་བསྟེན་པ་ལས་འབྱུང་བར་མ་ཟད། གདམས་ངག་འདིར་ནི་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པ་ཡིན་པས། བྱང་ཆུབ་ལམ་རིམ་གྱི་འགོ་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་ལམ་གྱི་གནས་ཐམས་ཅད་འདིར་ཚང་བས་ན། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་བཞི་ཡང་འདིར་འབྱུང་ངོ༌། །

བློ་སྦྱོང་དོན་བདུན་མའི་གནད་ཐམས་ཅད་ཀྱང་འདིར་ཚང་བས་ན་བློ་སྦྱོང་གི་ཆེ་བ། རྡོ་རྗེ་ཉི་མ་ལྗོན་ཤིང་བཞིན། གཞུང་དོན་ལ་སོགས་ཤེས་པར་བྱ། མན་ངག་བདུད་རྩིའི་སྙིང་པོ་འདི། གསེར་གླིང་པ་ལས་བརྒྱུད་པ་ཡིན། སྙིགས་མ་ལྔ་པོ་བདོ་བ་འདི། བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །ཞེས་གསུངས་པའི་ཆེ་བ་རྣམས་ཀྱང་འདིར་འབྱུང་ངོ༌། །

ལམ་རིམ་པ་གཉིས་ཀྱི་གནད་རྣམས་ཀྱང་ཚང་བས་ན་བླ་མེད་ཀྱི་ལམ་རིམ་པ་གཉིས་ཀྱི་ཆེ་བ་དང་ཡོན་ཏན་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་འདྀ་ལ་ཡོད་དོ། །

དེ་ལྟར་ན་བདག་ལེགས་སུ་འདོད་ཅིང་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་ལྡན་པ། ཐེག་པ་མཆོག་གི་ལམ་ལ་མྱུར་བ་མྱུར་བར་བགྲོད་འདོད་པ་རྣམས་ཀྱིས་འདི་ལྟ་བུའི་གདམས་པ་ཟབ་མོ་ལ་འབད་པར་རིགས་སོ། །

གདམས་པ་འདི་ཉམས་སུ་ལེན་པ་ལ་རྟེན་ཇི་འདྲ་བ་ཞིག་དགོས་སྙམ་ན། ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཤིང༌། བདེ་གསང་འཇིགས་གསུམ་གང་རུང་ལྟ་བུའི་བླ་མེད་ཀྱི་དབང་བཞི་ཡོངས་སུ་རྫོཊ་པར་ཐོབ་པ་ཞིག་དགོས་ཏེ། བླ་མའི་རྣལ་འབྱོར་འདི་སྒོམ་པའི་ཚེ་རང་ཉིད་ལྷའི་རྣལ་འབྱོར་དང༌། སྣོད་བཅུད་དག་པའི་རྟེན་དང་བརྟེན་པར་མོས་པ་དང༌། ཚོགས་ཞིང་གི་གཙོ་བོ་བླ་མ་ཐུབ་དབང་རྡོ་རྗེ་འཆང་སེམས་དཔའ་སུམ་བརྩེགས་ཅན་འདུས་པའི་ལུས་དཀྱིལ་གྱི་ལྷ་ཚོགས་དང༌། འཁོར་དུ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་དང་བཅས་པ་གསལ་འདེབས་པ་དང༌། བླ་མེད་ནས་བཤད་པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཤིན་ཏུ་གསང་བ་རྣམས་འབུལ་བ་དང༌། ལམ་རིམ་པ་གཉིས་སྒོམ་ཚུལ་བཅས་སྟོན་པ་ཡིན་ལ། འདི་ལྟ་བུའི་བླ་མེད་ཀྱི་གསང་བ་མཐར་ཐུག་པ་རྣམས་ཉན་པ་དང་སེམས་པ་དང་སྒོམ་པ་ལ་དབང་བཞི་རྣམ་པར་དག་པ་ཐོབ་དགོས་ཀྱི། དབང་མ་ཐོབ་པར་གསང་སྔགས་ཀྱི་ལམ་གྱི་ཡན་ལག་ཕྲ་མོ་རེ་ཡང་བསྟན་དུ་མི་རུང་བར་གསུངས་ཏེ། དཀྱིལ་འཁོར་ལ་འཇུག་པའི་ཚེ་ཡང་དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་དང༌། དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། འདི་ནི་ཁྱོད་ཀྱིས་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱིས་མགོ་བོ་འགེམས་པར་འགྱུར་རོ། །ཞེས་དབང་མ་ཐོབ་པ་ལ་དཀྱིལ་འཁོར་གྱི་གཟུགས་མིག་ལ་སྟོན་པ་ཙམ་ཡང་བྱ་ས་མེད་པའི་དམ་བཞག་འདི་ལྟ་བུ་མཛད་ན། དབང་མ་ཐོབ་པ་ལ་སྔགས་ཀྱི་གསང་བ་མཐར་ཐུག་པ་རྣམས་བསྟན་དུ་མི་རུང་བ་རྣམས་སྨོས་ཅི་དགོས།

དེ་ལྟར་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དབང་བསྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་གནས། ང་ཡིས་ཇི་བཞིན་དོན་བཤད་ཀྱིས། །དེ་ཕྱིར་ཐོག་མར་ཡང་དག་ཉོན། །ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང༌། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ །ཞེས་དང༌། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་གཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །སློབ་མ་སྐད་ཅིག་དེ་ལ་འཆི། །འདི་དང་ཕ་རོལ་ཏུ་ནི་ཕུང། །ཞེས་དང༌། ཕྱག་ཆེན་ཐིག་ལེ་ལས་ཀྱང༌། དང་པོར་རེ་ཞིག་གང་ཚེ་སློབ། །ལན་གཅིག་དབང་རྣམས་ཀྱིས་ནི་བསྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་གྱུར་པའོ། །དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་ལྟར། །ཞེས་གསུངས།

དེ་བཞིན་དུ་རྒྱུད་སྡེ་བཞི་ག་ནས་དབང་མ་ཐོབ་པ་ལ་སྔགས་ཀྱི་གསང་བ་བསྟན་དུ་མི་རུང་བའི་དམ་བཞག་ཤིན་ཏུ་ཆེ་བར་མཛད་དེ། རྒྱུད་སོ་སོའི་ཁུངས་རྣམས་དྲངས་ན་མངས་སུ་དོགས་པས་རྒྱུད་ཉིད་ལ་བལྟས་ནས་ཤེས་པར་བྱའོ། །མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བླ་མའི་རྣལ་འབྱོར་འདིའི་སྣོད་རུང་དུ་སྒྲུབ་པ་ལ་དབང་ཡང་རྒྱུད་སྡེ་འོག་མ་གསུམ་གྱི་དབང་ཐོབ་པ་ཙམ་གྱིས་མི་ཆོག་གི །བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་ངེས་པར་ཐོབ་པ་ཞིག་དགོས་སོ། །

དབང་རྣམ་པར་དག་པ་ཐོབ་པ་ལ་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་པ་ཞིག་དགོས་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བར་ཕྱག་ན་རྡོ་རྗེས་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་ལ། སློབ་མ་ཡོན་ཏན་གང་ལྡན་ན། །རྣལ་འབྱོར་རྒྱུད་ཀྱི་སྣོད་དུ་འགྱུར། །ཞེས་བླ་མེད་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་ལ་ཡོན་ཏན་ཇི་ལྟ་བུ་དང་ལྡན་པ་ཞིག་དགོས་ཞེས་ཞུས་པ་ན། །དད་ཅིང་བླ་མ་ལ་ཡང་གུས། །རྟག་ཏུ་དགེ་བའི་ལས་ལ་གནས། །རྟོག་པ་ངན་པ་རྣམ་པར་སྤངས། །ལུང་ནི་མང་དུ་ཐོས་པ་དང༌། །གསོད་པ་དང་ནི་འཚེ་བ་སྤངས། །སེམས་ཅན་རྣམས་ནི་གདོན་པའི་བློས། །ཀུན་ཏུ་བརྩོན་དང་ཡང་དག་ལྡན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །དད་པ་ཆེན་པོའི་སློབ་མ་བཟང༌། །ཞེས་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྤྱོད་པ་སྤྱི་བསླབ་བར་གྱི་ལམ་ཐུན་མོང་བ་ལ་སྦྱངས་ནས་མྱོང་བ་ཐོན་པ་ཞིག་དང༌། དེའི་སྟེང་དུ་ལྷག་པར་བླ་མ་དང་སྔགས་ལ་ཤིན་ཏུ་དད་པ་ཞིག་དགོས་པར་གསུངས།

རྒྱུད་ཀྱི་ཚིག་རེ་རེ་ནས་བཀྲལ་ཏེ་ལམ་ཐུན་མོང་བ་རྣམས་སྔོན་དུ་འགྲོ་དགོས་ཚུལ་ཞིབ་ཏུ་ཤེས་པ་ཤིན་ཏུ་གལ་ཆེ་ནའང༌། འདིར་ཡི་གེ་མངས་སུ་དོགས་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྒྱུད་ཀྱི་དོན་ལ་ཞིབ་ཏུ་དཔྱད་ནས་ངེས་པ་རྙེད་པར་བྱའོ། །

དེས་ན་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་གྱུར་པ་ནི་མདོ་སྔགས་ཀྱི་ལམ་གྱི་གནད་མཐའ་དག་ཡོངས་སུ་རྫོགས་པའི་བླ་མ་ལྷའི་རྣལ་འབྱོར་འདི་ཉིད་ཡིན་པས། འདི་ལྟ་བུའི་བླ་མའི་རྣལ་འབྱོར་གྱི་གདམས་པ་ཡོངས་སུ་རྫོགས་པ་འབད་པ་ཆེན་པོས་བཙལ་ལ་ཐུགས་དམ་གྱི་མཐིལ་དུ་གཟུང་ངོ༌། །

 

 

གདམས་པ་དངོས་ཉམས་སུ་ལེན་ཚུལ་ཀུན་སློང་བཅོས་པ་བཤད་པ།

 

༈ གསུམ་པ་གདམས་པ་དངོས་ཉམས་སུ་ལེན་ཚུལ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །

དང་པོ་ལ་གསུམ། སྔོན་འགྲོ་དང༌། དངོས་གཞི་དང༌། མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། སྤྱིའི་སྔོན་འགྲོ་དང༌། ཁྱད་པར་གྱི་སྔོན་འགྲོའོ། །

དང་པོ་ལ་གཉིས། ཀུན་སློང་བཅོས་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་བྱ་ཚུལ་ལོ། །

དང་པོ་ལ་གང་དུ་ཉམས་སུ་ལེན་པའི་གནས་ནི། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས་སུ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། །ཅེས་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང༌། མེ་ཏོག་འབྲས་བུ་ཆུ་ཡིས་བརྒྱན། །སྐྱེ་བོས་དབེན་པའི་རི་ཡི་རྩེར། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །འབད་པ་ཡིས་ནི་བསྒྲུབ་པར་བྱ། །ཞེས་དང༌། སྐྱེ་བོས་དབེན་པའི་ལྷ་ཡི་གནས། །སྒྲ་ཡི་ཚེར་མ་རྣམས་དང་བྲལ། །བགེགས་མེད་སྐལ་བཟང་ཉམས་དགའ་བ། །སྐྱེད་མོས་ཚལ་ཞི་བདེ་བ་ཆེ། །འདོད་པ་ལྔ་ལ་ལོངས་སྤྱོད་པས། །སྔགས་ཀྱི་གཙོ་བོ་འགྲུབ་པར་འགྱུར། །ཞེས་གསུངས་ཤིང༌། གཞན་ཡང་རྒྱུད་སྡེ་མཐའ་དག་ནས་སྒྲུབ་པ་བྱེད་པ་ལ་གནས་དབེན་པ་ཤིན་ཏུ་གལ་ཆེ་བར་གསུངས་ཤིང༌། ལྷག་པར་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། རང་སངས་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང༌། །རྒྱལ་བ་སྔོན་ཆད་གང་ན་བཞུགས་པ་ཡི། །གནས་གང་བསོད་ནམས་ལྡན་ཞིང་ཡིད་དགའ་བ། །ལྷ་དང་ལྷ་མིན་ལ་སོགས་ཕྱག་བྱས་མཆོད། །གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས། །བདག་ཉིད་དགའ་བར་བྱ་ཞིང་བསྙེན་པར་བྱ། དེ་ལྟ་བུ་དག་མ་རྙེད་གཞན་ཡང་ནི། །ཆུ་བོ་ཆུ་ཀླུང་འབབ་ཆུ་ཡོད་པ་དང༌། །པདྨ་ཨུཏྤ་ལས་ནི་བརྒྱན་པའི་མཚོ། །སྐྱེ་བོ་རྣམས་ཀྱང་ཤིན་ཏུ་མི་རྒྱུ་བ། དྭང་ཞིང་ཞིམ་པའི་ཆུ་ནི་མང་བ་དང༌། །མི་བཟད་གདོན་རྣམས་ཀྱང་ནི་མི་གནས་པ། །མེ་ཏོག་འབྲས་བུ་གཙང་མ་ཡོད་པ་དང༌། །སྨན་ལྗོངས་ལྗོན་ཤིང་སྣ་ཚོགས་འཁྲིགས་པ་དང༌། །ས་སྟེང་གནས་མལ་ཤིན་ཏུ་གཙང་བ་དང༌། གང་ན་སྟག་གཟིག་སེང་གེ་མེད་པ་དང༌། །ཡིད་འོང་མཉམ་ཞིང་ཚེར་མ་མེད་པ་དག །མི་ཡི་དངོས་གྲུབ་གནས་སུ་བསྒྲགས་པ་ཡིན། །ཞེས་དེ་བཞིན་གཤེགས་པ་གང་དུ་འཁྲུངས་པ་དང༌། གང་དུ་ཞབས་ཀྱིས་བཅགས་པའི་གནས་དག་དང༌། རྒྱལ་སྲས་བདག་ཉིད་ཆེན་པོ་དག་གིས་བརྟེན་ཅིང་བྱིན་གྱིས་བརླབས་པའི་གནས་དག་ནི་གཙོ་བོ་དང༌། དེ་ལྟ་བུའི་གནས་བཟང་པོ་མ་རྙེད་ཀྱང་ཆུ་ཤིང་དང་མེ་ཏོག་འབྲས་བུ་མོད་པ་དང༌། སྐྱེ་བོའི་རྒྱུ་འགྲུལ་ཉུང་བས་ཤིན་ཏུ་དབེན་ཞིང་ཉམས་དགའ་བ་དང༌། མི་མ་ཡིན་གདུག་པ་ཅན་མི་གནས་ཤིང༌། ལུས་སྲོག་ལ་གནོད་པའི་རྐྱེན་མེད་པའི་ནགས་ཀྱི་སྨན་ལྗོངས་ལྟ་བུར་གནས་ནས་སྒྲུབ་པ་བྱ་དགོས་པ་དང༌། གཞན་ཡང་སྐྱེས་བུ་དམ་པ་རྣམས་ཀྱིས་བཞུགས་ཤིང་སྒྲུབ་པ་མཛད་པའི་གནས་རྣམས་དང༌།སངས་རྒྱས་ཀྱི་བསྟན་པ་དར་བའི་ས་རྒྱལ་པོ་ཆོས་བཞིན་སྤྱོད་པ། ལུས་སྲོག་ལ་གནོད་པའི་རྐྱེན་མེད་པ། རང་གི་ཡིད་དང་མཐུན་པ་རྣམས་གལ་ཆེ་བར་གསུངས་སོ། །

དེ་ཡང་གྲོང་ལ་སོགས་པར་གང་བྱུང་དུ་གནས་པས་མི་ཆོག་པར་དབེན་པའི་གནས་ཁྱད་པར་དུ་འཕགས་པ་ཞིག་ཏུ་གནས་དགོས་པ་ནི། དབེན་པའི་གནས་སུ་གནས་ན་གཙོ་བོར་འདུ་འཛིའི་གཡེང་བ་སོགས་དགེ་སྦྱོར་ལ་བར་ཆད་མེད་པ་དང༌། ལམ་ལ་ས་ཕྱོད་ཆེ་བ་ཞིག་འབྱུང་ལ། ཕྱག་མཆོད་སོགས་དགེ་བ་གང་བྱེད་ཀྱང་དབེན་པའི་གནས་སུ་བྱས་པ་སྟོབས་ཆེ་བར་གསུངས།དེ་འདྲ་བའི་ཡིད་མཐུན་གྱི་དབེན་པའི་གནས་སུ་སྤྱིལ་བུའམ། ཕུག་སོགས་རང་གང་དུ་འདུག་སའི་གནས་དེར་ཆག་ཆག་དང་ཕྱག་བདར་ལེགས་པར་བྱས་ལ་གཙང་ཞིང་ཡིད་དུ་འོང་བར་བྱ། བ་བྱུང་ལྔའི་བྱུག་པ་དང་མེ་ཏོག་གཅལ་དུ་བཀྲམ་པ་སོགས་ཀྱང་སྒྲུབ་ཐབས་རྣམས་ལས་འབྱུང་བ་ལྟར་བྱ། ཆག་ཆག་དང་ཕྱག་བདར་བྱ་བ་ནི་རྟག་ཏུ་ངུས་འཕགས་པ་ཆོས་འཕགས་མཆོད་པའི་གླེང་གཞི་ལས་འབྱུང་བ་ལྟར་གལ་ཆེ་ཞིང་དགོས་པ་མང་དུ་ཡོད་དོ། །

བ་བྱུང་གི་བྱུག་པ་ནི་འདུས་པའི་རྩ་རྒྱུད་ལེའུ་བརྒྱད་པར། ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ། །རྒྱལ་ཉིད་སྐྱེས་ཞི་ཞི་བའི་གནས་རྣམས་སུ། །བཤང་གཅི་ཆུ་ལ་སོགས་པས་བྱུག་པའམ། །རྒྱལ་བ་མཆོད་ཕྱིར་རྟག་པར་རབ་ཏུ་བྱ། །ཞེས་བླ་མ་དང་དཀྱིལ་འཁོར་བའི་ལྷ་ཚོགས་མཆོད་པའི་ཚེ་ས་ཕྱོགས་ཤིན་ཏུ་གཙང་བར་བ་བྱུང་ལྔའི་བྱུག་པ་བྱ་དགོས་པར་གསུངས་པ་ལྟར་རོ། །སྒྲུབ་ཁང་གི་ཕྱོགས་བཞི་འམ། སྒོ་དྲུང་ངམ། སྒོ་སྟེང་སོགས་གང་འོས་སུ་མཐོ་བཞི་བརྩིགས་ལ་རྒྱལ་པོ་ཆེན་པོ་བཞིར་བསྐྱེད་ནས་གནས་དེར་ལམ་སྒོམ་པ་ལ་འགལ་རྐྱེན་མི་འབྱུང་ཞིང་མཐུན་རྐྱེན་ཚང་བའི་འཕྲིན་ལས་ཀྱི་གྲོགས་བཅོལ། སྟོན་པ་ཐུབ་པའི་དབང་པོ་དང༌། རྗེ་བཙུན་འཇམ་པའི་དབྱངས་དང༌། རྗེ་ཐམས་ཅད་མཁྱེན་པ་སོགས་ཀྱི་སྐུ་དང༌། ཤེར་ཕྱིན་གྱི་མདོ་དང༌། རྒྱུད་ཀྱི་གླེགས་བམ་སོགས་རྟེན་ཅི་ཡོད་སྟེགས་མཐོ་སར་བཞུགས། དེའི་མདུན་དུ་མཆོད་པ་གཡོ་མེད་པར་བཙལ་ལ་བཀོད་པ་མཛེས་པར་བཤམ། རང་གི་མལ་འོག་ཏུ་ས་དཀར་གྱིས་གཡུང་དྲུང་ཆོས་སྐོར་རིས་སུ་བྲིས། དེའི་སྟེང་དུ་རྩ་དུར་བ་མ་འཁྲུགས་པར་བཏིངས་ལ། སྔོན་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩ་དུར་བའི་གདན་ལ་བཞུགས་ཏེ་བདུད་བྱེ་བ་ཕྲག་དུང་ཕྱུར་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་ཞིང་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་པའི་རྣམ་ཐར་རྗེས་སུ་དྲན་ནས་སྟོན་པའི་རྣམ་ཐར་རང་གི་ཉམས་ལེན་དུ་ཁྱེར་ཏེ། བདག་གིས་ཀྱང་སྟན་འདིའི་སྟེང་དུ་གནས་ལ་བདག་འཛིན་འགོང་པོ་འཁོར་བཅས་བཏུལ་ཏེ་ལམ་ཟབ་མོའི་ཉམས་ལེན་རྣམས་མཐར་ཕྱིན་པ་ཞིག་བྱའོ་སྙམ་དུ་ཞེ་དམ་མང་དུ་བྱ། རྩྭའི་སྟེང་དུ་འབོལ་སྟན་འཇམ་ཞིང་བདེ་བ་རྒྱབ་ཅུང་ཟད་མཐོ་བ་ཞིག་བཤམ། གནས་དེར་སྒྲུབ་པ་ཡུན་རིང་དུ་བྱ་བ་ཡིན་ན་སྟན་མི་རུལ་བའི་ཕྱིར་འདུལ་བ་ནས་བཤད་པ་ལྟར་ཤིང་ཁྲི་དྲ་བ་ཅན་ནམ། དེ་མ་འབྱོར་ཀྱང་སྟན་དང་འོག་སའི་བར་ལ་བར་སྟོང་ཅུང་ཟད་ཡོད་པ་ཞིག་བྱ། །སྟན་དེའི་སྟེང་དུ་ལུས་གནད་འཆའ་ཚུལ་ནི་རྣམ་སྣང་གི་ཆོས་བདུན་དང༌། རླུང་ཆམ་ལ་འབེབས་པ་དང་བཅས་ལུས་ཀྱི་གནད་བརྒྱད་ལྡན་དུ་བྱ་དགོས་པར་འཕགས་པ་ཐོགས་མེད་ཀྱི་ས་སྡེ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མ་སྒོམ་རིམ་རྣམས་སུ་གསུངས་ཤིང༌། སྔགས་ཀྱི་ལམ་རིམ་གཉིས་སྒོམ་པའི་སྐབས་སུ་ལུས་གནས་དེ་ལྟར་བྱ་དགོས་པ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྒྲུབ་པོ་བདེ་བའི་སྟན་འདུག་ནས། །མིག་གཉིས་སྣ་རྩེར་གཏད་བྱས་ནས། །སྣ་ནི་ལྟེ་བའི་ཐད་དུ་བཞག །ཕྲག་གོང་བསྙམས་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག ། དབུགས་ཀྱི་འབྱུང་རྔུབ་གློད་ནས་ནི། །ཅུང་ཟད་ཅུང་ཟད་རྩོལ་བྲལ་བས། །ཇི་ལྟ་བ་བཞིན་འབྱུང་རྔུབ་ནི། །རྡོ་རྗེ་སྐྱིལ་ཀྲུང་ལེགས་གནས་པས། །ཞེས་གསུངས་པ་ལྟར་རོ། །

དོན་དེ་དག་རྒྱལ་བ་དབེན་ས་བ་ཆེན་པོས་ལུས་གནད་སྡོམ་ཚིག་ཏུ་མཛད་པ། རྐང་པ་ལག་པ་རྐེད་པ་གསུམ། །སོ་མཆུ་ལྕེ་རྣམས་བསྡོམས་པས་བཞི། །མགོ་མིག་ཕྲག་པ་དབུགས་དང་བཞི། །རྣམ་པར་སྣང་མཛད་ཆོས་བརྒྱད་ཡིན། །ཞེས་གསུངས་པ་ལྟར་གནད་བརྒྱད་དང་ལྡན་པར་བྱའོ། །དེ་ཡང་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་བཞུགས་སྟངས་ལྟར། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱ། །ལག་པ་གཉིས་ལྟེ་འོག་སོར་བཞི་ཙམ་གྱི་ཐད་དུ་གཡོན་འོག་ཏུ་བྱས་གཡས་སྟེང་དུ་བྱས་ལ་མཐེ་བོང་གི་རྩེ་གཉིས་སྤྲད། དཔུང་པ་ཐད་ཀར་བསྲང༌། སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཡིད་ཙམ་དགུག །སོ་དང་མཆུ་རང་བབས་སུ་གཞག ། ལྕེ་རྩེ་རྐན་ལ་སྦྱར་རོ། །

དེ་ལྟར་ལུས་གནད་བདུན་པོ་དེ་དག་ནི་སྙིང་ནས་སྒྲུབ་པ་བྱེད་པ་ལ་ཤིན་ཏུ་གལ་ཆེ་ཞིང་མེད་དུ་མི་རུང་བའི་གནད་དག་ཡིན་ཏེ། མར་པ་ལོ་ཙཱའི་ཞལ་ནས། བོད་ཀྱི་མན་ངག་ཐམས་ཅད་བསྡོམས་ཀྱང་ཁོ་བོ་མར་པ་ལོ་ཙཱའི་འདུག་ལུགས་ཀྱི་མན་ངག་གཅིག་པུའི་དོ་མི་ཐུབ་ཅེས་ཟབ་ཁྱད་ཅན་དུ་ཞལ་གྱིས་བཞེས་པའི་མན་ངག་ཁྱད་པར་ཅན་དེ་ནི་རྗེ་བླ་མའི་སྙན་རྒྱུད་ལས་འོངས་པའི་མན་ངག་འདི་ཡིན་པས་ཤིན་ཏུ་གཅེས་པའི་གནད་དུ་གཟུང་ངོ༌། །

དེ་ལའང་ལུས་གནད་དེ་ལྟར་བྱ་དགོས་པའི་རྒྱུ་མཚན་དང༌། དེ་ལྟར་མ་བྱས་ན་སྐྱོན་ཅི་བསྐྱེད་དང༌། དེ་དག་རེ་རེ་ནས་ཡོན་ཏན་གང་བསྐྱེད་པ་སོགས་ཞིབ་ཏུ་ཤེས་དགོས་པ་ཤིན་ཏུ་གལ་ཆེ་བ་ཡོད་ནའང་འདིར་མཐའ་དག་བྲིར་མ་ནུས་པས་བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ། །

དེ་ལྟར་ལུས་གནད་བདུན་དང་ལྡན་པར་བྱས་ནས་རླུང་གི་གནད་ནི་རླུང་རོ་དགུ་ཕྲུགས་སུ་བསལ་བ་འམ། རླུང་གི་རྒྱུ་བ་དལ་བུས་བརྟགས་ནས་ཆམ་ལ་འབེབས་པ་གང་རུང་བྱའོ། །

རླུང་རོ་དགུ་ཕྲུགས་སུ་སེལ་ཚུལ་ནི། སྣ་བུག་གཡས་ནས་རླུང་རྔུབ་སྟེ་གཡོན་དུ་འབུད་པ་དང༌། གཡོན་ནས་རྔུབ་སྟེ་གཡས་སུ་འབུད་པ་དང༌། གཉིས་ཀ་ནས་རྔུབ་སྟེ་གཉིས་ཀ་ནས་འབུད་པ་སྟེ། །དེ་འདྲ་བ་ལན་གསུམ་བྱའོ། །

དེ་དག་གི་ཚེ་ཡང་རང་རྒྱུད་ཀྱི་ཉེས་སྐྱོན་རྣམས་ཕྱིར་འབུད་པ་དང༌། །སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་རྣམས་ནང་དུ་ལེན་པའི་དམིགས་པ་བྱའོ། །

རླུང་གི་རྒྱུ་བ་དལ་བུས་བརྟགས་ནས་ཆམ་ལ་འབེབས་ཚུལ་ནི། ལུས་གནད་ལེགས་པར་བཅོས་པའི་མཚམས་ནས་རང་གི་རྒྱུད་ལ་བརྟགས་ཏེ་སེམས་ཚེ་འདིའི་སྣང་ཤས་ཀྱི་དབང་དུ་སོང་འདུག་གམ། འཇིག་རྟེན་ཕྱི་མ་དྲན་ཏེ་ཆོས་ཕྱོགས་སུ་སོང་འདུག་ལེགས་བརྟགས་པ་ན། ཚེ་འདིའི་སྣང་ཤས་ཀྱི་དབང་དུ་སོང་སྟེ་ཆགས་སྡང་དང་བཅས་པར་འདུག་ན་དེ་ངོ་ཤེས་པར་བྱས་ལ། བློ་ངན་འདི་འདྲ་བས་བདག་ཚེ་རབས་ཐོག་མ་མེད་པ་ནས་ད་བར་དུ་ཕུང་དུ་བཅུག་ལ། ད་རེས་དལ་འབྱོར་ལན་ཅིག་ཐོབ་པ་འདི་ཡང་ཆུད་ཟ་བར་བྱེད་པས། ད་ནི་བློ་ངན་འདི་ཡུལ་ནས་འདོན་པར་བྱའོ་སྙམ་དུ་རླུང་ཕྱིར་འབུད་པ་དང་མཉམ་དུ་རང་རྒྱུད་ཀྱི་ཉོན་མོངས་པ་ས་བོན་དང་བཅས་པ་ཕྱིར་ནག་སངས་ཀྱིས་སོང་བའི་མོས་པ་བྱ། རླུང་ནང་དུ་རྔུབ་པ་དང་མཉམ་དུ་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པའི་བྱིན་རླབས་ཐམས་ཅད་ནང་དུ་བསྡུས་པའི་མོས་པ་བྱ། དེ་ནས་རླུང་སྒྲ་ཅན་དང་རྩོལ་བས་བསྐྱེད་པའི་ཤུགས་ཅན་དང༌། རིང་ཐུང་མི་སྙོམས་པའི་རྒོད་བག་ཅན་དུ་མ་སོང་བར་རང་བབས་སུ་བཞག་ལ། ཕར་རྒྱུ་ཚུར་རྒྱུ་དལ་བུས་བརྟག་པར་བྱའོ། །

དེ་ཡང་རླུང་ཕར་འགྲོ་བ་ཚུར་འོང་བའི་ཁུག་པ་རེ་གྲངས་སུ་ཟིན་ནས་སེམས་གཞན་དུ་མ་ཡེངས་བར་གྲངས་བདུན་ཙམ་གྱི་བར་དུ་སེམས་འཛིན་ཅི་ཐུབ་བྱ། དེ་ནས་ཡང་བདུན་ཙམ་བགྲངས་ནས་འཛིན། དེ་ནས་ཡང་བདུན་ཙམ་བགྲངས་ནས་འཛིན་ཅིང༌། རིགས་པ་དྭངས་སྙིགས་ཕྱེ་ནས་སེམས་གསལ་རིག་གི་ངང་དུ་གནས་ཅི་ཐུབ་བྱའོ། །

ལུས་གནད་ཀྱི་སྐོར་འདི་ལ་ལམ་གྱི་གནད་ལས་བརྩམས་ཏེ་གལ་ཆེ་ཞིང་དགོས་པ་ཆེ་བའི་གནད་ཀྱི་དོན་བཤད་པར་བྱ་བ་མང་དུ་སྣང་ནའང་འདིར་མཐའ་དག་བྲིར་མ་ལང་ཞིང༌། །གནད་འགའ་ཞིག་ནི་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ཏུ་བྲིས་ཟིན་ཏོ། །

དེ་ལྟར་རླུང་ཆམ་ལ་ཕབ་ནས་རང་རྒྱུད་ལ་བརྟགས་ཏེ་ཀུན་སློང་བཅོས་ནས་དགེ་སེམས་ཁྱད་པར་ཅན་ཞིག་བསྐྱེད་དགོས་སོ། །

རང་རྒྱུད་ལ་བརྟགས་ནས་ཀུན་སློང་བཅོས་པ་འདི་སྒོམ་ཐམས་ཅད་ཀྱི་ཐོག་མ་ཆོས་ཀྱི་དབུའི་རྒྱ་གར་སྐད་ལྟ་བུ་ཡིན་ཏེ། རྗེ་ཐམས་ཅད་མཁྱེན་པས་དྲི་བ་ལྷག་བསམ་རབ་དཀར་དུ་སྒོམ་ཐམས་ཅད་ཀྱི་ཐོག་མ་རྒྱ་གར་སྐད་འདྲ་བ་དེ་གང་ཡིན་ཞེས་དྲི་བ་མཛད་པ་ན། དེའི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། སྒོམ་རྣམས་ཀུན་གྱི་དང་པོའི་འགོ །རྒྱ་གར་སྐད་མཚུངས་རང་རྒྱུད་ལ། །ལེགས་པར་བརྟགས་པ་ཡིན་ནོ་ཞེས། །ཟླ་མེད་བླ་མ་མཆོག་དེ་བཞེད། ཅེས་གསུངས།

དེ་ལྟར་ཡིན་པ་རྗེ་རིན་པོ་ཉིད་ཀྱིས་ཀྱང་གསུངས་ཏེ། དྲི་བ་ལྷག་བསམ་རབ་དཀར་ལས་དེའི་དོན་ཡང་རང་རང་གི་རྒྱུད་སྟེང་དུ་འགེལ་ན་འདི་ཡིན་ཏེ། གནས་དབེན་པར་ལུས་དྲང་པོར་བསྲངས་ནས་བློ་ཁ་ནང་དུ་ཕྱོགས་ཏེ་ལེགས་པར་བསམ་པའི་ཚེ། ག་ན་ང་སྔོན་ཆད་ཐོག་མ་མེད་པའི་འཁོར་བའི་མལ་གཏིང་འདིར་སྡུག་བསྔལ་གྱི་ཟུག་གཟེར་འདི་ཙམ་པ་དུས་རྒྱུན་དུ་མྱོང་བ་རང་རིག་གིས་གྲུབ་པ་འདི་འདྲ་བ་གྱུར་འདུག་པ། ད་འདི་ལྟ་བུའི་གནས་སུ་དེང་ནས་རང་མི་སྐྱེ་བ་ཞིག་ཅི་ནས་བྱ་དགོས། དེ་ལྟར་མ་བྱས་ན་ང་སྙིང་རུལ་སྙམ་པའི་མྱོང་བ་ལྷང་བ་མཁལ་མའི་ཟུག་གཟེར་ཚོར་བ་ལྟ་བུ་ཞིག་སྐྱེ་བའི་ཐབས་ལ་དང་པོར་འབད་དགོས་ཏེ། དེ་ལྟ་བུ་ནི་ཤིན་ཏུ་དཀའ། འདི་ལ་མྱོང་བ་མ་སྐྱེས་ན་འཁོར་བ་ལས་ཐར་བའི་ཐབས་ཟབ་མོ་བླ་མས་ཇི་ཙམ་བསྟན་ཅིང་གོ་མོད་ཀྱང༌། སྔར་ལྟར་འཁྱག་སྟེང་གི་ཆུ་དང་མཚུངས་པར་འགྲོ་སྟེ། དཔེར་ན་ཆུ་འཐུང་འདོད་མེད་ན་འཐུང་བའི་རྩོལ་བ་མི་བྱེད་པ་སྡོད་པ་བཞིན་ནོ། །ཞེས་གང་གསུངས་པ་ལྟར་རོ། །

དེ་ལྟར་ཀུན་སློང་ངན་པ་བསལ་ལ་སེམས་གསལ་ཞིང་དྭངས་པའི་ངང་ནས་འདི་ལྟར་བསམས་ཏེ། ག་རེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡུག་བསྔལ་བར་མ་ཆད་དུ་མྱོང་འདུག་ཀྱང་སྐྱོ་བ་དང་སུན་པ་སྐད་ཅིག་ཀྱང་མེད་པར་འཁོར་བའི་གནས་འབའ་ཞིག་ལ་མངོན་པར་དགའ་བའི་བློ་ངན་འདིས་ད་དུང་སྔར་ལྟར་མཐའ་མེད་མུ་མེད་དུ་སྡུག་བསྔལ་འབའ་ཞིག་མྱོང་དགོས་པར་འདུག ། དེས་ན་ད་རེས་བླ་མ་དཀོན་མཆོག་གི་ཐུགས་རྗེས་དལ་བའི་རྟེན་བཟང་པོ་ཐོབ། ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དམ་པས་རྗེས་སུ་བཟུང༌། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པ་དང་མཇལ། བླང་དོར་འབྱེད་པའི་ཤེས་རབ་ཀྱི་མཐུ་ཅུང་ཟད་རྙེད། རང་གི་ངོས་ནས་ཉམས་སུ་ལེན་ནུས་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་སྟེར་བའི་གདམས་པ་ཟབ་མོ་འདི་འདྲ་ཐོབ། དེ་ལྟ་བུའི་ཆོས་ཟབ་མོ་ཉམས་སུ་ལེན་པར་བྱེད་པ་ལ་རང་དབང་ཡོད་པའི་སྐབས་འདིར་འབད་ནས་བཙན་ས་ཟིན་པ་ཞིག་མ་བྱས་ན། སླར་རྟེན་བཟང་འདི་འདྲ་ཤིན་ཏུ་རྙེད་པར་དཀའ། ལན་ཅིག་རྙེད་པ་འདི་ཡང་ཡུན་རིང་དུ་མི་གནས་པར་མྱུར་དུ་འཇིག་སྟེ། ངེས་པར་འཆི། ནམ་འཆི་ལ་ངེས་པ་མེད། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན། ཤི་ནས་ངན་སོང་དུ་ལྷུང་ན་ནི་ཚ་གྲང་དང༌། བཀྲེས་སྐོམ་དང༌། བཀོལ་སྤྱོད་དང༌། གླེན་ཅིང་གཏི་མུག་པ་སོགས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས་ཤིང༌། ཆོས་ཀྱི་སྒྲ་ཙམ་ཡང་ཐོས་པར་དཀའ། གནས་དེར་སྐྱབས་བཙལ་ཡང་མི་རྙེད། བརྒྱ་ལ་བདེ་འགྲོའི་རྟེན་ཞིག་ཐོབ་ཀྱང་སྡུག་བསྔལ་འབའ་ཞིག་ལས་མ་འདས་ཏེ། མི་རྣམས་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བར་མ་ཆད་དུ་ཡོད་ཅིང༌། ལྷ་རྣམས་ལ་ནི་འཆི་འཕོ་ལྟུང་བའི་སྡུག་བསྔལ་སོགས་ཡོད། མདོར་ན་རིགས་དྲུག་གི་གནས་གང་དུ་སྐྱེས་ཀྱང་ལས་དང་ཉོན་མོངས་པའི་གཞན་དབང་ཅན་དུ་སོང་སྟེ་རང་དབང་མེད་པར་འཁྱམས་ཤིང་སྡུག་བསྔལ་འབའ་ཞིག་གིས་མནར། རང་ཉིད་སྡུག་བསྔལ་གྱིས་མནར་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་གྱིས་མནར། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་རང་གི་དྲིན་ཅན་གྱི་མ་ཤ་སྟག་ཡིན། མ་མ་བྱས་པ་གཅིག་ཀྱང་མེད། མ་བྱས་པ་ལ་གྲངས་ཀྱིས་མི་ཆོད། མ་ནམ་བྱས་རེས་ཀྱིས་ཚེ་འདིའི་མས་དྲིན་གྱིས་བསྐྱངས་པ་ལྟར་དྲིན་གྱིས་བསྐྱངས་པས་དྲིན་ཤིན་ཏུ་ཆེ། དྲིན་ཅན་གྱི་མ་འདི་རྣམས་བདེ་བ་འདོད་ཀྱང་བླང་དོར་གོ་ལོག་ཏུ་སྤྱད་པས་སྡུག་བསྔལ་འབའ་ཞིག་མྱོང་བ་ལས་བདེ་བའི་སྐབས་སྐད་གཅིག་ཀྱང་མི་འདུག་པས་སྙིང་རེ་རྗེ། མ་འདི་རྣམས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་ན་ཅི་མ་རུང༌། སྡུག་བསྔལ་མཐའ་དག་དང་བྲལ་ན་ཅི་མ་རུང་སྙམ་དུ་བྱམས་སྙིང་རྗེ་ཤུགས་དྲག་ཏུ་བསྒོམ། འོ་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བའི་ཁུར་དེ་སུ་ལ་བབ་ན་ངེད་རང་ལ་བབས། ངེད་རང་ལ་བབ་ཀྱང་ད་ལྟའི་གནས་སྐབས་འདི་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་དོན་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་གཅིག་གིས་དོན་ཡང་མཐར་ཕྱིན་པར་བྱེད་ནུས་པར་མི་འདུག །དེར་མ་ཟད་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ཐོབ་ཀྱང་སེམས་ཅན་གྱི་དོན་ཉེ་ཚེ་བ་མ་གཏོགས་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ནུས་པ་མེད། དེ་ལྟ་བུའི་ནུས་པ་སུ་ལ་ཡོད་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོད་པས་བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་ཏུ་བསྒོམ་མོ། །

དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་ཅིང་ཡང་དང་ཡང་དུ་བསམས་ལ་བློའི་འགྱུར་བ་ཅི་ཐོན་བྱ། མ་མཐའ་གོང་གི་ཚིག་དེ་རྣམས་ལན་གསུམ་གྱི་བར་དུ་བརྗོད་ཅིང༌། ཚིག་དེ་རྣམས་ལ་འཁྲིལ་ནས་བྱང་ཆུབ་ཀྱི་སེམས་གསལ་ཅི་ཐེབས་བྱའོ། །

དེ་ལྟར་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་ཤར་བསྒོམ་སྔོན་དུ་བཏང་སྟེ་བྱང་ཆུབ་ཀྱི་སེམས་གསལ་འདེབས་པ་ནི་དགེ་སྦྱོར་གང་བྱེད་ཀྱི་འགོར་གལ་ཆེ་བ་ཡིན་ཏེ། སེམས་དེ་ལྟ་བུས་ཟིན་ན་ནི་ཆོས་ཅི་བྱས་ཐེག་པ་ཆེན་པོའི་ཆོས་སུ་འགྱུར་ཞིང༌། སེམས་དེ་ལྟ་བུས་མ་ཟིན་ན་ནི་ཅི་བྱས་ཀྱང་ཐེག་པ་ཆེན་པོའི་ལམ་དུ་མི་འགྲོ་བས། རྗེ་ཐམས་ཅད་མཁྱེན་པས་ཐུན་འགོར་བྱང་ཆུབ་ཀྱི་སེམས་གསལ་འདེབས་པ་ཤིན་ཏུ་གལ་ཆེ་ཞེས་ཡང་ཡང་གསུངས་ཤིང༌། བཀའ་གདམས་བློ་སྦྱོང་ལས་ཀྱང༌། ཐོག་མཐའ་གཉིས་ལ་བྱ་བ་གཉིས། ཞེས་དགེ་སྦྱོར་གང་བྱེད་ཀྱང་ཐོག་མར་ཀུན་སློང་བཅོས་པ་འདི་མེད་མི་རུང་དུ་གསུངས་སོ། །དོན་དེ་དག་ལ་དགོངས་ནས་གྲུབ་ཆེན་དབེན་ས་པ་ཡབ་སྲས་ཀྱིས་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་དགེ་སྦྱོར་འདི་དང་འདི་ལ་འཇུག་གོ་ཞེས་གསུངས་པ་ནི་ཚིག་ནུས་པ་ཤིན་ཏུ་ཆེ་བ་ཡིན་པས། བློ་གྲོས་ཅན་རྣམས་ཀྱིས་འདི་ལ་ངེས་པ་གཏིང་ཚུགས་པ་ཞིག་རྙེད་པར་བྱའོ། །

 

སྐྱབས་འགྲོ་སེམས་བསྐྱེད་བྱ་ཚུལ།

 

༈ གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་བྱ་ཚུལ་ལ། སྐྱབས་ཡུལ་གསལ་བཏབ་པ་ནི། རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་དྲིན་ཅན་རྩ་བའི་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ། དེ་ཉིད་ཀྱི་མཐའ་སྐོར་དུ་དངོས་དང་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ཞིང་བཞུགས་པ། དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་པའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པོ་ཏིའི་རྣམ་པར་ཡོད་པ། ཚོགས་ཞིང་རྣམས་ཀྱང་རང་ཉིད་ལ་དགྱེས་པའི་ཚུལ་དང༌། རང་ཉིད་ཀྱང་ཚོགས་ཞིང་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་དད་པ་ཆེན་པོའི་ངང་ནས་འདི་ལྟར་བསམ་སྟེ། རང་གི་མཐའ་སྐོར་དུ་མ་རྒན་སེམས་ཅན་ཐམས་ཅད་ཀྱང་སའི་དྲེག་པ་ལྟར་སྨུག་ཤིག་གེ་ཡོད་པ་གསལ་བཏབ་ནས། རང་དང་ཕ་མ་སེམས་ཅན་ཐམས་ཅད་འཁོར་བར་རང་དབང་མེད་པར་འཁྱམས་ཤིང་སྡུག་བསྔལ་གསུམ་གྱིས་བར་མཚམས་མེད་པའི་མནར་ཚུལ་བསམས་པས་འཇིགས་ཤིང་སྐྲག་པའི་བློ་ཤུགས་དྲག་བསྐྱེད་ནས། སྡུག་བསྔལ་འདི་ལས་སྐྱོབ་པའི་ནུས་པ་བླ་མ་དཀོན་མཆོག་གསུམ་མ་གཏོགས་གཞན་སུ་ལའང་མེད་པས། བདག་དང་མ་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བྱའོ་སྙམ་དུ་བསམས་ལ། རང་དང་མ་རྒན་སེམས་ཅན་ཐམས་ཅད་ཀྱིས་འགྲིན་གཅིག་ཏུ་སྐྱབས་འགྲོ་བྱེད་པར་མོས་ནས།

བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་སྟོང་སོགས་དལ་བུས་བརྗོད་ཅིང་སྙིང་ནས་རེ་ལྟོས་བཅས་ཏེ་སྐྱབས་འཚལ། འདིའི་སྐབས་སུ་དམིགས་པ་བྱ་ཚུལ་ནི། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་དང༌། དེའི་མཐའ་སྐོར་གྱི་དངོས་བརྒྱུད་བླ་མ་རྣམས་ཀྱིས་སྐུའི་ཆ་ལས་ངོ་བོ་བླ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡིན་པ་ལ་རྣམ་པ་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དཔལ་ལྡན་བླ་མའི་སྐུ་ལ་བསྡོས་པ། གསུང་བཅག་པ། ཐུགས་དཀྲུགས་པ། མ་དད་བརྙས་སྨོད་བགྱིས་པ་ལ་སོགས་པ་མདོར་ན་བླ་མ་ལ་བརྟེན་པའི་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་ཏེ་སངས་ཏེ་དག །ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། རང་དང་མ་རྒན་སེམས་ཅན་

ཐམས་ཅད་དཔལ་ལྡན་བླ་མའི་སྐྱབས་འོག་ཏུ་ཚུད་པར་བསམ་མོ། །

དེ་ནས། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ལན་གང་མང་བརྗོད་པས་གསང་བདེ་འཇིགས་གསུམ་ཀྱཻ་རྡོར་དུས་འཁོར་བསྐལ་བཟང་གི་སངས་རྒྱས་སྟོང་སངས་རྒྱས་སུམ་ཅུ་སོ་ལྔ་ལ་སོགས་པ་སངས་རྒྱས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་སྡིག་སྒྲིབ་སྦྱོང་བ་སོགས་དམིགས་པ་གོང་ལྟར་བྱའོ། །

དེ་ནས། ཆོས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ལན་གང་མང་བརྗོད་པས་སྐྱབས་ཡུལ་སོ་སོའི་མདུན་ན་བཞུགས་པའི་ཆོས་པོ་ཏི་རྣམས་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་སྡིག་སྒྲིབ་སྦྱོང་བ་སོགས་དམིགས་པ་གོང་ལྟར་བྱའོ། །

དེ་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ལན་གང་མང་བརྗོད་པས་བྱང་སེམས་ཉན་རང་རྣམས་དང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ་སོགས་པའི་དགེ་འདུན་དཀོན་མཆོག་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་སྡིག་སྒྲིབ་སྦྱོང་བ་སོགས་དམིགས་པ་གོང་ལྟར་བྱའོ། ཁྱད་པར་སངས་རྒྱས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་འབེབས་པའི་ཚེ་ངོ་བོ་སངས་རྒྱས་རྣམས་ཀྱི་བྱིན་རླབས་ནུས་མཐུ་ཡིན་པ་ལ། རྣམ་པ་བདུད་རྩི་འོད་ཟེར་གྱི་རྣམ་པ་དང༌། ཆོས་པོ་ཏི་རྣམས་ལས་ངོ་བོ་སྤངས་རྟོགས་ཀྱི་ཡོན་ཏན་ཡིན་པ་ལ། རྣམ་པ་བདུད་རྩི་འོད་ཟེར་གྱི་རྣམ་པ་དང༌། དགེ་འདུན་རྣམས་ལས་ངོ་བོ་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཡིན་པ་ལ། རྣམ་པ་བདུད་རྩི་འོད་ཟེར་གྱིས་རྣམ་པ་དང༌། སྡིག་སྒྲིབ་སྤྱི་དང་ཁྱད་པར་དེ་དང་དེ་ལ་བརྟེན་ནས་བསགས་པའི་སྡིག་སྒྲིབ་རྣམས་གཙོ་བོར་སྦྱོང་བའི་དམིགས་པ་བྱའོ། །

དེ་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གང་མང་བརྗོད་ཅིང་སྐྱབས་ཡུལ་ཐམས་ཅད་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དཀོན་མཆོག་གསུམ་ལ་བརྟེན་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དུ་ཡང་དཀོན་མཆོག་གསུམ་གྱི་བྱིན་རླབས་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་ཏེ། དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ཅིང༌། ཇི་སྲིད་བྱང་ཆུབ་མ་ཐོབ་གྱི་བར་དུ་སྐྱབས་གསུམ་ནམ་ཡང་མི་གཏོང་ངོ་སྙམ་དུ་དམ་བཅའ་བརྟན་པོ་བྱའོ། །

དེ་ནས་སེམས་བསྐྱེད་ཚུལ་ནི། བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་སོགས་ལས་བྱུང་བའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་སྙམ་པའི་སྨོན་སེམས་དང༌། བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བར་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་སྦྱིན་སོགས་ཕ་རོལ་དུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པའི་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་ཚུལ་བཞིན་དུ་བསླབ་པར་བྱའོ་སྙམ་དུ་དམ་བཅའ་བརྟན་པོ་བསྐྱེད་དོ། །

དེ་ལྟར་སྨོན་འཇུག་སེམས་བསྐྱེད་པས་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་དགྱེས་ཏེ་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ལ་ཐིམ་པས་རང་ཉིད་ཀྱང་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་སྐུར་ལམ་ཀྱིས་གྱུར། གྱུར་པ་དེ་ཉིད་ལ་བླ་མ་ཐུབ་དབང་རྡོ་རྗེ་འཆང་དེ་ངའོ་སྙམ་དུ་ང་རྒྱལ་བསྒོམ། རང་ཐུབ་དབང་རྡོ་རྗེ་འཆང་དུ་གསལ་བའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་རྣམས་སྦྱངས། དེ་ཡང་འོད་ཟེར་འོག་ཏུ་འཕྲོས་པ་དམྱལ་བ་ཚ་དམྱལ་བ་རྣམས་ལ་འོད་ཟེར་གྲང་བའི་རེག་བྱ་ཅན་དཔག་ཏུ་མེད་པ་འཕྲོས་ཏེ། དེ་དག་གི་ལུས་ལ་རེག་པ་ཙམ་གྱིས་ཚ་བའི་སྡུག་བསྔལ་རྣམས་ཞི་བར་བྱས་ཏེ་བདེ་བའི་གནས་ལ་བཀོད། གྲང་དམྱལ་བ་རྣམས་ལ་འོད་ཟེར་ཚ་བའི་རང་བཞིན་ཅན་འཕྲོས་པས་གྲང་བའི་སྡུག་བསྔལ་རྣམས་ཞི་བར་བྱས། ཡི་དྭགས་རྣམས་ལ་འོད་ཟེར་ཟས་སྐོམ་གྱི་རང་བཞིན་ཅན་དཔག་མེད་འཕྲོས་པས་བཀྲེས་སྐོམ་གྱི་སྡུག་བསྔལ་རྣམས་ཞི་བར་བྱས། དུད་འགྲོ་རྣམས་ལ་འོད་ཟེར་སྣང་བའི་རང་བཞིན་ཅན་འཕྲོས་པས་རྒྱ་མཚོའི་སྟེང་དང་གླིང་བར་གྱི་མུན་པ་དང༌། སོ་སོའི་སེམས་བརྒྱུད་ཀྱི་རྨོངས་པའི་མུན་པ་རྣམས་བསལ། བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་རྣམས་ཞི་བར་བྱས། ལྷ་དང་མི་དང་ལྷ་མ་ཡིན་རྣམས་ལ་འོད་ཟེར་དཔག་མེད་འཕྲོས་པས་སོ་སོའི་སྡུག་བསྔལ་རྣམས་ཞི་བར་བྱས། སླར་ཡང་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་སྲིད་རྩེ་ནས་མནར་མེད་ཀྱི་བར་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་བྱས་ནས་སེམས་ཆོས་ཀྱི་སྐུ་དང༌། ལུས་ཀྱི་གནས་ངན་ལེན་དག་ནས་མཚན་དཔེས་བརྒྱན་པའི་རྡོ་རྗེ་འཆང་གི་སྐུར་གྱུར་བའི་མོས་པ་བྱའོ། །ཡང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་ཀྱི་མ་དག་པ་སྦྱངས་ཏེ་སྣོད་

ཐམས་ཅད་དག་པ་རབ་འབྱམས་སུ་གྱུར་པའི་མོས་པ་བྱའོ། །

དེ་ལྟར་སྣོད་བཅུད་སྦྱངས་ནས་སེམས་ཅན་ཐམས་ཅད་ཐུབ་དབང་རྡོ་རྗེ་འཆང་གི་གོ་འཕང་ལ་བཀོད་པའི་མོས་པ་དང༌། དེ་ལྟར་གྱུར་པ་ལ་དགའ་བ་དང༌། དག་པའི་རྟེན་དང་བརྟེན་པ་ལ་དམིགས་པའི་ང་རྒྱལ་ཤུགས་ཅན་བསྒོམ་མོ། །

འདི་ནི་སེམས་བསྐྱེད་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་སྒོམ་པ་རྒྱལ་བ་དབེན་ས་ཆེན་པོའི་མན་ངག་ཐུན་མོང་མིན་པ་ཞིག་ཡིན་གསུང༌། སྔོན་གྱི་དམ་པ་རྣམས་ཀྱིས་རིགས་དྲུག་གནས་སྦྱོང་ཞེས་པ་དང༌། འཁོར་བ་དོང་སྤྲུགས་ཞེས་པ་སོགས་གཞན་ལ་མེད་པའི་ཟབ་ཁྱད་ཅན་དུ་བྱེད་པ་ཡང་མན་ངག་འདི་ཡིན་པས། མཁས་གྲུབ་ཐམས་ཅད་མཁྱེན་པས་ཇི་ལྟར་གསུངས་པ་ལྟར། རང་ངོས་ནས་ཉམས་སུ་ལེན་ནུས་ན་དགའ་ལྡན་སྙན་རྒྱུད་ཀྱི་མན་ངག་འདིས་མ་ཆོག་པ་གང་ཡང་མེད་དོ། །

དེ་ལྟར་སེམས་བསྐྱེད་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་སྒོམ་པ་དེ་ལ་དར་ཅིག་མཉམ་པར་བཞག །མཉམ་གཞག་དེ་ལས་ལངས་ནས་རང་དང་ཕ་མ་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ད་བར་དུ་འཁོར་བར་རང་དབང་མེད་པར་སྡུག་བསྔལ་སྣ་ཚོགས་ཤིག་མྱོང་བ་འདི་རྒྱུ་གང་གིས་དབང་གིས་བྱུང་སྙམ་དུ་བསམས་པ་ན། གང་ཟག་གཞན་གྱིས་སྡུག་བསྔལ་མྱོང་དུ་བཅུག་པ་མིན་གྱི། རང་རྒྱུད་ཀྱི་བདག་འཛིན་འགོང་པོའི་མཐུས་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བའི་དབང་གིས་ལས་བསགས་ལས་ཀྱི་དབང་གི་འཁོར་བར་འཁོར་ནས་སྡུག་བསྔལ་མྱོང་བ་འདི་བྱུང་བར་འདུག །དེས་ན་བདག་དང་མ་རྒན་སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་བྲལ་བའི་བཏང་སྙོམས་ལ་གནས་ན་ཅི་མ་རུང༌། གནས་པར་གྱུར་ཅིག །གནས་པར་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང༌། ལྡན་པར་གྱུར་ཅིག །ལྡན་པར་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང༌། བྲལ་བར་གྱུར་ཅིག །བྲལ་བར་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མ་བྲལ་ན་ཅི་མ་རུང༌། །མི་འབྲལ་བར་གྱུར་ཅིག །མི་འབྲལ་བར་བདག་གིས་བྱའོ། དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་ཚོགས་ཞིང་ཐམས་ཅད་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་ཡང་རང་གཞན་སེམས་ཅན་ཐམས་ཅད་ཚད་མེད་བཞི་སྒོམ་པ་ལ་བར་དུ་གཅོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག ། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དུ་ཡང་རང་གཞན་སེམས་ཅན་ཐམས་ཅད་ཚད་མེད་བཞི་ལ་གནས་པར་བསམ་མོ། །

དེ་ནས་ཁྱད་པར་གྱི་སེམས་བསྐྱེད་སྒོམ་ཚུལ་ནི། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བར་མྱུར་བར་ཡང་དག་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་པ་ལན་མང་དུ་བྱ་ཞིང་འདུན་པ་ཤུགས་དྲག་བསྐྱེད་དོ། །སྐྱབས་འགྲོ་སེམས་བསྐྱེད་བྱ་ཚུལ་དེ་དག་ནི་དེང་སང་གདུལ་བྱ་ལས་དང་པོ་པ་རྣམས་ལ་ལམ་ཐུན་མོང་བ་ལ་ནན་ཏན་བྱེད་པ་ཤིན་ཏུ་གལ་ཆེ་བས། དེ་དང་མཐུན་པའི་ཁྲིད་ཚུལ་ཡིན་གྱི། ལམ་ཐུན་མོང་བ་ལ་མྱོང་བ་ཕུལ་ཆེན་ཐོན་ནས་སྔགས་ལམ་ལ་གཅིག་ཏུ་གཞོལ་བའི་རྣལ་འབྱོར་པ་རྣམས་ཀྱིས་རང་ཉིད་ལྷའི་རྣལ་འབྱོར་ལ་གནས་བཞིན་པའི་ངང་ནས་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་བྱ་ཚུལ་ནི།

བདེ་ཆེན་ངང་ལས་རང་ཉིད་བླ་མ་ལྷ། །

གང་དེར་གསལ་བའི་སྐུ་ལས་འོད་ཟེར་ཚོགས། །

ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་བྱིན་བརླབས་པས། །

དག་པ་རབ་འབྱམས་འབའ་ཞིག་ཡོན་ཏན་གྱིས། །

བཀོད་པའི་ཁྱད་པར་ཕུན་སུམ་ཚོགས་པར་འགྱུར། །

རབ་དཀར་དགེ་སེམས་ཆེན་པོའི་ངང་ཉིད་ནས། །

བདག་དང་མཁའ་མཉམ་མ་རྒན་སེམས་ཅན་རྣམས། །

དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །

བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ །

ན་མོ་གུ་རུ་བྷྱ། ན་མོ་བུདྡྷཱ་ཡ།

ན་མོ་དྷཱརྨཱ་ཡ། ན་མོ་སངྒྷཱ་ཡ།

མ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །

བདག་ཉིད་བླ་མ་ལྷར་གྱུར་ནས། །

སེམས་ཅན་ཐམས་ཅད་བླ་མ་ལྷའི། །

གོ་འཕང་མཆོག་ལ་འགོད་པར་བྱ། །

ཞེས་འདོན་རྒྱུན་ཡོད་པ་ལྟར་འདོན་རྒྱུན་ཡོད་པ་ལྟར་འདོན་ཅིང་དམིགས་པ་རྣམས་གོང་བཞིན་བྱའོ། །གང་ཟག་གི་བློ་མཐོ་དམན་གྱི་དབང་གིས་སྐྱབས་འགྲོའི་ཉམས་ལེན་ལའང་ཁྱད་པར་ཆེན་པོ་ཡོད་པར་སྣང་བས་ཞིབ་པར་བླ་མའི་ཞལ་ལས་ཤེས་པར་བྱའོ། །

ཁྱད་པར་སེམས་བསྐྱེད་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་གསུང་ལྟར་རྒྱས་པར་བྱ་ཚུལ་ནི།

མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཚེ་འདི་ཉིད་ལ་མྱུར་བར་མྱུར་བར་གདོད་མའི་སངས་རྒྱས་བླ་མ་ལྷའི་གོ་འཕང་མངོན་དུ་བྱས། མ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ། བདེ་ཆེན་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། །དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ། །

ཞེས་འདོན་རྒྱུན་ཡོད་པ་ལྟར་ལན་གང་མང་བྱའོ། །

དེ་ལྟར་ཀུན་སློང་བཅོས་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ་ཚུལ་དེ་ནི། བླ་མ་མཆོད་པའི་ཆོ་གའི་གཞུང་ཉིད་ལས། དེ་ཡང་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང༌། ཞེས་གསུངས་པའི་དོན་ཁྲིད་རྒྱུན་དུ་ཡོད་པ་ལྟར་ཡིན་ལ། དགའ་ལྡན་བཀའ་རྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་ལས། དང་པོ་བསྟན་དང་ཐེག་ཆེན་ལ། །འཇུག་པའི་སྒོ་དང་གཞུང་ཤིང་ཕྱིར། ཁ་ཙམ་ཚིག་ཙམ་མ་ཡིན་པའི། །སྐྱབས་འགྲོ་སེམས་བསྐྱེད་ནན་ཏན་བྱ། །ཞེས་གསུངས་པ་ལྟར་སྔོན་འགྲོ་ཁྲིད་ཆེན་བཞིའི་ནང་ནས་ཁྲིད་ཆེན་དང་པོའང་ཡིན་ནོ། །འདིར་སྙན་རྒྱུད་ཀྱི་མན་ངག་ཤིན་ཏུ་གསལ་བར་བཀོད་པ་ཡིན་ཡང་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་ཡིན་པས་དོན་ཤིན་ཏུ་རྒྱ་ཆེ་བ་དང༌། གདུལ་བྱའི་བློ་ནུས་དང་བསྟུན་པའི་མན་ངག་གི་གནད་ཆེས་མང་བས་ཚེ་འདིའི་བུན་ལོང་དོར་ནས་དགའ་ལྡན་སྙན་བརྒྱུད་ཀྱི་སྙིང་པོའི་དོན་ལ་སྒྲུབ་པ་སྙིང་པོར་བྱ་འདོད་པ་རྣམས་ལ། བཤེས་གཉེན་མཁས་པ་རྣམས་ཀྱིས་མྱོང་ཁྲིད་དུ་བྱས་ནས་ཞིབ་ཏུ་ཤེས་པར་བྱ་དགོས་སོ། །

 

 

ཁྱད་པར་གྱི་སྔོན་འགྲོ་བཤད་པ།

 

༈ གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་གསུམ། རང་ཉིད་ལྷར་བསྐྱེད་པ། སྣོད་བཅུད་སྦྱང་བ། མཆོད་པ་བྱིན་གྱིས་བརླབ་པའོ། །

དང་པོ་ནི། དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་ནན་ཏན་དུ་བྱས་པའི་མཐར་སྐྱབས་ཡུལ་རྣམས་མཐའ་ནས་རིམ་བཞིན་བསྡུས་ཏེ་ཐུབ་དབང་རྡོ་རྗེ་འཆང་ལ་ཐིམ། ཐུབ་དབང་རྡོ་རྗེ་འཆང་ཡང་འོད་དུ་ཞུ་ནས་རང་གི་སྨིན་མཚམས་སུ་ཐིམ་པའི་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་བྱའོ། །

དེ་ནས་རང་ཡང་མི་དམིགས་པར་བསམས་ལ་ལྟ་ཐོག་ཏུ་བཞག །དེའི་ངང་ནས་གསང་བདེ་འཇིགས་གསུམ་སོགས་ལྷག་པའི་ལྷ་གང་རུང་གི་སྐུར་ལངས་པའི་མོས་པ་བྱ། དེ་ཡང་ཡི་དམ་རྡོ་རྗེ་འཇིགས་བྱེད་ལྟ་བུ་ལ་གཙོ་བོར་བྱེད་ན། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པའི་མོས་པ་བྱ། དེ་ཡང་སྐྱབས་ཡུལ་བསྡུས་པའི་མཚམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦདྷརྨཿསྭ་བྷཱ་ཝ་ཤུདྡྷ྅ཧཾ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅་ཧཾ། རང་དང་སྐྱབས་ཡུལ་ལྷ་དང༌། དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བརྟགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ་བདག་མེད་པའི་རང་བཞིན་སྟོང་པ་ཉིད་དུ་གྱུར། ཅེས་བརྗོད་ཅིང་རྗེས་ཞིག་གི་སྡུད་རིམ་གྱི་སྒོ་ནས་འཆི་བ་ཆོས་སྐུའི་ལམ་འཁྱེར་བསྒོམས་ཤིང༌། བདེ་ཆེན་འོད་གསལ་ཆོས་སྐུ་མངོན་དུ་བྱས་པའི་མོས་པ་བརྟན་པོ་བྱའོ། །འོད་གསལ་དེའི་ངང་ནས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་ཡུམ་བཅས་ཀྱི་སྐུར་ལངས་ཤིང་གནས་གསུམ་དུ་ཡི་གེ་གསུམ་བཀོད་ནས་བྱིན་གྱིས་བརླབ། འདི་ལ་སྐུ་གསུམ་ལམ་འཁྱེར་གྱི་གནད་རགས་པ་ཞིག་ཚང་གསུངས།

གསང་བ་འདུས་པའི་རྣལ་འབྱོར་ལ་གཙོ་བོར་བྱེད་ན། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མས་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱིས་ག་ཤལ་བྱས་ཤིང་སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བར་གྱུར་པར་བསམ།

འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་གཙོ་བོར་བྱེད་ན། སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་བརྐྱང་གིས་བཞུགས་པ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར་པར་བསམ།

དེ་ཡང་སྤྱིར་བདེ་གསང་འཇིགས་གསུམ་གང་ལ་རྣལ་འབྱོར་དུ་བྱེད་ཀྱང་བསྐྱེད་རིམ་རྒྱས་པ་ཐུན་བཞིར་བསྒོམས་ཏེ། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པར་བྱ་དགོས་ཤིང༌། བླ་མའི་རྣལ་འབྱོར་འདི་སྒོམ་པའི་སྔོན་འགྲོར་ཡང་བསྐྱེད་རིམ་རྒྱས་བསྡུས་གང་རུང་རེ་བསྒོམས་ན་ཤིན་ཏུ་ཁྱད་པར་དུ་འཕགས་ཤིང་གནད་ཆེ་བ་དང༌། བསྐྱེད་རིམ་མཐར་ཕྱིན་ཏེ་སྔགས་ལམ་མཐོན་པོར་སོང་བ་རྣམས་ལ་ལྷའི་རྣལ་འབྱོར་བསྡུས་པ་ཞིག་གི་སྟེང་ནས་ལམ་སྒོམ་པའི་སྐབས་ཡོད་ཀྱང༌། ལས་དང་པོ་པ་རྣམས་ལ་ནི་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་བའི་བསྐྱེད་རིམ་ཡོངས་རྫོགས་སྒོམ་པ་གནད་ཤིན་ཏུ་ཆེ་སྟེ། ཕྱི་ནང་གི་བར་ཆད་བསྲུང་བ་དང༌། ལྷག་པའི་ལྷའི་བྱིན་བརླབ་མྱུར་དུ་འཇུག་པ་དང༌། ཚོགས་བདེ་བླག་ཏུ་རྫོགས་པ་དང༌། ཐ་མལ་གྱི་སྣང་ཞེན་ལྡོག་པ་སོགས་དགོས་པ་མཐའ་ཡས་ཤིང༌། གཙོ་བོར་ནི་སྦྱང་གཞི་སྐྱེ་གཞི་བར་དོ་གསུམ་སྦྱངས་ཤིང༌། ལམ་དུས་ཀྱི་སྐུ་གསུམ་མྱུར་དུ་འགྲུབ་པའི་དགེ་རྩ་སྨིན་པར་བྱས་ཏེ། འབྲས་བུ་སྐུ་གསུམ་མྱུར་དུ་ཐོབ་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས་ཤིན་ཏུ་གལ་ཆེའོ། །

དེས་ན་འདིར་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་བའི་བསྐྱེད་རིམ་མདོར་བསྡུས་སྒོམ་ཚུལ་ནི། རྒྱལ་བ་དབེན་ས་པ་ཆེན་པོས་རྗེ་ཆོས་སྐྱབས་རྡོ་རྗེ་ལ་གནང་བའི་བླ་མའི་རྣལ་འབྱོར་གྱི་གདམས་ངག་ལས། ཐོག་མར་ལམ་ཐུན་མོང་བ་ལ་ཤར་སྒོམ་བྱས་ཏེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་དང༌། ཟབ་མོ་དབུ་མའི་ལྟ་བ་རྣམས་ལ་མྱོང་བ་ཐོན་ངེས་སུ་བྱས། དེའི་ངང་ནས་རང་ཉིད་ལྷར་བསྐྱེད་ཚུལ་འདི་ལྟར་གསུངས་ཏེ། དེ་ལྟ་བུའི་རྣལ་འབྱོར་ལ་གནས་བཞིན་པའི་ངང་ནས་རང་གི་སྙིང་ཀར་ཧཱུཾ་སྔོན་པོ་འོད་ཀྱི་རང་བཞིན་ཅན་ཞིག་བསམ་མོ། །སྙིང་གའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འོད་དུ་ཞུ་ནས་བཅུད་ཀྱིས་སེམས་ཅན་ཐམས་ཅད་ལ་ཐིམ། བཅུད་ཀྱིས་སེམས་ཅན་ཐམས་ཅད་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ། བླ་མ་ཡང་འོད་དུ་ཞུ་ནས་རང་གི་སྤྱི་གཙུག་ནས་ཞུགས་ཏེ་སྙིང་གའི་ཧཱུཾ་ཡིག་ལ་ཐིམ། མེ་ལོང་ལ་ཧ་བཏབ་པ་དཀྱིལ་དུ་བསྡུས་པ་ལྟར་རང་གི་ལུས་ཀྱི་སྟོད་སྨད་བར་གསུམ་ཡང་འོད་དུ་ཞུ་ནས་སྙིང་གའི་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་ཧ་ལ་ཐིམ། ཧ་ཧའི་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་པར་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷ྅ཧཾ། ཞེས་བརྗོད་ལ། སྣང་བ་ཐམས་ཅད་བསྡུས་པའི་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་རྩེ་གཅིག་ཏུ་བཞག་གོ །དེ་ལྟ་བུའི་སྟོང་པའི་ངང་ལས་ཧཱུཾ་སྔོན་པོ། ཨོཾ་དཀར་པོ། ཨཱཿདམར་པོ་གསུམ་ལས་བྱུང་བའི་ཉི་མ་ཟླ་བ་པདྨ་དམར་པོའི་གདན་གྱི་སྟེང་དུ་ཨོཾ་ཨཱཿཧཱུཾ་གསུམ་དུ་གྱུར། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། དེའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་ཞིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས། ལོངས་སྐུ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཡབ་ཡུམ་དཔག་ཏུ་མེད་པ་སྙོམས་པར་ཞུགས་པ་ལས་བྱུང་བའི་མི་བསྐྱོད་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས། སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པས་བདེ་བ་ཐོབ། དེ་ཐམས་ཅད་གཅིག་ཏུ་འདུས་པའི་གོང་བུ་ལ་རང་ཉིད་ཞུགས་པས་སྤྲུལ་སྐུ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་གྱུར་པར་བསམ་མོ། །ཞེས་གསུངས་ཞིང་དེ་ནས་བླ་མའི་རྣལ་འབྱོར་སྒོམ་ཚུལ་གསུངས་པ་ལྟར་རོ། །དེ་བཞིན་དུ་རྡོ་རྗེ་འཇིགས་བྱེད་ལ་སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་བཅས། བར་དོ་ལོངས་སྐུའི་ལམ་འཁྱེར། སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར། འབྲས་བུ་རྡོ་རྗེ་འཛིན་པ་ཞལ་ཕྱག་ཡོངས་རྫོགས་བསྐྱེད་པ། གནས་གསུམ་དང་སྐྱེ་མཆེད་བྱིན་རླབས། ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་རྒྱས་གདབ་བཟླས་པ་དང་བཅས་པ་མདོར་བསྡུས་བྱ་ཚུལ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྫོགས་རིམ་གྱི་སྔོན་འགྲོར་གསུངས་པ་ལྟར་དང༌། བདེ་མཆོག་ལ་དག་པ་གསུམ་གྱི་རྣལ་འབྱོར་སྔོན་དུ་བཏང་ནས་ཧེ་རུ་ཀར་བསྐྱེད། དེ་ནས་བླ་མའི་རྣལ་འབྱོར་སྒོམ་པ་བདེ་མཆོག་བླ་མའི་རྣལ་འབྱོར་དུ་གསུངས་པ་ལྟར་རོ། །

འདི་ལའང་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་བ་ཞིག་བྱེད་ན་རྗེས་ཞིག་སྡུད་རིམ་གྱི་སྒོ་ནས་འཆི་བ་ཆོས་སྐུའི་ལམ་འཁྱེར་དང༌། བར་དོ་ལོངས་སྐུའི་ལམ་འཁྱེར་ནཱ་དར་ལྡང་བ་དང༌། དེ་ནས་རིམ་གྱིས་རྟེན་དང་བརྟེན་པ་ཡོངས་རྫོགས་སུ་བསྐྱེད་དེ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་དབང་བསྐུར་རྒྱས་གདབ་དང་བཅས་པ་མདོར་བསྡུས་བྱ་ཚུལ་རྗེ་ཐམས་ཅད་མཁྱེན་པས་འདོད་འཇོར་གསུངས་པ་ལྟར་བྱའོ། །

བསྐྱེད་རིམ་ལ་རྒྱས་བསྡུས་བྱ་བ་ནི་འདུས་པའི་རྩ་རྒྱུད་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ནས་བསྙེན་སྒྲུབ་ཡན་ལག་བཞི་རྒྱས་པ་དང་རྡོ་རྗེ་བཞི་བསྐྱེད་བསྡུས་པ་བྱ་ཚུལ་གསུངས་ཤིང༌། རྒྱ་གར་གྲུབ་ཆེན་མང་པོས་བསྐྱེད་རིམ་རྒྱས་བསྡུས་ཀྱི་ཚུལ་གསུངས་པ་ལྟར་རོ། །

ཇི་ལྟར་ཡང་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པ་ཞིག་ངཻས་པར་དགོས་ཀྱི། ལྷའི་རྣལ་འབྱོར་མེད་ན་འོག་ནས་འབྱུང་བའི་སྣོད་བཅུད་སྦྱོང་བ་དང༌། ནང་མཆོད་དང་མཆོད་པ་བྱིན་གྱིས་རློབ་པ་དང༌། མཆོད་ལྷ་སྤྲོས་ཏེ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་ཁྱད་པར་ཅན་རྣམས་བྱ་ཐབས་མེད་དོ། །དེར་མ་ཟད་འོག་ཏུ་རིམ་གཉིས་ཀྱི་རྣལ་འབྱོར་སྟོན་ཅིང་ལམ་རིམ་པ་གཉིས་ཉམས་སུ་ལེན་པ་ཐམས་ཅད་ལྷའི་རྣལ་འབྱོར་གྱི་སྟེང་ནས་བྱེད་པ་ཡིན་ནོ། །

གཞན་ཡང་གསང་སྔགས་བླ་མེད་ཀྱི་ལམ་གྱི་བསྒྲུབ་བྱ་མཐར་ཐུག་ཁ་སྦྱོར་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་ཡིན་ཞིང༌། སྐུ་དེ་འགྲུབ་པ་ལ་རིགས་འདྲའི་རྒྱུ་ལམ་དུས་ཀྱི་ཟུང་འཇུག་འགྲུབ་དགོས་ཤིང༌། དེ་འགྲུབ་པའི་རྒྱུ་ཐུན་མོང་མིན་པ་ལྷའི་རྣལ་འབྱོར་ཡིན་ཚུལ་ལ་སོགས་པ་གསང་བ་ལས་ཀྱང་ཆེས་གསང་བའི་གནད་མཐར་ཐུག་པ་དག་ཡོད་དེ། ཞིབ་པར་བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ། །བླ་མ་མཆོད་པའི་ཆོ་ག་བྱེད་པའི་སྐབས་འདིར་རྡོར་དྲིལ་བྱིན་བརླབས་བྱ་བའང་རྒྱལ་བ་དགེ་འདུན་རྒྱ་མཚོས་གསུང་སྟེ། སྔགས་ཀྱི་དམ་ཚིག་སྐྱོང་ཞིང་དྲན་པར་བྱེད་པ་ལ་ཤིན་ཏུ་གལ་ཆེའོ། །

གཉིས་པ་སྣོད་བཅུད་སྦྱང་བ་ནི། རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པའི་སྐུའི་ཆ་ཤས་ཐམས་ཅད་དང་སྦྱོར་མཚམས་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ་སྣོད་བཅུད་ཐམས་ཅད་ཀྱི་མ་དག་པ་རྣམས་སྐད་ཅིག་ཉིད་ལ་སྦྱངས། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་གྱི་དག་པ་རབ་འབྱམས་འབའ་ཞིག་ཏུ་གྱུར་བའི་མོས་པ་བརྟན་པོ་བྱའོ། །འདི་ནི་གསང་སྔགས་ཁྱད་ཆོས་ཡོངས་དག་བཞིའི་ནང་ཚན་ཡང་ཡིན་ཞིང༌། ལས་རྒྱལ་མཆོག་གི་གཞན་དོན་ཕུན་སུམ་ཚོགས་པའི་མཛད་པ་དང༌། ལུས་དབེན་གྱི་རིམ་པ་རྣམས་དང་མཐུན་ཞིང༌། རང་གི་སྙིང་ཁ་ནས་འོད་ཟེར་སྤྲོས་ཏེ་སྣོད་བཅུད་སྦྱོང་བ་དང༌། སྣོད་བཅུད་རྣམས་འོད་དུ་བསྡུས་ཏེ་རང་གི་སྙིང་གར་བསྡུ་བ་ཡང་ཡང་བྱེད་པ་ནི། རྫོགས་རིམ་ཀྱི་ལམ་མཐོན་པོ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བའི་སྨིན་བྱེད་ཀྱི་ཐབས་ཁྱད་པར་ཅན་ཡིན་པས་མན་ངག་འདི་དག་གཅེས་པར་བཟུང་ངོ༌། །

གསུམ་པ་མཆོད་པ་བྱིན་གྱིས་བརླབ་པ་ལ་གཉིས། ནང་མཆོད་བྱིན་གྱིས་བརླབ་པ་དང༌། མཆོད་རྫས་གཞན་རྣམས་བྱིན་གྱིས་བརླབ་པའོ། །དང་པོ་ལ་བསང་བ། སྦྱང་བ། བསྐྱེད་པ། བྱིན་གྱིས་བརླབས་པ་རྣམས་སུ་ཡོད་པ་ལས། དང་པོ་བསང་བ་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་པ་ཡིན་ན་ལས་བུམ་ཡོད་ཚེ་ལས་བུམ་ཀྱི་ཆུས་ནང་མཆོད་ལ་བསང་སྟེ་ཁངྒ་དྷྲྀཀ་བརྗོད་པ་དང་མཉམ་དུ་བུམ་ཆུའི་རྡུལ་ཕྲ་རབ་རྣམས་རལ་གྲི་གཤིན་རྗེ་གཤེད་ཀྱི་ཚོགས་སུ་གྱུར་པ་སྤྲོས་ནས་ནང་མཆོད་ཀྱི་རྫས་ལ་གནས་པའི་བགེགས་རྣམས་སྐྲོད་པར་བྱེད་པ་ཡིན་ལ། ལས་བུམ་མེད་ཚེ་ཧྲཱིཿཥྟྲཱི་བརྗོད་པ་དང་མཉམ་དུ་རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ནས་བགེགས་སྤྲོད་པར་བྱེད་པའོ། །

གཉིས་པ་སྦྱང་བ་ནི། སྭ་བྷཱ་ཝའི་སྔགས་བརྗོད་ཅིང་སྔགས་དོན་ཡིད་ལ་བསམས་ནས་རང་བཞིན་རྣམ་དག་གི་ངང་དུ་བསྒོམ་པའོ། །

གསུམ་པ་བསྐྱེད་པ་ནི། རང་བཞིན་རྣམ་དག་དེའི་ངང་ནས་ཡཾ་ལས་རླུང་དཀྱིལ། རཾ་ལས་མེ་དཀྱིལ། དེའི་སྟེང་དུ་ཨཱཿལས་མི་མགོ་རློན་པའི་སྒྱེད་བུ་གསུམ། དེའི་སྟེང་དུ་ཨཿལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ། ཐོད་པ་དེའི་ནང་གི་ཤར་ལ་སོགས་པའི་ཕྱོགས་བཞི་དང་དབུས་སུ། བྲུཾ༈ ཨཾ༈ ཛྲིཾ༈ ཁཾ༈ ཧཱུཾ་རྣམས་ལས་གཤེགས་པ་ལྔའི་ངོ་བོ་ཤ་ལྔ་རང་རང་གི་མིང་ཡིག་དང་པོ། གཽ ཀུ། ད། ཧ། ན་རྣམས་ཀྱིས་མཚན་པ། ཤར་ལྷོ་ལ་སོགས་པའི་མཚམས་བཞི་དང་དབུས་སུ། ལཾ། མཱཾ། པཾ། ཏཱཾ། བཾ་རྣམས་ལས་གཤེགས་མ་ལྔའི་ངོ་བོ་བདུད་རྩི་ལྔ་རང་རང་གི་མིང་ཡིག་དང་པོ། བི༈ ར༈ ཤུ༈ མ༈ མུ་རྣམས་ཀྱིས་མཚན་པ། རྫས་དེ་དག་གི་སྟེང་གི་ནམ་མཁའ་ལ་ཧཱུཾ་སྔོན་པོ། ཨཱཿདམར་པོ། ཨོཾ་དཀར་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་ཏེ་གནས་པར་བསམ་མོ། །

བཞི་པ་བྱིན་གྱིས་བརླབས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རླུང་གཡོས་མེ་སྦར་ཐོད་པའི་ནང་གིས་རྫས་རྣམས་ཞུ་ཞིང་ཁོལ། རྒྱ་མཚོ་ལ་སོགས་པ་གནས་པའི་བདུད་རྩི་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་རྣམས་བཀུག །ལྷག་པར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་རྡོ་རྗེ་གསུམ་གྱི་རྣམ་པར་བཀུག་ནས་ཡི་གེ་གསུམ་ལ་ཐིམ། ཡི་གེ་གསུམ་ཡང་རིམ་བཞིན་ཐོད་པའི་ནང་གི་རྫས་ལ་ཐིམ་པས། ཧཱུཾ་གིས་ཁ་དོག་དྲི་རོ་ནུས་པའི་སྐྱོན་སྦྱངས། ཨཱཿས་བདུད་རྩི་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་བསམ་མོ། །

རང་གསང་བ་འདུས་པའི་རྣལ་འབྱོར་ལ་གནས་པ་ཡིན་ན་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་རིམ་ནས་ཇི་ལྟར་འབྱུང་བ་ལྟར་གྱི་ནང་མཆོད་བྱིན་རླབས་དང༌། རང་ཧེ་རུ་ཀའི་རྣལ་འབྱོར་ལ་གནས་པ་ཡིན་ན་སྒྲུབ་ཐབས་བདེ་ཆེན་གསལ་བ་ནས་ཇི་ལྟར་འབྱུང་བ་ལྟར་ནང་མཆོད་བྱིན་རླབས་བྱའོ། །

དེ་ལྟར་ནང་མཆོད་བྱིན་གྱིས་བརླབ་པ་ནི་ཤིན་ཏུ་གལ་ཆེ་སྟེ། ནང་མཆོད་ནི་བླ་མེད་ཀྱི་མཆོད་པའི་གཙོ་བོ་དང༌། བཟའ་བའི་དམ་ཚིག་ཁྱད་པར་ཅན་ཡིན་ཞིང༌། ཐ་མལ་གྱི་སྣང་ཞེན་མྱུར་དུ་ལྡོག་པ་དང༌། བགེགས་བསྲུང་བ་ལ་མཆོག་ཏུ་བསྔགས་པ་དང༌། འཆི་མེད་རྡོ་རྗེའི་སྐུ་གྲུབ་ཕྱིར་བཅུད་ལེན་གྱི་རྫས་ཁྱད་པར་ཅན་དུ་འགྱུར་བ་དང༌། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་རྫོགས་རིམ་གྱི་ལམ་མཐོན་པོ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་ཅིང༌། ལམ་དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རྣམས་ཇྀ་ལྟར་སྐྱེ་བའི་ཚུལ་རྣམས་འདིའི་བསྐྱེད་ཆོག་གི་མཚོན་དོན་ཡང་ཡོད་པས། ཞར་བྱུང་ཙམ་གྱིས་ཆོག་པར་མི་བྱ་བར་ཆོ་ག་ནམ་བྱེད་རེས་ཀྱིས་ནན་ཏན་དུ་བྱས་ནས་ལམ་རིམ་པ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བའི་རྟེན་འབྲེལ་བསྒྲིག་པ་ལ་བརྩཽན་པར་བྱའོ། །

༈ གཉིས་པ་མཆོད་རྫས་གཞན་རྣམས་བྱིན་གྱིས་བརླབ་པ་ནི། སླར་བཤད་པ་བཞིན་དུ་བསངས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་མཆོད་རྫས་ཀྱི་གྲངས་དང་མཉམ་པ། ཐོད་པ་དེའི་ནང་དུ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་རེ་རེ། དེ་རྣམས་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ངོ་བོ་བདེ་སྟོང༌། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པའི་ཁྱད་ཆོས་གསུམ་ལྡན་ཞིག་བསམས་ལ་མེ་ཏོག་སོགས་རང་རང་གི་མིང་དང་ཡི་གེ་གསུམ་སྤེལ་བས་བྱིན་གྱིས་བརླབ་པར་བྱའོ། །

ནང་མཆོད་དང་མཆོད་རྫས་བྱིན་རླབས་རྒྱས་པ་བྱ་བའི་ལོང་མེད་པའམ། བསྡུས་པ་བྱ་བར་སྤྲོ་ན། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད་པས། འོག་ནས་འབྱུང་བ་ལྟར། ཚོགས་ཞིང་རྣམས་ལ་འབུལ་རྒྱུའི་མཆོད་རྫས་གང་ཡོད་དམིགས་ཡུལ་དུ་བྱས་ལ། མཆོད་རྫས་དེ་དག་སྟེང་དུ་འོག་ཏུ་ཧཱུཾ། དེའི་སྟེང་དུ་ཨཱཿ དེའི་སྟེང་དུ་ཨོཾ་ཡིག་རྣམས་བརྩེགས་ནས་གནས་པ། ཧཱུཾ་ཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཐུགས་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་བཀུག་སྟེ་ཧཱུཾ་ལ་ཐིམ། ཧཱུཾ་མཆོད་རྫས་རྣམས་ཀྱི་ནང་དུ་ཐིམ་པས་ཁ་དོག་དྲི་རོ་ངན་པའི་སྐྱོན་ཐམས་ཅད་བསལ་ནས་ཤེལ་ལྟར་དྭངས་པའི་མོས་པ་དང༌། ཨཱཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་གསུང་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་བཀུག་ནས་ཨཱཿཡིག་ལ་ཐིམ། དེ་མཆོད་རྫས་རྣམས་ལ་ཐིམ་པས་མཆོད་རྫས་རྣམས་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པའི་མོས་པ་བྱ། ཨོཾ་ཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྐུ་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་བཀུག་སྟེ་ཨོཾ་ཡིག་ལ་ཐིམ། ཨོཾ་ཡིག་མཆོད་རྫས་རྣམས་ལ་ཐིམ་པས་མཆོད་རྫས་རྣམས་མང་པོར་འཕེལ་ཏེ། ཚོགས་ཞིང་ཐམས་ཅད་ཀྱིས་ཇི་ཙམ་ལོངས་སྤྱད་ཀྱང་ཟད་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པའི་མོས་པ་བརྟན་པོ་བྱའོ། །

དེ་ལྟར་བྱིན་གྱིས་བརླབས་པའི་མཆོད་པ་དེ་རྣམས་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པ་ལ། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་ཚོགས་ཞིང་མཐའ་དག་གི་དབང་པོ་དྲུག་གི་ཡུལ་དུ་ཟག་པ་མེད་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པར་ནུས་པའི་ཁྱད་པར་གསུམ་དང་ལྡན་པས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་ཁྱབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་དམ་རྫས་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པས་གང་བར་བསམ་མོ། །

དེ་ལྟར་སྔོན་འགྲོའི་སྐོར་དེ་དག་ནི་བླ་མ་མཆོད་པའི་ཆོ་གའི་གཞུང་དུ་ཞལ་ལས་ཤེས་དགོས་སུ་མཛད་ནས་རྒྱས་པར་མ་མཛད་པར་ས་བཅད་སྡོམ་ཙམ་ཞིག་མཛད་པ་ནི། དེ་ཡང་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང༌། བདག་ཉིད་གསང་བདེ་འཇིགས་གསུམ་སོགས་ལྷག་པའི་ལྷ་གང་རུང་གི་རྣལ་འབྱོར་དང་ལྡན་པའི་སྐུ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ཀྱི་མ་དག་པ་སྦྱངས། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་གྱི་དག་པ་རབ་འབྱམས་འབའ་ཞིག་ཏུ་བསམ།

ནང་མཆོད་དང་མཆོད་རྫས་རྣམས་བླ་མེད་ཀྱི་ཆོ་ག་གང་ཡང་རུང་བ་ལྟར་བྱིན་རླབས་བྱ་བའམ། མདོར་བསྡུ་ན། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་པས་ངོ་བོ་ཡེ་ཤེས་ལ་རྣམ་པ་ནང་མཆོད་དང་མཆོད་རྫས་སོ་སོའི་རྣམ་པ་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་ཁྱབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་དམ་རྫས་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པས་གང་བར་གྱུར།

བར་བསམས་ལ། ཞེས་གསུངས་པའི་དོན་སྙན་རྒྱུད་ཀྱི་མན་ངག་ཁྲིད་རྒྱུན་དུ་འབྱུང་བ་ལྟར་ཞིབ་ཏུ་བཀོད་པ་ཡིན་ནོ། །

 

ཚོགས་ཀྱི་ཞིང་དུ་བླ་མ་ལྷ་ཚོགས་གསལ་བཏབ་ནས་སྒོམ་ཚུལ།

 

༈ གཉིས་པ་དངོས་གཞི་ལ་བཞི། ཚོགས་ཀྱི་ཞིང་དུ་བླ་མ་ལྷ་ཚོགས་རྣམས་སྒོམ་པ་དང༌། དེ་ལ་ཡན་ལག་བདུན་པ་མཎྜལ་དང་བཅས་པའི་མཆོད་པ་འབུལ་བ། དད་གུས་ཆེན་པོའི་སྒོ་ནས་གསོལ་བ་འདེབས་པ། མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཤར་སྒོམ་གྱི་སྒོ་ནས་བློ་སྦྱོང་ཞིང་བྱིན་རླབས་ཞུ་བའི་ཚུལ་ལོ། །

དང་པོ་ཚོགས་ཞིང་དུ་བླ་མ་ལྷ་ཚོགས་རྣམས་སྒོམ་པ་ལ་གཉིས། བླ་མ་ལྷ་ཚོགས་གསལ་འདེབས་ཚུལ་དངོས་དང༌། ཡེ་ཤེས་པ་སྤྱན་དྲངས་ནས་དབྱེར་མེད་དུ་བྱ་ཚུལ་ལོ། །

དང་པོ་ལ་གང་དུ་སྒོམ་པའི་གནས་ནི། སྤྱིར་བླ་མ་སྒོམ་པའི་གནས་ལ་མཐའ་གཅིག་ཏུ་ངེས་པ་མེད་དེ། རང་རང་གི་མོས་པ་དང་བསྟུན་པའི་གནས་ཀྱི་ཁྱད་པར་སྣ་ཚོགས་ཡོད་ཅིང༌། རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཀྱང་མང་དུ་གསུངས་ཏེ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་བྱས་ནས་མདུན་གྱི་ནམ་མཁར་སྒོམ་པ་དང༌། བླ་མ་གཙོ་བོའི་རིགས་བདག་ཏུ་བྱས་ནས་སྒོམ་པ་དང༌། བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དུར་ཁྲོད་ལ་སོགས་པར་བཞུགས་པར་སྒོམ་པ་དང༌། སྒྲུབ་པ་པོས་རང་ཉིད་ཀྱི་སྤྱི་བོའི་གཙུག་དང་སྙིང་གི་དཀྱིལ་ལ་སོགས་པར་སྒོམ་ཚུལ་མང་དུ་གསུངས། དེ་དག་ལས་འདིར་ཇི་ལྟར་བྱ་བ་ནི་རྗེ་ཐམས་ཅད་མཁྱེན་པས་བོད་ཀྱི་སྒོམ་ཆེན་རྣམས་ལ་སྙན་བསྐུལ་མཛད་པའི་དྲི་བ་ལྷག་བསམ་རབ་དཀར་དུ་བླ་མ་སྒོམ་པའི་གནས་གང་དུ་བྱེད་ཅེས་བཀའ་སྩལ་པར། དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས་བླ་མ་གང་དུ་བསྒོམ་པའི་གནས། །མདུན་དང་སྤྱི་གཙུག་སྙིང་གི་དཀྱིལ། །རང་རང་མོས་པ་བཞིན་རུང་སྟེ། །ཞེས་གསུངས་པ་ལྟར། མདུན་གྱི་ནམ་མཁའ་དང༌། སྤྱི་བོའི་གཙུག་དང༌། སྙིང་གི་དཀྱིལ་རྣམས་སུ་བསྒོམ་པར་བྱ་བ་ཡིན་ལ། སྒོམ་ཚུལ་ཕྱི་མ་གཉིས་འོག་ཏུ་འབྱུང་ཞིང༌། ཚོགས་ཞིང་གསལ་འདེབས་པའི་སྐབས་འདིར་མདུན་གྱི་ནམ་མཁར་བསྒོམ་པ་ཡིན་ནོ། །

བླ་མ་ལྷ་ཚོགས་ཀྱི་བཞུགས་གནས་ཇི་ལྟར་སྒོམ་པ་དང༌། དེའི་སྟེང་དུ་ཚོགས་ཞིང་གི་གཙོ་བོ་ཇི་ལྟར་སྒོམ་ཚུལ་ནི་བླ་མ་མཆོད་པའི་གཞུང་ཉིད་ལས།

བདེ་སྟོང་དབྱེར་མེད་ལྷ་ལམ་ཡངས་པར་ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུས། །

ལོ་མ་མེ་ཏོག་འབྲས་བུས་ཡོངས་མཛེས་འདོད་དགུའི་དཔག་བསམ་ལྗོན་པའི་རྩེར། །

གདོང་ལྔ་འབར་བའི་རིན་ཆེན་ཁྲི་སྟེང་ཆུ་སྐྱེས་ཉི་ཟླ་རྒྱས་པའི་སྟེང་། །

བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །

རྣམ་པ་ངུར་སྨིག་འཛིན་པའི་དགེ་སློང་ཞལ་གཅིག་ཕྱག་གཉིས་འཛུམ་དཀར་འཕྲོ། །

ཕྱག་གཡས་ཆོས་འཆད་གཡོན་པ་མཉམ་གཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །

གུར་གུམ་མདངས་ལྡན་ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་དབུ་ལ་མཛེས། །

ཡང་ན་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། ཅེས་པའི་མཚམས་ནས། རྣམ་པ། ཐུགས་ཀར་ཁྱབ་བདག་རྡོ་རྗེ་འཆང་དབང་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །

རྡོར་དྲིལ་བཟུང་ནས་དབྱིངས་ཕྱུག་མར་འཁྱུད་ལྷན་སྐྱེས་བདེ་སྟོང་རོལ་བས་དགྱེས། །

རྣམ་མང་རིན་ཆེན་རྒྱན་གྱིས་སྤྲས་ཤིང་ལྷ་རྫས་དར་གྱི་ན་བཟས་ཀླུབས། །

ཞེས་པ་བློ་དང་བསྟུན་ནས་སྦྱོར། དེ་གཉིས་ཅི་བྱས་ཀྱང་ཚིག་གི་འཕྲོ་ནས་འདི་ལྟར།

མཚན་དཔེའི་རྒྱན་ལྡན་འོད་ཟེར་སྟོང་འབར་འཇའ་ཚོན་སྣ་ལྔས་བསྐོར་བའི་དབུས། །

རྡོ་རྗེ་སྐྱྀལ་ཀྲུང་ཚུལ་གྱིས་བཞུགས་པའི་ཕུང་པོ་རྣམ་དག་བདེ་གཤེགས་ལྔ། །

ཁམས་བཞི་ཡུམ་བཞི་སྐྱེ་མཆེད་རྩ་རྒྱུས་ཚིགས་རྣམས་བྱང་ཆུབ་སེམས་དཔའ་དངོས། །

བ་སྤུ་དགྲ་བཅོམ་ཉི་ཁྲི་ཆིག་སྟོང་ཡན་ལག་ཁྲོ་བོའི་དབང་པོ་ཉིད། །

འོད་ཟེར་ཕྱོགས་སྐྱོང་གནོད་སྦྱིན་གསང་བ་འཇིག་རྟེན་པ་རྣམས་ཞབས་ཀྱི་གདན། །

ཞེས་གསུངས་ཏེ། དེའི་དམིགས་པ་ཡིད་ལ་བྱེད་ཚུལ་ནི། སྒྲུབ་པ་པོ་རང་གི་སེམས་བདེ་བ་ཆེན་པོའི་ངོ་བོར་སོང་བ་དེ་ཡུལ་སྟོང་པ་ཉིད་ལ་ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་དུ་སོང་བར་མོས་ཤིང༌། བདེ་སྟོང་དབྱེར་མེད་དེའི་ངང་ནས་རང་གི་མདུན་གྱི་ཐད་དྲང་གི་ནམ་མཁར་ཀུན་བཟང་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་བར་མཚམས་མེད་པར་འཁྲིགས་པའི་དབུས་སུ། དཔག་བསམ་གྱི་ཤིང་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་དང་བཅས་པ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། དེ་ཡང་དཔག་བསམ་གྱི་ཤིང་དེའི་རྩ་བ་གསེར། སྡོང་བུ་དངུལ། ཡལ་ག་བཻཌཱུརྱ། ལོ་མ་ཤེལ། འདབ་མ་རྣམས་སྦུག །མེ་ཏོག་མུ་ཏིག་དམར་པོ། འབྲས་བུ་རྡོའི་སྙིང་པོ་ལས་བྱས་པ། ཡལ་ག་རྣམས་ལས་རིན་པོ་ཆེའི་དྲ་བ་དང༌། དྲ་བ་ཕྱེད་པ་དང༌། ཅོད་པན་དང༌། རྣ་རྒྱན་དང༌། དོ་ཤལ་ལ་སོགས་པའི་རིན་པོ་ཆེའི་རྒྱན་སྣ་ཚོགས་པ་འཕྱང་བ། གོས་དང་ཟས་ལ་སོགས་པ་འདོད་པའི་ཡོན་ཏན་གང་དང་གང་བསམས་པ་ཐམས་ཅད་ཡལ་ག་ལས་འབྱུང་བ། ཡལ་ག་རླུང་གིས་བསྐྱོད་པ་ལས་མདོ་སྔགས་ཀྱི་ཆོས་ཀྱི་སྙིང་པོའི་སྒྲ་དབྱངས་སྒྲོག་པ། འོད་ཟེར་ཕྱོགས་བཅུར་འཕྲོས་པའི་སྣེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་དཔག་མེད་འཕྲོ་བ། །ཤིང་དེ་མཐོང་བ་དང༌། ཤིང་དེའི་དྲི་ཚོར་བ་དང༌། ཤིང་དེ་ལ་རེག་པ་དང༌། ཤིང་དེའི་ཡལ་ག་རླུང་གིས་བསྐྱོད་པའི་སྒྲ་རྣ་བའི་ལམ་དུ་ཐོས་པ་ཐམས་ཅད་ཀྱི་ལུས་སེམས་ཀྱི་གདུང་བ་ཞི་ཞིང༌། ཡིད་ལ་གང་བསམས་ཐམས་ཅད་འབད་མེད་དུ་འགྲུབ་པ། བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ་ལས་འབྱུང་བ་དང་མཚུངས་པའི་རིན་པོ་ཆེའི་ཤིང་དེའི་རྩེ་མོར་མེ་ཏོག་འདབ་མ་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་མི་འཇིགས་པ་བཞི་དང་དབང་ཕྱུག་བརྒྱད་མཚོན་པའི་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། པད་རིམ་བཅུ་གཅིག་ཡོད་པའི་འདབ་མ་འོག་མས་སེང་ཁྲིའི་ཟུར་ཅུང་ཟད་ཁེབས་པ། སྟེང་མ་རྒྱ་ཆེ་ཆུང་དཔངས་ཇེ་མཐོར་སོང་བའི་དབུས་ཀྱི་པད་འདབ་བཞི་པའི་ལྟེ་བར་ཟེའུ་འབྲུའི་སྟེང་དུ་ཤེས་རབ་མཚོན་པའི་ཉི་མའི་དཀྱིལ་འཁོར་དང༌། ཐབས་མཚོན་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཀའ་དྲིན་གསུམ་ལྡན་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པ་ཅན། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་འཛུམ་དགྱེས་པའི་ཉམས་དང་ལྡན་པ། ཕྱག་གཡས་ཐུགས་ཀར་ཆོས་འཆད་དང༌། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཕྱག་གཉིས་ཀྱིས་ཨུཏྤལའི་ཡུ་བ་བཟུང་བའི་རྩེ་མོ་སྐུ་དཔུང་གི་གཡས་གཡོན་གྱི་ཐད་དུ་མེ་ཏོག་ཁ་ཕྱེ་བའི་སྟེང་དུ་གཡས་སུ་ཤེས་རབ་ཀྱི་རལ་གྲི་འོད་འབར་བ་དང༌། གཡོན་དུ་མདོ་སྔགས་ཀྱི་མན་ངག་གི་གནད་ཐམས་ཅད་ཚང་བའི་སྙིང་པོའི་གླེགས་བམ་གྱིས་མཚན་པ། དབུ་ལ་པཎ་ཞྭ་གསེར་གྱི་མདོག་ཅན་དང༌། སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཐུབ་པའི་དབང་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། དབུ་གཙུག་ཏོར་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་ས་གནོན་དང༌། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་གསུམ་མཛེས་པར་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ། མཚན་དཔེས་བརྒྱན་པའི་དྭངས་གསལ་གྱི་འོད་ཀྱི་རང་བཞིན་ཅན། དེ་གསུམ་གའི་སྐུ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོ་བ། འཇའ་ཚོན་སྣ་ལྔས་བསྐོར་བའི་དབུས་ན་བཞུགས་པ། དྲིན་ཅན་རྩ་བའི་བླ་མ་དེ་ཉིད་ཀྱི་སྤྱི་བོར་རྣམ་སྣང་དཀར་པོ། མགྲིན་པར་འོད་དཔག་མེད་དམར་པོ། ཐུགས་ཀར་མི་བསྐྱོད་པ་སྔོན་པོ། ལྟེ་བར་རིན་འབྱུང་སེར་པོ། གསང་གནས་སུ་དོན་གྲུབ་ལྗང་ཁུ་རྣམས་གསལ་བཏབ་ལ། བླ་མའི་ཕུང་པོ་ལྔ་རྣམ་པར་དག་པའི་ངོ་བོར་མོས། བླ་མའི་ལྟེ་བར་སྤྱན་མ་དཀར་མོ།ཐུགས་ཀར་མཱ་མ་ཀི་སྔོན་མོ། མགྲིན་པར་གོས་དཀར་མོ་དམར་མོ། སྤྱི་བོར་སྒྲོལ་མ་ལྗང་ཁུ་རྣམས་གསལ་བཏབ་ལ་ཁམས་བཞི་རྣམ་པར་དག་པའི་ངོ་བོར་མོས།སྤྱན་གཉིས་ལ་ས་སྙིང་དཀར་པོ་རེ་རེ། སྤྱན་གྱི་སྒོར་གཟུགས་རྡོ་རྗེ་མ་དཀར་མོ་རེ་རེ། སྙན་གཡས་གཡོན་གཉིས་ལ་ཕྱག་ན་རྡོ་རྗེ་སེར་པོ་རེ་རེ། སྙན་གྱི་སྒོར་སྒྲ་རྡོ་རྗེ་མ་སེར་མོ་རེ་རེ། ཤངས་ལ་ནམ་སྙིང་སེར་པོ། ཤངས་ཀྱི་སྒོར་དྲི་རྡོ་རྗེ་མ་དམར་མོ། ལྗགས་ལ་འཇིག་རྟེན་དབང་ཕྱུག་དམར་པོ། ལྗགས་ཀྱི་སྒོར་རོ་རྡོ་རྗེ་མ་ལྗང་ཁུ། ཐུགས་ཀར་འཇམ་དཔལ་དམར་པོ། རྡོ་རྗེར་སྒྲིབ་སེལ་ལྗང་ཁུ། རྡོ་རྗེའི་སྒོར་རེག་བྱ་རྡོ་རྗེ་མ་སྔོན་མོ། ཚིགས་ཐམས་ཅད་ལ་ཀུན་བཟང་ལྗང་ཁུ་རེ་རེ། སྤྱི་གཙུག་ཏུ་བྱམས་པ་དཀར་པོ་རྣམས་གསལ་བཏབ་ལ་སྐྱེ་མཆེད་དང་རྩ་རྒྱུས་དང་ཚིགས་རྣམས་རྣམ་པར་དག་པའི་ངོ་བོར་མོས། ཕྱག་གཡས་ལ་ཁྲོ་བོ་གཤིན་རྗེ་གཤེད་ནག་པོ། གཡོན་ལ་གཞན་གྱིས་མི་ཐུབ་པ་དཀར་པོ། ཞལ་གྱི་སྒོར་རྟ་འགྲིན་དམར་པོ། རྡོ་རྗེའི་སྒོར་བདུད་རྩི་འཁྱིལ་བ་སྔོན་པོ། སྐུ་དཔུང་གཡས་ལ་མི་གཡོ་བ་སྔོན་པོ། གཡོན་ལ་འདོད་པའི་རྒྱལ་པོ་སྔོན་པོ། པུས་མོ་གཡས་ལ་དབྱུག་སྔོན་ཅན་སྔོན་པོ། གཡོན་ལ་སྟོབས་པོ་ཆེ་ནག་པོ། དབུ་གཙུག་ཏུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ། ཞབས་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ་སྔོན་པོ་རྣམས་གསལ་བཏབ་ལ་སྐུའི་ཡན་ལག་དེ་དང་དེའི་ངོ་བོར་མོས། སྐུའི་བ་སྤུ་ཉི་ཁྲི་ཆིག་སྟོང་ཐེག་ཆེན་དགྲ་བཅོམ་ཉི་ཁྲི་ཆིག་སྟོང་གི་ངོ་བོ་དང༌། སྐུ་ལས་སྐྱེས་པའི་འོད་ཟེར་རྣམས་ཀྱང་ཕྱོགས་སྐྱོང་རྣམས་ཀྱི་ངོ་བོར་བསམ་མོ། །མདོར་ན་བླ་མའི་སྐུའི་བཀོད་པས་ཕྱོགས་བཅུའི་ཞིང་མ་ལུས་པ་ཁྱབ་ཅིང༌། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མ་ལུས་བླ་མའི་སྐུ་ལ་བཞུགས་པ། སྐུའི་བ་སྤུའི་ཁུང་བུ་རེ་རེའི་ཞིང་ཁམས་ནའང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བགྲང་ལས་འདས་པ་བཞུགས་པ། སྐྱབས་གནས་མ་ལུས་འདུས་པའི་བདག་ཉིད་ཡིན་པ་མོས་པ་བརྟན་པོར་བྱའོ། །

ཡང་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་ཆིག་སྒྲིལ་དུ་བྱས་ནས་ཚོགས་ཞིང་གི་གཙོ་བོའི་ཐུགས་ཀར་རྡོ་རྗེ་འཇིགས་བྱེད་སྒོམ་པར་སྤྲོ་ན། ཐུགས་ཀར་བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། རོ་ལངས་མ་དང་སྙོམས་པར་ཞུགས་པས་ལྷན་སྐྱེས་བདེ་སྟོང་རོལ་པས་དགྱེས། །རྣམ་མང་ཁྲོ་བོའི་རྒྱན་གྱིས་སྤྲས་ཞིང་ཞལ་གདངས་ཁྲོ་གཉེར་མཆེ་བ་གཙིགས། །རབ་བརྗིད་ཁྲོ་བོ་སྐུ་མདོག་མཐིང་ནག་གཡས་བསྐུམས་གཡོན་བརྐྱང་ཚུལ་གྱིས་བཞུགས། །ཞེས་འདོན་ཞིང༌། དེ་ལྟར་དུ་སྒོམ་ཆོག་པར་རྡོ་རྗེ་འཆང་བླཽ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས་པ་དྲུང་པ་རྟ་ཕུག་པས་ཟིན་བྲིས་སུ་མཛད་པ་ལས་འབྱུང་ངོ༌། །

ཕྱི་དགེ་སློང་ངུར་སྨིག་འཛིན་པའི་རྣམ་པ་ཅན། ནང་ཐུབ་དབང་རྡོ་རྗེ་འཆང་དང་བཅས་པའི་སེམས་དཔའ་སུམ་བརྩེགས་ཅན་དུ་བྱེད་པ་འདི་ནི་རྗེ་བླ་མའི་སྙན་རྒྱུད་ཤིན་ཏུ་གསང་བ་ལམ་གྱི་གནད་མཐར་ཐུག་སྟོན་པའི་དགོས་པ་ཁྱད་པར་ཅན་ཡིན་ཞིང༌། ཡང་ཕྱི་ངུར་སྨིག་འཛིན་པའི་རྣམ་པ་ཅན་དུ་མི་བྱ་བར་རྡོ་རྗེ་འཆང་གི་རྣམ་པ་ཅན་ཉིད་དུ་བྱ་བར་སྤྲོ་ན་རྗེ་ཐམས་ཅད་མཁྱེན་པའི་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་དུའང་དེ་བཞིན་དུ་གསུངས་ཤིང༌། གདམས་ངག་གི་གཞུང་འདིར་ཡང༌། ཡང་ན་རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་དབང་ཞེས་སོགས་འདམ་ཀར་གསུངས། དེ་ལྟར་བྱེད་ན་རྡོ་རྗེ་འཆང་དུ་སྒོམ་ལུགས་གཞུང་དུ་གསལ་བ་ལྟར་དང༌། རྡོ་རྗེ་འཇིགས་བྱེད་དུ་བསྒོམ་ན། བླ་མ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཡུམ་བཅས་གསལ་བཏབ། དེའི་གནས་ལྔར་རྡོ་རྗེ་འཇིགས་བྱེད་དཀར་དམར། སྔོ། སེར། ལྗང་བའི་རིགས་ལྔ་དང༌། སྤྱན་ལ་སོགས་པའི་དབང་པོ་རྣམས་སུ་གཏི་མུག་རྡོ་རྗེ་སོགས་དང༌། གནས་གསུམ་དུ་སྐུ་རྡོ་རྗེ་སོགས་གསལ་བཏབ་ནས་སྒོམ་པར་རྒྱལ་བ་དབེན་ས་བ་ཆེན་པོ་གསུང༌། བླ་མ་ཧེ་རུ་ཀའི་རྣམ་པ་ཅན་དུ་སྒོམ་པར་སྤྲོ་ན། དྲིན་ཅན་རྩ་བའི་བླ་མ་དཔལ་ཧེ་རུ་ཀ་ཡུམ་བཅས་སུ་གསལ་བཏབ། དེའི་ཞབས་གཉིས་བགྲད་པ་ཡོངས་སུ་གྱུར་པ་ལས། རླུང་དཀྱིལ་དུ་གྱུར་པར་བསམ་པ་སོགས་ལུས་དཀྱིལ་ཡཽངས་རྫོགས་སྒོམ་པའམ། དེ་མིན་ཡང་སྤྱི་བོ་ལ་སོགས་པའི་གནས་རྣམས་ཡུལ་ཉེར་བཞི་དང༌། རྩ་ཁམས་རྣམས་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ་ལ་སོགས་པའི་དཔའ་བོ་དང་དཔའ་མོ་ཉེར་བཞིར་གྱུར་པར་བསམས་ཏེ། བླ་མའི་སྐུའི་དཀྱིལ་འཁོར་སྒོམ་པ་རྒྱལ་བ་དབེན་ས་པས་གསུང༌། བླ་མའི་རྣལ་འབྱོར་འདི་ནི་རྒྱུད་སྡེ་བཞི་ག་དང༌། ལྷག་པར་བླ་མེད་ཀྱི་བླ་མ་ལྷའི་རྣལ་འབྱོར་མཐའ་དག་བསྡུས་པའི་མན་ངག་གི་རྒྱ་མཚོ་ཡིན་ཞིང༌། རྗེ་བཙུན་བླཽ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྩ་བའི་བླ་མ་ཐུབ་དབང་རྡོ་རྗེ་འཆང་དང༌། བདེ་གསང་འཇིགས་གསུམ་ཀྱཻ་རྡོར་རྣམས་ཀྱི་ངོ་བོར་གསལ་འདེབས་ཚུལ་ཞིག་ཀྱང་མཛད་འདུག་པས། རྒྱུད་སྡེའི་མན་ངག་གསང་བའི་གནས་མཐའ་ཡས་པ་ཡོད་པར་མངོན་པས་བསྟན་འཛིན་དམ་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག །འདིར་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བླ་མའི་རྣལ་འབྱོར་འདི་སྒོམ་པའི་ཐོག་མར། བདེ་སྟོང་དབྱེར་མེད་ལྷ་ལམ་ཡངས་པར་ཞེས་གསུངས་པ་ནི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བཅུད་ཕྱུང་བའི་མན་ངག་བླ་ན་མེད་པ་ཡིན་ཏེ། བླ་མེད་ཀྱི་རྒྱུད་སྡེ་རིན་པོ་ཆེ་ཐམས་ཅད་ཀྱི་གནས་རྣམས་འདུས་པའི་རྩ་རྒྱུད་ཀྱི་ཐོག་མར་གསུངས་པའི་གླེང་གཞིའི་ཡི་གེ་བཞི་བཅུ་དང༌།དེའི་ནང་ནས་ཀྱང་ཐོག་མའི་ཨེ་ཝཾ་གྱི་ཡི་གེ་གཉིས་ཀྱི་དོན་དུ་འདུ་ཞིང༌། དེ་ཉིད་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་དང༌། ཚེ་གཅིག་ལ་འཚང་རྒྱ་བའི་ལམ་གྱི་མཐར་ཐུག་ཡིན་པར་རྡོ་རྗེ་ཕྲེང་བ་ལ་སོགས་པའི་བཤད་རྒྱུད་རྣམས་དང༌། རྒྱ་གར་གྲུབ་ཆེན་ཐམས་ཅད་ཀྱིས་འབད་པ་དུ་མས་བསྒྲུབས་སོ། །དེ་ལ་ཨེ་ཝཾ་གྱི་དོན་བསྡུ་ན་གསུམ་སྟེ། ཐོབ་བྱ་འབྲས་བུ་ཨེ་ཝཾ། ཐོབ་བྱེད་ལམ་གྱི་ཨེ་ཝཾ། དེ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གསུམ་མོ། །ཐོབ་བྱ་འབྲས་བུའི་ཨེ་ཝཾ་ནི། འབྲས་དུས་ཀྱི་བླ་མ་རྡོ་རྗེ་འཆང་ཆེན་པོ་བཞུགས་གནས་དང་བཅས་པའོ། །དེ་ཡང་ཨེའི་དོན་ནི་མཁའ་དབྱིངས་སེང་ཁྲི་པདྨ་སོགས་དང༌། ཝཾ་གྱི་དོན་ནི་བླ་མ་ཐུབ་དབང་རྡོ་རྗེ་འཆང་སྟེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཨེ་ནི་གསང་བ་མཁའ་དབྱིངས་སམ། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞེས་གསུངས་པ་ལྟར་རོ། །ཐོབ་བྱེད་ལམ་གྱི་ཨེ་ཝཾ་ནི། བདེ་སྟོང་དབྱེར་མེད་ཡེ་ཤེས་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུང༌། །དེ་བཞིན་ཝ་ནི་ཐུགས་རྗེ་དང༌། །ཐིག་ལེ་དེ་ཉིད་སྦྱོར་ལས་བྱུང༌། །དེ་སྦྱོར་བ་ཡི་རྨད་མཆོག་གོ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །རྒྱལ་པོ་ཆེན་པོའི་ཕྱག་རྒྱ་ཉིད། །རྒྱུད་རྣམས་སུ་ནི་ཐོག་མར་གསུངས། །ཞེས་ཨེ་ཝཾ་གྱི་ཨེའི་དོན་ནི་ཤེས་རབ་སྟོང་པ་ཉིད་དང༌། ཝའི་དོན་ནི་བདེ་བ་ཆེན་པོ་དང༌། ཐིག་ལེའི་དོན་བདེ་སྟོང་དབྱེར་མེད་པ་དང༌། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོའི་དོན་ཡིན་པ་དང༌། ལམ་གྱི་གནད་མཐར་ཐུག་པ་འདི་ལས་འདའ་ས་མེད་པས་ཆོས་ཀྱི་རྒྱལ་པོའི་ཕྱག་རྒྱ་ཡིན་པར་གསུངས། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་འདི་གང་ལས་སྟོན་པ་དེ་ལ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་ཐབས་ཡོད་ཀྱི། འདི་མི་སྟོན་ན་ཐབས་མེད་པར་གསུངས་ཏེ། རྒྱུད་སྡེ་དེ་ཉིད་ལས། རྒྱུད་ཀུན་གྱི་ནི་གླེང་གཞིར་གསུང༌། །རྒྱུད་ཀུན་གྱི་ནི་དོན་བསྡུས་པ། སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། གང་ལ་དེ་ཉིད་མངོན་པར་བརྗོད། །ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་གཉིས་མེད་པ་ནི། །དེ་ལ་དེ་ཁོ་ན་ཉིད་མེད། །ཅེས་གསུངས། སྤྱོད་བསྡུས་སུ་རྒྱུད་དྲངས་པ་ལས་ཀྱང༌། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང༌། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུ་ཉམས་ནི་དུ་མས་གར་མཛད་དོ། །ཞེས་འབྲས་དུས་སུ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་གཅིག་ཉིད་སྤྲུལ་པའི་བཀོད་པ་སྣ་ཚོགས་སུ་སྣང་བ་བཞིན་དུ། ལམ་དུས་སུ་ཡང་གང་སྣང་ཐམས་ཅད་བདེ་ཆེན་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣམ་རོལ་དུ་བལྟ་དགོས་པར་གསུངས་པ་དང༌། གསང་བ་གྲུབ་པ་ལས། རྒྱུད་ཀྱི་དང་པོར་རྣམ་གནས་པ། །སྙིང་པོ་ལས་ནི་སྙིང་པོ་མཆོག །དེ་ཉིད་བདེ་ཆེན་མགོན་པོ་ཡིས། །གསང་བ་དེ་ཉིད་ཅེས་བྱར་གསུང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སེམས་ཅན་ཀུན་གྱི་བདེ་འབྱུང་བ། །གསང་བའི་རྟོག་པའི་རྒྱུད་རྒྱལ་པོ། །དཔལ་ལྡན་འདུས་པ་རྣམ་པར་གནས། །ཨེ་ཝཾ་རྣམ་དག་ཡི་གེ་ལ། ཁམས་གསུམ་པོ་ཀུན་གུས་ཕྱག་འཚལ། ཞེས་དང༌། ནམ་མཁའི་ཁམས་ཞེས་བྱ་བ་དེར། །ཏིལ་གྱི་གང་བུ་བཞིན་དུ་མཐོང༌། །གངྒཱའི་ཀླུང་གི་ཇི་སྙེད་ཀྱི། །དེ་བཞིན་གཤེགས་པས་ཡོངས་གང་བ། །ཡི་གེ་དེ་ཡི་དེ་ཁོ་ན། །བསྟེན་པར་བྱས་པའི་ཐབས་ཉིད་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བླ་མེད་གོ་འཕང་འཐོབ་པར་འགྱུར། །ཞེས་གསུངས་ཤིང༌། གྲུབ་ཆེན་གྱི་གཞུང་འདིའི་དབུ་ཞབས་ཀུན་ཏུ་འཚང་རྒྱ་བ་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་འདི་ཉིད་ཡོད་ན་ཡོད་དང་མེད་ན་མེད་ཀྱི་བསྔགས་པ་རྒྱ་ཆེར་མཛད་དོ། །

གྲུབ་ཆེན་ས་ར་ཧས་ཀྱང༌། གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་ལ་བྱེ་བྲག་དག་ཏུ་མ་འབྱེད་པར། ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་བསྒྱུར་ཅིག་དང༌། དེར་ནི་ཐོག་མ་དབུས་མཐའ་མེད། ཇི་སྲིད་མྱ་ངན་འདས་པ་མིན། །བདེ་བ་ཆེན་པོའི་མཆོག་འདི་ལ། བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་ནི་ཕྱོགས་བཅུ་རུ། གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོས་དེ་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་འདི་ཉིད་ལམ་ཐམས་ཅད་ཀྱི་སྙིང་པོ་མཐར་ཐུག་ཡིན་པས་གང་སྣང་ཐམས་ཅད་བདེ་ཆེན་ཁོ་ནའི་རྣམ་རོལ་ཏུ་བལྟ་དགོས་པ་དང༌། མན་ངག་གི་གནད་མཐར་ཐུག་འདི་ལ་ཐེ་ཚོམ་ཆོད་པར་བྱ་དགོས་སོ་ཞེས་གསུངས་ཤིང༌། དོ་ཧའི་དབུ་ཞབས་ཀུན་ཏུ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལམ་གྱི་སྙིང་པོར་འབད་ནས་བསྒྲུབས་སོ། །དེས་ན་འབྲས་དུས་ཀྱི་ཨེ་ཝཾ་གྱི་དོན། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དེ་ཐོབ་པ་ལ། ལམ་དུས་ཀྱི་ཨེ་ཝཾ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་འདི་འབད་པ་དུ་མས་བསྐྱེད་ནས། གང་སྣང་ཐམས་ཅད་དེའི་རྣམ་རོལ་ཏུ་འཆར་བ་ཞིག་དགོས། དེ་ཡོང་བ་ལ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གྱི་དོན་ཤེས་དགོས་པས། དེ་ནི་རང་འདོད་ལྷ་ཡབ་ཡུམ་གྱི་སྐུར་བསྒོམ་པའི་ལྷའི་རྣལ་འབྱོར་འདིས་སྟོན་ནོ། །ཚུལ་འདི་ནི་ཤིན་ཏུ་རྟོགས་པར་དཀའ་བས་ཞིབ་ཏུ་བཤད་དགོས་ནའང་འདིར་ཡི་གེ་མངས་སུ་དོགས་པ་དང་གསང་བའི་གནད་མཐར་ཐུག་ཡིན་པས་དེ་ཙམ་ལས་མ་སྤྲོས་སོ། །

མདོར་ན་རྗེ་ཐམས་ཅད་མཁྱེན་པས་རིམ་པ་དང་པོར་གང་སྣང་ཐམས་ཅད་ལྷར་འཆར་བ་ཞིག་དང་རིམ་པ་གཉིས་པར་གང་སྣང་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བ་ཞིག་མེད་ཐབས་མེད་པས་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་དགོས་སོ་ཞེས་ཡང་དང་ཡང་དུ་གསུངས་པས་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྗེ་བླ་མའི་སྙན་རྒྱུད་ཀྱི་མན་ངག་རྡོ་རྗེའི་ཚིག་ཏུ་གསུངས་པ་འདི་དག་གཅེས་པར་གཟུང་ངོ༌། །ཀུན་བཟང་མཆོད་སྤྲིན་ཞེས་གསུངས་པ་ནི་མདོ་སྡེ་ཕལ་པོ་ཆེར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་རྒྱལ་བ་རྣམས་ལ་མཆོད་པའི་སྤྲིན་སྤྲོ་བ་དང༌། སྨོན་ལམ་རླབས་པོ་ཆེའི་ཚུལ་ལ་མངའ་བརྙེས་པར་གསུངས་པས་ཀུན་ཏུ་བཟང་པོའི་མཛད་པ་ལྟར་བསྒོམ་པའང་ཡིན་མོད་ཀྱང༌། འདིར་ནི་སྔགས་ཀྱི་ཉམས་ལེན་གཙོ་བོར་བསྟན་པས་ཀུན་བཟང་ཞེས་པའང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བྱེད་གསུང༌། དེ་ཡང་གསང་བ་འདུས་པའི་རྩ་རྒྱུད་དུ་ཀུན་ཏུ་བཟང་པོ་ཞེས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་ཡང་དང་ཡང་དུ་གསུངས་པ་ལྟར་ཡིན་ཞིང༌། གོང་དུ་མཆོད་པ་བྱིན་རླབས་ཀྱི་ཚེ་ཡང་ངོ་བོ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པ་ལ། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན་དུ་སྒོམ་པར་གསུངས་པ་ལྟར་རོ། །

བླ་མའི་ཕུང་ཁམས་སྐྱེ་མཆེད་རྣམས་རྒྱལ་བ་རིགས་ལྔ་ལ་སོགས་པར་སྒོམ་པ་ནི་བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས་གསལ་བར་གསུངས་ཏེ། རྒྱུད་དེ་གཉིས་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །དེ་རྗེས་ནམ་མཁའ་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །ལས་རྣམས་ཀྱི་ནི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཞེས་བླ་མའི་ཕུང་པོ་ལྔ་རིགས་ལྔར་སྒོམ་ཚུལ་གསལ་བར་གསུངས། ཁམས་རྣམས་ཡུམ་དུ་སྒོམ་ཚུལ་ཡང་རྒྱུད་དེ་ཉིད་ལས། ཡང་འདིའི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་བཞུགས་སོ། ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །མི་བསྐྱོད་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། ཞེས་བླ་མའི་སྐུ་ལ་གནས་པའི་ས་ཁམས་སྤྱན་མར་སྒོམ་པ་ནས་རླུང་ཁམས་སྒྲོལ་མར་སྒོམ་པའི་བར་གསལ་བར་གསུངས།

སྐྱེ་མཆེད་རྣམས་སེམས་དཔར་སྒོམ་པ་ནི། རྒྱུད་དེ་ཉིད་ལས། དེ་མིག་དབང་པོ་གཉིས་ལ་ནི། །དེ་བཞིན་གཤེགས་པ་ས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་བུག་གཉིས་ལ་ནི། དེ་བཞིན་གཤེགས་པ་ནམ་མཁའི་མཛོད། །དེ་ཡི་ལྕེ་ཡི་དབང་ལ་བཞུགས། །དེ་བཞིན་གཤེགས་པ་འཇིག་རྟེན་དབང༌། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་བཏགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དེ་བཞིན་གཤེགས་པ་དེ་བཞུགས་སོ། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ཞེས་བླ་མའི་སྤྱན་གཉིས་ས་སྙིང་དུ་སྒོམ་པ་ནས་ཚིགས་རྣམས་བྱམས་པར་བསྒོམ་པའི་བར་གསལ་བར་གསུངས། འདིར་ཀུན་བཟང་གསལ་བར་མ་བྱུང་ཡང་རྒྱུད་འདི་ཉིད་ཀྱི་ལེའུ་ཉེར་གསུམ་པ་ལས། རྩ་རྣམས་སོ་སོའི་མཚན་ཉིད་ཅན། །བདེ་བ་ཀུན་གྱི་གཞི་ཡི་མཆོག །དངོས་པོ་ཀུན་གྱི་རང་བཞིན་ཅན། །འདི་ནི་ཀུན་ཏུ་བཟང་པོར་བཤད། །ཅེས་འབྱུང་ཞིང༌། གཟུགས་ཀྱི་རྡོ་རྗེ་མ་སོགས་ཀྱང་འདིར་གསལ་བར་མ་བྱུང་ཡང༌། རྒྱུད་འདི་ཉིད་ཀྱི་ལེའུ་ལྔ་དྲུག་པ་ལས། །ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །དེ་བཞིན་གཟུགས་ལའང་དབྱེ་བ་གསུམ། །གཟུགས་ཀྱི་རྡོ་རྗེ་མར་བཀུག་ནས། །ས་སྙིང་ལ་ནི་དབུལ་བར་བྱ། །ཡང་དག་གླུ་དང་བརྗོད་བྲལ་དབྱངས། །དེ་བཞིན་སྒྲ་ལའང་དབྱེ་བ་གསུམ། །སྒྲ་རྡོ་རྗེ་མ་ཡང་དག་དགུག །ཕྱག་ན་རྡོ་རྗེ་ལ་ནི་དབུལ། །ག་བུར་ཨ་ཀར་ཛཱ་ཏི་སོགས། །དེ་བཞིན་དྲི་ལའང་དབྱེ་བ་གསུམ། དྲི་རྡོ་རྗེ་མ་ཡང་དག་དགུག །ནམ་མཁའི་སྙིང་པོ་ལ་ཡང་དབུལ། །འོ་བྱེད་པ་དང་འཇིབ་པ་དང༌། །རོ་དྲུག་དེ་བཞིན་དབྱེ་བ་གསུམ། །རྡོ་རྗེ་རོ་མ་ཡང་དག་དགུག །འཇིག་རྟེན་དབང་ཕྱུག་ལ་ནི་དབུལ། །རྡོ་རྗེ་པདྨ་ཡང་དག་སྦྱོར། །གོས་དང་འཁྱུད་པའི་དབྱེ་བ་གསུམ། །རེག་བྱ་རྡོ་རྗེ་ཡང་དག་དགུག །སྒྲིབ་སེལ་ལ་ནི་དབུལ་བར་བྱ། །ཞེས་གསལ་བར་གསུངས་ཤིང༌། རྒྱུད་འདིར་འཇམ་དཔལ་གྱི་ཡུམ་ཆོས་དབྱིངས་རྡོ་རྗེ་མ་ཡང་གསུངས་སོ། །

ཡན་ལག་ཁྲོ་བོར་སྒོམ་པ་ནི། རྒྱུད་དེ་ཉིད་ལས། ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཞན་མི་ཐུབ། ཁ་ཡི་པདྨར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནི། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་མགོ་སྟེང་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་བསྒྱུར། །རྐང་པའི་འོག་ཏུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ཞེས་བླ་མའི་ཕྱག་གཡས་གཤིན་རྗེ་གཤེད་དུ་སྒོམ་པ་ནས་ཞབས་མཐིལ་གཉིས་གནོད་མཛེས་སུ་སྒོམ་པའི་བར་གསལ་བར་གསུངས།

མདོར་ན་བླ་མའི་སྐུ་ལ་སངས་རྒྱས་ཐམས་ཅད་བཞུགས་པ་ནི། རྒྱུད་དེ་ཉིད་ལས། ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སེམས་པ་ཉིད་ཀྱི་སྐུ། རྡོ་རྗེ་སེམས་དཔའི་དབྱེ་བ་ཡིས། རྫོགས་པའི་སངས་རྒྱས་མ་ལུས་འདི། །ལུས་པ་མེད་པ་སངས་རྒྱས་སྐུ། །སྐྱེ་བ་འདི་ལ་རྣལ་འབྱོར་པ། །མྱ་ངན་འདས་པ་མྱུར་དུ་འཐོབ། ཁྱོད་ཀྱི་དགེ་བ་ཡོངས་སྦྱིན་པ། །དེ་བས་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །མཐོང་ན་དོན་ནི་ཡོད་པ་ཀྱེ། །ཕྱི་མའི་དུས་ན་སེམས་དཔའ་ཆེ། །དེ་བས་སེམས་ཅན་ཐམས་ཅད་ཀྱི། །ལྷ་ཡི་མཆོད་པའི་ཡོ་བྱད་ཀྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །ཞེས་ཤིན་ཏུ་གསལ་བར་གསུངས། ཚུལ་འདི་ནི་རྒྱུད་གཞན་ལས་ཀྱང་གསུངས་ཏེ། རྡོ་རྗེ་གདན་བཞི་ལས། སློབ་དཔོན་ཇི་ལྟར་བལྟ་བར་བགྱི། ཞེས་ཞུས་པ་ན། དེ་ཉིད་ཕྱག་ན་རྡོ་རྗེ་ཉོན། །བྱང་ཆུབ་རྫོགས་པའི་མཚན་ཉིད་དང༌། །ལུས་ནི་སངས་རྒྱས་ཐམས་ཅད་ཀྱི། །ཆ་ཤས་བྱང་ཆུབ་ཡན་ལག་གནས། །དབུ་རྒྱན་རིགས་ནི་ལྔ་ཉིད་དེ། ཞེས་གསུངས། བླ་མའི་སྐུའི་བ་སྤུ་རྣམས་དགྲ་བཅོམ་པའི་ངོ་བོར་སྒོམ་པ་དང༌། སྐུ་ལས་སྐྱེས་པའི་འོད་ཟེར་རྣམས་ཕྱོགས་སྐྱོང་གི་ངོ་བོར་སྒོམ་པ་དང༌། འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་རྣམས་ཞབས་འོག་གི་གདན་དུ་སྒོམ་པ་ནི། རྡོ་རྗེ་གདན་བཞི་ལས། བ་སྤུ་རྣམས་ནི་དགྲ་བཅོམ་མོ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་བ་སོགས། །དེ་ལྟར་ཡོན་ཏན་ལྡན་པའི་སྐུར། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། ཞེས་གསུངས། རྡོ་རྗེ་མཁའ་འགྲོའི་ལེའུ་སོ་གཉིས་པ་ལས་སློབ་དཔོན་གྱི་མཚན་ཉིད་ཞིབ་ཏུ་གསུངས་པའི་མཐར་དེ་ལྟ་བུའི་སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི་ཞེས་ཞུས་པ་ན། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །དེ་ལྟར་ཡོན་ཏན་རང་བཞིན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཇི་ལྟའི་མཚན་ཉིད་དང་ལྡན་པར། །ཡེ་ཤེས་ཅན་གྱིས་མཚན་ཤེས་ནས། །དེ་ལྟའི་བླ་མ་འབད་དེ་བསྟེན། །ཞེས་ཤིན་ཏུ་གསལ་བར་གསུངས། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང་བླ་མ་བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། བླ་མ་ཅི་འདྲ་བ་ཞིག་དགོས་པ། བླ་མའི་མཚན་ཉིད་རྣམས་ཞིབ་ཏུ་གསུངས་ཤིང༌། ལམ་མ་ནོར་བར་སྟོན་པའི་བླ་མ་ལ་ཇི་ལྟར་བལྟ་བ་ནི། རྒྱུད་དེ་ཉིད་ལས། རྟག་ཏུ་བླ་མ་ལ་གུས་པའི། སློབ་མས་བླ་མ་འདི་ལྟར་བལྟ། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་འབྱུང༌། །དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །དེ་ཡི་ཡོན་ཏན་ཐམས་ཅད་བཟུང༌། །སྐྱོན་ཀུན་སེམས་ཀྱིས་ཀྱང་མི་བསམ། །ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། །སྐྱོན་གྱི་དངོས་གྲུབ་ཉམས་པར་བྱེད། །ཅེས་སྤྱིར་བླ་མ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བལྟ་དགོས་པ་དང༌། ལྷག་པར་རིགས་ལྔའི་རང་བཞིན་དུ་ལྟ་བ་གསལ་བར་གསུངས།

བདེ་མཆོག་བཤད་རྒྱུད་སྡོམ་འབྱུང་ལས་ཀྱང༌། སློབ་དཔོན་སངས་རྒྱས་ཀུན་རང་བཞིན། །ལྷ་ཡི་སྐུ་ཡི་བདག་ཉིད་ཅན། །དཔའ་བོ་རྡོ་རྗེ་དྲིལ་འཆང་བ། །མཁའ་འགྲོར་བཅས་ལ་གསོལ་བ་འདེབས། །ཅེས་སངས་རྒྱས་ཀུན་གྱི་རང་བཞིན་དང་རྡོ་རྗེ་འཆང་གི་རྣམ་པར་སྒོམ་པ་ཤིན་ཏུ་གསལ་བར་གསུངས། རྡོ་རྗེ་གུར་ལས་ཀྱང༌། བླ་མ་སངས་རྒྱས་ཀུན་དང་མཉམ། ཇི་ལྟར་མགོན་པོ་རྣམ་སྣང་མཛད། །རྡོ་རྗེ་འཛིན་སྦྱིན་བླ་མ་ཉིད། །ཇི་ལྟར་ནམ་མཁའ་རྒྱ་མཚོ་ཆེ། །ཇི་ལྟར་ཐུབ་པ་རྒྱ་མཚོ་ཆོས། །ཇི་ལྟར་མགོན་པོ་བདུན་རྒྱལ་པོ། །དེ་ལྟར་རྡོ་རྗེ་སློབ་དཔོན་བརྗོད། །ཅེས་བླ་མ་སངས་རྒྱས་ཐམས་ཅད་དང་མཉམ་པ་དང་རིགས་ལྔའི་རང་བཞིན་དུ་བལྟས་ནས་མཆོད་དགོས་པར་གསལ་བར་གསུངས། དེ་དག་ནི་འདིར་གཙོ་བོ་འགའ་ཞིག་སྨོས་པ་ཡིན་གྱི། རྒྱུད་སྡེ་ཆེན་པོ་བཞི་ག་ནས་ལན་མང་དུ་གསུངས་པས། བློ་གྲོས་ཅན་རྣམས་ཀྱིས་རྒྱུད་སྡེ་དེ་ཉིད་ལ་བལྟས་ནས་མན་ངག་གི་མཐར་ཐུག་འདི་ལ་ངེས་པ་བརྟན་པོ་བསྐྱེད་དོ། །འཇིག་རྟེན་པ་རྣམས་ཞབས་ཀྱི་གདན། །ཞེས་པ་ནི་རྒྱུད་སྡེའི་ཚིག་ཇི་བཞིན་ཡིན་ཞིང༌། དེའི་དོན་ལ་རྒྱལ་བ་དབེན་ས་ཆེན་པོས་ནི་ཚངས་པ་དང༌། དབང་ཕྱུག་དང༌། བརྒྱ་བྱིན་ལ་སོགས་པའི་འཇིག་རྟེན་པའི་ལྷ་ཆེན་པོ་དག་གིས་སེང་གེའི་ཁྲི་འདེགས་པར་བསམ་གསུངས། བླ་མའི་ཁྲིད་རྒྱུན་ལ་འཇིག་རྟེན་པའི་ལྷ་ཆེན་པོ་དེ་དག་གི་གཙུག་གི་ནོར་བུས་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ཞབས་ཀྱི་པདྨོར་གཏུགས་པའང་ཐོབ་པར་དཀའ་བ་དང༌། ཞབས་ཀྱི་གདན་དུ་འོས་པའི་དོན་ཡིན་གསུངས། བླ་མ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞབས་འོག་ན་འཇིག་རྟེན་པའི་ལྷ་ཆེན་པོ་དེ་དག་ཁ་སྦུབ་ཏུ་བྱས་ནས་མནན་པ་དང༌། བླ་མ་འཁོར་ལོ་སྡོམ་པའི་ཞབས་འོག་ན་འདོད་ཁམས་ཀྱི་བདག་པོ་ཆུང་མ་དང་བཅས་པ་མནན་པའང་རྒྱུད་སྡེའི་དོན་དུ་འགྲོ་འམ་སྙམ་སྟེ་རྩ་བཤད་སྦྱར་བའི་མན་ངག་དང་ལྡན་ཞིང་རྒྱུད་དོན་ལ་མཁས་པ་རྣམས་ཀྱིས་དཔྱད་པར་བྱའོ། །འཁོར་གྱི་ལྷ་ཚོགས་རྣམས་གསལ་འདེབས་ཚུལ་ནི། གཞུང་ཉིད་ལས།

མཐའ་སྐོར་རིམ་བཞིན་དངཽས་རྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང༌། །

སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོས་བསྐོར་ནས་བཞུགས། །

ཞེས་གསུངས་ཏེ། དེའི་དོན་དམིགས་པ་ཡིད་ལ་བྱེད་ཚུལ་ནི། དྲིན་ཅན་རྩ་བའི་བླ་མ་དེ་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་གཡས་ཕྱོགས་སུ་འཕྲོས་པའི་སྣེ་མོར་སྣ་ཚོགས་པད་ཟླའི་སྟེང་དུ་རྗེ་བཙུན་བྱམས་པ་ལ་འཕགས་པ་ཐོགས་མེད་ལ་སོགས་པའི་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། །འོད་ཟེར་གཡོན་ཕྱོགས་སུ་འཕྲོས་པའི་སྣེ་མོར་སྣ་ཚོགས་པད་ཟླའི་སྟེང་དུ་རྗེ་བཙུན་འཇམ་དབྱངས་ལ་འཕགས་པ་ཀླུ་སྒྲུབ་ལ་སོགས་པའི་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། འོད་ཟེར་མདུན་ཕྱོགས་སུ་འཕྲོས་པའི་སྣེ་མོར་པད་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་དེ་ལ་རང་ལ་དངོས་སུ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། འོད་ཟེར་སྟེང་ཕྱོཊ་སུ་འཕྲོས་པའི་སྣེ་མོར་བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མ་རྣམས་མཐོ་བརྩེགས་སུ་བཞུགས་པ། དྲིན་ཅན་རྩ་བའི་བླ་མ་དེ་ཉིད་ཀྱི་མདུན་གྱི་པད་འདབ་ལ་བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་སྐུ་མདོག་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་འོག་མ་གཉིས་ཀྱིས་འཁོར་ལོ་དང་པདྨ། གཡོན་འོག་མ་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི་འཛིན་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་ཅིང་དར་བཟང་པོའི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་རེག་བྱ་རྡོ་རྗེ་མ་སྐུ་མདོག་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པས་འཁྱུད་པ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། གཡས་ཀྱི་པད་འདབ་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི། ཞབས་བཅུ་དྲུག་པ། ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། རྒྱབ་ཀྱི་པད་འདབ་ལ་བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེ་སྐུ་མདོག་མཐིང་ཁ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ། རྩ་ཞལ་ནག་པོ། གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། སྟེང་ཞལ་དུད་ཁ། གཡས་གཡོན་གྱི་ཞལ་ལྷག་མ་གཉིས་གཉིས་ནག་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་ཤིང་ཞལ་རྣམ་པར་འགྱུར་བ། སྨིན་མ་དང་སྨ་ར་དམར་སེར་འཁྱུག་ཅིང་རལ་བའི་ཐོར་ཅོག་སྤྱི་བོར་མཛེས་པའི་རྩེ་མོར་སྣ་ཚོགས་རྡོ་རྗེས་མཚན་པ། ཐོད་པ་སྐམ་པོ་ལྔ་ལྔས་དབུ་ལ་བརྒྱན་ཅིང་ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་གཉིས་པ་ན་རྟ་ལྗང་ཁུ། གསུམ་པ་ན་བོང་བུ་ག་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོང་ཐལ་ཁ། དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་ལ་སེར་པོ། གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པོ། གསུམ་པ་ན་རླུང་གི་ལྷ་ལྗང་ཁུ།བཞི་པ་ན་མེའི་ལྷ་དམར་པོ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེའི་སྔོན་པོ། བརྒྱད་པ་ན་ནོར་སྦྱིན་སེར་པོ། ཞབས་མདུན་མ་གཉིས་གཡས་བརྐྱང་གཡོན་བསྐུམ། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། རྡོ་རྗེ་བདག་མེད་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་ཀྱིས་གྲི་གུག་འཕྱར་ཞིང་གཡོན་པས་ཐོད་པ་དང་ཁ་ཊྭཾ་ག་བཟུང་ནས་ཡབ་ལ་འཁྱུད་པ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། གཡོན་གྱི་པད་འདབ་ལ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་ནག །གཡོན་ཞལ་ལྗང༌། རྒྱབ་ཞལ་དམར། གཡས་ཞལ་སེར་བ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་པ། མཆེ་བ་རྣམ་པར་གཙིགས་པ། རལ་པའི་ཐོར་ཅོག་གྱེན་དུ་བརྫེས་པའི་རྩེ་མོར་སྣ་ཚོགས་རྡོ་རྗེས་མཚན་པ། དབུའི་གཡོན་དུ་ཟླ་བ་ཕྱེད་པས་མཚན་པ། ཐོད་པ་སྐམ་པོ་ལྔ་ལྔས་དབུ་ལ་བརྒྱན་ཅིང༌། ཁྲག་འཛག་པའི་མགོ་བོའི་ཕྲེང་བ་འཕྱང་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བཟུང་ནས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་སྡིགས་མཛུབ་དང་བཅས་པའི་ཕྱག་གིས་བརྒྱངས་ནས་འཛིན་པ། གཡས་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་པའི་ཕྱག་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཾ་ག །བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། སྟག་གི་པགས་པའི་ཤམ་ཐམས་ཅན། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཉིས་ཀ་ཡབ་ཀྱི་བརླ་སྟེང་དུ་འཁྲིལ་བ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། ་དེའི་འོག་གི་པད་འདབ་ལ་བཅོམ་ལྡན་འདས་དུས་ཀྱིས་འཁོར་ལོ་སྐུ་མདོག་སྔོན་པོ། ཞལ་བཞི་པའི་རྩ་ཞལ་ནག་པོ་དྲག་ཅིང་མཆེ་བ་གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། རལ་བའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཛེས་པ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། རྡོ་རྗེ་ནོར་བུ་ལ་སོགས་པའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཕྱག་ཉི་ཤུ་རྩ་བཞིའི་དང་པོ་བཞི་བཞི་ནག་པོ། གཉིས་པ་བཞི་བཞི་དམར་པོ། གསུམ་པ་བཞི་བཞི་དཀར་པོ། གཡས་ཀྱི་ཕྱག་ནག་པོ་བཞིའི་དང་པོར་རྡོ་རྗེ། གཉིས་པར་རལ་གྲི །གསུམ་པར་རྩེ་གསུམ། བཞི་པར་གྲི་གུག །དམར་པོ་བཞིའི་དང་པོར་མེ་མདའ། གཉིས་པར་རྡོ་རྗེ་ལྕགས་ཀྱུ། གསུམ་པར་སྒྲ་དང་བཅས་པའི་ཌཱ་མ་རུ། བཞི་པར་ཐོ་བ། དཀར་པོ་བཞིའི་དང་པོར་འཁོར་ལོ། གཉིས་པར་མདུང༌། གསུམ་པར་དབྱུག་པ། བཞི་པར་དགྲ་སྟ། གཡོན་གྱི་ནག་པོ་བཞིའི་དང་པོར་རྡོ་རྗེ་དྲིལ་བུ། གཉིས་པར་ཕུབ། གསུམ་པར་ཁ་ཊཱཾ་ག་རྣམ་པར་རྒྱས་པ། བཞི་པར་ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིའི་དང་པོར་གཞུ། གཉིས་པར་རྡོ་རྗེའི་ཞགས་པ། གསུམ་པར་རིན་པོ་ཆེ། བཞི་པར་པདྨ་དཀར་པོ། དཀར་པོ་བཞིའི་དང་པོར་དུང༌། གཉིས་པར་མེ་ལོང༌། གསུམ་པར་རྡོ་རྗེ་ལྕགས་སྒྲོག །བཞི་པར་ཚངས་པའི་མགོ་བོ་གདོང་བཞི་པས་ཕྱག་གིས་པདྨ་ལ་སྤྲས་པ། ཟླ་ཉི་སྒྲ་གཅན་དུས་མེའི་སྟེང་དུ་ཤིན་ཏུ་རོལ་བའི་གཡས་བརྐྱང་གིས་བཞུགས་པའི་ཞབས་གཡས་དམར་པོ་དང༌། གཡོན་དཀར་པོས་འདོད་ལྷ་དང་དྲག་པོ་མནན་པ། སྣ་ཚོགས་ཡུམ་སྐུ་མདོག་སེར་མདོག །མདུན་ནས་གཡས་བསྐོར་གྱིས་སེར་དཀར་སྔོ་དམར་བའི་ཞལ་བཞི་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱི་གཡས་བཞི་ན་གྲི་གུག །ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ་དང་བགྲང་ཕྲེང༌། གཡོན་བཞི་ན་ཐོད་པ། ཞགས་པ། པད་དཀར་འདབ་མ་བརྒྱད་པ་དང་རིན་པོ་ཆེ་བསྣམས་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཅོམ་ལྡན་འདས་དང་སྙོམས་པར་འཇུག་པས་གནས་པ། སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་དང་བཅས་པ། གཞན་ཡང་དགྲ་ནག་གཤེད་དམར་ལ་སོགས་པའི་བླ་མེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བ། དེའི་འོག་གི་པད་འདབ་ལ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་རྩིབས་བརྒྱད་པ་བསྣམས་ཤིང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལྭའི་སྟོད་གཡོགས་དང་སྨད་གཡོགས་ཅན། ཞི་བའི་གཟིགས་སྟངས་མཛད་ཅིང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཞན་ཡང་རྣལ་འབྱོར་རྒྱུད་ཀྱིས་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེའི་འོག་གི་པད་འདབ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། སྐུ་གསེར་གྱི་མདོག་ཅན། འབར་བའི་ཕྲེང་བ་འཁྲིགས་པ། པདྨ་དཀར་པོའི་གདན་ལ་བཞུགས་པ། དབུ་རྒྱན་དང་ཐོར་ཚུགས་ཅན། དར་ལྭའི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། གཞན་ཡང་སྤྱོད་རྒྱུད་ཀྱི་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེའི་འོག་གི་པད་འདབ་ལ་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། འོད་ཟེར་རབ་ཏུ་འབར་བའི་དབུས་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཞན་ཡང་མགོན་པོ་ཚེ་དཔག་མེད། འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ། རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་པ་བྱ་རྒྱུད་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ། དེའི་འོག་གི་པད་འདབ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་དང༌། སངས་རྒྱས་སུམ་ཅུ་སོ་ལྔ་ལ་སོགས་པས་བསྐོར་བ། དེའི་འོག་གི་པད་འདབ་ལ་ཉེ་བའི་སྲས་བརྒྱད་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ། དེའི་འོག་གི་པད་འདབ་ལ་རང་རྒྱལ་བཅུ་གཉིས་སོགས་རང་སངས་རྒྱས་རྣམས་ཀྱིས་བསྐོར་བ། དེའི་འོག་གི་པད་འདབ་ལ་གནས་བརྟན་བཅུ་དྲུག་ལ་སོགས་པའི་ཉན་ཐོས་ཆེན་པོ་རྣམས་ཀྱིས་བསྐོར་བ། དེའི་འོག་གི་པད་འདབ་ལ་ཡུལ་ཉེར་བཞིའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བསྐོར་བ། དེའི་འོག་གི་པད་འདབ་ལ་མདུན་དུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ་ལ་སོགས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། རིན་པོ་ཆེའི་ཁྲིའི་ཕྱོགས་བཞིར་ཤར་དུ་ཡུལ་འཁོར་སྲུང༌། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་སྤྱན་མི་བཟང༌། བྱང་དུ་རྣམ་ཐོས་སྲས་རྣམས་བཞུགས་པ། ཚོགས་ཞིང་དེ་དག་ཐམས་ཅད་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་པའི་ལུང་གིས་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པོ་ཏིའི་རྣམ་པར་ཡོད་པ། དེ་དག་གི་ཕྱི་རོལ་ཏུ་གང་ལ་གང་འདུལ་གྱི་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོ་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོ་རེ་རེ་གསལ་བཏབ་བོ། །

དེ་ལྟར་ཚོགས་ཞིང་གཙོ་བོ་བླ་མ་སེམས་དཔའ་སུམ་བརྩེགས་ཅན་ལུས་དཀྱིལ་གྱི་ལྷ་དང་བཅས་པ་སོགས་ཚོགས་ཞིང་གསལ་འདེབས་ཚུལ་དེ་དག་ནི་རྒྱུད་སྡེའི་དགོངས་པ་རྨ་མེད་པར་བཀོད་པ་ཡིན་ལ། དེ་ཡང་རྒྱུད་སྡེ་ནས་གསུངས་པ་འདིར་བྲིས་པ་ཙམ་ཞིག་མིན་གྱི། རྩ་བཤད་སྦྱར་བའི་རྒྱུད་སྡེའི་མན་ངག་གོང་དུ་བཤད་ཟིན་པ་ལྟར་དམ་པ་བར་མ་ཆད་པ་ལས་བརྒྱུད་པ་དང༌། ལྷག་པར་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་མགོན་པོ་འཇམ་པའི་དབྱངས་ཀྱིས་གནང་བའི་སྙན་རྒྱུད་ཀྱི་མན་ངག་མཐར་ཐུག་པ་རྣམས་རྒྱལ་བ་དབེན་ས་བ་ཆེན་པོ་དང༌། རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གཉིས་ལ་རྒྱལ་བ་ཙོང་ཁ་པ་རང་ཉིད་ཀྱི་ལུང་བསྟན་ཅིང་གནང་བ་བསྩལ་བ་ལྟར་ཡི་གེར་འགོད་པར་མཛད་པ་ཡིན་ནོ། །

དེ་ལྟར་ཡིན་པའང་རྒྱལ་བ་ཙོང་ཁ་པ་ཆེན་པོས་དྲི་བ་ལྷག་བསམ་རབ་དཀར་དུ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ནས་བཤེས་གཉེན་བསྟེན་ཚུལ་ལ་བསྔགས་པ་ཆེ་བར་བརྗོད་འདུག་ཅིང༌། ཁྱད་པར་དུ་སྒོམ་ཆེན་པ་རྣམས་བླ་མའི་རྣལ་འབྱོར་ལ་རྩལ་དུ་འདོན་པ་ཡིན་ན། བླ་མ་བསྒོམ་པའི་གནས། བླ་མའི་གྲངས། བླ་མའི་རྣལ་འབྱོར་དངོས་གཞིའི་སྒོམ་འཁྱེར། རྩ་བའི་བླ་མ་དང་རྡོ་རྗེ་འཆང་དབྱེར་མེད་ལུགས། འོད་ཟེར་སྤྲོ་བསྡུ་རྣམས་ཇི་ལྟར་བྱེད་ཀྱིན་ཡོད་རྣམས་འདྲིའོ། །ཞེས་དྲི་བ་མཛད་ཅིང༌། དེའི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། བླ་མ་གང་དུ་བསྒོམ་པའི་གནས། །མདུན་ནམ་སྤྱི་གཙུག་སྙིང་གི་དཀྱིལ། །རང་རང་མོས་པབཞིན་རུང་སྟེ། །ཨ་བྷི་དྷ་ནའི་རྒྱུད་ལས་ཀྱང༌། །དྲིན་དང་ལྡན་པའི་བླ་མ་དེ། །ལག་པའི་མཐིལ་ལམ་སྙིང་གི་དཀྱིལ། །ལུས་ཀྱི་ཆ་ཤས་གར་བསྒོམས་ཀྱང༌། །སངས་རྒྱས་སྟོང་གི་བྱིན་རླབས་ཀྱང༌། །གང་ཟག་དེ་ཡི་སྡུད་པར་བྱེད། །ཅེས་གསུངས་བླ་མའི་གྲངས་དང་ནི། །རྣལ་འབྱོར་དངོས་གཞི་སྒོམ་ཚུལ་དང༌། རྡོ་རྗེ་འཆང་དང་དབྱེར་མེད་དུ། །ལྟ་དང་འོད་ཟེར་སྤྲོ་བསྡུ་སོགས། །ཇི་ལྟར་བྱེད་པའི་རིམ་པ་རྣམས། །གངས་རིའི་ཁྲོད་ཀྱི་ཟས་གཙང་སྲས། །ཐམས་ཅད་མཁྱེན་པ་རང་ཉིད་ཀྱི། །ཞལ་ལས་འོངས་པའི་སྙན་རྒྱུད་རྣམས། ཡི་གེ་ལོགས་སུ་བྲིས་པ་བཞིན། ཞེས་གསུངས་པ་ལྟར་རོ། །

གཉིས་པ་ཡེ་ཤེས་པ་སྤྱན་དྲངས་ནས་དབྱེར་མེད་དུ་བྱ་ཚུལ་ནི། གཞུང་ཉིད་ལས།

དེ་དག་སྒོ་གསུམ་རྡོ་རྗེ་གསུམ་མཚན་ཧཱུཾ་ཡིག་འོད་ཟེར་ལྕགས་ཀྱུ་ཡིས། རང་བཞིན་གནས་ནས་ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་བརྟན་པར་གྱུར། །

ཕུན་ཚོགས་བདེ་ལེགས་འབྱུང་གནས་དུས་གསུམ་གྱི། །

རྩ་རྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །

དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་ཚོགས་བཅས། །

ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས། །

ཞེས་གསུངས། དེའི་དམིགས་པ་ཡིད་ལ་བྱེད་ཚུལ་ནི། ཚོགས་ཞིང་ཐམས་ཅད་དང༌། ཁྱད་པར་དྲིན་ཅན་རྩ་བའི་བླ་མ་སེམས་དཔའ་སུམ་བརྩེགས་ཅན་གྱི་

ཐུགས་ཀ་ནས་འོད་ཟེར་གྱི་ལྕགས་ཀྱུ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བླ་མ་མཆོད་པའི་ཚོགས་ཞིང་གི་རྣམ་པར་སྤྱན་དྲངས། སྤྱན་འདྲེན་ཚུལ་ལ་མང་དུ་ཡོད་ཀྱང༌། སྐབས་འདིར་རང་བཞིན་ཆོས་སྐུའི་གནས་ནས་སྤྱན་འདྲེན་པ་ཡིན་གསུངས། དེ་ལྟར་སྤྱན་འདྲེན་པའི་ཡེ་ཤེས་པ་རྣམས་སྔར་གསལ་བཏབ་པའི་བླ་མ་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་བྱོན།

ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་ནས་དབྱེར་མེད་དུ་འདྲེས་ཤིང་བརྟན་པར་བཞུགས་པའི་མོས་པ་བྱ། སྔགས་འདི་བརྗོད་པའི་ཚེ་དམིགས་པ་ཡིད་ལ་བྱ་ཚུལ་ནི། ཛཿ ཞེས་བརྗོད་པའི་ཚེ་ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོའི་སྤྱི་བོར་བྱོན། ཧཱུཾ་ཞེས་བརྗོད་པའི་ཚེ་ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་ལ་ཐིམ། བཾ་ཞེས་བརྗོད་པའི་ཚེ་དབྱེར་མེད་གཅིག་ཏུ་འདྲེས། ཧོཿཞེས་བརྗོད་པའི་ཚེ་དགྱེས་བཞིན་བརྟན་པར་བཞུགས་པའི་མོས་པ་བྱའོ། །

སྒོ་གསུམ་རྡོ་རྗེ་གསུམ་མཚན་ཞེས་པའི་དོན་ལ་རྒྱས་པར་ན་ལྷ་སོ་སོའི་སྤྱི་བོར་སྐུ་རྡོ་རྗེ་རྣམ་སྣང༌། དེའི་ཐུགས་ཀར་ཨོཾ། མགྲིན་པར་གསུང་རྡོ་རྗེ་འོད་དཔག་མེད། དེའི་ཐུགས་ཀར་ཨཱཿ། ཐུགས་ཀར་ཐུགས་རྡོ་རྗེ་མི་བསྐྱོད་པ། དེའི་ཐུགས་ཀར་ཧཱུཾ་རྣམས་བསྒོམ་གསུངས། བསྡུ་ན་གོང་དུ་བཤད་པ་ལྟར་ཡི་གེ་གསུམ་འགོད་ཅིང༌། ཡི་གེ་གསུམ་པོ་ཉིད་ལའང་རྡོ་རྗེ་གསུམ་ཞེས་མན་ངག་སྙེ་མ་ལས་གསུངས། འདིར་དམ་ཚིག་པ་ལ་ཡེ་ཤེས་པ་སྤྱན་འདྲེན་པ་ནི་ཐ་མལ་གྱི་སྣང་ཞེན་ལྡོག་པའི་ཕྱིར་ཡིན་པར་མན་སྙེ་ལས་གསུངས་ཏེ། དེའི་དོན་ནི་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་སྐུའི་བཀོད་པས་ཞིང་ཁམས་ཐམས་ཅད་ཁྱབ་པས་རང་གི་མདུན་ན་བཞུགས་བཞིན་པ་ཡིན་པ་ནི། འཕགས་པ་ཐོགས་མེད་ཀྱི་རྗེ་བཙུན་བྱམས་མགོན་བསྒྲུབས་པའི་གླེང་གཞི་དང༌། སྔོན་གྱི་གྲུབ་ཆེན་མང་པོས་ལྷག་པའི་ལྷ་བསྒྲུབས་པའི་ལོ་རྒྱུས་ལས་འབྱུང་བ་ལྟར་ཡིན་ཡང༌། བདག་ཅག་ཐ་མལ་བ་རྣམས་ཀྱི་རྣམ་རྟོག་ལ་ཞིང་གཞན་དང་གཞན་ན་བཞུགས་ཡོད་པར་སྣང་བས་རྣམ་རྟོག་དེ་ལྡོག་པའི་ཕྱིར་ཡེ་ཤེས་པ་རྣམས་སྤྱན་དྲངས་ནས་དམ་ཚིག་པ་ལ་བསྟིམ་པ་ཡིན་གསུང༌།

དམ་ཚིག་པའི་དོན་ནི། དམ་ཚིག་གི་སྐད་དོད་ས་མ་ཡ་ལ་ཡི་གེ་ཕྲལ་བའི་ངེས་ཚིག་གིས་བཤད་ན་ཡེ་ཤེས་སེམས་དཔའ་འགྲོ་འོང་བྱེད་པའི་གནས་ལ་འཇུག་པར་མན་ངག་སྙེ་མར་བཤད། བྱམས་མགོན་བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་ཞལ་ནས། བླ་མའི་ལུས་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཚོགས་ཁང་ཡིན། ཞེས་གསུངས། ཚུལ་འདི་ལ་དཔྱོད་ཤེས་ན་བླ་མའི་རྣལ་འབྱོར་ལ་ངེས་པ་ཕུལ་ཕྱིན་སྟེར་རོ། །

དེ་ལྟར་བླ་མ་དང་རྡོ་རྗེ་འཆང་དབྱེར་མེད་དུ་བལྟ་བ་ནི། སྒྱུ་འཕྲུལ་དྲ་བ་ལས། སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་རྟག་གོ །ཞེས་སོགས་རྒྱུད་དང་གྲུབ་ཆེན་མཐའ་ཡས་པ་ཞིག་ནས་ལན་གཅིག་མིན་པར་གསུངས་ཤིང༌། བྱ་ཡུལ་བའི་ལམ་རིམ་ལས་ཀྱང༌། དེ་ཡང་བླ་མ་བས་བཟང་བའི་རྡོ་རྗེ་འཆང་ངམ། ཡི་དམ་གྱི་ལྷ་ཞིག་ལོགས་སུ་ཡོད་པར་འདོད་ནི་གང་ཟག་དེའི་རྒྱུད་ལ་དངོས་སྒྲུབ་གང་ཡང་མི་འཐོབ། ཅེས་གསུངས་ཤིང༌། རྒྱ་གར་གྲུབ་ཆེན་མང་པོའི་ལོ་རྒྱུས་དང༌། མར་པ་ལོ་ཙཱ་ལ་སོགས་པ་སྔོན་གྱི་དམ་པ་མང་པོའི་ལོ་རྒྱུས་ལས་ཀྱང་བླ་མ་ལས་ཡི་དམ་གྱི་ལྷ་བཟང་བར་བལྟས་པ་དང༌། བླ་མའི་སྔོན་དུ་ཡི་དམ་གྱི་ལྷ་ལ་ཕྱག་བྱས་པ་སོགས་ལ་རྟེན་འབྲེལ་འཕྱུགས་པའི་ཉེས་སྐྱོན་ཆེན་པོ་བསྐྱེད་པར་གསུངས་པ་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་རྡོ་རྗེ་འཆང་ལས་ཀྱང་ལྷག་པར་བལྟ་དགོས་པར་གསུངས་པ་སོགས་ལ་ངེས་པ་དྲངས་ནས་སྐྱབས་གསུམ་མ་ལུས་འདུས་པའི་བདག་ཉིད་མཆོད་ཡུལ་གོང་ན་མེད་པ་ཡིན་པར་མོས་པ་བརྟན་པོ་བྱའོ། །

བླ་མ་ལྷ་ཚོགས་མཆོད་པ་གལ་ཆེ་བའི་རྒྱུ་མཚན་བཤད་པ།

 

༈ གཉིས་པ་མཆོད་པ་འབུལ་བ་ལ་གཉིས། བླ་མ་མཆོད་པ་གལ་ཆེ་བའི་རྒྱུ་མཚན་བསམ་པ་དང༌། བླ་མ་མཆོད་ཚུལ་དངོས་སོ། དང་པོ་ནི་བླ་མ་མཆོད་པའི་གཞུང་ཉིད་དུ། དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔར། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་སངས་རྒྱས་བྱང་སེམས་གཞན་ཐམས་ཅད་མཆོད་པ་ལས་བླ་མ་མཆོད་པ་དོན་ཆེ་བརགསུངས་པ་ལ་ངེས་ཤེས་དྲངས་ནས་ཡན་ལག་བདུན་པ་འབུལ་བ་ལ། ཞེས་གསུངས་ཏེ། དེ་ལ་སྤྱིར་བསག་སྦྱང་གལ་ཆེ་བ་དང༌། ལྷག་པར་མྱུར་དུ་འཚང་རྒྱ་བར་འདོད་པས་ཚོགས་རླབས་ཆེན་མྱུར་དུ་རྫོགས་པ་དང༌། སྒྲིབ་པ་རྣམས་མྱུར་དུ་བྱང་བའི་ཐབས་མཁས་ཀྱི་འཕྲུལ་ཞིག་ཤེས་དགོས། དེ་ལ་ཕར་ཕྱིན་ཐེག་པར་བསྐལ་ཆེན་གྲངས་མེད་མང་པོར་ཚོགས་ཀྱི་གསལ་བའི་དབྱེ་བ་མཐའ་ཡས་པ་ཞིག་བསགས་དགོས་ལ། བླ་མེད་ཀྱི་ཐེག་པ་འདིར་ནི་དེ་འདྲ་བའི་དུས་རིང་བ་དང༌། བྱ་དཀའ་བ་ལ་མི་ལྟོས་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་རྒྱུ་ཚོགས་རྣམས་ཚང་བར་བྱེད་དགོས་པས། དེ་ནི་རང་ཉིད་ལྷའི་རྣལ་འབྱོར་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་ཚོགས་གསོག་པའི་ཞིང་མཐར་ཐུག་པ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་དུ་བྱས་པ་ལ་དག་པ་རབ་འབྱམས་ཀྱི་མཆོད་པ་ཚད་མེད་པ་ཕུལ་ཏེ་སྐད་ཅིག་དང་སྐད་ཅིག་ལ་སངས་རྒྱས་ཀྱི་རྒྱུ་ཚོགས་རླབས་པོ་ཆེ་རྣམས་རྫོགས་པར་བྱེད་པ་ཡིན་ལ། དེ་ཡང་བདེ་མཆོག་རྩ་རྒྱུད་ལས། དེ་ནས་སྒྲུབ་པོས་དངོས་ཀུན་གྱིས། དང་པོར་སློབ་དཔོན་མཉེས་པར་བྱ། འགྲུབ་འདོད་ཤིན་ཏུ་མཉམ་བཞག་པས། ཇི་ལྟར་ནུས་པས་བླ་མ་མཆོད། །ཅེས་དང༌། སློབ་དཔོན་ལུས་སུ་ལེགས་གནས་ཏེ། སྒྲུབ་པ་པོ་ལས་མཆོད་པ་ལེན། ཞེས་དང༌། བསོད་ནམས་ཆུང་བའི་སྒྲུབ་པོས་ཀྱང༌། དེ་མཉེས་བྱས་པས་རྙེད་པར་འགྱུར། །ཞེས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པ་ལ་བླ་མ་མཆོད་དགོས་པ་དང༌། དེ་མཆོད་ན་ཚོགས་མྱུར་དུ་རྫོགས་ཏེ་དངོས་གྲུབ་མྱུར་དུ་འཐོབ་པར་གསུངས། སློབ་དཔོན་ལུས་སུ་ལེགས་གནས་ཏེ། ཞེས་སོགས་ལུང་ཕྱི་མ་འདི་གཉིས་ཀྱི་དོན་རྒྱུད་འགྲེལ་སྦས་དོན་ཀུན་གསལ་ལས་སྙིགས་མའི་དུས་སུ་ཧེ་རུ་ཀ་སློབ་དཔོན་གྱི་ལུས་ལ་བཞུགས་ནས་སློབ་མའི་མཆོད་པ་བཞེས་པ་དང༌། ཚེ་སྟོད་ལ་བསོད་ནམས་ཆུང་ངུའི་མི་ཞིག་ཡིན་ཡང༌། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་མཇལ་ནས་དེ་ཚུལ་བཞིན་དུ་བསྟེན་ཅིང་མཆོད་ན། རྒྱལ་བ་རྣམས་སློབ་དཔོན་དེའི་ལུས་ལ་བཞུགས་ནས་སློབ་མ་དེའི་བསོད་ནམས་བསྐྱེད་ཅིང་ཚོགས་མྱུར་དུ་རྫོགས་པར་མཛད་པས་ཚེ་སྨད་ལ་མཆོག་འགྲུབ་པར་གསུངས།

གུར་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསོལ་བ། སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པས་བཀའ་སྩལ་པ། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་བཀའ་སྩལ་པ། །རྡོ་རྗེ་སེམས་དཔའ་སངས་རྒྱས་དང༌། རྡོ་རྗེ་ཆོས་དང་གཟི་བརྗིད་དང༌། །བདུན་གྱིས་རྒྱལ་པོའི་དངོས་གྲུབ་རྣམས། །གང་ཕྱིར་དེ་ཡིས་དཀའ་བ་མེད། །མིག་སྨན་དང་ནི་རྐང་འགྱོགས་དང༌། །རལ་གྲི་ས་འོག་སྒྲུབ་པ་དང༌། །རིལ་བུ་དང་ནི་མཁའ་སྤྱོད་དང༌། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་ཡེ་ཤེས་རྡོ་རྗེ་ཡང༌། །མཉེས་པས་མྱུར་དུ་འཐོབ་པར་འགྱུར། དེ་ཕྱིར་སློབ་དཔོན་དྲུང་གཤེགས་ཏེ། །དེ་བཞིན་གཤེགས་རྣམས་ཕྱག་མཛད་དོ། །རྡོ་རྗེ་སེམས་དཔའ་ཇི་ལྟ་བར། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་རྣམས་ཀྱིས་ཀྱང་ཕྱག་མཛད་པའི་གནས་ཡིན་པ་དང༌། དེ་མཆོད་དེ་གསོལ་བ་བཏབ་ན་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་འཐོབ་པར་གསུངས།

འཇམ་དཔལ་ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་པའོ། ཞེས་སློབ་མས་བླ་མ་ཚུལ་བཞིན་དུ་མཆོད་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བླ་མ་དེའི་ལུས་ལ་བཞུགས་ནས་མཆོད་པ་བཞེས་པར་གསུངས་པ་དང༌། གསང་བ་གྲུབ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །གང་གིས་གཉིས་སུ་མེད་པར་མཐོང༌། དངོས་གྲུབ་བསྡུས་པའི་མཚན་ཉིད་ཅན། དེ་ཉིད་དེར་ནི་འདིར་འཐོབ་གྱུར། ཞེས་དང༌། དེ་ཉིད་རྡོ་རྗེ་འཆང་བླ་མ། །བསྒོམ་དང་ལྡན་པས་འགྲུབ་པར་འགྱུར། །གཞན་དུ་དེ་ཉིད་ལྡན་གྱུར་ཀྱང༌། དངོས་གྲུབ་འབྲས་བུའི་སྣོད་མི་འགྱུར། །ཞེས་བླ་མ་རྡོ་རྗེ་འཆང་དུ་བསྒོམས་ནས། གསོལ་བ་བཏབ་ན་ཕྱག་རྒྱ་ཆེན་པོ་མཆོག་གིས་དངོས་གྲུབ་འཐོབ་པར་འགྱུར་ལ། བླ་མ་ལ་དད་པ་མེད་ན་རྒྱུད་དོན་ཤེས་ཀྱང་དངོས་གྲུབ་མི་ཐོབ་པར་གསུངས། ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པ་ཡིས། གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་གྲུ་ལ་བརྟེན་ནས་ཆུའི་ཕ་རོལ་དུ་སྒྲོལ་བ་མཉན་པ་ཁོ་ན་ལ་ལྟོས་ཀྱི་དེ་མེད་པར་མི་ནུས་པ་ལྟར། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པ་ལ་དང་པོར་ལམ་དུ་ཞུགས་པ་ནས། མཐར་འབྲས་བུ་ཐོབ་པའི་བར་བླ་མའི་བྱིན་རླབས་ཁོ་ན་ལ་ལྟོས་ཀྱི་དེ་མེད་པར་ཐོབ་མི་ནུས་པར་གསུངས་པ་དང༌། མདོར་ན་རྒྱུད་དོན་བསྡུས་པ་ལྔ་བཅུ་པ་ལས། དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། ཞེས་ཕྱག་རྒྱ་ཆེན་པོ་མཆོག་གིས་དངོས་གྲུབ་ཐོབ་པ་བླ་མ་ལ་དད་པ་སྒོམ་པའི་རྗེས་སུ་འགྲོ་བར་གསུངས། འདི་ལ་རིགས་པའི་ལམ་ཤེས་པ་ཞིག་གིས་བརྟགས་ན་ནི་བླ་མའི་རྣལ་འབྱོར་ལ་ངེས་པ་ཕུལ་ཕྱིན་སྟེར་རོ། །

དེ་ཡང་དཔེར་ན། དུ་བ་མེའི་རྗེས་སུ་འགྲོ་ལྡོག་བྱེད་ཅེས་པ་དུ་བ་མེ་ཁོ་ན་ལ་བརྟེན་ནས་འབྱུང་གི་མེ་མེད་པར་དུ་བ་ནམ་ཡང་འབྱུང་མི་སྲིད་པ་བཞིན་དུ།ས་ལམ་འབྲས་བུ་དང་བཅས་པའི་ཡོན་ཏན་གང་ཐོབ་པ་ཐམས་ཅད་བླ་མའི་དད་པ་ཁོ་ན་ལ་བརྟེན་ནས་འབྱུང་གི་དེ་མེད་པར་འབྱུང་ཐབས་མེད་ཅེས་པའོ། །ཚུལ་དེ་དག་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང༌། ཡོན་ཏན་མཐོང་བའི་དད་པ་དང༌། བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་ཆེན་པོ་མ་སྐྱེས་ཀྱི་བར་དུ་ཡང་དང་ཡང་དུ་བསམས་ལ་བླ་མ་ལྷ་ཚོགས་ལ་ཕྱག་འཚལ་བ་དང༌། མཆོད་པ་ལ་བརྩོན་པར་བྱའོ། །

 

བླ་མ་ལྷ་ཚོགས་ལ་ཕྱག་འཚལ་བ་བཤད་པ།

 

༈ གཉིས་པ་བླ་མ་ལྷ་ཚོགས་ལ་མཆོད་པ་འབུལ་བའི་ཚུལ་ལ་གསུམ། ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ། ཡན་ལག་ལྷག་མ་རྣམས་བྱ་ཚུལ་ལོ། །དང་པོ་ལ་ལྔ། བླ་མ་ལ་ལོངས་སྤྱོད་རྫོགས་སྐུར་བལྟས་ཏེ་དེའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ། བླ་མ་སྤྲུལ་པའི་སྐུར་བལྟས་ཏེ་དེའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ། བླ་མ་ཆོས་ཀྱིས་སྐུར་བལྟས་ཏེ་དེའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ། བླ་མ་མཆོག་གསུམ་མ་ལུས་འདུས་པའི་བདག་ཉིད་དུ་བལྟས་ཏེ་དེའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་བླ་མའི་སྤྲུལ་པར་བལྟས་ཏེ་ཕྱག་འོས་ཐམས་ཅད་ལ་ཕྱག་འཚལ་བའི་ཚུལ་ལོ། །

དང་པོ་ནི། གཞུང་ལས།

གང་གིས་ཐུགས་རྗེས་བདེ་བ་ཆེན་པོའི་དབྱིངས། །

སྐུ་གསུམ་གོ་འཕང་མཆོག་ཀྱང་སྐད་ཅིག་ལ། །

རྩོལ་མཛད་བླ་མ་རིན་ཆེན་ལྟ་བུའི་སྐུ། །

རྡོ་རྗེ་ཅན་ཞབས་པད་མོར་ཕྱག་འཚལ་ལོ། །

ཞེས་གསུངས་ཏེ། དེ་ནི་གྲུབ་ཆེན་གྱི་གཞུང་མང་པོ་ཞིག་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་གིས་ནི་ཐོབ་གྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་འབྱུང་བ་དེ་འདིར་ཚིག་གི་སྦྱོར་བའི་ཁྱད་པར་ཅུང་ཟད་མ་གཏོགས་དེ་ཉིད་བཀོད་པར་སྣང་ངོ༌། །

དེ་ཡང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་གི་གོ་འཕང་ཐོབ་པ་ནི་བླ་མ་ཁོ་ནའི་བཀའ་དྲིན་ལ་རག་ལས་ཤིང༌། གཞན་དུ་བསྐལ་ཆེན་གྲངས་མེད་མང་པོས་སྒྲུབ་དགོས་པའི་གོ་འཕང་མཆོག་དེ་ཉིད་བླ་མ་རྡོ་རྗེ་འཆང་གི་བཀའ་དྲིན་ལས་སྙིགས་དུས་ཀྱི་ཚེ་ཐུང་སྐད་ཅིག་ཡུད་ཙམ་འདི་ཉིད་ལ་འཐོབ་པར་འགྱུར་བས་ན་མཆོད་ཡུལ་བླ་ན་མེད་པ་ཡིན་ཏེ། བདེ་མཆོག་སྡོམ་འབྱུང་ལས། །མཆོད་པ་ཐམས་ཅད་ཡོངས་སྤང་ཏེ། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་བླ་མ་ཚུལ་བཞིན་མཆོད་པས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་འཐོབ་པར་འགྱུར་བས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ལ་མཆོད་པ་བཞག་ནས་བླ་མ་མཆོད་པ་གཙོ་བོར་བྱ་དགོས་པར་གསུངས། སྡོམ་འབྱུང་ལས་གསུངས་པ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་རིམ་ལྔར་ཡང་དེ་ཁོ་ན་བཞིན་དུ་གསུངས། བླ་མ་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟར་བལྟ་བ་ནི། ཕྱག་ཆེན་ཐིག་ལེ་ལས། གང་ཞིག་དབང་སྐུར་སྦྱིན་བྱེད་པ། །དེ་ནི་རྡོར་སེམས་ལྟ་བུར་བལྟ། །བླ་མ་སྦྲུལ་རྒྱལ་ལྟ་བུར་བལྟ། །དཔལ་ནི་བླ་མ་མེ་འདྲར་བལྟ། །བླ་མ་སྟོན་པ་བས་ལྷག་བལྟ། །ཡིད་བཞིན་རིན་ཆེན་མཉམ་པར་བལྟ། །ཇི་ལྟར་རབ་སྦྱོར་དང་སྔགས་ཀྱིས། སྦྲུལ་གྱིས་རྒྱལ་པོའི་སྤྱི་བོ་ལས། །ཚད་མེད་པ་ཡི་རིན་ཆེན་རྙེད། །དབུལ་བ་ཐམས་ཅད་མེད་པར་བྱེད། །ཅེས་གསུངས། རིམ་ལྔའི་རིམ་པ་དང་པོ་ལས། །རི་དབང་རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་བླ་མ་རྡོ་རྗེ་འཆང་གི་བཀའ་དྲིན་ལས་མྱུར་དུ་གྲོལ་བར་འགྱུར་བར་དཔེ་དང་བཅས་པ་གསུངས་པ་དང༌། རིམ་པ་གཉིས་པ་ལས། ཐམས་ཅད་སྟོང་པ་རྨད་པོ་ཆེ། །དྭང་ཞིང་གསལ་བའི་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་འགྱུར། །ཞེས་བླ་མའི་དྲིན་ལས་བདེ་ཆེན་འོད་གསལ་མྱུར་དུ་འཆར་བར་གསུངས་པ་དང༌། རིམ་པ་གསུམ་པ་ལས། བདག་བྱིན་བརླབ་པའི་རིམ་ཞེས་པ། །ཀུན་རྫོབ་བདེན་པ་བསྟན་པ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །འཐོབ་པར་གྱུར་གྱིས་གཞན་དུ་མིན། །བདག་ལ་བྱིན་གྱིས་བརླབས་པའི་རིམ། །གང་གིས་རྙེད་པར་མི་འགྱུར་བ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །བདག་ལ་བྱིན་བརླབ་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་འཐོབ་པར་འགྱུར། །ཞེས་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ་བའི་བཀའ་དྲིན་ལས་ཚེ་འདིར་རྡོ་རྗེའི་སྐུ་འཐོབ་པར་འགྱུར་གྱི། རྡོ་རྗེ་སློབ་དཔོན་ཚུལ་བཞིན་མ་བསྟེན་ཅིང་དེས་རྗེས་སུ་མ་བཟུང་ན། མདོ་རྒྱུད་ལ་སྦྱང་པ་ཇི་ཙམ་བྱས་ཀྱང་མཆོག་ཐོབ་པ་མི་སྲིད་པར་གསུངས། གསང་བ་གྲུབ་པ་ལས་ནི་ཚེ་འདིར་མཆོག་འགྲུབ་པའི་རྒྱུ་མཐར་ཐུག་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་བླ་མ་ཁོ་ནའི་བཀའ་དྲིན་ལས་བྱུང་བ་ཡང་དང་ཡང་དུ་འབད་པ་དུ་མས་བསྒྲུབ་པར་མཛད་དོ། །

གྲུབ་ཆེན་ས་ར་ཧས་ཀྱང༌། བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ལྷན་གཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་སོགས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མ་ཁོ་ནའི་བཀའ་དྲིན་ལ་ལྟོས་ནས་བསྐྱེད་དགོས་ཀྱི། གཞན་གང་གིས་ཀྱང་མི་རྙེད་པར་ཡང་ནས་ཡང་དུ་གསུངས། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ནི་ལམ་རིམ་པ་ལྔའི་གནད་རེ་རེ་ནས་བླ་མའི་བཀའ་དྲིན་ཁོ་ན་ལ་ལྟོས་པར་གསུངས་ཏེ། ཁུངས་རྣམས་དྲངས་ན་མངས་སུ་དོགས་པས་བློ་གྲོས་ཅན་རྣམས་ཀྱིས་རྒྱུད་སྡེ་དེ་ཉིད་ལ་བལྟས་ནས་ངེས་པ་བརྟན་པོ་བསྐྱེད་དོ། །

གཉིས་པ་བླ་མ་སྤྲུལ་པའི་སྐུར་བལྟས་ཏེ་དེའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ་ནི།

རབ་འབྱམས་རྒྱལ་བ་ཀུན་གྱིས་ཡེ་ཤེས་ནི། །

གང་འདུལ་ཅིར་ཡང་འཆར་བའི་ཐབས་མཁས་མཆོག །

ངུར་སྨིག་འཛིན་པའི་གར་གྱིས་རྣམ་རོལ་བ། །

སྐྱབས་མགཽན་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་ཏེ། སྤྱིར་སྟོན་པ་ཐུབ་པའི་དབང་པོས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་མཛད་པ་ནི། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནི་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་བ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་དང༌། བསྟོད་སྤྲིན་རྒྱ་མཚོ་ལས། བསོད་ནམས་ཚོགས་རབ་རབ་འབྱམས་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱོད་ཀྱི་སྐུ། །ནམ་མཁའི་མཐས་གཏུགས་གཏུགས་པ་མེད་པའི་ཞིང་མཆོག་ཀུན་དུ་དུ་མའི་འགྲོ་ལ་མིག་འཁྲུལ་བཞིན། །ལ་ལར་བལྟམས་ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི། བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས། །ཞེས་གསུངས་པ་ལྟར། ཞིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དང་མཉམ་དུ་ཞིང་ཁམས་ལ་ལར་སྐུ་བལྟམས་པ་དང༌། ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་དུས་གཅིག་ཏུ་མིག་འཁྲུལ་བཞིན་དུ་སྟོན་ཅིང༌། གདུལ་བྱའི་ལས་དང་བསམ་པའི་དབང་གིས་སྤྲུལ་པ་སྣ་ཚོགས་སྟོན་པ་ནི། ཡབ་སྲས་མཇལ་བའི་མདོ་ལས། བརྒྱ་བྱིན་ཚངས་པའི་ཆ་བྱད་དང༌། ལ་ལར་བདུད་ཀྱིས་ཆ་བྱད་ཀྱིས། །སེམས་ཅན་རྣམས་ཀྱིས་དོན་མཛད་དེ། །འཇིག་རྟེན་རྣམས་ཀྱིས་རྟོགས་མི་ནུས། །བུད་མེད་ཆ་བྱད་སྤྱོད་པ་མཛད། །དུད་འགྲོའི་སྐྱེ་གནས་ན་ཡང་གདའ། །འདོད་ཆགས་མི་མངའ་ཆགས་པའི་ཚུལ། །འཇིགས་པ་མི་མངའ་འཇིགས་པ་ལྟར། །རྨོངས་མེད་རྨོངས་པའི་ཚུལ་བསྟན་ཏེ། །སྨྱོས་པ་མ་ལགས་སྨྱོ་བའི་ཚུལ། །ཞ་བ་མ་ལགས་ཞ་བ་ལྟར། །རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །ཅེས་གསུངས།

དེ་ལྟར་སྤྲུལ་པ་མཐའ་ཡས་པར་མཛད་པ་རྣམས་ཀྱི་ནང་ནས་མཆོག་དུ་གྱུར་པ་ནི་མཆོག་གི་སྤྲུལ་སྐུའི་མཛད་པ་ཡིན་ལ། དེ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ལྟ་བུ་མཚན་དཔེས་སྤྲས་པའི་སྐུ་ཅན་མིའི་རྟེན་ལ་ངུར་སྨྲྀག་འཛིན་པ་དགེ་སློང་གི་གཟུགས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡིན་ལ། བདག་ཅག་ཐ་མལ་པ་རྣམས་ལ་མཚན་དཔེས་སྤྲས་པའི་སྐུ་དེ་དངོས་སུ་མཐོང་བའི་སྐལ་བ་མེད་ཀྱང༌། དེ་དང་མཛད་པ་མཚུངས་པར་ངུར་སྨྲིག་འཛིན་པའི་དགེ་སློང་གི་གཟུགས་སུ་བསྟན་ཏེ་གདམས་ངག་འདོམས་པར་མཛད་པས་ན་བཀའ་དྲིན་མཚུངས་པ་མེད་པ་ལ་བལྟས་ཏེ་ཕྱག་འཚལ་བ་ཡིན་ལ། དེར་མ་ཟད་རྒྱལ་བ་རྣམས་བླ་མའི་སྐུ་ལ་བཞུགས་ཏེ་ཕྱག་འཚལ་བ་དང་མཆོད་པའི་ཞིང་མཛད་པ་ཡིན་པ་ནི། འཇམ་དཔལ་ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །ཞེས་གསུངས་ཤིང༌། སྡོམ་འབྱུང་ལ་སོགས་པའི་རྒྱུད་མང་པོར་ཡང་དེ་བཞིན་དུ་གསུངས།

རྒྱལ་བ་གཅིག་ཉིད་བླ་མའི་རྣམ་པར་བྱོན་པ་ཙམ་མིན་པར་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་ནས་བླ་མའི་གཟུགས་སུ་བསྟན་པར་ཡང་གསུངས་ཏེ། དཔལ་གསང་བ་འདུས་པའི་རྩ་བརྒྱུད་ལེའུ་བཅུ་བདུན་པ་ལས། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང༌། དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་དང༌། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་དང༌། དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་དང༌། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་རྡོ་རྗེ་འཛིན་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ལ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཐམས་ཅད་ཉོན་ཅིག ། གང་ཡང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་གྱི་རྡོ་རྗེའི་ཡེ་ཤེས་ལས་བྱུང་བ་དེ་རྣམས་ཀྱང་གསང་བ་འདུས་པའི་སློབ་དཔོན་དང་འཕྲད་ན་མཆོད་པ་བྱེད་ཅིང་ཕྱག་འཚལ་ལ། དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་སྟོན་པ་ཡིན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བདག་པོ་ཡིན་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས།དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་རྣམས་ཅི་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སྐུ་གསུམ་གསང་བའི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་སློབ་དཔོན་ཀྱི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ། ཞེས་གསུངས་པ་ལྟར་རོ། །

༈ གསུམ་པ་བླ་མ་ཆོས་ཀྱི་སྐུར་བལྟས་ཏེ་དེའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ་ནི།

ཉེས་ཀུན་བག་ཆགས་བཅས་པ་དྲུངས་ཕྱུང་ཞིང༌། །

དཔག་མེད་ཡོན་ཏན་རིན་ཆེན་ཚོགས་ཀྱིས་གཏེར། །

ཕན་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ། །

རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་ཏེ། དེ་ལ་ཆོས་ཀྱིས་སྐུ་ལ་ངོ་བོ་ཉིད་སྐུ་དང༌། ཡེ་ཤེས་ཆོས་སྐུ་གཉིས་སུ་ཡོད་ཅིང་ངོ་བོ་ཉིད་སྐུ་ནི་སྒྲིབ་གཉིས་ཀྱི་ཉེས་པ་བག་ཆགས་དང་བཅས་པ་སྤངས་པའི་དབྱིངས་མཐར་ཐུག་དེ་ཡིན། ཡེ་ཤེས་ཆོས་སྐུ་ནི་བདེན་གཉིས་ཀྱི་གནས་ལུགས་གཟིགས་པ་མཐར་ཐུག་པ་ཞིག་ཡིན་ལ། དེ་ནི་ཡོན་ཏན་ཐམས་ཅད་ཀྱི་གཏེར་དུ་གྱུར་བ་དང་ཕན་བདེ་མ་ལུས་པའི་འབྱུང་གནས་ཡིན་ནོ། །

དེ་ཡང་ལུས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་སངས་རྒྱས་ཀྱི་འཕྲིན་ལས་ཁོ་ན་ཡིན་ཞིང༌། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཀྱི་བྱེད་པ་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པ་ཡོངས་སུ་གྲགས་པ་ལྟར་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོན་ཏན་གྱི་གཏེར་ཡིན་པ་ནི་ཤེར་ཕྱིན་གྱི་མདོ་ལས་རྒྱ་ཆེར་བསྔགས་པ་ལྟར་རོ། །བླ་མ་སྐུ་དེ་གཉིས་ཀྱི་བདག་ཉིད་དུ་བལྟ་བ་ནིའབྲས་བུའི་སྐབས་སུ་ཤ་རུས་རྡོས་བཅས་ཟད་ནས་ཡེ་ཤེས་རང་སྣང་ལས་གྲུབ་པའི་སྐུ་དང་ཐུགས་ཀྱི་ངོ་བོ་གཅིག་ཏུ་ཡོད་པར་གསུངས་ལ། ཚུལ་འདི་ནི་ཤིན་ཏུ་རྟོགས་དཀའ་བ་གསང་བའི་གནས་མཐར་ཐུག་པ་ཡིན་ཏེ། འདིའི་གནད་མཐའ་དག་པར་རྟོགས་པ་ལ་རིམ་པ་ལྔ་པའི་ཟུང་འཇུག་གི་གནད་རྣམས་རྟོགས་དགོས་ཤིང༌། དེ་རྟོགས་པ་ལ་རིམ་པ་གསུམ་པའི་སྒྱུ་ལུས་དང༌། བཞི་པའི་འོད་གསལ་གྱི་གནས་རྣམས་རྟོགས་དགོས་ཏེ། དེ་དག་ནི་ཤིན་ཏུ་རྟོགས་པར་དཀའ་བ་གསང་བའི་གནས་མཐར་ཐུག་པ་རྣམས་སོ། །

ཆོས་ཀྱི་སྐུའི་བདག་ཉིད་དུ་བལྟ་བ་ནི་ཤེར་ཕྱིན་གྱི་མདོ་ལས་ཀྱང་གསུངས་ཏེ། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་ལྟར་རོ། །

༈ བཞི་པ་མཆོག་གསུམ་མ་ལུས་པ་འདུས་པའི་བདག་ཉིད་དུ་བལྟས་ཏེ་དེའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ་ནི།

ལྷར་བཅས་སྟོན་པ་སངས་རྒྱས་ཀུན་གྱི་དངོས། །

བརྒྱད་ཁྲི་བཞི་སྟོང་དམ་ཆོས་འབྱུང་བའི་གནས། །

འཕགས་ཚོགས་ཀུན་གྱི་དབུས་ན་ལྷང་ངེ་བ། །

དྲིན་ཆེན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་ཏེ། མཆོག་གསུམ་གྱི་བདག་ཉིད་དུ་བལྟ་བ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སངས་རྒྱས་དམ་ཆོས་དགེ་འདུན་དང༌། །བླ་མ་སྟོན་པ་སློབ་དཔོན་དང༌། རྡོ་རྗེ་འཆང་དང་སློབ་མ་ཡི། །མཚན་ཉིད་ཐམས་ཅད་བསྡུས་པ་ནི། །དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་ངག་དུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །ཞེས་གསལ་བར་གསུངས། །

བདེ་མཆོག་བཤད་རྒྱུད་སྡོམ་འབྱུང་ལས་ཀྱང༌། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དགེ་འདུན་དེ་བཞིན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །དེ་ཕྱིར་སངས་རྒྱས་གོ་འཕང་ནི། །འདོད་པས་བླ་མ་མཉེས་པར་བྱ། །ཞེས་གསུངས། གཞན་ཡང་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱིས་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱིས་བྱེད་པོ་བླ་མ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ལྟར་ཏེ། ཚིག་འདི་དག་ནི་འགྱུར་གྱི་ཁྱད་ཅུང་ཟད་མ་གཏོགས་རྒྱུད་ཉིད་ལས་འབྱུང་ངོ༌། །

༈ ལྔ་པ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་བླ་མའི་སྤྲུལ་པར་བལྟས་ཏེ་ཕྱག་འོས་ཐམས་ཅད་ལ་ཕྱག་འཚལ་ཚུལ་ནི།

དུས་གསུམ་ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། །

རིན་ཆེན་མཆོག་གསུམ་ཕྱག་འོས་ཐམས་ཅད་ལ། །

དད་ཅིང་མོས་པའི་བསྟོད་དབྱངས་རྒྱ་མཚོར་བཅས། །

ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཕྱག་འཚལ་ལོ། །

ཞེས་གསུངས་ཏེ། འདི་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བླ་མ་རྡོ་རྗེ་འཆང་དང༌། བླ་མ་རྡོ་རྗེ་འཇིགས་བྱེད་ལ་སོགས་པ་ཡི་དམ་རྣམས་དང༌། བླ་མ་འོད་དཔག་མེད་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ལ་བླ་མའི་སྤྲུལ་པར་བལྟས་ཏེ་དེའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བའི་ཚིགས་བཅད་ཀྱང་མཛད་ལ། རྡོ་རྗེ་འཆང་བློ་བཟང་ཆོས་ཀྱིས་རྒྱལ་མཚན་ཉིད་ཀྱིས་ཀྱང༌། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཀུན་གྱི། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ། །སྙིགས་དུས་མགོན་མེད་འགྲོ་བའི་དོན་དུ། །གང་འདུལ་ཇི་བཞིན་ངུར་སྨིག་གར་གྱིས། །རྣམ་རོལ་བཀའ་དྲིན་གསུམ་ལྡན་བླ་མ། །ཞེས་རྒྱལ་བའི་དཀྱིལ་འཁོར་མ་ལུས་བླ་མ་རྡོ་རྗེ་འཆང་གི་ངོ་བོར་གསུངས་པ་ལྟར་རོ། །དེ་བཞིན་དུ་རྒྱུད་དང་གྲུབ་ཆེན་གསུང་ལས་ཀྱང་མང་དུ་འབྱུང་ངོ༌། །

དེ་ལྟར་བླ་མ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བའི་ཚེ་ཇི་ལྟར་བྱ་བ་ནི་སྒོ་གསུམ་གུས་པ་ཆེན་པོས་འཚལ་བ་སྟེ། དེ་ལ་ལུས་ཀྱི་ཕྱག་ནི་རང་གི་ལུས་ཞིང་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པར་སྤྲུལ་ནས་ལུས་ཐམས་ཅད་ས་ལ་ཕབ་སྟེ་ཞབས་མཐིལ་ལ་མགོས་གཏུགས་ཏེ་ཕྱག་འཚལ་བའོ། །

ངག་གི་ཕྱག་ནི་ལུས་རེ་རེས་ཀྱང་བླ་མ་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མི་འདྲ་བ་རེ་རེ་བརྗོད་ཅིང་དབྱངས་ཀྱི་ང་རོས་གསོལ་འདེབས་ཀྱི་ཚིག་བརྗོད་པའོ། །

ཡིད་ཀྱི་ཕྱག་ནི་སྙིང་ཐག་པ་ནས་དད་གུས་བྱེད་ཅིང་རེ་ས་གཞན་ན་མེད་པའི་བློ་ལྟོས་འཆའ་བའོ། །ལམ་མ་ནོར་བར་སྟོན་པའི་རྡོ་རྗེ་སློབ་དཔོན་ལ་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱང་བསྙེན་བཀུར་མཛད་ན། རང་གི་སློབ་མས་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་སོགས་བསྙེན་བཀུར་བྱེད་དགོས་པ་ལྟ་ཅི་སྨོས། དེ་ཡང་བླ་མ་ལྔ་བཅུ་པ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་གསུངས་ཏེ། དེའི་དོན་ཡང་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས། མདོར་བསྟན་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་ཅིང་འཚོ་ལ་སྐྱོང་བ་དེ་དག་ཐམས་ཅད་དུས་གསུམ་དུ་བྱོན་ནས། སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཡང་དག་པར་མཆོད་ནས་སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོ་ཞིང་ངག་རྡོ་རྗེའི་ཡི་གེ་ཡང་འདི་སྐད་དུ་འབྱིན་ཏོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ། །ཞེས་བྱ་བ་ནས་བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ་ཞེས་བྱ་བའི་བར་དུའོ། །ཞེས་གསུངས་སོ། །

དོན་དམ་སྙེ་མ་ལས་ཀྱང༌། ཡོན་ཏན་ལྡན་པའི་སྲས་རྣམས་ལ་ནི་འཁོར་བ་འཇོམས། །རང་ལུས་ཚངས་པའི་འཇིག་རྟེན་གནས་ནི་ཀུན་ཏུ་སྟོན། །དེ་ནི་བླ་མ་དཔལ་ཏེ་བླ་མ་དཔལ་གཞན་མིན། །དཔག་མེད་སངས་རྒྱས་ཀྱིས་ཀྱང་རྟག་ཏུ་དེ་ལ་མཆོད། །ཕྱོགས་བཞུགས་སངས་རྒྱས་སེམས་དཔས་རྟག་ཏུ་དེ་ལ་འདུད། །ཅེས་གསུངས་ཤིང༌། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མདོ་ཀུན་ལས་བཏུས་པར་རིན་པོ་ཆེའི་ཕུང་པོའི་མདོ་དྲངས་པ་ལས་ཀྱང༌། །ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟའི་ནང་དུ་བཞུགས་ཏེ་འདོད་པའི་ཡོན་ཏན་ལྔས་རྩེ་དགའ་ཞིང་དགའ་མགུར་སྤྱོད་ལ་དེའི་ཤིང་རྟ་འདྲེན་པ་གཞན་མེད་ན་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེའི་ཤིང་རྟ་ནི་དེ་བཞིན་གཤེགས་པའི་དབུ་ལ་ཡང་བསྐུར་རོ། །ཞེས་གསུངས། དེ་བཞིན་དུ་མདོ་སྡེ་དང་རྒྱུད་སྡེ་མང་པོར་ལམ་མ་ནོར་བར་སྟོན་པའི་སློབ་དཔོན་ལ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བསྔགས་པ་དང་མཆོད་པའི་ཚུལ་རྒྱ་ཆེར་གསུངས་སོ། །

རྫོགས་རིམ་ཀྱི་ལམ་མཐོན་པོ་ཞིག་ཏུ་སླེབས་པ་ན་སྐུ་གསུང་ཐུགས་རྟེན་ལ་ཕྱག་དང་མཆོད་པ་བྱ་མི་དགོས་པའི་སྐབས་ཤིག་གསུངས་ཀྱང༌། དེའི་ཚེ་ཡང་བླ་མ་ནི་ངེས་པར་ཕྱག་དང་མཆོད་པ་བྱ་དགོས་པར་སྤྱོད་བསྡུས་དང༌། གསང་བ་གྲུབ་པ་དང༌། །མན་ངག་སྙེ་མ་ལ་སོགས་པ་གྲུབ་ཆེན་གྱི་གཞུང་མང་པོ་ལས་གསུངས་པས་བློ་གྲོས་ལྡན་པ་རྣམས་ཀྱིས་ཚུལ་འདི་དག་ལ་ལེགས་པར་དཔྱད་ནས། རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱལ་བ་ཐམས་ཅད་ལས་བླ་མ་ལ་ལྷག་པར་བལྟས་ཏེ་ཕྱག་མཆོད་བྱེད་ཚུལ་གསུངས་པ་འདི་དག་ལ་ཡིད་ཆེས་ཀྱི་ངེས་པ་གཏིང་ཚུགས་པར་བྱའོ། །

 

 

ཕྱི་བུམ་དབང་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་བཤད་པ།

 

༈ གཉིས་པ་བླ་མ་ལྷ་ཚོགས་ལ་མཆོད་པ་འབུལ་བའི་ཚུལ་ལ་ལྔ། །ཕྱི་བུམ་དབང་དང་འབྲེལ་བའི་མཆོད་པ། ནང་གསང་དབང་དང་འབྲེལ་བའི་མཆོད་པ། །གསང་བ་ཤེར་དབང་དང་འབྲེལ་བའི་མཆོད་པ། །དེ་ཁོ་ན་ཉིད་ཚིག་དབང་དང་འབྲེལ་བའི་མཆོད་པ། །སྨན་དང་བདག་ཉིད་བྲན་དུ་ཕུལ་ཏེ་སྡོམ་པ་བཟུང་བའི་ཚུལ་ལོ། །དང་པོ་ལ་ལྔ། ཆུ་བཞི་འབུལ་བ། ཉེར་སྤྱོད་འབུལ་བ། འདོད་ཡོན་འབུལ་བ། མཎྜལ་འབུལ་བ། སྒྲུབ་པའི་མཆོད་པ་འབུལ་ཚུལ་ལོ། །དང་པོ་ནི། བླ་མ་ལྷ་ཚོགས་མཆོད་པའི་ཚེ་བསམ་པའི་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་དགོས་པ་ནི། གཞུང་ཉིད་ལས་མཆོད་པའི་འཁོར་གསུམ་རྣམ་པར་མི་རྟོག་པ་བདེ་སྟོང་དབྱེར་མེད་ཀྱི་བདག་ཉིད་དུ་རྒྱས་བཏབ་ནས་འབུལ་བ་ནི། ཞེས་གསུངས། དེ་ལ་མཆོད་པ་རྣམས་བཤམས་མ་ཐག་ཏུ་བསང་སྦྱང་གི་བྱིན་བརླབས་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ལྟར་མ་བྱས་པར་མཆོད་པ་བཤམས་ནས་ལུས་ན་བགེགས་རྣམས་ཀྱིས་མཆོད་པའི་མདངས་འཕྲོག་ཅིང༌། སྒྲུབ་པ་པོ་རང་ཉིད་ལའང་གནོད་པར་བྱེད་པར་གསུངས་ཏེ། དེ་ཡང་མཆོད་ཡོན་ལ་ཆུ་ལྟར་གཡོ་བ་ཞེས་བྱ་བ་ལོག་འདྲེན་དང༌། མེ་ཏོག་ལ་ཁོང་དུ་འཇུག་པ་འཇིག་རྟེན་མེ་ཏོག་ཅེས་བྱ་བའི་ལོག་འདྲེན་དང༌། བདུག་སྤོས་ལ་ནག་པོ་ཞེས་བྱ་བ་དང༌། མར་མེ་ལ་གཙུག་ཕུད་གཅིག་པ་ཞེས་བྱ་བ་དང༌། དྲི་ཆབ་ལ་ཟས་སུ་དྲི་ཟ་བ་དང༌། ཞལ་ཟས་ལ་ཟས་སུ་གཏོར་མ་ཟ་བ་ཞེས་བྱ་བའི་ལོག་འདྲེན་རྣམས་འཇུག་ཅིང༌། གཞན་ཡང༌། བགེགས་ཀྱིས་ཁྱད་པར་མཐའ་དག་ཞུགས་ནས་མཆོད་པ་དེ་དག་གི་དྲི་རོ་ནུས་པ་རྣམས་འཕྲོག་ཅིང༌། སྒྲུབ་པ་པོ་རང་ལའང་སེམས་གཡེང་བ་ལ་སོགས་པའི་བར་ཆད་སྣ་ཚོགས་བྱེད་པར་དཔུང་བཟང་གིས་ཞུས་པའི་རྒྱུད་དང༌། རྒྱུད་རིག་པ་མཆོག་ལ་སོགས་པའི་རྒྱུད་སྡེ་དུ་མ་དང༌། གྲུབ་ཆེན་གཞུང་དུ་མ་ལས་གསུངས་ཏེ། ཁུངས་རྣམས་དྲངས་ན་མངས་སུ་དོགས་པས་རྒྱུད་འགྲེལ་བ་དང་བཅས་པ་ལས་ཤེས་པར་བྱའོ། །

དེ་ལྟར་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་འབུལ་བའི་ཚེ། སྔར་མཆོད་པ་བྱིན་རླབས་ཀྱི་ཚེ་བཤད་ཟིན་པ་ལྟར། མཆོད་ཡུལ། མཆོད་མཁན། མཆོད་རྫས་རྣམས་སྣང་ཞིང་སྟོང་པ། སྟོང་བཞིན་སྣང་བའི་སྣང་སྟོང་སྒྱུ་མ་ལྟ་བུར་བལྟ་ཞིང་ལྷག་པར་བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་ཤ་སྟག་ཏུ་བལྟས་ཏེ་མཆོད་པ་རྣམས་འབུལ་དགོས་ལ། དེ་ཡང་སྤྱིར་ཆོས་ཐམས་ཅད་སྟོང་པའི་རྣམ་འགྱུར་དུ་འཆར་བ་ལ་བསླབས་ཤིང་འདྲིས་པར་བྱ། དེ་ནི་ཤེས་རབ་སྙིང་པོའི་མདོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། སྟོང་པ་ཉིད་ཆོས་ཅན་སྣ་ཚོགས་པ་དེ་དག་ཤར་བར་གསུངས་པ་དང༌། དབུ་མ་ལ་འཇུག་པ་ལས། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། ཇི་ལྟར་འདིར་ནི་གཟུགས་བརྙན་སོགས་སྟོང་ལས། ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང༌། སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་སོགས་དབུ་མའི་གཞུང་ལས་རྒྱ་ཆེར་གསུངས་པ་དང༌། དོན་དེ་དག་ཤིན་ཏུ་གསལ་བར་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱིས་རྒྱལ་མཚན་གྱིས། སྣང་བ་བདེན་པར་མེད་པ་འདིས། །སྣང་བ་བདེན་གྲུབ་མཐའ་འདི་དང༌། །སྣང་བ་གཏན་མེད་མཐའ་གཉིས་སེལ། །གཏན་མེད་མཐའ་འདི་སེལ་ནུས་ཏེ། །སྣང་བ་བདེན་པར་མེད་པ་ཡི། །སྟོང་གཞི་ཆོས་ཅན་སྣང་བ་དེ། །ཡོད་པའི་ཕྱིར་ན་མེད་མཐའ་སེལ། །རྒྱུ་མཚན་དེ་དག་ཕྱིར་ན་ནི། །སྣང་ལས་སྟོང་པ་སྐྱེས་པ་འདྲ། །སྟོང་ལས་སྣང་བ་སྐྱེས་པ་འདྲ། །ཞེས་དང༌། དེ་བཞིན་སྣང་བ་སྟོང་ཕྱོགས་བལྟས། །སྣང་བ་བདེན་པར་མེད་པ་དེ། །སྣང་བ་ལས་ནི་སྐྱེས་པ་འདྲ། །སྣང་བའི་ཕྱོགས་ནས་བལྟས་ན་ནི། །སྣང་བ་སྐྱེ་འགག་བྱེད་པ་དེ། །སྣང་བ་རང་བཞིན་མེད་པ་ལས། །སྣང་བར་སྐྱེས་པ་ཁོ་ན་འདྲ། །ཀུན་རྫོབ་བདེན་པ་ཐབས་སུ་གྱུར་བ་དང༌། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཐ་སྙད་ལ་ནི་མི་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །སྣང་བའི་ངང་ནས་སྟོང་པ་ཉིད། །ཅེས་གསུངས་པ་ལྟར། མཆོད་ཡུལ་དང་མཆོད་རྫས་ལ་སོགས་པའི་སྣང་བ་འདི་དག་ཐམས་ཅད་ཐོག་མར་སྟོང་པའི་རྣམ་འགྱུར་དུ་འཆར་བ་ལ་བསླབ། དེར་ཤར་བ་ན་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོའི་རྣམ་འགྱུར་དུ་འཆར་བ་ལ་བསླབ་སྟེ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་རྣམ་པ་མཆོད་རྫས་སོགས་དེ་དང་དེར་སྣང་བ་ཡིན་པར་མོས་པ་བརྟན་པོར་བྱའོ། །

འདི་ནི་བླ་མེད་ཀྱི་སྙིང་པོའི་ཡང་སྙིང་པོ་གྲུབ་ཆེན་རྣམས་ཀྱིས་ཐུགས་དམ་གྱི་མཐིལ། མྱུར་དུ་འཚང་རྒྱ་བའི་མྱུར་ལམ་མཆོག་ཡིན་པར་གསུངས་ཤིང༌། བདག་ལྟ་བུའི་བླུན་རྨོངས་རྣམས་ལ་རྒྱུད་ལ་སྐྱེ་བ་ལྟ་ཞོག །གོ་ཡུལ་རྙེད་པ་ཡང་ཤིན་ཏུ་དཀའ་ཡང༌། རྗེ་རྒྱལ་བ་གཉིས་པའི་སྙན་བརྒྱུད་དང་ལན་གཅིག་མཇལ་བའི་སྐབས་འདིར་བློས་མི་འདོར་བར་ཚིག་རྗེས་འབྲངས་པའི་གོ་བ་དང༌། མོས་བློ་ཙམ་གྱིས་སྒོ་ནས་ཀྱང་བག་ཆགས་ཅི་ཐེབས་བྱ་གསུང་ངོ༌། །དེ་ལྟར་བསམ་ནས་ཆུ་བཞི་འབུལ་བ་ནི། གཞུང་ལས།

སྐྱབས་མགོན་རྗེ་བཙུན་བླ་མ་འཁོར་བཅས་ལ། །

སྣ་ཚོགས་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི། །

བཀོད་ལེགས་རིན་ཆེན་འོད་འབར་སྣོད་ཡངས་ལས། །

དག་བྱེད་བདུད་རྩིའི་ཆུ་བཞི་དལ་གྱིས་འབབ། །

ཅེས་གསུངས་ཏེ། །དམིགས་པ་ཡིད་ལ་བྱ་ཚུལ་ནི། རང་གི་སྙིང་ཁ་ནས་མཆོད་པའི་ལྷ་མོ་མཆོད་ཡོན་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་ཚོགས་ཞིང་རྣམས་ཀྱིས་ཕྱག་ཏུ་འབུལ། དེ་ལྟར་ཕུལ་བས་ཐུགས་རྒྱུད་ལ་ཟག་མེད་བདེ་བ་ཁྱད་པར་ཅན་འཁྲུངས་པའི་མོས་པ་བྱ་ཞིང་མཆོད་ལྷ་རྣམས་རང་གིས་སྙིང་གར་བསྡུ། དེ་བཞིན་དུ་ཞབས་བསིལ། ཞལ་བསིལ། བསང་གཏོར་རྣམས་ལའང་རིམ་པ་བཞིན་མཆོད་ལྷ་སྤྲོས་ནས་འབུལ་ཞིང༌། མཆོད་པ་ཚར་བ་དང་མཆོད་ལྷ་སྙིང་གར་བསྡུ། དེ་ཡང་ཞབས་བསིལ་ནི་ཞབས་འཁྲུ་བ་དང༌། ཞལ་བསིལ་ནི་ཞལ་འཁྲུ་བ་དང༌། བསང་གཏོར་ནི་སྐུ་ལ་འཐོར་བའོ། །ཆུ་བཞི་འབུལ་བའི་ཚུལ་འདི་དག་ནི་རྗེ་ཐམས་ཅད་མཁྱེན་པས་གསང་བདེ་འཇིགས་གསུམ་གྱི་དཀྱིལ་མཆོག་རྣམས་སུ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་མཆོད་ཡོན་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །ཅེས་སོགས་ཆུ་བཞི་འབུལ་ཚུལ་མཛད་པ་དེ་དག་གི་དོན་བསྡུས་ནས་བཀོད་པར་སྣང་ངོ༌། །

དེ་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་ནས་རང་ལྷའི་རྣལ་འབྱོར་གྱིས། །མཆོད་ཡོན་སྣོད་དུ་མཆོད་པར་བྱ། །ཞེས་དང༌། མཆོད་ཡོན་མེ་ཏོག་སོགས་ཀྱིས་མཆོད། །ཅེས་གསུངས། །མཆོད་ཡོན་གྱི་རྫས་ནི། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། ཞི་བ་ལ་ནས་དང༌། འོ་མ་དང༌། མེ་ཏོག་དཀར་པོ་དང༌། ཀུ་ཤ་དང༌། ཏིལ་དང༌། འབྲས་ཡོས་དང༌། བདུད་རྩི་དང་བཅས་པའི་དྲི་དཀར་པོའི་ཆུ་རྣམས་དགོས་པར་གསུངས་ཏེ། དེ་དག་ལ་ནི་མཆོད་ཡོན་གྱི་རྫས་བདུན་དུ་གྲགས་སོ། །རྒྱས་པ་དང་དབང་དང༌། མངོན་སྤྱོད་རྣམས་མི་འདྲ་བའི་ཁྱད་པར་དང༌། ཆུ་བཞི་སྒྲུབ་པའི་ཚུལ་དང༌། འབུལ་བའི་ཚེ་སྔགས་དང་ཕྱག་རྒྱ་ཇི་ལྟར་བྱ་བའི་ཚུལ་རྣམས་ཞིབ་ཏུ་བཀོད་ན་མངས་སུ་དོགས་པས་གཞན་དུ་ཤེས་པར་བྱ་ཞིང༌། འདིར་གལ་ཆེ་བའི་དོན་ཅུང་ཟད་བཤད་ན། དག་བྱེད་ཅེས་པ་ལ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་བ་ནི་སྤྱིར་ཆུ་ལ་དག་བྱེད་ཅེས་བརྗོད་ཅིང༌། ལྷག་པར་ཡན་ལག་བརྒྱད་ལྡན་གྱི་ལྷའི་ཆུ་གངྒའི་ཆུར་མོས་པ་ཡིན་ལ། ཡན་ལག་བརྒྱད་ནི། བསིལ་དང་ཞིམ་དང་ཡང་དང་འཇམ། །དང་བ་དང་ནི་དྲི་མི་མངའ། །འཐུང་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་གསུངས་པ་ལྟར། བསིལ་བ། ཞིམ་པ། འཇམ་པ། ཡང་བ། དང་བ། དྲི་ང་བ་མེད་པ། མགྲིན་པ་ལ་མི་གནོད་པ། མཐུང་ན་ལྟོ་བ་ལ་ཕན་པའོ། །

ཐུན་མོང་མིན་པ་ནི་ཐ་མལ་གྱི་སྣང་ཞེན་གྱི་དག་པ་སྟེ། དེ་ནི་རྒྱུད་སྡེ་བཞིའི་ཐུན་མོང་བ་ཡིན་ལ། བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་དག་ཚུལ་ནི། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་མི་མཐུན་པའི་ཕྱོགས་ཀྱིས་དག་པ་སྟེ། སྔགས་ཀྱི་མཆོད་ཡོན་ཞེས་པའི་སྔགས་ཀྱང་དོན་དམ་པའི་སྔགས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བྱེད་གསུང་ངོ༌། །

དེ་ལྟར་ན་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་མཆོད་ཡོན་གཟུགས་སུ་ཤར་བ་བླ་མ་ལྷ་ཚོགས་ལ་འབུལ་བའི་ཚེ། ཐུགས་རྒྱུད་ལ་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་ནུས་པ་དང༌། དོན་དམ་པར་བླ་མ་ལྷ་ཚོགས་ལ་དག་བྱ་གང་ཡང་མེད་ཀྱང༌། བདག་ཅག་ལས་སྒྲིབ་ཅན་རྣམས་ཀྱི་སྣང་ངོར་སྙུན་དང་ནག་ནོག་ལ་སོགས་པའི་དྲི་མ་ཐམས་ཅད་བདུད་རྩིའི་ཆུ་དེ་རེག་པ་ཙམ་གྱིས་དག་པར་བསམ་པའོ། །ཆུ་གཞན་གསུམ་ལའང་དེ་བཞིན་ནོ། །

གཉིས་པ་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ་བ་ནི།

སྡོང་པོ་སིལ་མ་ཕྲེང་བ་སྤེལ་ལེགས་པ། །

མཛེས་པའི་མེ་ཏོག་ས་དང་བར་སྣང་གང༌། །

དྲི་ཞིམ་སྤོས་ཀྱིས་དུད་པ་བཻཌཱུརྱའི། །

དབྱར་སྐྱེས་སྔོན་པོའི་སྤྲིན་གྱིས་ལྷ་ལམ་འཁྲིགས། །

ཉི་ཟླ་ནོར་བུ་རབ་འབར་སྒྲོན་མེའི་ཚོགས། །

སྟོང་གསུམ་མུན་སེལ་འོད་ཟེར་རྩེ་དགའ་རྒོད། །

ག་བུར་ཙན་དན་གུར་གུམ་དྲིས་བསྒོས་པའི། །

སྤོས་ཆུའི་མཚོ་ཆེན་ཁོར་ཡུག་ཀུན་ནས་འཁྱིལ། །

རོ་བརྒྱའི་བཅུད་ལྡན་བཟའ་བཅའི་བཏུང་བ་དང༌། །

ལྷ་དང་མི་ཡི་ཞལ་ཟས་ལྷུན་པོར་སྤུངས། །

སྣ་ཚོགས་རོལ་མོའི་བྱེ་བྲག་མཐའ་ཡས་པའི། །

བྱུང་བའི་གདངས་སྙན་འགྱུར་བས་ས་གསུམ་འགེངས། །

ཞེས་གསུངས་ཏེ། །དམིགས་པ་ཡིད་ལ་བྱེད་ཚུལ་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་མེ་ཏོག་ཐོགས་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་བླ་མ་ལྷ་ཚོགས་རྣམས་ལ་ཕུལ་བས། ལོངས་སྐུའི་ཆ་བྱད་ཅན་རྣམས་ལ་དབུ་ལ་མེ་ཏོག་གི་ཕྲེང་བ་དང༌། ཆོགས་ཞིང་ཐམས་ཅད་ཀྱི་སྟེང་གི་བར་སྣང་ལ་མེ་ཏོག་གི་ཚོགས་རྣམས་བླ་བྲེ་ལྟ་བུ་དང༌། ཕྲེང་བ་སྤེལ་བའི་དོ་ཤལ་དང༌། སིལ་མ་སྣ་ཚོགས་གཅལ་དུ་བཀྲམ་པ་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང༌། མེ་ཏོག་དེ་དག་འོད་འཕྲོ་ཞིང་དྲི་ཞིམ་པ་དང༌། མེ་ཏོག་གི་བླ་བྲེ་དང༌། ཕྲེང་བ་བར་སྣང་ལ་འཕྱང་བ་རྣམས་རླུང་གིས་བསྐྱོད་པ་ལས་ཆོས་ཀྱི་སྒྲ་དབྱངས་སྒྲོག་ཅིང༌། དྲི་བཟང་པོའི་ངད་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པར་བྱེད་པ་སོགས་མདོ་སྡེ་ཕལ་པོ་ཆེ་ལས་འབྱུང་བ་ལྟར་བསམ་ཞིང༌། མཆོད་པ་ཚར་ནས་མཆོད་པའི་ལྷ་མོ་རྣམས་སྙིང་གར་བསྡུ།

དེ་བཞིན་དུ་བདུག་སྤོས་འབུལ་བའི་ཚེ་རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། བདུག་སྤོས་ཀྱི་སྣོད་གསེར་དང་དངུལ་དང་ཨིནྡྲ་ནཱི་ལ་ལ་སོགས་པ་རིན་པོ་ཆེའི་སྣོད་ཆེན་པོ་རྣམས་སུ། ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་སྤོས་སྣ་གཅིག་པ་དང་སྦྱར་མ་སྣ་ཚོགས་སྤར་བའི་སྤོས་ཀྱི་དུད་པ་དབྱར་དུས་ཀྱི་ཆུ་འཛིན་བཞིན་དུ་ནམ་མཁའི་ཁམས་ཀུན་ཡོངས་སུ་གང་བ་བླ་མ་ལྷ་ཚོགས་ལ་རྣམས་ལ་ཕུལ་བས། དྲི་བཟང་པོ་དེ་དག་ཤངས་ལ་རེག་པ་ཙམ་གྱིས་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་དེ་མཆོད་པས་མཉེས་པར་བྱས་ནས་མཆོད་ལྷ་རྣམས་སྙིང་གར་བསྡུ།

སྣང་གསལ་འབུལ་བའི་ཚེ་རང་གི་སྙིང་ག་ནས་མཆོད་ལྷ་དཔག་ཏུ་མེད་པ་སྤྲོས། མར་མེའི་སྣོད་རིན་པོ་ཆེ་ལས་གྲུབ་པ་ཡངས་ཤིང་རྒྱ་ཆེ་བ་སྣ་ཚོགས་སུ་མར་མེ་འོད་འཕྲོ་བ་གྲངས་མེད་པ་དང༌། ཉི་མ་དང་ཟླ་བ་དང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལ་སོགས་པ་བསམ་ལས་འདས་པ་ནམ་མཁའི་དབྱིངས་ཐམས་ཅད་གང་བ། འོད་ཀྱིས་འཇིག་རྟེན་ཐམས་ཅད་ཀྱི་མུན་པ་སེལ་བ། ས་འོག་དང་གླིང་བར་གྱི་མུན་པ་རྣམས་ཀྱང་བསལ་ཏེ། འཇིག་རྟེན་ཐམས་ཅད་འོད་ཀྱིས་ལྷང་ངེར་བྱེད་པ། ནོར་བུ་རིན་པོ་ཆེ་དེ་དག་དང༌། སྒྲོན་མེ་དེ་དག་གི་འོད་ཟེར་ཕན་ཚུན་དུ་འཁྱུད་པ་རྩེ་དགའ་བྱེད་པ་ལྟ་བུ་དང༌། འོད་ཟེར་གྱི་དྲ་བ་འཁྲིགས་པ་ལས་འཁོར་ལོ་དང་གཡུང་དྲུང་དང་དཔལ་བེའུ་ལ་སོགས་པ་བཀྲ་ཤིས་པའི་རི་མོ་སྣ་ཚོགས་དང༌། གདུགས་དང་རྒྱལ་མཚན་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དེ་དག་སྤྱན་གྱིས་གཟིགས་པ་ཙམ་གྱིས་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་བསམས་ནས་མཆོད་ལྷ་རྣམས་སྙིང་གར་བསྡུ།

དྲི་ཆབ་འབུལ་བའི་ཚེ་རང་གི་སྙིང་ག་ནས་མཆོད་ལྷ་དཔག་ཏུ་མེད་པ་སྤྲོས་ཏེ། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ། ག་བུར་དང༌། ཙན་དན་དང༌། གུར་གུམ་དང༌། ཛཱ་ཏི་ལ་སོགས་པ་དྲི་བཟང་སྦྱར་བའི་སྤོས་ཆུ་རྒྱ་མཚོ་ཆེན་པོ་ལྟར་འཁྱིལ་བ་བླ་མ་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ལ་སོགས་པར་དྲི་ཆབ་ཕུལ་བས་ནམ་མཁའི་ཁམས་ཐམས་ཅད་དྲི་བཟང་པོའི་ངད་ཀྱིས་འགེངས་ཤིང༌། དེ་ལ་བརྟེན་ནས་བླ་མ་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་མེད་བདེ་ཆེན་སྐྱེས་པས་མཆོད་པས་མཉེས་པར་བསམས་ནས་མཆོད་ལྷ་རྣམས་སྙིང་གར་བསྡུ།

ཞལ་ཟས་འབུལ་བའི་ཚེ་རང་གི་སྙིང་ག་ནས་མཆོད་ལྷ་དཔག་ཏུ་མེད་པ་སྤྲོས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་དཔག་ཏུ་མེད་པར་ལྷ་ཡུལ་གྱི་བདུད་རྩི་རྣམས་དང༌། མི་ཡུལ་ན་ཡོད་པའི་བཟའ་བཅའི་ཁྱད་པར་ཡིད་དུ་འོང་བ་ཐམས་ཅད་བསྡུས་ཏེ་ལྷུན་པོ་ལྟར་དུ་སྤུངས་པ་བླ་མ་ལྷ་ཚོགས་རྣམས་ལ་ཕུལ་བས། ལྗགས་འོད་ཟེར་གྱི་སྦུ་གུས་ཞལ་ཟས་དེའི་བཅུད་རྣམས་བཞེས་པས་ཐུགས་ལ་ཟག་མེད་བདེ་བ་ཁྱད་པར་ཅན་བསྐྱེད་དེ་མཆོད་པས་མཉེས་པར་བསམས་ལ་མཆོད་ལྷ་རྣམས་སྙིང་གར་བསྡུ།

འདིར་བཟའ་བ་ནི་ཕྱེ་དང་འབྲས་ཆེན་དང་ཤ་ལ་སོགས་པ་ཡིན་ལ། བཅའ་བ་ནི་ཁམ་བུ་དང་སྟར་ཁ་དང་རྒུན་འབྲུམ་ལ་སོགས་པ་རྣམས་སོ། །ཚིག་རིས་གཞན་རྣམས་གོ་སླ་ཞིང༌། རོ་བརྒྱ་ཞེས་པ་ནི། མངར་བ། སྐྱུར་བ། བསྐ་བ། ཁ་བ། ཚ་བ། ལན་ཚ་བ་སྟེ་རྩ་བའི་རོ་དྲུག །དེ་རེ་རེ་ལ་མངར་བའི་མངར་བ་སོགས་དྲུག་དྲུག་ཏུ་ཕྱེ་བས་སོ་དྲུག །དེ་རེ་རེ་ལའང་དམན་པ་དང་འབྲིང་དང་མཆོག་གསུམ་གསུམ་དུ་ཕྱེ་བས་རོ་བརྒྱ་དང་བརྒྱད་ཡོད་པ་ལ་བཤད་དོ། །

རོལ་མོ་འབུལ་བ་ནི་རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་སིལ་སྙན་དང༌། པི་ཝང་དང༌། གླིང་བུ་དང༌། དུང་ལ་སོགས་པ་རོལ་མོའི་བྱེ་བྲག་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ནས་གླུ་གར་སོགས་བྱེད་ཅིང་རོལ་མོ་རྣམས་བརྡུངས་པས། ནམ་མཁའི་ཁམས་ཐམས་ཅད་རོལ་མོའི་དབྱངས་ཀྱིས་འགེངས་ཤིང༌། སྒྲ་དབྱངས་དེ་དག་ལས་བླ་མ་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེ་བསྐུལ་བ་དང༌། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྒྲ་དབྱངས་རང་རང་གི་སྐད་དུ་སྒྲོག་པ་ལ་སོགས་པ་རྒྱ་ཆེར་རོལ་པ་སོགས་མདོ་སྡེ་རྣམས་ནས་ཇི་ལྟར་འབྱུང་བ་ལྟར་བསམས་ནས་ཕུལ་བས་བླ་མ་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཆེན་པོ་བསྐྱེད་ཅིང༌། བདེ་བ་དེ་གནས་ལུགས་སྟོང་པ་ཉིད་ལ་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་དུ་བཞུགས་པས་བླ་ན་མེད་པའི་མཆོད་པས་མཉེས་པར་བསམས་ལ་མཆོད་ལྷ་རྣམས་སྙིང་གར་བསྡུ།

འདིར་མཆོད་པ་རེ་རེ་ནས་མཆོད་ལྷ་སྤྲོ་ཞིང་བསྡུ་བ་ནི། འདུས་པའི་རྩ་རྒྱུད་ལས། བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། རྫོགས་ནས་རབ་ཏུ་བསྡུ་བར་བྱ། ཞེས་གསུངས་པའི་དོན་ཏེ། འདྀ་ལ་ནི་རྫོགས་རིམ་ཀྱི་ལམ་མཐོན་པོ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་གསུང་ངོ༌། །

མཆོད་པ་འབུལ་ཚུལ་དེ་དག་ནི་འདུས་པའི་རྩ་རྒྱུད་ལེའུ་བརྒྱད་པ་ལས་བླ་མ་ལྷ་ཚོགས་ལ་མེ་ཏོག་སོགས་ཀྱིས་མཆོད་པར་གསུངས་པ་ལྟར། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། འཇམ་དཔལ་རྡོ་རྗེ་སྤྱན་དྲང་བྱ། །དཀྱིལ་འཁོར་བ་དང་ཡང་དག་ལྡན། །དཀྱིལ་འཁོར་དབུས་སུ་སྤྱན་དྲང་བ། །རང་གི་གདན་གྱི་དབྱེ་བ་ལ། །བཞུགས་ཤིང་ཡང་དག་མཆོད་པར་བྱ། །རང་རང་སྔགས་དང་རིམ་ཇི་བཞིན། །ལྷ་ཡི་མེ་ཏོག་སོགས་ཀྱིས་མཆོད། །འཁོར་ལོ་མཆོག་ནི་མཆོད་པར་བྱ། །ཞེས་གསུངས་ཞིང་འདིའི་དོན་ལྟར་རྗེ་ཐམས་ཅད་མཁྱེན་པས་གསང་འཇིགས་གཉིས་ཀྱི་དཀྱིལ་ཆོག་རྣམས་སུ། ལྷ་ཡི་མེ་ཏོག་དམ་པ་འདིས། དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །་ཐུགས་ནི་བརྩེ་བས་ཉེར་དགོངས་ལ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ཅེས་སོགས་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ་ཚུལ་གསུངས་པ་ལྟར་ཡིན་ཞིང༌། ལྷ་ཡི་མེ་ཏོག་ཅེས་པ་ཐུན་མོང་བ་ལྟར་ན་ལྷ་རྫས་ཀྱི་མེ་ཏོག་དང༌། ཐུན་མོང་མིན་པ་ནི་ངེས་དོན་གྱི་ལྷ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མེ་ཏོག་གི་རྣམ་པར་ཤར་བ་ལ་བྱེད་གསུང་ངོ༌། །ཉེར་སྤྱོད་རོལ་མོ་དང་བཅས་པ་འདི་དག་འབུལ་བའི་ཚེ་སྔགས་དང་ཕྱག་རྒྱ་དང་བཅས་ཏེ་འབུལ་བར་རྒྱུད་ལས་གསུངས་ཤིང༌། རྗེ་ཐམས་ཅད་མཁྱེན་པས་བདེ་གསང་འཇིགས་གསུམ་གྱི་དཀྱིལ་ཆོག་ཏུ་ཡང་དེ་ལྟར་གསུང༌།

འདིར་སྔགས་ལ་སོགས་པ་མ་མཛད་པ་ནི་བདག་ལྟ་བུའི་བླུན་རྨོངས་རྣམས་ཀྱི་བཟུང་བར་སླ་བའི་ཕྱིར་བསྡུས་ནས་མཛད་ཅིང༌། དུས་ཁྱད་པར་ཅན་ལ་བླ་མ་མཆོད་པའི་སྒོ་ནས་ཚོགས་མཆོད་བྱ་བ་དང༌། རིམ་པ་གཉིས་ཀྱི་ཁྲིད་བྱེད་པའི་སྐབས་བླ་མ་མཆོད་པའི་སྒོ་ནས་ཚོགས་མཆོད་བྱ་བ་ལ་སོགས་པའི་ཚེ་རྡོར་དྲིལ་བཟུང་ནས་ཉེར་སྤྱོད་སོ་སོའི་ཕྱག་རྒྱ་དང་བཅས་མཛད་རྒྱུན་ཡོད་དོ། །

འདིར་བཀོད་པའི་ཉེར་སྤྱོད་རོལ་མོ་དང་བཅས་པའི་ཚིག་འདི་དག་ནི་གསང་འདུས་དང་བདེ་མཆོག་གི་མཆོད་ཕྲེང་རྣམས་ཀྱིས་གནད་བསྡུས་པར་མངོན་ཞིང༌། དེ་ལ་ལྷ་ཡི་མེ་ཏོག་ཅེས་སོགས་གོང་དུ་སྨོས་པ་ལྟར་དང༌། ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུགས། །འཁྲི་ཤིང་གཞོན་ནུ་བཞིན་དུ་ལུས་ཕྲ་ཞིང༌། །བཞིན་རས་རྒྱས་པས་ཟླ་བའི་མཛེས་པ་འཕྲོག །ཨུཏྤལ་སྔོན་པོའི་མིག་ཅན་མཆུ་སྒྲོས་དམར། །སྤེལ་ལེགས་མེ་ཏོག་ཕྲེང་བ་འཛིན་མཛད་མ། །འདོད་པའི་བདེ་ལ་ཆགས་པ་མང་སྤྲུལ་ཏེ། །དཀྱིལ་འཁོར་པ་རྣམས་དགྱེས་པ་བསྐྱེད་པའི་ཕྱིར། །ཉེར་སྤྱོད་ལྷ་མོའི་བདེ་བས་མཆོད་པར་བྱ། །ཞེས་དང༌། དེ་བཞིན་དུ་མེ་ཏོག་གི་གནས་སུ། དྲི་ཞིམ་བདུག་པའི་སྤོས་སྣོད་འཛིན་མཛད་མ། །རིན་ཆེན་འོད་འབར་སྣང་གསལ་འཛིན་མཛད་མ། །སྟོང་གསུམ་ངད་ལྡན་དྲི་མཆོག་འཛིན་མཛད་མ། །རོ་བརྒྱ་ལྡན་པའི་ཞལ་ཟས་འཛིན་མཛད་མ། །ཞེས་དང༌། ཡིད་འོང་རོལ་མོའི་ཆ་བྱད་མཐའ་ཡས་ལས། །བྱུང་བའི་གདངས་སྙན་མི་འདྲ་དུ་མ་ཅན། །ཐོས་པས་ལུས་སེམས་གདུང་བ་ཞི་བྱེད་པ། །སྣ་ཚོགས་རོལ་མོའི་སྒྲ་ཡིས་མཆོད་པར་བྱ། །ཞེས་གསུངས་པ་རྣམས་ཀྱི་དོན་བསྡུས་པ་ཡིན་ལ། ཏིང་འཛིན་པིར་ལེགས་མའི་མཆོད་ཕྲེང་འདི་ནི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདེབས་པའི་ཚེ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱིས་དབྱངས་སུ་བསྒྲགས་པ། རྗེ་ཐམས་ཅད་མཁྱེན་པའི་བདེ་མཆོག་གི་མཆོད་ཕྲེང་དུ་འགོད་པར་མཛད་པ་ཡིན་གསུང༌། བླ་མ་ལྷ་ཚོགས་རྣམས་ལ་ཐུགས་ལ་རྟོག་པ་གསར་དུ་བསྐྱེད་དགོས་པ་དང༌། སྔར་མེད་ཀྱི་བདེ་ཆེན་གསར་དུ་བསྐྱེད་དགོས་གང་ཡང་མེད་ཀྱང༌། སྒྲུབ་པ་པོ་རང་ཉིད་ཚོགས་རྫོགས་པའི་ཕྱིར་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་བར་བསམ་དགོས་པ་ཡིན་ནོ། །

གོང་དུ་བཤད་པ་འདི་དག་ནི་ཕྱིའི་ཉེར་སྤྱོད་འབུལ་ཚུལ་ཡིན་ལ། ནང་གི་ཉེར་སྤྱོད་འབུལ་ཚུལ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་ལྔ་བཅུ་ལྔ་དྲུག་པ་ལས། དེ་བཞིན་ཕྱི་དང་ནང་དང་ནི། །གཉིས་ཀ་ཡང་ནི་མི་དམིགས་པ། །གཟུགས་ལ་གསུམ་དུ་བྱས་ནས་ནི། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཡུལ་ནི་ལྔ་ནི་ངེས་གནས་ཏེ། །རྒྱུད་ལྔར་ངེས་པར་འབྱུང་བ་ནི། །རྨི་ལམ་རླུང་དང་ལྡན་པ་རུ། །འདོད་པ་ལྔ་རྣམས་སྤྱོད་པར་བྱེད། །དབང་པོ་གང་དང་གང་ལམ་གྱིས། །སྒྲུབ་པ་པོ་ནི་ཡུལ་འཐོབ་བོ། །དེ་དག་ཐམས་ཅད་ཐུགས་རྗེ་ཆེ། །མཉེས་པའི་ཕྱིར་ནི་དབུལ་བར་བྱ། །ཡང་དག་དགའ་བའི་མེ་ཏོག་གིས། །རྡོ་རྗེ་ཉི་མ་པད་མ་འབྱུང༌། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱིས་དམ་ཚིག་མཆོག །རྣམ་རྟོག་ཚུལ་ཡུལ་མ་ཡིན་ཞིང༌། །དེ་ལྟར་གཏུམ་མོའི་མེ་ཡིས་ནི། །ངེས་པར་བསྲེགས་པ་དེ་ནི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་ནི་འབུལ། །ཞེས་གསུངས་པའི་དོན་རྗེ་ཐམས་ཅད་མཁྱེན་པས་རྡོ་རྗེའི་དབྱངས་སུ་མཛད་པ་ནི། གསང་བའི་འཁོར་ལོ་ཨིནྡྲ་ནཱི་ལ་ལྟར། །ཤིན་ཏུ་སྔོ་བའི་རྡོ་རྗེའི་བུང་བ་ཡིས། །བསྐྱོད་པའི་པད་མོ་ལས་འོངས་མེ་ཏོག་དམར། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །སྤྲུལ་བའི་འཁོར་ལོ་གཏུམ་མོའི་མེས་བསྲེགས་པའི། །ཡིད་འོང་དྲི་ཡི་ངད་ལྡང་ག་བུར་སྤོས། །ཉམས་སུ་མྱོང་བས་ཡིད་རབ་ཚིམ་བྱེད་པ། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཆོས་ཀྱི་འཁོར་ལོའི་དབུས་གནས་བདེ་བའི་དངོས། །ཧཱུཾ་ཡིག་ཉི་མ་གསལ་བའི་འོད་ཟེར་ཅན། །མི་ཤེས་མུན་འཇོམས་སྔགས་ཀྱི་མར་མེ་འདི། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །བདེ་ཆེན་འཁོར་ལོའི་དབུས་ན་ལེགས་གནས་པ། །ཀུནྡ་ལྟར་དཀར་དྲི་ཡི་བྱུག་པ་ཡིས། །ལུས་ཀུན་ཁྱབ་པའི་བདེ་བའི་མཆོག་སྟེར་བ། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །རྨི་ལམ་ཡུལ་ལ་རོལ་བ་ཇི་བཞིན་དུ། །གང་གང་དབང་པོའི་ལམ་ནས་བྱུང་ནས་ནི། །དེ་དང་དེ་ཡི་ཡུལ་ལ་ལོངས་སྤྱོད་ཟས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །སྙོམས་འཇུག་དགའ་བའི་རོལ་བ་ལས་བྱུང་བ། །མི་ཤིགས་ཡི་གེ་མཆོག་གི་རོལ་མོའི་སྒྲ། །ཨཱ་ལི་ཀཱ་ལིའི་གདངས་སུ་ཤར་བ་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཞེས་གསུངས་པ་ལྟར། ནང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་རྫོགས་རིམ་གྱི་རྟོགས་པ་མཆོག་རྣམས་རྒྱུད་ལ་སྐྱེས་པའི་ཚུལ་ཏེ། འདི་དག་ནི་གསང་བ་ལས་ཀྱང་ཤིན་ཏུ་གསང་བ་རྣམས་སོ། །

གསུམ་པ་འདོད་ཡོན་འབུལ་བ་ནི།

གཟུགས་སྒྲ་དྲི་རོ་རེག་བྱའི་དཔལ་འཛིན་པའི། །

ཕྱི་ནང་འདོད་ཡོན་ལྷ་མོས་ཕྱོགས་ཀུན་ཁྱབ། །

ཅེས་པ་སྟེ། རང་གི་སྙིང་ག་ནས་གཟུགས་ཀྱི་ལྷ་མོ་ཕྱག་ན་མེ་ལོང་དམར་པོ་ངོས་གཉིས་པ་ཐོགས་པ། སྒྲའི་ལྷ་མོ་ཕྱག་ན་པི་ཝང་སྔོན་པོ་ཐོགས་པ། དྲིའི་ལྷ་མོ་ཕྱག་ན་དྲིའི་དུང་ཆོས་ཐོགས་པ། རོའི་ལྷ་མོ་ཕྱག་ན་བདུད་རྩིའི་ཞལ་ཟས་ཐོགས་པ། །རེག་བྱའི་ལྷ་མོ་ཕྱག་ན་ན་བཟའ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། བླ་མ་ལྷ་ཚོགས་རྣམས་ལ་འདོད་ཡོན་དེ་དང་དེ་དག་ཕུལ་ཏེ་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་ནས་མཆོད་ལྷ་རྣམས་སྙིང་གར་བསྡུ། མཆོད་པའི་ལྷ་མོ་དེ་དག་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ་ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་འདོད་ཡོན་ལྔའི་དགའ་བས་རོལ་བ། གཟུགས་ཡིད་དུ་འོང་བ། གླུ་དབྱངས་སྙན་པ། ལྷན་ཅིག་སྐྱེས་པའི་དྲི་བཟང་བྲོ་བ། །ཤིན་ཏུ་མངར་བའི་རོ་མཆོག་དང་ལྡན་པ། རེག་བྱ་འཇམ་པ། བླ་མ་ལྷ་ཚོགས་རྣམས་ཀྱིས་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པ་ཤ་སྟག་ཏུ་བསམ་མོ། །

ཉེར་སྤྱོད་དང་ཕྱི་ནང་གི་འདོད་ཡོན་རྣམས་སྔགས་ཀྱི་ཐབས་མཁས་ཀྱི་སྒོ་ནས་འབུལ་ཚུལ་དེ་ལྟར་བྱས་པས་བསོད་ནམས་ཀྱི་ཚོགས་རླབས་ཆེན་སྐད་གཅིག་རེ་རེར་གསོག་ནུས་པ་དང༌། རྫོགས་རིམ་གྱི་རྟོགས་པ་མཆོག་རྣམས་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་སོང་ནས་མྱུར་དུ་མཆོག་འགྲུབ་པ་ལ་སོགས་པའི་ཕན་ཡོན་མཐའ་ཡས་པ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བདུན་པ་དང་བརྒྱད་པ་རྣམས་ནས་གསུངས་ཤིང༌། མཆོད་པ་དེ་དག་གི་ངེས་དོན་ཁྱད་པར་ཅན་རྣམས་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང༌། དགོངས་པ་ལུང་སྟོན་སོགས་ལས་རྒྱ་ཆེར་གསུངས་སོ། །དེ་ལྟར་ཆུ་བཞི་ཉེར་སྤྱོད་འདོད་ཡོན་རྣམས་འབུལ་བའི་ཚེ་མཆོད་པ་སྣ་རེ་ཙམ་མ་ཡིན་པར་དངོས་སུ་བཤམས་པ་དང༌། ཡིད་ཀྱིས་སྤྲུལ་པའི་མཆོད་པ་དཔག་ཏུ་མེད་པ་དང༌། ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་མཆོད་པ་རྣམས་བློས་བསླངས་ཏེ། ཀུན་བཟང་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཀུན་བཀང་སྟེ་འབུལ་བ་ཡིན་ལ། ནང་གི་འདོད་ཡོན་འབུལ་ཚུལ་ནི། རྗེ་ཐམས་ཅད་མཁྱེན་པས། འདོད་པའི་སྒྱུ་རྩལ་དྲུག་ཅུ་བཞི་ལ་མཁས། །ཡིད་འཕྲོག་གཟུགས་མཛེས་ལང་ཚོའི་དཔལ་ཡོན་ཅན། །པད་མ་ཅན་སོགས་ཕྱག་རྒྱའི་གཟུགས་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། ཟུར་གྱིས་བལྟ་ཞིང་འཛུམ་པའི་བཞིན་རས་ཅན། །དྲུག་ལྡན་ལ་སོགས་ཡང་དག་གླུ་ལ་མཁས། །པད་མ་ཅན་སོགས་ཕྱག་རྒྱའི་གླུ་དབྱངས་མཆོག ། མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ལྷན་ཅིག་སྐྱེས་དང་སྦྱར་བ་བཟང་པོའི་དྲི། །གང་གིས་ལུས་ལས་རྟག་ཏུ་རྣམ་འབྱུང་བ། པད་མ་ཅན་སོགས་ཕྱག་རྒྱའི་དྲི་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །གང་ཞིག་མྱངས་པས་བྱང་ཆུབ་སེམས་འཇུ་བ། །བིམ་པ་ལྟར་དམར་མ་མཆུའི་སྦྲང་རྩི་སོགས། །པད་མ་ཅན་སོགས་ཕྱག་རྒྱའི་རོ་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །གསང་བའི་སྣ་རྩེ་ཕན་ཚུན་ཕྲད་པ་ཡི། །རེག་བྱ་མྱོང་བས་གཏུམ་མོ་བསྐུལ་བྱེད་པ། །པད་མ་ཅན་སོགས་ཕྱག་རྒྱའི་རེག་བྱ་མཆོག །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཞེས་པ་དང༌།

བདེ་མཆོག་གི་མཆོད་ཕྲེང་དུ། རབ་འབྱམས་ཞིང་ན་ཇི་སྙེད་གཟུགས་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །བཞིན་རས་མཛུམ་ཞིང་སྐུ་ཡི་མཛེས་པ་སྟོན། །གཟུགས་ཀྱི་རྡོ་རྗེ་མ་ཡིས་མཆོད་པ་ཡིས། །གང་ཤར་གཟུགས་ཀྱི་སྣང་བ་ཐམས་ཅད་ནི། །གཟུགས་ཀྱི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་སྩལ་ཏེ། །བདེ་སྟོང་མཆོག་གིས་ཏིང་འཛིན་རྫོགས་པར་ཤོག །དེ་བཞིན་དུ་འདོད་ཡོན་ལྷག་མ་རྣམས་ལ་ཡང་སྦྱར་ནས་གསུངས་པ་ལྟར་རོ། །

འདི་ནི་འདུས་པའི་རྩ་རྒྱུད་ལེའུ་བདུན་པ་ལས། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། མཆོད་པར་བྱཻད་པས་མཆོད་པར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །ཞེས་སོགས་དང༌། གཟུགས་སྒྲ་རོ་ལ་སོགས་པ་ལ། །རྟག་ཏུ་སེམས་ནི་སྦྱར་བར་བྱ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་བཏུས་པའོ། །ཞེས་གསུངས་པའི་དོན་བཤད་རྒྱུད་རྡོ་རྗེ་ཕྲེང་བར་བཀྲལ་པ་ལྟར། གཟུགས་ཐམས་ཅད་གཟུགས་རྡོ་རྗེ་མར་སྒོམ་པ་སོགས་དབང་པོ་དྲུག་གི་ཡུལ་དུ་གང་སྣང་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་བལྟས་ནས་བླ་མ་ལྷ་ཚོགས་མཆོད་པ་དང༌། རང་ཉིད་ལྷར་གསལ་བའི་དབང་པོ་རྟེན་བཅས་རྒྱས་པར་བྱེད་པ་སྟེ། མདོར་ན་གང་སྣང་ཐམས་ཅད་བདེ་ཆེན་འཕེལ་བའི་ཐབས་སུ་འགྱུར་བ་ཞིག་བྱེད་པ་ནི་སྔགས་བླ་མེད་ཀྱི་སྙིང་པོ་མཐར་ཐུག་སྟེ། ལྷན་སྐྱེས་ཀྱི་བདེ་ཆེན་ཇི་ཙམ་འཕེལ་བ་དེ་ཙམ་དུ་གནས་ལུགས་རྟོགས་པའི་ངེས་ཤེས་ཤུགས་དྲག་ཅིང་ཇེ་འཕེལ་དུ་འགྲོ་བ་དང༌། བདེ་སྟོང་ཇེ་འཕེལ་དུ་སོང་བ་ཙམ་གྱིས་སྲིད་པའི་རྩ་བ་གཅོད་པ་དང་གཉིས་སྣང་འཁྲུལ་བའི་བག་ཆགས་འཇོམས་པ་སྟོབས་ཇེ་ཆེར་སོང་ནས་མྱུར་དུ་འཚང་རྒྱ་བའོ། །

དོན་དེ་དག་ལ་དགོངས་ནས་རྗེ་ཐམས་ཅད་མཁྱེན་པས་གང་སྣང་ཐམས་ཅད་བདེ་སྟོང་དུ་འཆར་བའི་ཐབས་ལ་མོས་པ་ཡིད་ཆེས་ཚུན་ཆད་ཀྱིས་འབད་ནས་བག་ཆགས་ཅི་ཐེབས་བྱ་དགོས་པར་གསུངས་སོ། །

༈ བཞི་པ་མཎྜལ་འབུལ་བའི་ཚུལ་ནི།

བྱེ་བ་ཕྲག་བརྒྱའི་གླིང་བཞི་ལྷུན་པོར་བཅས། །

རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་སོགས། །

ཀུན་དགའ་བསྐྱེད་པའི་སྣོད་བཅུད་ཕུན་སུམ་ཚོགས། །

ལྷ་མིའི་ལོངས་སྤྱོད་འདོད་དགུའི་གཏེར་ཆེན་པོ། །

དང་བའི་སེམས་ཀྱིས་ཕུལ་བྱུང་ཞིང་གི་མཆོག 

སྐྱབས་མགོན་ཐུགས་རྗེའི་གཏེར་ལ་དབུལ་བར་བགྱི། །

ཞེས་གསུངས་ཏེ། དེ་ལ་མཎྜལ་གྱི་རྒྱུ་ནི་རབ་གསེར་དངུལ་ལས་བྱས་པ་དང༌། འབྲིང་འཁར་བ་དང་ཟངས་སོགས་ལས་བྱས་པ་དང༌། ཐ་མ་ས་དང་ཤིང་སོགས་ལས་བྱས་པའང་རུང་ཞིང༌། དེ་ཙམ་ཡང་མ་འབྱོར་ན་གཡམ་པའམ་རྡོ་བ་ཟླུམ་པོའམ་གྲུ་བཞི་གང་རུང་གིས་ཀྱང་རུང་སྟེ། རྗེ་ཐམས་ཅད་མཁྱེན་པ་འཁོར་དག་པ་རྣམ་བརྒྱད་དང་བཅས་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་བཞིན་བྱ་བྲལ་ལ་ཕེབས་ནས་འོལ་ཁ་ཆོས་ལུང་དུ་བསག་སྦྱངས་མཛད་པའི་ཚེ། རྗེ་རིན་པོ་ཆེས་རྡོ་བ་རྩ་བ་ཤིན་ཏུ་བརྟན་པ་ཁ་ངོས་སྙོམས་པ་ཞིག་ལ་ཕྱག་ངར་གྱིས་ཕྱི་བཞིན་དུ་མཎྜལ་མཛད་པར་གསུངས་པ་དང༌། རྒྱ་གར་གྲུབ་ཆེན་མང་པོས་ཀྱང་དེ་བཞིན་དུ་མཛད་པར་གསུངས་པས་སོ། །

དེ་ཡང་ཡོ་བྱད་ཀྱིས་ཕོངས་ནས་མ་འབྱོར་བ་དང༌། ཡོ་བྱད་ཐམས་ཅད་དོར་བའི་ཀུན་སྤངས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་དེ་ལྟར་བྱ་བ་ཡིན་གྱི། འབྱོར་པ་ཡོད་བཞིན་དུ་བློས་མི་ཐོངས་པར་དེ་ལྟར་བྱེད་པ་དང༌། འབྱོར་པ་ཡོད་བཞིན་དུ་ཚོམ་བུའང་འབྲུ་ལས་བྱ་མི་ནུས་པར་རྡོ་བའི་ཕྱེ་མ་སོགས་ལས་བྱ་བ་ནི་རང་གིས་རང་བསླུ་བ་ཡིན་ཞིང༌། དགེ་བའི་བཤེས་གཉེན་པོ་ཏོ་བའི་ཞལ་ནས། དུང་ཕོར་དྲི་མ་ཅན་ཞིག་ཏུ་སྤང་སྤོས་རེ་བཏབ་ནས། ཙན་དན་ག་བུར་སྤོས་ཀྱི་ཆུ་ཞེས་དམུས་ལོང་གིས་མིག་ལྡན་ལ་མགོ་སྐོར་བྱེད་གསུང་བ་ལྟ་བུར་འགྱུར་རོ། །

དེས་ན་ཚོམ་བུ་འབྱོར་པ་ཡོད་ན་རབ་གསེར་དངུལ་སོགས་དང༌། འབྲིང་དུང་དང༌། མགྲོན་བུ་སོགས་དང་འབྲུ་བསྲེས་པའམ། མ་མཐའ་འབྲུ་གཙང་མ་དགོས་ཤིང༌། ཡང་གོང་ལྟར་ཡོ་བྱད་ཀྱིས་ཕོངས་པ་སོགས་ཀྱིས་འབྲུ་མ་འབྱོར་ན་དཀར་གོང་གིས་ཕྱེ་མས་ཀྱང་རུང་གསུངས། དེ་ནས་དགྲ་ལས་རྣམ་རྒྱལ་གྱི་མཎྜལ་གྱི་ཆོ་ག་ལས། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ལེགས་པར་ཉུག་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་དང་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བས་མི་སྐྱོ་དེར་ཞུགས་བརྩོན་འགྲུས་ཏེ། །དེ་ལ་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་བའོ། །ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་འཐོབ། །ཅེས་གསུངས་པ་ལྟར། དོན་ཡིད་ལ་དྲན་པར་བྱས་ནས། མཎྜལ་གྱི་ནང་བ་བྱུང་ལྔས་བྱུག་ཅིང་ཚོམ་བུ་རྣམས་དྲི་བཟང་གི་ཆུ་དང་བདུད་རྩི་ལྔས་སྦགས་ལ། མཎྜལ་གྱི་ཚོམ་བུ་ལ་ཉེར་གསུམ་མ་དང༌། སོ་བདུན་མ་སོགས་མང་ཉུང་སྣ་ཚོགས་སྣང་ཡང༌། ཚོམ་བུ་ཉེར་གསུམ་མ་འདི་པཎ་ཆེན་ནཱ་རོ་པ་དང༌། སློབ་དཔོན་ཨ་བྷྱ་ཡ་ཀ་ར་སོགས་རྒྱ་གར་གྲུབ་ཆེན་མང་པོ་དང༌། རྗེ་ཐམས་ཅད་མཁྱེན་པའི་ཕྱག་བཞེས་ཡིན་ཞིང༌། དབེན་ས་པ་ཡབ་སྲས་རྣམས་ཀྱང་རྒྱལ་བ་ཙོང་ཁ་པའི་ཕྱག་བཞེས་ལྟར་ཚོམ་བུ་ཉེར་གསུམ་མ་འདི་མཛད་ལ། བླ་མ་མཆོད་པའི་ཆོ་ག་འདིར་ཡང་ཚོམ་བུ་ཉེར་གསུམ་མ་འདི་མཛད་དོ། །ཚོམ་བུ་ཉེར་གསུམ་ནི། གླིང་བཞི། གླིང་ཕྲན་བརྒྱད། རིན་ཆེན་བདུན།  གཏེར་ཆེན་པོ། ཉི་ཟླ་གཉིས། རི་རབ་སྟེ་ཉེར་གསུམ་མོ། །

མཎྜལ་ཚོམ་བུ་ཉེར་གསུམ་མ་འདི་ཇི་ལྟར་འབུལ་བའི་ཚུལ་ནི། ཨོཾ་བཛྲ་བྷུ་མི་ཨཱཿཧཱུཾ། ཞེས་པས་དབང་ཆེན་གསེར་གྱི་ས་གཞི་དང༌། ཨོཾབཛྲ་རེ་ཁེ་ཨཱཿཧཱུཾ། ཞེས་པས་ཕྱི་ལྕགས་རི་མུ་ཁྱུད། དྲི་བཟང་དང་བཅས་པའི་བདུད་རྩི་ལྔས་སྦགས་པའི་ཚོམ་བུ་དབུས་སུ་འགོད་ཅིང༌། ཨོཾ་ཧཾ་སུ་མ་བྷྱ་མཻ་ར་ཝེ་ནཱ་མ། ཞེས་པས་དབུས་སུ་རི་རབ། ཤར་ཏུ་མེ་ཏོག་འགོད་ཅིང༌། ཨོཾ་ཡཾ་པཱུརྦ་བི་དེ་ཧ་ཡ་ནཱ་མ། ཞེས་པས་ཤར་ལུས་འཕགས། ལྷོར་འགོད་ཅིང༌། ཨོཾ་རཾ་ཛམྦུ་དྭཱི་པཱ་ཡ་ནཱ་མ། ཞེས་པས་ལྷོ་འཛམ་བུ་གླིང༌། ནུབ་ཏུ་འགོད་ཅིང༌། ཨོཾ་ལཾ་ཨ་པ་ར་གཽ་ཙ་ར་ནཱ་མ། ཞེས་པས་ནུབ་བ་ལང་སྤྱོད། བྱང་ཏུ་འགོད་ཅིང༌། ཨོཾ་ཝཾ་ཨུད་ཏ་ར་ཀུ་ར་ཝཾཿནཱ་མ། ཞེས་པས་བྱང་སྒྲ་མི་སྙན། ཤར་གྱི་གཡས་གཡོན་གཉིས་སུ་འགོད་ཅིང༌། ཨོཾ་ཡཾ་ཨུ་པ་དྭཱི་པཱ་ཡ་ནཱ་མ། ཞེས་པ་ལན་གཉིས་ཀྱིས་ལུས་དང་ལུས་འཕགས། ལྷོའི་གཡས་གཡོན་གཉིས་སུ་འགོད་ཅྀིང༌། ཨོཾ་རཾ་ཨུ་པ་དྭཱི་པཱ་ཡ་ན་མ། ཞེས་པ་ལན་གཉིས་ཀྱིས་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཀྱི་གཡས་གཡོན་གཉིས་སུ་འགོད་ཅིང༌། ཨོཾ་ལཾ་ཨུ་པ་དྭཱི་པཱ་ཡ་ན་མ། ཞེས་པ་ལན་གཉིས་ཀྱིས་གཡོ་ལྡན་དང་ལམ་མཆོག་འགྲོ །བྱང་གི་གཡས་གཡོན་གཉིས་སུ་འགོད་ཅིང༌། ཨོཾ་ཝཾ་ཨུ་པ་དྭཱི་པཱ་ཡ་ན་མ། ཞེས་པ་ལན་གཉིས་ཀྱིས་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། དེ་ནས་གླིང་གི་ནང་གི་ཤར་དུ་འགོད་ཅིང༌། ཨོཾ་ཡཾ་ག་ཛ་རཏྣ་ཡ་ནཱ་མ། ཞེས་པས་གླང་པོ་རིན་པོ་ཆེ། ལྷོར་འགོད་ཅིང༌། ཨོཾ་རཾ་པུ་རུ་ཥ་རཏྣ་ཡ་ནཱ་མ། ཞེས་པས་ཁྱིམ་བདག་རིན་པོ་ཆེ། ནུབ་ཏུ་འགོད་ཅིང༌། ཨོཾ་ལཾ་ཨ་ཤྭ་རཏྣ་ཡ་ནཱ་མ། ཞེས་པས་རྟ་རིན་པོ་ཆེ། བྱང་དུ་འགོད་ཅིང༌། ཨོཾ་ཝཾ་སྟྲི་རཏྣ་ཡ་ནཱ་མ། ཞེས་པས་བཙུན་མོ་རིན་པོ་ཆེ། ཤར་ལྷོར་འགོད་ཅིང༌། ཨོཾ་ཡཾ་ཁངྒ་རཏྣ་ཡ་ནཱ་མ། ཞེས་པས་དམག་དཔོན་རིན་པོ་ཆེ། ལྷོ་ནུབ་ཏུ་འགོད་ཅིང༌། ཨོཾ་རཾ་ཙཀྲ་རཏྣ་ཡ་ནཱ་མ། ཞེས་པས་འཁོར་ལོ་རིན་པོ་ཆེ། ནུབ་བྱང་དུ་འགོད་ཅིང༌། ཨོཾ་ལཾ་མ་ཎི་རཏྣ་ཡ་ནཱ་མ། ཞེས་པས་ནོར་བུ་རིན་པོ་ཆེ། བྱང་ཤར་དུ་འགོད་ཅིང༌། ཨོཾ་ཝཾ་མཧཱ་ནི་དྷི་རཏྣ་ཡ་ནཱ་མ། ཞེས་པས་གཏེར་ཆེན་པོ། ནང་གི་ཤར་དུ་འགོད་ཅིང༌། ཨོཾ་སཱུརྱ་ཡ་ནཱ་མ། ཞེས་པས་ཉི་མ། ནང་གི་ནུབ་ཏུ་འགོད་ཅིང༌། ཨོཾ་ཙནྡྲ་ཡ་ནཱ་མ། ཞེས་པས་ཟླ་བ་རྣམས་སོ་སོའི་རྣམ་པ་ཇི་བཞིན་གསལ་བཏབ་ལ། ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ཤིང༌། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་དག་པའི་ཞིང་དུ་བསམ།

ལྷག་པར་རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་མཆོད་པའི་དངོས་པོ་སྣ་ཚོགས་ཀྱི་གཟུགས་སུ་བཀོད་དེ་མཎྜལ་སྟེང་དུ་ཡོད་པར་མོས་ལ། བྱེ་བ་ཕྲག་བརྒྱའི་གླིང་བཞི་ལྷུན་པོར་བཅས། །རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་སོགས། །ཀུན་དགའ་བསྐྱེད་པའི་སྣོད་བཅུད་ཕུན་སུམ་ཚོགས། །ལྷ་མིའི་ལོངས་སྤྱོད་འདོད་དགུའི་གཏེར་ཆེན་པོ། །དང་བའི་སེམས་ཀྱིས་ཕུལ་བྱུང་ཞིང་གི་མཆོག །སྐྱབས་མགོན་ཐུགས་རྗེའི་གཏེར་ལ་དབུལ་བར་བགྱི། །ཞེས་བརྗོད་དེ་བླ་མ་ལྷ་ཚོགས་ལ་ཕུལ་བའི་མོས་པ་བྱའོ། །

བླ་མ་མཆོད་པའི་ཆོ་ག་ཚིགས་བཅད་རྐྱང་པ་བྱེད་ཚེ་སྔགས་འབུལ་རྒྱས་པ་བྱེད་པ་དེ་ལྟར་མ་ལྕོགས་ཀྱང༌། ཚིགས་བཅད་འདིའི་སྐབས་སུ་ཚོམ་བུ་འགོད་ལུགས་དེ་ལྟར་བྱའོ། །བྱེ་བ་ཕྲག་བརྒྱ་ཞེས་པ་ནི་འོག་གཞི་རླུང་གི་དཀྱིལ་འཁོར་ཆེན་པོ་གཅིག་གི་སྟེང་དུ་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་གསེར་གྱི་ས་གཞི། གསེར་གྱི་ས་གཞིའི་སྟེང་དུ་གླིང་བཞི་པ་རང་རང་གི་རྒྱ་མཚོ་རེ་རེ། དེར་གླིང་བཞི། གླིང་ཕྲན་བརྒྱད། དབུས་སུ་གསེར་གྱི་རི་བདུན་དང་རོལ་མཚོ་བདུན་སྤེལ་མར་བསྐོར་བའི་དབུས་ན་རི་རབ་གྲུ་བཞི་པ། ཕྱེད་ཆུ་མཚམས་མན་དང༌། ཕྱེད་ཆུ་མཚམས་ལས་གནམ་དུ་འཕགས་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། བང་རིམ་བཞི་ལ་གནོད་སྦྱིན་ལག་ན་གཞོང་ཐོགས། ཕྲེང་ཐོགས། རྟག་མྱོས། རྒྱལ་ཆེན་བཞིའི་ལྷ་གནས་རྣམས་དང༌། རི་རབ་སྟེང་ན་སུམ་ཅུ་རྩ་གསུམ་གྱི་ལྷ་གནས། དབུས་སུ་རྣམ་པར་རྒྱལ་བའི་ཁང་བཟང་དང་བཅས་པ་ལྷའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སྟེ། གླིང་བཞི་རི་རབ་དང་བཅས་པ་དེ་འདྲ་བ་སྟོང་ཕྲག་གཅིག་ལ་སྟོང་དང་པོ། དེ་འདྲ་བ་སྟོང་ཕྲག་གཅིག་རྩིས་གཞིར་བཟུང་སྟེ་གཅིག་ནས་སྟོང་གི་བར་དུ་བགྲངས་པའི་སྟོང་ལ་སྟོང་གཉིས་པ་དང༌།དེ་ཡོངས་སུ་རྫོགས་པ་རྩིས་གཞིར་བཟུང་སྟེ་གཅིག་ནས་སྟོང་གི་བར་དུ་བགྲངས་པའི་སྟོང་ལ་སྟོང་གསུམ་པ་ཞེས་བཤད་དེ། དེ་ལ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱ་ཡོད་དོ། །

དེ་ཐམས་ཅད་མཎྜལ་གྱི་སྟེང་དུ་བློས་བསླངས་ཏེ་འབུལ་བ་ཡིན་ལ། དེ་ཙམ་མ་ཟད་སྤྱོད་འཇུག་ལས། ས་གཞི་བསྟར་བ་སྤོས་ཀྱི་བྱུགས་པ་དེར། མེ་ཏོག་ཡིད་འོང་སིལ་མ་བཀྲམ་པར་བྱས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །ཞེས་གསུངས་པ་ལྟར༌། ནམ་མཁའི་མཐའ་ཀླས་པའི་འཇིག་རྟེན་ཐམས་ཅད་བློས་བསླངས་ཏེ་མཎྜལ་གྱི་སྟེང་དུ་བཀོད་ཏེ་འབུལ་བ་ཡིན་ནོ། །

རིན་པོ་ཆེ་བདུན་ནི། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། ཁྱིམ་བདག་རིན་པོ་ཆེ་རྣམས་སོ། །

དེ་ལ་འཁོར་ལོ་རིན་པོ་ཆེ་ནི་རྒྱུ་གསེར་ལས་བྱས་ཤིང༌། རྩིབས་སྟོང་དང་ལྡན་པ། རྒྱར་དཔག་ཚད་ལྔ་བརྒྱ་ཡོད་པ། མགར་བས་མ་བྱས་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱིས་མཐུས་གྲུབ་པ། ཉི་མ་ལྟ་བུར་ནམ་མཁར་འཕགས་ཏེ་འགྲོ་བ། དཔག་ཚད་འབུམ་གྱི་ལམ་ཉི་མ་གཅིག་གིས་བགྲོད་པ། འཁོར་ལོ་དེའི་མཐུས་འཁོར་ལོས་བསྒྱུར་རྒྱལ་དཔུང་ཚོགས་ཡན་ལག་བཞི་དང་བཅས་པ་གླིང་བཞི་དང་རྒྱལ་ཆེན་བཞིའི་ལྷ་གནས་རྣམས་སུ་བགྲོད་པར་བྱེད་པ། གང་བསམ་པ་ཐམས་ཅད་འཁོར་ལོ་དེའི་མཐུས་འགྲུབ་པ་ཞིག་གོ །

ནོར་བུ་རིན་པོ་ཆེ་ནི། རྒྱུ་བཻ་ཌཱུརྱ་ལས་གྲུབ་པ་ཟུར་བརྒྱད་པ། འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བས་དཔག་ཚད་བརྒྱའི་བར་དུ་མཚན་མོའང་ཉིན་མོ་བཞིན་དུ་སྣང་བར་བྱེད་པ། ཚ་བའི་ཚེ་བསིལ་བར་བྱེད་ཅིང༌། གྲང་བའི་ཚེ་འོད་ཀྱིས་དྲོ་བར་བྱེད་པ། ནོར་བུ་རིན་པོ་ཆེ་གང་དུ་གནས་པའི་སར་ནད་དང་དུས་མ་ཡིན་པའི་འཆི་བ་རྣམས་མི་འབྱུང་བ། རྒྱལ་པོའི་ཡིད་ལ་གང་བསམས་པ་ཐམས་ཅད་ནོར་བུ་དེའི་མཐུ་ལས་འབྱུང་བ་ཞིག་གོ །

བཙུན་མོ་རིན་པོ་ཆེ་ནི་རྒྱལ་རིགས་སུ་སྐྱེས་པ། ཧ་ཅང་མི་རིང་མི་ཐུང་བ། །ཧ་ཅང་མི་སྦོམ་མི་སྐེམ་པ། གཟུགས་མཛེས་པ། ཚུལ་དུ་ཤིས་པ། ལྟ་ན་སྡུག་པ། ལུས་ལས་ཙན་དན་དང་ག་བུར་ལ་སོགས་པའི་དྲི་བཟང་གི་ངད་དང༌། ཁ་ནས་ཨུཏྤལའི་དྲི་ཞིམ་པོ་འབྱུང་བ། གང་དུ་གནས་པའི་གླིང་དེར་བཀྲེས་སྐོམ་དང་མྱ་ངན་སེལ་བ། ལུས་ལ་རེག་པ་ཙམ་གྱིས་བདེ་བའི་མཆོག་སྟེར་ཞིང་ལུས་ཀྱི་ནད་དང་ཉོན་མོངས་ཐམས་ཅད་ཞི་བར་བྱེད་པ། བུད་མེད་ཀྱི་སྐྱོན་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་དང་ལྡན་པ། གླིང་དེར་གནས་པའི་སྐྱེ་བོ་ཐམས་ཅད་ཀྱི་མ་ལྟ་བུ། ཡོན་ཏན་མང་པོ་དང་ལྡན་པ་ཞིག་གོ །

བློན་པོ་རིན་པོ་ཆེ་ནི། སྐྱེ་བོ་གཞན་ལ་མི་འཚེ་ཞིང་ཆོས་མ་ཡིན་པའི་སྤྱོད་པ་ཐམས་ཅད་རྣམ་པར་སྤངས་པ། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ལ་མཁས་ཤིང་སྐྱོ་ངལ་མེད་པ། འཁོར་ལོས་བསྒྱུར་རྒྱལ་གྱི་ཡིད་ལ་གང་བསམ་པ་ཐམས་ཅད་སྨྲ་མི་དགོས་པར་ཤེས་ནས་བསྒྲུབ་པར་བྱེད་པ། ལྷག་པར་དཔུང་ཚོགས་ཡན་ལག་བཞི་གང་དུ་འགྲོ་བ་དང་ལྡོག་པ་དང་གནས་པའི་བྱ་བ་ཐམས་ཅད་ལ་དབང་བསྒྱུར་ཞིང་མཁས་པ། མདོར་ན་རྒྱལ་པོའི་བྱ་བ་ཐམས་ཅད་བྱེད་པ་ཞིག་གོ །

གླང་པོ་རིན་པོ་ཆེ་ནི། ཡན་ལག་བདུན་དང་ལྡན་པ། མདོག་དཀར་བ། བོང་ཆེ་བ། གངས་རི་ཆེན་པོ་འགྲོ་བ་དང་འདྲ་བ། གླང་པོ་རང་བཞིན་པ་སྟོང་གི་སྟོབས་དང་ལྡན་པ། རྒྱལ་པོས་བསྒོ་བ་ན་ཉི་མ་གཅིག་ལ་འཛམ་གླིང་ལན་གསུམ་འཁོར་བ། ལུས་ལས་དྲི་ཞིམ་པོའི་ངད་འབྱུང་བ། ཅང་ཤེས་སྐུད་པ་ཙམ་གྱིས་ནི་བཀྲི་བར་ནུས་པ། འགྲོ་བའི་ཚེ་ཞོན་པ་པོའི་ལུས་མི་འཁྲུག་པ། སྲོག་ཆགས་གཞན་ལ་གནོད་པ་མི་བྱེད་པར་དལ་གྱི་འགྲོ་བ། ཕ་རོལ་གྱི་རྒོལ་བ་ཐམས་ཅད་ལས་རྒྱལ་བར་བྱེད་པ་ཞིག་གོ །

རྟ་རིན་པོ་ཆེ་ནི། མདོག་དཀར་བ། ལྷའི་ནོར་བུ་ལ་སོགས་པའི་རྒྱན་དུ་མ་དང་བཀྲ་ཤིས་པའི་རི་མོ་དུ་མས་བརྒྱན་པ། ཅང་ཤེས་ཞོན་པ་པོ་གནོད་པ་ཐམས་ཅད་ལས་བསྲུང་བ། ལུས་ལ་ནད་སོགས་སྐྱོན་མེད་ཅིང་ཉི་མ་གཅིག་ལ་འཛམ་གླིང་ལན་གསུམ་འཁོར་བ། ཞོན་པ་པོ་ལུས་མི་འཁྲུག་ཅིང་ཀུན་གྱིས་ཡིད་དུ་འོང་བ་ཞིག་གོ །

ཁྱིམ་བདག་རིན་པོ་ཆེ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་མཛོད་པ་སྟེ། གསེར་དང་དངུལ་དང་རྡོ་རྗེ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེའི་མཆོག་ཐམས་ཅད་ཀྱིས་རྒྱལ་པོའི་མཛོད་འགེངས་ཤིང༌། གཞན་ཡང་གླིང་དེའི་ས་ཕྱོགས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱིས་འགེངས་པ། འབྱོར་པ་ཤིན་ཏུ་རྒྱ་ཆེ་བ། ནམ་ཡང་མི་ཉམས་པར་བརྟན་པ། གཡོ་སྒྱུ་དང་བྲལ་ཞིང་སྐྱེ་བོ་གཞན་ལ་གནོད་འཚེ་མི་བྱེད་པ། གླིང་དེའི་སྐྱེ་བོ་ཐམས་ཅད་ཀྱིས་ཕ་ལྟ་བུར་འཛིན་ཅིང་མཐོང་བ་ཙམ་གྱིས་ཡིད་རབ་ཏུ་དགའ་བར་འགྱུར་བ་ཞིག་གོ །

ཉེ་བའི་རིན་ཆེན་བདུན་ནི། རལ་གྲི་ཉེ་བའི་རིན་པོ་ཆེ་དང༌། པགས་པ་ཉེ་བའི་རིན་པོ་ཆེ་དང༌། མལ་ཆ་ཉེ་བའི་རིན་པོ་ཆེ་དང༌། ཚལ་ཉེ་བའི་རིན་པོ་ཆེ་དང༌། ཁྱིམ་ཉེ་བའི་རིན་པོ་ཆེ་དང༌། གོས་ཉེ་བའི་རིན་པོ་ཆེ་དང༌། ལྷམ་ཉེ་བའི་རིན་པོ་ཆེ་རྣམས་སོ།།

དེ་ལ་རལ་གྲི་རིན་པོ་ཆེ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་ཕ་རོལ་གྱི་རྒོལ་བ་ཅི་བྱུང་ཡང་རལ་གྲི་དེ་བཏང་བ་ན་སེམས་ཅན་སུ་ལའང་གནོད་འཚེ་བྱ་མི་དགོས་པར་རལ་གྲི་དེ་མཐོང་བ་ཙམ་གྱིས་ཐམས་ཅད་དབང་དུ་འདུ་བ་ཞིག་གོ །

པགས་པ་རིན་པོ་ཆེ་ནི། རྒྱ་མཚོའི་ཀླུ་ཆེན་པོ་ཞིག་གིས་པགས་པ་སྟེ། ཞེང་དུ་དཔག་ཚད་ལྔ། ཆུར་དཔག་ཆད་བཅུ་ཡོད་པ། མེས་མི་ཚིག །ཆར་གྱིས་བརླན་མི་ནུས། གྲང་བའི་དུས་སུ་དྲོ་བར་བྱེད། ཚ་བའི་དུས་སུ་བསིལ་བར་བྱེད། དེ་ལུས་ལ་གོས་པ་ཙམ་གྱིས་བདེ་བ་མཆོག་དང་ལྡན་པ་དང༌། ཉི་ཟླའི་འོད་ལྟར་འོད་ཀྱིས་སྣང་བ་ཆེན་པོ་དང་ལྡན་པ་ཞིག་གོ །

མལ་ཆ་རིན་པོ་ཆེ་ནི། ཤིན་ཏུ་འཇམ་ཞིང་མནན་ན་ནེམ་བྱེད་པ། བཏེག་ན་ཕར་བྱེད་པ། མལ་ཆ་དེའི་སྟེང་དུ་བསམ་པ་ན་བསམ་གཏན་མྱུར་དུ་ཐོབ་ཅིང་བློ་གྲོས་ཤིན་ཏུ་གསལ་བར་བྱེད་པ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གང་བྱུང་ཡང་མལ་ཆ་དེའི་སྟེང་དུ་བསྡད་པ་ཙམ་གྱིས་ཉོན་མོངས་པ་ཞི་བར་བྱེད་པ་ཞིག་གོ །

ཚལ་རིན་པོ་ཆེ་ནི། འཁོར་ལོས་བསྒྱུར་རྒྱལ་ཚལ་དེར་ཕྱིན་པ་ན་ལྷའི་ལོངས་སྤྱོད་ཐམས་ཅད་ཚལ་དེར་འབྱུང་ཞིང༌། ལྷའི་བུ་མོ་མང་པོས་སིལ་སྙན་སྣ་ཚོགས་དཀྲོལ་བར་བྱེད་པ། ཚལ་དེར་དགེ་བའི་ལས་ཁོ་ན་ལ་སྤྱོད་པ་ཞིག་གོ །

ཁྱིམ་རིན་པོ་ཆེ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཁྱིམ་དེར་གནས་པ་ན། མཚན་མོའང་ཉིན་མོ་བཞིན་དུ་འོད་འཕྲོ་བ། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་བྱེད་པ། མྱ་ངན་དང་ཡིད་མི་བདེ་བ་སོགས་ཀྱིས་གནོད་པ་གང་ཡང་མེད་པ། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དང་ལྡན་པའི་གནས་ཁྱད་པར་དུ་འཕགས་པ་ཞིག་གོ །

ལྷམ་རིན་པོ་ཆེ་ནི། འཁོར་ལོས་བསྒྱུར་རྒྱལ་བསོད་ནམས་ལས་གྲུབ་པའི་རིན་པོ་ཆེའི་ལྷམ་ཞིག་སྟེ། དེ་རྐང་པ་ལ་གྱོན་ནས་ཆུའི་སྟེང་དུ་སོང་ཡང་མི་བྱིང་བ་དང༌། འགྲོ་བར་འདོད་ན་དཔག་ཚད་བརྒྱ་ཡང་མྱུར་དུ་འགྲོ་ནུས་ཤིང༌། དེའི་ཚེ་ལུས་ལ་ངལ་བ་གང་ཡང་མི་འབྱུང་བའོ། །

དེ་ལྟ་བུའི་རིན་པོ་ཆེ་རྣམས་མཎྜལ་སྟེང་དུ་གསལ་བཏབ་ནས་བླ་མ་ལྷ་ཚོགས་ལ་འབུལ་བ་སྟེ། ཚོགས་རླབས་པོ་ཆེ་རྫོགས་པའི་ཐབས་ཁྱད་པར་ཅན་ནོ། །

༈ མཎྜལ་ལ། ཕྱིའི་མཎྜལ། ནང་གི་མཎྜལ། གསང་བའི་དང་དེ་ཁོ་ན་ཉིད་ཀྱི་མཎྜལ་དང་གསུམ་དུ་ཡོད་པ་ལས། དེ་ནི་ཕྱིའི་མཎྜལ་འབུལ་ཚུལ་ཡིན་ལ།

ནང་གི་མཎྜལ་འབུལ་ཚུལ་ནི། རང་གི་ལུས་ཀྱི་ཆ་ཤས་རྣམས་གླིང་བཞི་རི་རབ་ལ་སོགས་པ་མཎྜལ་གྱི་ཚོམ་བུ་དེ་དང་དེར་གྱུར་པར་མོས་ནས་འབུལ་བ་སྟེ། རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཉིད་ཀྱིས། །པགས་པ་རབ་མཛེས་གསེར་གྱི་ས་གཞིའི་སྟེང༌། ཁྲག་ཆེན་བདུད་རྩིའི་ཆུ་ཡིས་ཆག་ཆག་བཏབ། །ཤ་ཁྲག་མེ་ཏོག་ཕང་ཕུང་ཚོམ་བུར་གྱུར། །ཡན་ལག་རྣམས་ལས་གླིང་ཆེན་བཞི་དང་ནི། །ཉིང་ལག་གླིང་ཕྲན་བརྒྱད་དུ་གྱུར་བའི་དབུས། ཁོག་པ་རིན་ཆེན་རྡུལ་མང་བརྩེགས་པའི་རྩེར། །མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་མཛེས། །མིག་གཉིས་མུན་སེལ་ཉི་མ་ཟླ་བ་དང༌། །སྙིང་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེ། །དབང་པོ་ནང་ཁྲོལ་ཡོངས་སུ་གྱུར་པ་ལས། །ལྷ་མིའི་འདོད་ཡོན་དཔལ་འབྱོར་ཕུན་སུམ་ཚོགས། །འདོད་དགུའི་རྒྱ་མཚོ་མཎྜལ་བཟང་པོ་འདི། །རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། །བསྟན་སྲུང་རྒྱ་མཚོར་བཅས་ལ་ལེགས་འབུལ་ན། །ཐུགས་རྗེས་བཞེས་ནས་བྱིན་རླབས་དངོས་གྲུབ་སྩོལ། །ཅེས་གསུངས་པ་ལྟ་བུའོ། །

གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཎྜལ་ནི། །རང་འདོད་ལྷ་ཡབ་ཡུམ་དུ་གསལ་བས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པའམ། དེ་ལྟར་མི་ནུས་ཀྱང་བསྐྱེད་པར་མོས་ནས་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་རྣམ་པ་གླིང་བཞི་རི་རབ་སོགས་མཆོད་རྫས་དེ་དང་དེར་ཤར་བར་མོས་ནས་འབུལ་བའོ། །དེ་ལྟར་མཎྜལ་འབུལ་བ་ནི་ཚོགས་རྫོགས་པའི་ཐབས་སུ་ཤིན་ཏུ་བསྔགས་ཏེ། གསང་བ་འདུས་པའི་རྩ་རྒྱུད་ལེའུ་བརྒྱད་པ་ལས། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གི་ཡོངས་བཀང་ལ། །དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་ཕྱག་རྒྱ་ཆེན་པོ་མཆོག་གིས་དངོས་གྲུབ་ཐོབ་པར་འདོད་པས་སྟོང་གསུམ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་ཡང་ཡང་འབུལ་དགོས་པར་གསུངས་པ་དང༌། རྒྱུད་དོན་བསྡུས་པ་ལྔ་བཅུ་པ་ལས། དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །སྟོན་པ་བླ་མ་བསྙེན་བཀུར་ཞིང༌། །ཞབས་ལ་སྤྱི་བོས་ཕྱག་བྱའོ། །ཞེས་ཉིན་རེ་བཞིན་བླ་མ་དང་ལྷ་ལ་ཕྱག་བྱ་བ་དང༌། མཎྜལ་འབུལ་བ་སྔགས་ཀྱི་དམ་ཚིག་ཏུ་ཡང་གསུངས་པས་ཤིན་ཏུ་གལ་ཆེའོ། །

དོན་འདི་ལ་དགོངས་ནས་བླ་མ་གོང་མ་རྣམས་ཀྱིས་ཟབ་ཁྲིད་ཀྱི་སྔོན་འགྲོར་མཎྜལ་གྱི་ཁྲིད་ཟུར་དུ་མཛད་པ་ཡིན་ཞིང༌། དགའ་ལྡན་ཕྱག་རྒྱ་ཆེན་པོའི་སྔོན་འགྲོ་ཁྲིད་ཆེན་བཞིའི་ནང་ནས་ཚོགས་གསོག་པ་མཎྜལ་གྱི་ཁྲིད་ཀྱང་དེ་ཉིད་ཡིན་ནོ། །

ལྔ་པ་སྒྲུབ་པའི་མཆོད་པ་འབུལ་བ་ནི།

དངོས་བཤམས་ཡིད་སྤྲུལ་ཡིད་བཞིན་རྒྱ་མཚོའི་ངོགས། །

སྲིད་ཞིའི་རྣམ་དཀར་ལས་འོངས་མཆོད་རྫས་ཀྱི། །

འདབ་སྟོང་རྒྱས་པས་ཀུན་ཀྱིས་ཡིད་འཕྲོག་ཅིང༌། །

འཇིག་རྟེན་འཇིག་རྟེན་ལས་འདས་རང་གཞན་གྱིས། །

སྒོ་གསུམ་དགེ་བའྀ་མེ་ཏོག་ཅི་ཡང་བཀྲ །

ཀུན་བཟང་མཆོད་པའི་དྲི་བསུང་འབུམ་འཕྲོ་ཞིང༌། །

བསླབ་གསུམ་རིམ་གཉིས་ལམ་ལྔའི་འབྲས་ལྡན་པའི། །

དགའ་ཚལ་རྗེ་བཙུན་བླ་མ་མཉེས་ཕྱིར་འབུལ། །

ཞེས་གསུངས་ཏེ། རང་གིས་སྔར་བསགས་པ་དང༌། མ་འོངས་པ་ན་གསོག་པར་འགྱུར་བའི་དགེ་ཚོགས་ཅི་ཡོད་པ་ཐམས་ཅད་དགའ་ཚལ་གྱི་གཟུགས་སུ་བཀོད་ནས་སྒྲུབ་པའི་མཆོད་བར་འབུལ་བའོ། །

དེ་ཡང་ད་ལྟ་རང་ལ་དངོས་སུ་ཡོད་པའི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་རྣམས་དང༌། ད་ལྟ་རྒྱུད་ལ་མེད་ཀྱང་མ་འོངས་པ་ན་རང་གི་རྒྱུད་ལ་འབྱུང་འགྱུར་གྱི་ལམ་ཐུན་མོང་བ་དང་ཐུན་མོང་མིན་པ་བསྐྱེད་རྫོགས་ཀྱི་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་དམིགས་ཡུལ་དུ་བཟུང་སྟེ་གཟུགས་སུ་བཀོད་ནས་འབུལ། འདི་ལ་རྟེན་འབྲེལ་གནད་ཁྱད་པར་ཅན་ཞིག་ཡོད་གསུང༌། རང་གི་དགེ་རྩ་འབུལ་བ་ཙམ་དུ་མ་ཟད། སྐྱེ་འཕགས་ཐམས་ཅད་ཀྱི་དགེ་བ་རྣམས་ཀྱང་བློས་བསླངས་ཤིང་གཟུགས་སུ་བཀོད་ནས་འབུལ། དེ་ནི་ཐེག་པ་ཆེན་པོའི་ཐབས་མཁས་ཀྱི་འཕྲུལ་ཤིན་ཏུ་ཆེ་བ་ཞིག་ཡིན་ཏེ། གསལ་རྒྱལ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ནི་བྱ་བ་མང་བྱེད་པ་མང་སྟེ། ཉིན་མཚན་དུ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསླབ་པར་མི་ནུས་ཀྱི། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང༌། དད་པ་དང༌། དོན་དུ་གཉེར་པ་དང༌། སྨོན་པ་འགྲོ་ཡང་རུང༌། འགྲེང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང༌། ཟ་ཡང་རུང༌། འཐུང་ཡང་རུང༌། རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་བཟུང་སྟེ་སྒོམས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། སོ་སོའི་སྐྱེ་བོ་ཐམས་ཅད་དང༌། བདག་གིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཤིང་གཞལ་ཏེ་རྩིས་ལ་རྗེས་སུ་ཡི་རངས་བར་གྱིས་ཞིག །རྗེས་སུ་ཡི་རང་བའི་མཆོག་དང༌། ནམ་མཁའ་དང་འདྲ་བ་དང༌། མྱ་ངན་ལས་འདས་པ་དང་མཚུངས་པར་རྗེས་སུ་ཡི་རངས་བར་གྱིས་ཤིག །རྗེས་སུ་ཡི་རངས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱ་བར་ཕུལ་ཞིག །ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་བར་དུ་ཐོབ་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་བཞུགས་ན་རྒྱལ་པོ་ཡང་བྱེད་ལ། རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས། ལན་དུ་མར་ལྷའི་ནང་དུ་སྐྱེས། ལན་དུ་མར་མིའི་ནང་དུ་སྐྱེས་ཏེ་ལྷ་དང་མིར་སྐྱེས་པ་ན་དབང་པོ་བྱེད་པར་གྱུར་ཀྱང༌། ད་དུང་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ལ་བྲི་བའམ་གང་བར་མི་མངོན་ནོ། །འོན་ཀྱང་རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་གཅིག་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བར་དམིགས་པ་དང༌། སེམས་ཅན་ཐམས་ཅད་དགྲོལ་བར་དམིགས་པ་དང༌། སེམས་ཅན་ཐམས་ཅད་དབུགས་དབྱུང་བར་དམིགས་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་བཟླ་བར་དམིགས་པའི་ཕྱིར་དགེ་བའི་རྩ་བ་གྲངས་མེད་པ་གསོག་པར་འགྱུར་ན་གང་དེ་ལྟར་མང་དུ་བྱེད་པ་ལྟ་ཅི་སྨོས།ཞེས་གསུངས་པ་ལྟར་རོ། །

དེ་ལྟར་རང་གཞན་གྱི་དགེ་རྩ་རྣམས་གཟུགས་སུ་བཀོད་ནས་བླ་མ་ལྷ་ཚོགས་ལ་ཕུལ་བས། བླ་མ་ལྷ་ཚོགས་རྣམས་ཀྱིས་ཐུགས་རྒྱུད་ལ་བླ་ན་མེད་པའི་བདེ་བ་ཁྱད་པར་ཅན་ཚད་མེད་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་དག་འཁྲུངས་པའི་མོས་པ་བྱེད། དེ་ཡང་སངས་རྒྱས་རྣམས་སྤང་རྟོགས་མཐར་ཕྱིན་ཅིང་ཡོན་ཏན་ཐམས་ཅད་རྫོགས་པ་མཐར་ཐུག་པ་ཡིན་པས། ཡོན་ཏན་གསར་དུ་ཐོབ་དགོས་གང་ཡང་མེད་ཀྱང༌། སྒྲུབ་པ་པོ་རང་ཉིད་ཚོགས་རྫོགས་པའི་ཕྱིར་སྔར་མེད་པའི་བདེ་བ་ཆེན་པོ་ཚད་མེད་པ་དག་ཐུགས་རྒྱུད་ལ་འཁྲུངས་ནས་ཐུགས་ཤིན་ཏུ་མཉེས་པར་བསམ་སྟེ་མོས་བློ་སྦྱོང་བ་ཡིན་ནོ། །

དེ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལས་བསྔགས་ཏེ། ཕལ་པོ་ཆེའི་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ལས། སྤྱིར་དུས་གསུམ་གྱི་དགེ་བ་ཐམས་ཅད་དང༌། ལྷག་པར་རང་གི་དབང་པོ་དྲུག་ལ་གང་སྣང་ཐམས་ཅད་མཆོད་རྫས་སུ་དམིགས་ཏེ་སངས་རྒྱས་རྣམས་ལ་འབུལ་བའི་ཚུལ་རྒྱ་ཆེར་བཤད་ནས། དེ་ཕུལ་བས་སངས་རྒྱས་རྣམས་མཉཻས་པར་བསམ་ཚུལ་ནི། དེ་ཉིད་ལས་ཡོངས་སུ་བསྔོ་བ་འདིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་བས་ཀྱང་སངས་རྒྱས་ཀྱི་གནས་པའི་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་བདེ་བ་མཚུངས་པ་མེད་པས་ལེགས་པར་ཟིན་པར་གྱུར་ཅིག །སངས་རྒྱས་ཀྱི་བདེ་བ་མཐའ་ཡས་པར་ཤིན་ཏུ་བརྟན་པར་གྱུར་ཅིག །སངས་རྒྱས་ཀྱི་རྣམ་པར་ཐར་པའི་བདེ་བ་ཚད་མེད་པ་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་ཆོ་འཕྲུལ་གྱི་བདེ་བ་དཔག་ཏུ་མེད་པས་ལེགས་པར་ཟིན་པར་གྱུར་ཅིག །སངས་རྒྱས་ཀྱི་གནས་པ་ཆགས་པ་མེད་པའི་བདེ་བ་བསམ་གྱིས་མི་ཁྱབ་པས་ལེགས་པར་ཟིན་པར་གྱུར་ཅིག །སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕུལ་དུ་བྱུང་བའི་བདེ་བ་རྙེད་པར་དཀའ་བ་རྒྱུན་མི་ཆད་པར་གྱུར་ཅིག །སངས་རྒྱས་སྟོབས་ཀྱི་བདེ་བ་དཔག་ཏུ་མེད་པས་ཤིན་ཏུ་བདེ་བར་གྱུར་ཅིག །ཚོར་བ་ཐམས་ཅད་ཞི་ཞིང་མི་སྐྱེ་བའི་བདེ་བས་འགྱུར་བ་མེད་པར་བདེ་བར་གྱུར་ཅིག །དེ་བཞིན་གཤེགས་པའི་ཆགས་པ་མེད་པར་གནས་པ་རྟག་ཏུ་མཉམ་པར་བཞག་པ་གཉིས་སུ་ཀུན་ཏུ་མི་སྤྱོད་པས་རྣམ་པར་མི་འཁྲུག་པར་བདེ་བར་གྱུར་ཅིག །བྱང་ཆུབ་སེམས་དཔས་དེ་ལྟར་དགེ་བའི་རྩ་བ་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་བསྔོའོ། །ཞེས་གསུངས།

དེ་བཞིན་དུ་རང་གི་དགེ་རྩ་རྣམས་བྱང་སེམས་རྣམས་ལ་ཕུལ་བས་དེ་དག་གི་ཐུགས་རྒྱུད་ལ་བདེ་བ་ཚད་མེད་པ་སྐྱེས་ཤིང་ས་ལམ་མྱུར་དུ་རྫོགས་པའི་རྐྱེན་བྱེད་པར་མོས་པ་བྱ་བ་དང༌། དེ་བཞིན་དུ་ཉན་ཐོས་རྣམས་ལ་ཕུལ་བས་དེ་དག་གི་ཐུགས་རྒྱུད་ལ་བདེ་བ་བསྐྱེད་ཅིང་སོ་སོའི་གནས་ངན་ལེན་ཕྲ་མོ་རྣམས་ཀྱང་དག་ནས་ཐེག་པ་ཆེན་པོར་ཞུགས་ཏེ་ས་ལམ་མྱུར་དུ་རྫོགས་པའི་རྐྱེན་བྱེད་པར་མོས་པ་བྱ་བ་སོགས་རྒྱ་ཆེར་གསུངས་ཏེ། འདིར་ཐམས་ཅད་བྲིར་མི་ནུས་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མདོ་སྡེ་རིན་པོ་ཆེ་ཉིད་ལས་ཤེས་པར་བྱའོ། །

གཞན་ཡང་སྒྲུབ་པའི་མཆོད་པ་འབུལ་ཚུལ་ཤིན་ཏུ་གོ་སླ་ཞིང་རྣམ་པ་གསལ་བར་སྟོན་པ། ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང༌། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང༌། ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང་བྱས་པས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་དབུས་ཆུ་སྐྱེས་ཐིག་ལེ་འདབ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བྱེད་ཅིང༌། ངེས་པར་འདུན་པའི་ཡིད་ཀྱིས་གསོལ་འདེབས་ན། འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །ཆོས་ཀྱི་རྒྱལ་པོ་རྟག་ཏུ་མཉེས་གྱུར་ཅིག །ཅེས་དང༌། རྣམ་དག་ཁྲིམས་ཀྱིས་ཆུ་གཏེར་ཆེན་པོའི་དབུས། །རྒྱ་ཆེན་གཞུང་ལུགས་མང་ཐོས་རྩ་བ་ལས། །དྲི་མེད་རིགས་པའི་ཡལ་ག་འབུམ་ཕྲག་རྒྱས། གཞན་དྲིང་མི་འཇོག་ངེས་ཤེས་མེ་ཏོག་བཀྲ །ལམ་གཙོ་གསུམ་གྱིས་ཟེའུ་འབྲུའི་ཟིལ་མངར་ཚོགས། །ས་གསེར་ཟླ་བ་མེ་སོགས་ས་ལམ་གྱི། །འབྲས་བུས་རབ་མཛེས་དཔག་བསམ་དགའ་ཚལ་འདི། །དྲིན་ཅན་བླ་མ་མཆོག་རྣམས་མཉེས་ཕྱྀར་འབུལ། །རབ་བསིལ་སྤོང་བདུན་མཆོད་ཡོན་རྒྱ་མཚོར་འཁྱིལ། དད་པའི་མེ་ཏོག་ཚུལ་ཁྲིམས་དྲི་ཞིམ་སྤོས། །ཐོས་པའི་སྒྲོན་མེ་གཏོང་བའི་དྲི་ཆབ་དང༌། །ཤིན་སྦྱངས་ལྡན་པ་ཏིང་འཛིན་བདུད་རྩིའི་ཟས། །ཤེས་རབ་གསུམ་གྱིས་རོལ་མོ་སྣ་ཚོགས་འཁྲོལ། །ངོ་ཚ་ཁྲེལ་ཡོད་འདོད་ཡོན་སྣ་ཚོགས་བཅས། །མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདི། །རྩ་བརྒྱུད་བླ་མའི་ཚོགས་རྣམས་མཉེས་ཕྱིར་འབུལ། །ཞེས་བརྗོད་ཅིང་རང་གི་བསླབ་པ་གསུམ་དང་ཐོས་བསམ་སྒོམ་གསུམ་སོགས་ཡོན་ཏན་རྣམས་གཟུགས་སུ་བཀོད་ནས་བླ་མ་ལྷ་ཚོགས་ལ་མཆོད་པ་ཕུལ་ན་ཤིན་ཏུ་ཁྱད་ཆེའོ། །དེ་ཡང་ཚིག་དེ་དག་མི་བརྗོད་ཀྱང་དངོས་བཤམས་ཡིད་སྤྲུལ་ཡིད་བཞིན་རྒྱ་མཚོའི་ངོགས། ཞེས་སོགས་བརྗོད་པའི་ཚེ་དོན་དེ་དག་གསལ་བཏབ་ནས་འབུལ་བའི་དམིགས་པ་བྱའོ། །

 

ནང་གསང་དབང་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་བཤད་པ།

 

གཉིས་པ་ནང་གསང་དབང་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་ནི། །

གུར་གུམ་མདངས་ལྡན་བཟང་པོའི་དྲི་ངད་ཅན། །

རོ་བརྒྱའི་དཔལ་འཛིན་རྒྱ་ཇའི་བཏུང་བ་དང༌། །

ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ་ལ་སོགས། །

སྦྱང་རྟོགས་སྤར་བའི་བདུད་རྩི་རྒྱ་མཚོས་མཆོད།

ཅེས་གསུངས་ཏེ། དེ་ལ་རྒྱ་ཇའི་བཏུང་བའི་མཆོད་པ་ནི། ཕྱིའི་མཆོད་པའི་ཁོངས་སུ་བསྡུས་ནས་འཁྲིད་པར་མཛད་སྲོལ་ཡོད་ཅིང༌། ནང་མཆོད་ཀྱི་ཁོངས་སུ་བསྡུས་ནའང་འགལ་བ་མེད་དམ་སྙམ་སྟེ། ནང་མཆོད་སྒྲུབ་གཞི་རྒྱ་ཇའི་ཁུ་བ་ལ་བྱར་རུང་ཞིང༌། དགའ་ལྡན་བཀའ་རྒྱུད་རིན་པོ་ཆེ་འདིའི་བཀའ་སྲོལ་འཛིན་པའི་དམ་པ་གོང་མ་བསྟན་པའི་རྩ་བ་སོ་སོར་ཐར་པ་ལ་གཅེས་སྤྲས་ཤིན་ཏུ་ཆེ་བ་མང་པོས་ནང་མཆོད་ཀྱི་སྒྲུབ་གཞི་རྒྱ་ཇའི་ཁུ་བ་ལ་མཛད་པར་ཡང་སྣང་ངོ༌། །ཇི་ལྟར་ཡང་རྒྱ་ཇའི་བཏུང་བ་ནི་དྲང་སྲོང་གི་བཏུང་བའི་གྲངས་སུ་གཏོགས་པ་ཡིན་ཞིང༌། དྲང་སྲོང་གི་བཏུང་བ་བརྒྱད་འདུལ་བ་ལུང་ལས་གསུངས་ཏེ། ཙོ་ཚ་དང༌། ཆུ་ཤིང་གི་འབྲས་བུ་དང༌། རྒྱ་ཤུག་དང༌། ཨ་ཤྭ་ཏྠཿདང༌། ཨུ་དུམྦར་དང༌། རྩུབ་འགྱུར་དང༌། རྒུན་ཆུ་དང༌། འབྲ་གོའི་བཏུང་བ་རྣམས་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བསྔགས་ཤིང༌། ཐུབ་པས་གནང་བའི་ཐུན་ཚོད་དུ་རུང་བའི་བཏུང་བར་གསུང༌། རྒྱ་ཇའི་བཏུང་བ་འདི་ཡང་དྲང་སྲོང་རྣམས་ཀྱིས་བསྔགས་པའི་བཏུང་བ་དེ་དག་དང་ཆ་མཐུན་པར་ལོ་མའི་བཅུད་ལེན་གྱི་ཁུ་བ་ཡིན་ཞིང༌། འདིས་ནི། བློ་གསལ་བ་དང༌། སྨྲ་ལྕེ་བདེ་བ་དང༌། འགྲོ་ན་འགྱོགས་པ་དང༌། དགེ་སྦྱོར་ལ་འཇུག་པ་ན་རིག་པ་དྭངས་པ་སོགས་སྔོན་གྱི་དམ་པ་མང་པོས་ཡོན་ཏན་མང་པོ་བསྔགས་ཞིང༌། ལྷག་པར་དཔལ་ལྡན་ཨ་ཏི་ཤས་ཕྱི་དྲོ་ཐུན་ཚོད་དུ་འཐུང་དུ་རུང་བའི་རྒྱ་ཇའི་བཏུང་བ་འདི་ལྟ་བུ་བོད་ན་ཡོད་པ། བོད་ཀྱི་རབ་བྱུང་བ་རྣམས་བསོད་ནམས་རེ་ཆེ་ཞེས་མཉེས་མཉེས་མཛད་སྐད། རྒྱ་ཇའི་མཆོད་པ་འབུལ་བའི་ཚུལ་ནི་ཡོངས་གྲགས་ལྟར་རམ། གདམས་ངག་འདི་དང་མཐུན་པར་སྔགས་ཀྱི་གསང་བ་དང་འབྲེལ་བའི་འབུལ་ཚུལ་ནི། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས། ཨོཾ་ཨཱཿཧཱུཾ། བདེ་ཆེན་ཀུན་བཟང་ཇ་མཆོད་རྒྱ་མཚོ་འདི། །རྗེ་བཙུན་རྩ་བའི་བླ་མ་མཉེས་ཕྱིར་འབུལ། །ལྷུན་གྲུབ་བདེ་ཆེན་རྒྱས་པའི་ངང་ཉིད་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་སོགས་གསུངས་པ་ལྟར། བྱིན་གྱིས་བརླབས་ཏེ་འབུལ་བའི་དམིགས་པ་བྱའོ། །

ནང་མཆོད་འབུལ་ཚུལ་ནི། ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་ནང་མཆོད་ཀྱི་རྫས་རྣམས་བསང་སྦྱང་བསྐྱེད་ཅིང་སྦྱངས་རྟོགས་སྦར་གསུམ་གྱིས་བྱིན་གྱིས་བརླབས། སྙིང་ག་ནས་ལྷ་མོ་རོ་རྡོ་རྗེ་མ་གྲངས་མེད་སྤྲོས་ཏེ། ཐོད་པས་བདུད་རྩིའི་རྒྱ་མཚོ་ནས་བཅུས་ཏེ་བླ་མ་ལྷ་ཚོགས་རྣམས་ལ་ཕུལ་བས་ཐུགས་རྒྱུད་ལ་ཟག་མེད་བདེ་བ་ཁྱད་པར་ཅན་བསྐྱེད་པའི་མོས་པ་བྱའོ། །

ཤ་ལྔ་ལ་ལྕགས་ཀྱུ་ལྔ་དང༌། བདུད་རྩི་ལྔ་ལ་སྒྲོན་མ་ལྔ་ཞེས་བརྗོད་པ་ཡིན་ཞིང༌། དེ་ལྟར་བརྗོད་པའི་རྒྱུ་མཚན་ཡང་ཤ་ལྔ་དང་བདུད་རྩི་ལྔ་པོ་དེ་དག་སྦྱངས་རྟོགས་སྦར་གསུམ་བྱས་ཏེ་བླ་མ་ལྷ་ཚོགས་རྣམས་ལ་འབུལ་བ་དང༌། རང་གིས་ལོངས་སྤྱད་པས་དངོས་གྲུབ་ཐམས་ཅད་མྱུར་དུ་འགུགས་པ་དང༌། དངོས་གྲུབ་ཐམས་ཅད་གསལ་བར་བྱེད་པའི་དོན་ནོ། །

དེ་ཡང་གསང་རྫས་ཁྱད་པར་ཅན་འདི་དག་སྔགས་ཀྱི་བྱིན་རླབས་ཀྱི་སྒོ་ནས་ལོངས་སྤྱད་ན། རང་གི་རྡོ་རྗེའི་ལུས་རྟེན་འདི་ཉིད་འཕེལ་ཞིང་རྒྱས་པ་དང་ཡུན་རིང་དུ་གནས་པ་དང༌། རྫས་ཁྱད་པར་ཅན་དེ་དག་གིས་རྩ་རླུང་ཐིག་ལེ་རྣམས་བྱིན་གྱིས་བརླབས་པས་ལས་རུང་དུ་སོང་སྟེ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མཐུས་རྫོགས་རིམ་ཟབ་མོའི་རྟོགས་པ་མཆོག་རྣམས་ཚེ་འདིར་འཐོབ་པའི་རྒྱུ་བྱེད་པས་ཤ་ལྔ་ལ་ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ་ལ་སྒྲོན་མ་ལྔ་ཞེས་བསྔགས་པ་ཡིན་ནོ། །ལྕགས་ཀྱུ་དང་སྒྲོན་མའི་དོན་དེ་ལྟར་ཤ་ལྔ་དང་བདུད་རྩི་ལྔ་གཉིས་ཀ་ལ་འཇུག་ཅིང་ཐ་སྙད་དེ་ལྟར་བདེ་མཆོག་གི་བཤད་རྒྱུད་སྡོམ་འབྱུང་ལས། ཤ་དང་ཚིལ་དང་དེ་བཞིན་ཁྲག །མཁས་པ་ཡིས་ནི་བཟུང་བར་བྱ། །སྒྲུབ་པོ་དངོས་གྲུབ་འདོད་པ་ཡིས། །ལྕགས་ཀྱུ་ལྔ་ནི་ཇི་སྙེད་པའམ། །འདིར་ནི་གསད་པ་གཙོར་བཤད་པས། ཇི་སྟེ་ཡང་དག་རྙེད་ན་གཟུང༌། །བ་གླང་ཤ་དང་རྟ་ཤ་དང༌། །གླང་པོའི་ཤ་ཡང་དེ་བཞིན་ཏེ། མི་ཡི་ཤ་དང་ཁྱི་ཡི་ཤ །མཁས་པ་ཡིས་ནི་གཟུང་བར་བྱ། རྡོ་རྗེ་སེམས་དཔས་གང་གསུངས་པའི། །སྒྲོན་མ་ལྔ་ཞེས་གྲགས་པའོ། །ཞེས་རྫས་རྣམས་ཀྱི་ངོས་འཛིན་དང༌། དེ་དག་ལ་ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ་ཞེས་གསལ་བར་གསུངས།

སློབ་དཔོན་ཨ་བྷྱ་ཡ་ཀ་རའི་མན་ངག་སྙེ་མ་ལས་ཀྱང༌། འདི་རྣམས་ལྕགས་ཀྱུ་བཞིན་དུ་མངོན་པར་འདོད་པའི་དོན་ཉེ་བར་བྱེད་པའི་ཕྱིར་ལྕགས་ཀྱུ་རྣམས་སོ། །ཡེ་ཤེས་ལྔ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་སོགས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་དོན་ཆེན་པོ་བྱ་བར་ནུས་པའི་ཕྱིར་ཡེ་ཤེས་ཆེན་པོའོ། །རྣམ་པ་དེ་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ལྔ་ཉིད་དུ་མོས་པ་རྣམས་ནི་སྒྲོན་མ་ལྔ་རྣམས་དང་ལྕགས་ཀྱུ་ལྔ་རྣམས་སོ། །ཞེས་རྫས་དེ་དག་ཡེ་ཤེས་ལྔའི་བདག་ཉིད་དང༌། དེ་དག་ལ་ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ་ཞེས་གསལ་བར་གསུངས་སོ། །

ནང་མཆོད་ཀྱི་རྫས་ཤ་ལྔ་དང་བདུད་རྩི་ལྔ་པོ་དེ་དག་དངོས་སུ་ཚང་བར་མ་འབྱོར་ནའང་འདུས་པའི་རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས་གསལ་བར་གསུངས་པ་ལྟར། བདུད་རྩི་རིལ་བུ་ཚུལ་བཞིན་དུ་བསྒྲུབས་ནས་རིལ་བུ་དེ་ནས་ནང་མཆོད་ཀྱི་སྒྲུབ་གཞི་ཆང་ལ་སོགས་པར་བཏབ་པས་ཀྱང་ཤིན་ཏུ་རུང་ཞིང་དེ་ཡང་མ་འབྱོར་ན་སྒྲུབ་གཞི་ཆང་ཙམ་མམ། དེ་ཡང་དགག་དགོས་ཀྱི་དབང་གིས་སྟབས་མ་བདེ་ན་རྒྱ་ཇའི་ཁུ་བའམ་ཐ་ན་ཆུ་ཙམ་གྱིས་ཀྱང་རུང་བ་མན་ངག་སྙེ་མ་ལས་གསུངས་ཤིང༌། སྒྲུབ་གཞི་གང་ཡིན་ཡང་དེ་ཉིད་ཤ་ལྔ་དང་བདུད་རྩི་ལྔར་མོས་པ་བྱས་ནས་སྒྲུབ་རུང་བར་འདུས་པའི་རྩ་རྒྱུད་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང༌། །ཐམས་ཅད་བསམ་པས་རྣམ་པར་བརྟག །ཅེས་གསལ་བར་གསུངས་སོ། །དེ་ལྟར་ནང་མཆོད་ཚུལ་བཞིན་དུ་བསྒྲུབས་ནས་བླ་མ་ལྷ་ཚོགས་ལ་འབུལ་བ་ནི་ཤིན་ཏུ་བསྔགས་ཏེ། འདུས་པའི་རྩ་རྒྱུད་ལེའུ་བཞི་པ་ལས། བཤང་གཅི་ཁུ་བ་ཁྲག་ལ་སོགས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ལྟར་བྱས་ན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས། །ཞེས་དང༌། རྩ་རྒྱུད་ལེའུ་བརྒྱད་པར་བླ་མ་མཆོད་པའི་སྐབས་སུ་ཡང༌། །བདག་པོའི་ཕྱག་རྒྱར་མཉམ་བཞག་ནས། །སངས་རྒྱས་དཀྱིལ་འཁོར་དབུས་དག་ཏུ། །འདོད་ཆགས་བློ་ཅན་སངས་རྒྱས་ལ། །རེག་པའི་སྦྱོར་བ་དབུལ་བར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དཀྱིལ་འཁོར་བཀོད་པ་བསྒོམ་པར་བྱ། །དེ་བཞིན་གཤེགས་པ་བདག་གིས་ལུས། །བླ་མ་བཤང་དང་གཅི་བས་མཆོད། །ཅེས་བླ་མ་ལ་ནང་མཆོད་དང་གསང་མཆོད་གཉིས་འབུལ་བ་གསལ་བར་གསུངས། ཇི་ལྟར་འབུལ་བའི་ཚིགས་བཅད་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། གསུངས་པ་གསང་འདུས་དཀྱིལ་ཆོག་ཏུ། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་བྱེད་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ཅེས་གསུངས་པའི་དོན་གདམས་ངག་འདིར་བཀོད་པའོ། །

རིམ་གཉིས་ཀྱི་ཁྲིད་བྱ་བའི་སྐབས་དང༌། དུས་ཁྱད་པར་ཅན་སོགས་ལ་ཚོགས་མཆོད་བྱེད་པའི་ཚེ་ན་ནང་མཆོད་འབུལ་བའི་མཚམས་འདིར་མཛད་ལ། རྒྱ་གར་གྲུབ་ཆེན་མང་པོའི་དཀྱིལ་ཆོག་རྣམས་སུ་ཡང་ཚོགས་མཆོད་བྱ་བའི་ཚུལ་མང་དུ་གསུངས། ཚོགས་ཀྱི་མཆོད་པ་ནི་དམ་ཚིག་ཉམས་ཆགས་སྐོང་བ་དང༌། དཔའ་བོ་མཁའ་འགྲོ་རྣམས་མཉེས་པར་བྱ་བ་དང༌། བླ་མ་ལྷ་ཚོགས་ཀྱི་བྱིན་རླབས་མྱུར་དུ་འཇུག་པའི་ཕྱིར་དང་ལམ་གོང་མའི་རྟོགས་པ་མྱུར་དུ་བསྐྱེད་པའི་ཕྱིར་བྱ་བ་ཡིན་པས་ཚོགས་འཁོར་ཡང་ཡང་བྱེད་དགོས་པར་རྒྱུད་དང་གྲུབ་ཆེན་གྱི་གཞུང་མང་པོ་ལས་གསུངས་ཤིང༌། ལྷག་པར་འདུས་པའི་ལེའུ་བཅུ་དྲུག་པ་ལས་ཚོགས་འཁོར་བྱ་ཚུལ་དང༌། ཚོགས་འཁོར་ཚུལ་བཞིན་དུ་བྱས་ན་དངོས་གྲུབ་མྱུར་དུ་འཐོབ་པར་གསུངས། དེའི་དོན་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཚོགས་འཁོར་བྱ་ཚུལ་རྒྱས་པར་གསུངས་ལ། ཚོགས་འཁོར་བྱ་བའི་ཚུལ་ལ་ཚོགས་རྫས་ཇི་ལྟ་བུ་ཞིག་དགོས་པ་དང༌། ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དང༌། ལས་ཀྱི་རྡོ་རྗེ་དང༌། ཚོགས་པ་རྣམས་སོ་སོར་མཚན་ཉིད་ཇི་ལྟ་བུ་དགོས་པ་དང༌། བྱ་བའི་དུས་དང༌། ཇི་ལྟར་བྱེད་པའི་ཆོ་ག་ལ་སོགས་པ་རྒྱས་པར་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང༌། བདེ་མཆོག་བཤད་རྒྱུད་སྡོམ་འབྱུང་དང༌། མཁའ་འགྲོ་རྒྱ་མཚོ་སོགས་ལས་འབྱུང་ཞིང༌། ལྷག་པར་མཁའ་འགྲོ་རྒྱ་མཚོ་ལས་རབ་ཏུ་ཉི་མ་རེ་རེར་ཚོགས་འཁོར་བྱ་བ་དང༌། དེ་མ་ཐུབ་ན་ཟླ་བ་རེའི་ནང་དུ་བྱ་བ་དང༌། མ་མཐའ་ལོ་རེའི་ནང་དུ་ཚོགས་འཁོར་རེ་བྱེད་དགོས་པ་དམ་ཚིག་ཡིན་པར་གསུངས། ཚུལ་འདི་དག་ཞིབ་ཏུ་བཀོད་ན་ཡི་གེ་ཧ་ཅང་མང་པོར་འགྱུར་བས་བྲི་མི་ནུས་ཞིང༌། ཉེ་བར་མཁོ་བ་ཚོགས་འཁོར་གྱི་ཆོ་ག་བྱ་ཚུལ་མདོར་བསྡུས་ཤིག་བཀོད་ན་ཚོགས་རྫས་གཙང་ཞིང་གྱ་ནོམ་པ་ཕྱག་ལེན་བཞིན་བཤམ། བླ་མེད་ཀྱི་དབང་རྣམ་པར་དག་པ་ཐོབ་ཅིང་དམ་ཚིག་ཚུལ་བཞིན་བསྲུང་བའི་སྒྲུབ་པ་པོ་རྣམས་ཚོགས་ཏེ། བླ་མ་མཆོད་པའི་སྐབས་འདིར་ཡིན་ན་ལྷའི་རྣལ་འབྱོར་དང་གནས་བྱིན་རླབས་སོགས་སྔོན་དུ་སོང་ཟིན་པས་འདིར་མ་བྱས་ཀྱང་ཆད་པའི་སྐྱོན་མེད་གསུང་ཞིང༌། ཡང་དམིགས་པ་གསལ་བའི་ཕྱིར་གནས་བྱིན་བརླབས་སོགས་བྱེད་ན།

ཨེ་མ་ཧོ་ཡེ་ཤེས་རོལ་བ་ཆེ། །

ཞིང་ཁམས་ཐམས་ཅད་རྡོ་རྗེའི་ཞིང༌། །

གནས་རྣམས་རྡོ་རྗེའི་ཕོ་བྲང་ཆེ། །

ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འབར། །

ལོངས་སྤྱོད་འདོད་དགུའི་དཔལ་དང་ལྡན། །

བཅུད་རྣམས་དཔའ་བོ་དཔའ་མོ་དངོས། །

མ་དག་འཁྲུལ་བའི་མིང་ཡང་མེད། །

དག་པ་རབ་འབྱམས་འབའ་ཞིག་གོ །

ཞེས་གནས་བྱིན་གྱིས་བརླབ། དེ་ནས་ཚོགས་རྫས་རྣམས། ནང་མཆོད་བྱིན་བརླབས་ལྟར་བསང་སྦྱང་བསྐྱེད་ཅིང་བྱིན་གྱིས་བརླབ།

དེ་ནས་ཚོགས་མཆོད་དངོས་གཞི་ནི། །

ཧོ་ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །

ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། །

རྩ་བརྒྱུད་བླ་མའི་ཚོགས་རྣམས་མཉེས་ཕྱིར་འབུལ། །

ཨོཾ་ཨཱཿཧཱུཾ།

འདོད་དགུའི་དཔལ་ལ་རོལ་པས་ཚིམ་མཛད་ནས། །

ཨེ་མ་ཧོ་བྱིན་བརླབས་ཆར་ཆེན་དབབ་ཏུ་གསོལ། །

ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབ་པའི། །

ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། །

ཡི་དམ་ལྷ་ཚོགས་འཁོར་བཅས་མཉེས་ཕྱིར་འབུལ། །

ཨོཾཨཱཿཧཱུཾ།

འདོད་དགུའི་དཔལ་ལ་རོལ་པས་ཚིམ་མཛད་ནས། །

ཨེ་མ་ཧོ་དངོས་གྲུབ་ཆར་ཆེན་དབབ་ཏུ་གསོལ། །

ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབ་པའི། །

ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། །

དཀོན་མཆོག་རིན་ཆེན་ཚོགས་རྣམས་མཉེས་ཕྱིར་འབུལ། །

ཨོཾ་ཨཱཿཧཱུཾ།

འདོད་དགུའི་དཔལ་ལ་རོལ་པས་ཚིམ་མཛད་ནས། །

ཨེ་མ་ཧོ་དམ་ཆོས་ཆར་ཆེན་དབབ་ཏུ་གསོལ། །

ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །

ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། །

མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་མཉེས་ཕྱིར་འབུལ། །

ཨོཾཨཱཿཧཱུཾ།

འདོད་དགུའི་དཔལ་ལ་རོལ་བས་ཚིམ་མཛད་ནས། །

ཨེ་མ་ཧོ། འཕྲིན་ལས་ཆར་ཆེན་དབབ་ཏུ་གསོལ། །

ཧོ་ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །

ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། །

མར་གྱུར་སེམས་ཅན་ཚོགས་རྣམས་མཉེས་ཕྱིར་འབུལ། །

ཨོཾ་ཨཱཿཧཱུཾ།

འདོད་དགུའི་དཔལ་ལ་རོལ་པས་ཚིམ་མཛད་ནས། །

ཨེ་མ་ཧོ། འཁྲུལ་སྣང་སྡུག་བསྔལ་ཞི་གྱུར་ཅིག 

དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་ཕུད་བཏེག་སྟེ།

ཨེ་མ་ཧོ། ཚོགས་ཀྱི་འཁོར་ལོ་ཆེ། །

དུས་གསུམ་བདེ་གཤེགས་གཤེགས་ཤུལ་ཏེ། །

དངོས་གྲུབ་མ་ལུས་འབྱུང་བའི་གནས། །

དེ་ལྟར་ཤེས་ནས་དཔའ་བོ་ཆེ། །

རྣམ་པར་རྟོག་པའི་སེམས་བོར་ནས། །

ཚོགས་ཀྱི་འཁོར་ལོ་རྒྱུན་དུ་རོལ། །

ཅེས་བརྗོད་ནས་སློབ་དཔོན་གྱི་ཕྱག་ཏུ་འབུལ། དེ་ནས་སྒྲུབ་པ་པོ་ཐམས་ཅད་ལ་རིམ་གྱིས་འབུལ། དེ་ནས་ཐམས་ཅད་ཀྱི་ཕྱག་ཏུ་ཚོགས་རྫས་བཟུང་ལ། སློབ་དཔོན་གྱིས།

ཨོཾ་རྡོ་རྗེ་གསུམ་དབྱེར་མེད་པའི་བདག །

རང་ཉིད་བླ་མ་ལྷར་གསལ་ནས། །

ཨཱཿཟག་མེད་ཡེ་ཤེས་བདུད་རྩི་འདི། །

ཧཱུཾ་བྱང་ཆུབ་སེམས་ལས་གཡོ་མེད་པར། །

ལུས་གནས་ལྷ་རྣམས་ཚིམ་ཕྱིར་རོལ། །

ཅེས་བརྗོད་ནས་ཚོགས་ལ་ལོངས་སྤྱོད་ཅིང༌། ཨ་ཧོ་མཧཱ་སུ་ཁ། ཞེས་བརྗོད། ཚོགས་འཁོར་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཉམས་ལེན་བྱ་ཚུལ་ཡོད་པས་དེ་དག་ལ་མ་མཐའ་ཡིད་ཀྱི་མོས་བློ་ཙམ་གྱི་སྒོ་ནས་སྦྱངས་ཤིང་བག་ཆགས་ཅི་ཐེབས་བྱའོ། །

དེ་ནས་ཚོགས་ལྷག་རྣམས་བསྡུས་ཏེ་ཟངས་གཞོང་ལ་སོགས་པའི་སྣོད་གཙང་མར་བཞག་ལ་ནང་མཆོད་ལྟར་བྱིན་གྱིས་བརླབ། དམ་ཅན་ཞིང་སྐྱོང་གི་ཚོགས་སྤྱན་དྲངས་ལ།

ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབ་པའི། །

ཟག་མེད་བདུད་རྩིའི་ཚོགས་ལྷག་རྒྱ་མཚོ་འདི། །

དམ་ཅན་ཞིང་སྐྱོང་ཚོགས་རྣམས་མཉེས་ཕྱིར་འབུལ། །

ཨོཾ་ཨཱཿཧཱུཾ། །

འདོད་དགུའི་དཔལ་ལ་རོལ་བས་ཚིམ་མཛད་ནས། །

ཨེ་མ་ཧོ་རྣལ་འབྱོར་འཕྲིན་ལས་ཚུལ་བཞིན་སྒྲུབས། །

ཧོ། ལྷག་མའི་འགྲོན་རྣམས་འཁོར་བཅས་ཀྱི། །

ཚོགས་ལྷག་རྒྱ་མཚོ་འདི་བཞེས་ལ། །

བསྟན་པ་རིན་ཆེན་རྒྱས་པ་དང༌། །

བསྟན་འཛིན་ཡོན་མཆོད་འཁོར་བཅས་དང༌། །

ཁྱད་པར་རྣལ་འབྱོར་བདག་ཅག་ལ། །

ནད་མེད་ཚེ་དང་དབང་ཕྱུག་དང༌། །

དཔལ་དང་གྲགས་དང་བསྐལ་བ་བཟང༌། །

ལོངས་སྤྱོད་རྒྱ་ཆེན་ཀུན་འཐོབ་ཅིང༌། །

ཞི་དང་རྒྱས་ལ་སོགས་པ་ཡིས། །

ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །

དམ་ཚིག་ཅན་གྱི་བདག་ལ་སྲུངས། །

དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །

དུས་མིན་འཆི་དང་ནད་རྣམས་དང༌། །

གདོན་དང་བགེགས་རྣམས་མེད་པར་མཛོད། །

རྨི་ལམ་ངན་དང་མཚན་མ་ངན། །

བྱ་བྱེད་ངན་པ་མེད་པར་མཛོད། །

འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །

འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །

བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །

ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །

ཅེས་བརྗོད། །གཞན་ཡང་བསྔོ་བ་དང་སྨོན་ལམ་ཅི་རིགས་བྱའོ། །

 

གསང་བ་ཤེར་དབང་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་བཤད་པ།

 

གསུམ་པ་གསང་བ་ཤེར་དབང་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་ནི།

ཡིད་འོང་ལང་ཚོའི་དཔལ་འཛིན་དྲུག་ཅུ་བཞིའི། །

འདོད་པའི་སྒྱུ་རྩལ་ལ་མཁས་ལུས་ཕྲ་མ། །

ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཕོ་ཉའི་ཚོགས། །

མཛེས་སྡུག་སྒྱུ་མའི་ཕྱག་རྒྱ་རྣམས་ཀྱང་འབུལ། །

ཞེས་གསུངས་ཏེ། དམིགས་པ་ཡིད་ལ་བྱེད་ཚུལ་ནི། རང་གི་སྙིང་ག་ནས་ཞིང་སྐྱེས་དང་སྔགས་སྐྱེས་དང་ལྷན་སྐྱེས་ཀྱི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་བློས་སྤྲུལ་ནས་སྤྲོ་ཞིང༌། དེ་གསུམ་གྱི་ནང་ནས་ཀྱང་གཙོ་བོར་སྔགས་སྐྱེས་ཀྱི་རྣལ་འབྱོར་མའི་རིགས་པདྨ་ཅན་མ། དུང་ཅན་མ། གླང་པོ་ཅན་མ། རི་དྭགས་ཅན་མ་བཞི་དཔག་ཏུ་མེད་པ་སྤྲོས། ཕོ་ཉ་མོ་དེ་དག་ཁ་དོག་དང༌། དབྱིབས་མཛེས་ཤིང་ཡིད་དུ་འོང་བ། ལང་ཚོ་བཅུ་དྲུག་ལོན་པའི་ཉམས་ཅན། ཆགས་པའི་མིག་གིས་ལྟ་ཞིང་རིན་པོ་ཆེའི་རྒྱན་དུ་མ་དང༌། ལྷག་པར་མུ་ཏིག་གི་ཆུན་པོ་འཕྱང་བ། ནུ་མ་རྒྱས་ཤིང་འབུར་ལ་བར་དོག་པ། གོས་ཅུང་ཟད་གྲོལ་ཞིང་རོ་སྨད་མཛེས་པར་སྟོན་པ། རྡོ་རྗེའི་གླུ་དབྱངས་སྙན་པར་སྒྲོག་པ། ལུས་ལས་ལྷན་ཅིག་སྐྱེས་པའི་དྲི་བཟང་བྲོ་བ། སྦྲང་རྩི་ལྟ་བུའི་རོ་མངར་མཆོག་དང་ལྡན་པ། རེག་བྱ་འཇམ་པ། རྐེད་པ་ཤིན་ཏུ་ཕྲ་བ། ལྟེ་བ་ཡངས་ཤིང་གཡས་སུ་འཁྱིལ་བ། རོ་སྨད་དང་འདོམས་སྟུག་པ། འགྲོས་དལ་ཞིང་སྒེག་པ། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པ། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་རིན་པོ་ཆེ་ལྟར་སྣང་ལ་རང་བཞིན་མེད་པ་ནམ་མཁའི་ཁམས་གང་བ་སྤྲོས། དེ་ཐམས་ཅད་ཚོགས་ཞིང་གི་གཙོ་བོ་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་ཐིམ། དེའི་རྐྱེན་གྱི་ཐུགས་རྒྱུད་ལ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁྱད་པར་ཅན་འཁྲུངས་པས་མཉེས་ཤིང་ཚིམ། ཚོགས་ཞིང་གཞན་ཐམས་ཅད་ཀྱང་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་རྣམ་འཕྲུལ་ཡིན་པས་ཟག་མེད་ཀྱི་བདེ་བ་ཆེན་པོས་ཐུགས་རྒྱུད་ཚིམ་ཞིང་མཉེས་པར་བསམ་མོ། །

སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི། སྤྱིར་སྒྱུ་རྩལ་ལ་མང་དུ་ཡོད་ཅིང༌། འདུལ་བ་ལུང་ནས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་གསུངས་པ་ནི། མདའ་འཕེན་པ་དང༌། རལ་གྲི་འཁྲུལ་འཁོར་ལ་སོགས་པ་སྐྱེས་བུའྀ་རྩལ་གྱི་ཁྱད་པར་མི་འདྲ་བ་རྣམས་ཡིན་ལ། འདིར་གསུངས་པའི་སྒྱུ་རྩལ་ནི། ལུགས་ཀྱི་བསྟན་བཅོས་ལས་འཁྲིག་ཐབས་ཀྱི་སྒྱུ་རྩལ་བཤད་པ་དང་རྣམ་པ་འདྲ་བར་འདོད་པའི་སྒྱུ་རྩལ་ཡིན་ལ།དེ་ཡང་རྡོ་རྗེ་མཁའ་འགྲོའི་འགྲེལ་བ་ལས། འཁྱུད་པ་དང་འོ་བྱེད་པ་དང༌། སོ་འདེབས་པ་དང། སེན་མོ་འདེབས་པ་དང༌། ཡང་དག་པར་སྐྱོད་པ་དང༌། སིད་ཀྱི་སྒྲ་སྒྲོག་པ་དང༌། སྐྱེས་པའི་བྱ་བ་བྱེད་པ་དང༌། སྟེང་དུ་འདུག་པ་སྟེ་སྒྱུ་རྩལ་གྱི་གཙོ་བོ་བརྒྱད། དེ་བརྒྱད་ལ་ནང་གསེས་ཀྱི་ཁྱད་པར་བརྒྱད་བརྒྱད་དུ་ཕྱེ་བས་དྲུག་ཅུ་རྩ་བཞིའོ། །དེ་དག་གིས་ཅིར་འགྱུར་སྙམ་ན་རྣལ་འབྱོར་མ་རྣམས་ཀྱི་སྒྱུ་རྩལ་དེའི་མཐུ་ལས་སྒྲུབ་པ་པོ་ལ་ལྷན་སྐྱེས་ཀྱི་བདེ་ཆེན་ཁྱད་པར་དུ་འཕགས་པ་རྣམ་པ་དུ་མ་སྐྱེད་པར་བྱེད་ལ།ལྷན་སྐྱེས་ཇི་ཙམ་འཕེལ་བ་ཙམ་དུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་གནས་ལུགས་སྟོང་པ་ཉིད་ཀྱི་འཛིན་སྟངས་ཇེ་འཕེལ་དུ་འགྲོ་ཞིང༌། དེ་ཇི་ལྟར་འཕེལ་བ་ཙམ་དུ་འཁོར་བའི་རྩ་བ་བདག་འཛིན་བག་ཆགས་དང་བཅས་པ་མྱུར་དུ་བཅོམ་ནས་འཚང་རྒྱ་བ་ལ་ཆེས་མྱུར་བ་ཡིན་ནོ། །དེའི་ཕྱིར་འདི་ལ་ཕོ་ཉ་ཞེས་བརྗོད་དོ། །

སྒྱུ་རྩལ་འདི་དག་དང་ལུགས་ཀྱི་བསྟན་བཅོས་ནས་བཤད་པ་རྣམས་རྣམ་པ་དང་མིང་འདྲ་བ་ཙམ་ཡིན་གྱི། དོན་ནི་གཏན་ནས་མི་འདྲ་སྟེ། ལུགས་ཀྱི་བསྟན་བཅོས་ནས་བཤད་པའི་སྒྱུ་རྩལ་རྣམས་ནི་ཉོན་མོངས་པ་བསྐྱེད་པའི་ཐབས་ཡིན་ལ། འདིར་བཤད་པ་རྣམས་ནི་ཉོན་མོངས་སྤོང་བའི་ཐབས་ཡིན་ནོ། །དེ་ཡང་ཕར་ཕྱིན་ཐེག་པར་ནི་རྫོགས་སྨིན་སྦྱངས་གསུམ་གྱི་ནུས་པ་ཡོངས་སུ་མ་རྫོགས་པར་ཉོན་མོངས་སྤོང་བ་ལ་ཆིག་སྒྲིལ་དུ་བྱ་མི་རུང་ཞིང༌། བསོད་ནམས་གསོག་པ་ལ་གཙོ་བོར་འབད་དགོས་ལ། བླ་མེད་ཀྱི་ཐེག་པ་འདིར་ནི་ཉོན་མོངས་སྤོང་བ་ལ་ཆིག་སྒྲིལ་བྱས་ཆོག་པའི་སྐབས་ཡོད་དེ། དེ་ཡང་སྲིད་པ་མཐའ་དག་མེ་འབར་བའི་ཀློང་ལྟར་མཐོང་ནས་གཏིང་ནས་ཞེན་པ་ལོག་པའི་ངེས་འབྱུང་ཤུགས་དྲག་དང༌། མཁའ་ཁྱབ་ཀྱི་མ་རྒན་རྣམས་སྲིད་མཚོ་ཉམ་ངར་ལྷུང་བ་མཐོང་ནས། དེ་ནས་འདོན་པ་ལ་ཤིན་ཏུ་རིངས་པར་ཆས་པའི་བྱང་ཆུབ་ཀྱི་སེམས་ཤུགས་དྲག་དང༌། མཚན་འཛིན་གྱི་དམིགས་གཏད་རྡུལ་ཙམ་ཡང་མེད་པར་བཤིག་ནུས་པའི་ཟབ་མོ་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་ཤིང༌། རིམ་པ་དང་པོའི་རྣལ་འབྱོར་མཐར་ཕྱིན་ཅིང་རིམ་པ་གཉིས་པའི་ཡང་དབེན་གསུམ་མཐར་ཕྱིན་པའི་སྐབས་སུ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་ཆིག་སྒྲིལ་དུ་བྱས་ནས་བསྐྱང་ཆོག་པའི་སྐབས་ཡོད་པར་རྒྱུད་དང་གྲུབ་ཆེན་གྱི་གཞུང་མང་པོ་དང༌། ལྷག་པར་རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་སྒྲོན་མེར་ལམ་གྱི་གོ་རིམས་ངེས་པ་ཅན་ཇི་སྐད་བཤད་པ་དེ་བཞིན་དུ་སྔོན་དུ་བཏང་ནས།སེམས་དབེན་མཐར་ཐུག་པའི་ཡེ་ཤེས་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ན་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཆིག་སྒྲིལ་དུ་སྦྱོང་བར་གསུངས་སོ། །

དེ་ལྟ་བུའི་ལམ་གྱི་གནད་ལ་གོ་བ་མ་ཆགས་པར་གསང་སྔགས་ལ་འདོད་ཡོན་ལམ་བྱེད་ཡོད་དོ་ཞེས་པའི་ཚིག་ཙམ་གྱི་རྗེས་སུ་འབྲངས་ནས་ཆང་དང་ཕྱི་དྲོའི་ཁ་ཟས་དང་འདོད་པ་སྤྱད་པ་ལ་བག་མེད་པར་བྱེད་པ་ནི་རང་གིས་རང་ཉིད་བསླུས་ཏེ་ངན་འགྲོ་མི་བཟད་པའི་རྒྱུ་བསྒྲུབ་པ་དང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཆད་པ་དྲག་པོས་ཚེ་འདིར་ཡང་རིམས་དང་གདོན་ལ་སོགས་པའི་གནོད་འཚེ་ཡ་ང་བ་མང་པོས་ཕུང་བར་བྱེད་པ་དང༌། རྒྱལ་བའི་བསྟན་པའི་རྩ་བ་ལ་གནོད་པ་ཤིན་ཏུ་ཆེ་བ་སོགས་སྐྱོན་མཐའ་ཡས་པ་གསུངས་ཏེ། དཔལ་གསང་བ་འདུས་པའི་བཤད་རྒྱུད་དགོངས་པ་ལུང་སྟོན་ལས། མ་འོངས་དུས་ན་མི་རྣམས་ཀུན། །འཇིག་རྟེན་རྒྱང་འཕེན་ཕྱོགས་གཞོལ་འགྱུར། །ལོག་པར་ལྟ་བ་ལ་གནས་ཏེ། །ཅི་དགའ་བར་ཡང་སྤྱོད་པར་བྱེད། །ལ་ལ་གླུ་དང་གར་ལ་དགའ། །དགོད་དང་སྒེག་ལ་མཆོག་ཏུ་གཞོལ། །དྲི་དང་ཕྲེང་བ་ལ་དགའ་ཞིང༌། །དེ་བཞིན་འཁྲིག་པ་ལ་དགར་འགྱུར། །རྨོངས་པ་ལ་ལ་སྡང་བ་དང༌། །དེ་བཞིན་གཏི་མུག་ལ་རབ་གཞོལ། །ལ་ལ་དེ་བཞིན་འདོད་ཆགས་ཞེན། །ཤེས་པ་གཞན་དག་འདོད་པར་འགྱུར། །ཉ་དང་ཤ་དང་དེ་བཞིན་ཆང༌། །བཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་གླེན་པ་ཟ་བྱེད་ཅིང༌། །མེད་པར་སྨྲ་བ་ཆོས་སུ་སྒྲོག །མ་དང་སྲིང་མོ་ལ་སོགས་པ། །བགྲོད་མིན་ལ་ནི་བགྲོད་པ་དང༌། །ཕ་དང་མ་ཡང་གསོད་པ་དང༌། །དེ་བཞིན་སྲོག་ཆགས་གཞན་རྣམས་གསོད། །རྫུན་གྱི་ཚིག་ཉིད་སྨྲ་བ་དང༌། ཁྱད་པར་དུ་ཡང་བརྐུ་བ་དང༌། །གཞན་གྱི་ཆུང་མའི་ཐད་འགྲོ་ཞིང༌། །སྨད་པ་གཞན་ཡང་བྱེད་པར་འགྱུར། །ལ་ལ་དམ་ཆོས་སྤོང་བ་དང༌། །དེ་བཞིན་མཚམས་མེད་བྱེད་པ་སྟེ། །སྣ་ཚོགས་སྡིག་པ་བྱས་ནས་ཀྱང༌། །སྔགས་པ་དངོས་གྲུབ་འདོད་པར་འགྱུར། །ཞེས་ད་ལྟའི་དུས་སྔགས་ལ་སྙད་བཏགས་ནས་འདོད་ཡོན་ལ་བག་མེད་དུ་སྤྱོད་པ་དང༌། ལྷག་པར་འཁྲིག་པ་ལ་དགའ་བ་དང༌། དྲག་པོའི་ལས་ཀྱིས་སྐྱེ་བོ་གཞན་ལ་གནོད་འཚེ་བྱེད་པ་དང༌། ཆང་དང་ཕྱི་དྲོའི་ཁ་ཟས་ལ་འཛེམ་མེད་དུ་སྤྱོད་པ་དང༌། ཆོས་ཐམས་ཅད་འཁྲུལ་སྣང་ཡིན་ཞེས་ཆད་ལྟ་འཛིན་པ་སོགས་ལྟ་སྤྱོད་ངན་པ་ཇི་ལྟར་ཡོད་པ་འདི་རྣམས་གསལ་བར་ལུང་བསྟན་ཏོ། །

གཞན་ཡང་སྤྱོད་པ་ངན་པ་སྣ་ཚོགས་ད་ལྟའི་དུས་ན་སྣང་བ་ཕལ་མོ་ཆེ་རྣམས་ལུང་བསྟན་ཅིང་སྔགས་ལ་སྙད་བཏགས་ནས་རྩིང་སྤྱོད་བྱས་པས་འདི་ཕྱི་གཉིས་ཀར་ཕུང་པའི་ཚུལ་ཡང་རྒྱུད་དེ་ཉིད་ལས། གཟེར་ནད་དུག་དང་སྦྱར་བའི་དུག །སྣ་ཚོགས་ནད་ནི་མི་བཟད་པ། །འདི་རྣམས་ཀྱིས་ནི་གཟིར་གྱུར་ནས། །ཞི་བ་ཉིད་ནི་འདོད་པར་འགྱུར། །འདོར་བར་བྱེད་པ་རྨོངས་པ་དེ། །མི་བཟད་སྡིག་པ་བྱས་པ་དང༌། །ལོག་པར་ལྟ་ལ་མཆོག་གཞོལ་རྣམས། །ངན་སོང་གསུམ་དུ་འགྲོ་བར་འགྱུར། །ཞེས་གསལ་བར་གསུངས།

གསང་བ་གྲུབ་པ་ལས་ཀྱང༌། དེ་ཉིད་རིན་ཆེན་རྣམ་དག་བདག །རྩོད་པ་ཐམས་ཅད་རྣམ་སྤངས་པ། །ཐབས་བཟང་པོ་ནི་རྣམ་སྤངས་ནས། །འགལ་བའི་དམ་ཚིག་ལ་སོགས་ལ། །གཞན་དུ་གང་ཞིག་སྒྲུབ་གྱུར་པ། དེ་ནི་ངུ་འབོད་སོགས་པར་འཚེད། །ཇི་ལྟར་མེ་ནི་འབར་གྱུར་པ། །དེར་ནི་རྩྭ་ཤིང་ཕུང་པོ་དག ། བཅུག་ན་ཐལ་བ་ཉིད་དུ་འགྱུར། །མྱུ་གུ་སོགས་པའང་འབྱུང་མི་འགྱུར། །དེ་བཞིན་དེ་ཉིད་མེད་བཞིན་དུ། ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་བར་དུ། །ཤི་བའི་འོག་ཏུ་དམྱལ་བར་འགྲོ །ཇི་ལྟར་འགའ་ཞིག་སྦྲུལ་གདུག་ལ། །སྨན་དང་སྔགས་སོགས་མི་ལྡན་པར། །རྨོངས་པ་བདག་ཉིད་གང་རྩེ་བ། །གཤིན་རྗེའི་གནས་འགྲོ་འདོད་པ་ཡིན། །ཇི་ལྟར་མཐའ་མེད་རྒྱ་མཚོ་ལ། །གྲུ་མེད་གཞན་ཞིག་འཇུག་འགྱུར་པ། །ཐབས་དང་བརྟེན་མེད་གྱུར་ནས་ནི། །སྐད་ཅིག་གིས་ནི་འཆི་བར་འགྱུར། །དེ་བཞིན་ཛ་ཡི་མཐའ་ཅན་རྒྱུད། །ཡང་དག་རབ་སྦྱིན་སྤངས་གྱུར་པ། །སྨད་ཅིང་དམན་པའི་ལས་རྣམས་ནི། །བྱས་ནས་མནར་མེད་འགྲོ་བར་འགྱུར། །ཞེས་སྔགས་ལ་སྙད་བཏགས་ནས་ཆང་དང་ཕྱི་དྲོའི་ཁ་ཟས་དང་འཁྲིག་པ་སོགས་ལ་བག་མེད་དུ་སྤྱོད་པ་ནི་ནམ་མཁའ་མ་ཟད་ཀྱི་བར་དུ་དམྱལ་བར་གནས་དགོས་པ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་སྨིན་ཆེ་བར་གསུངས་སོ། །

ཕོ་ཉ་མོ་དེ་དག་གི་ལུས་དང་དབྱིབས་ཀྱི་རྟགས་དང༌། གང་དུ་འབྱུང་བའི་གནས་དང༌། བྱེད་ལས་ཀྱི་ཁྱད་པར་དང༌། མཚན་ཉིད་ཇི་ལྟ་བུ་དང་ལྡན་པ་སོགས་ཁྱད་པར་ཞིབ་པར་བདེ་མཆོག་རྩ་རྒྱུད་དང༌། དེའི་བཤད་རྒྱུད་སྡོམ་འབྱུང་དང༌། རྡོ་རྗེ་མཁའ་འགྲོ་སོགས་ལས་གསལ་བར་གསུངས་ཤིང༌། འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་གཞུང་འཇམ་དཔལ་ཞལ་ལུང་དང༌། འཕགས་ལུགས་ཀྱི་སྤྱོད་བསྡུས་སྒྲོན་མེ་སོགས་ལས་འབྱུང་ངོ༌། །

 

དེ་ཁོ་ན་ཉིད་ཚིག་དབང་རིན་པོ་ཆེ་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་བཤད་པ།

 

༈ བཞི་པ་དེ་ཁོ་ན་ཉིད་ཚིག་དབང་རིན་པོ་ཆེ་དང་འབྲེལ་བའི་མཆོད་པ་འབུལ་ཚུལ་ནི།

སྒྲིབ་བྲལ་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཆེ། །

ཆོས་ཀུན་རང་བཞིན་སྤྲོས་དང་བྲལ་བའི་དབྱིངས། །

དབྱེར་མེད་ལྷུན་གྲུབ་སྨྲ་བསམ་བརྗོད་ལས་འདས། །

དོན་དམ་བྱང་ཆུབ་སེམས་མཆོག་ཁྱོད་ལ་འབུལ། །

ཞེས་གསུངས་ཏེ། །སྔར་ཕུལ་བའི་ཕོ་ཉ་ཁྱད་པར་ཅན་དེ་དག་གི་མཐུ་ལ་བརྟེན་ནས་བླ་མ་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་ལ་སྒྲིབ་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། གནས་ལུགས་སྟོང་པ་ཉིད་དབྱེར་མི་ཕྱེད་པ་བླ་ན་མེད་པའི་བདེ་བ་མཐར་ཐུག་འཁྲུངས་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པས་ཐུགས་རྒྱུད་ཚིམ་པར་བསམས་ཤིང༌། བླ་ན་མེད་པའི་བདེ་བ་མཐར་ཐུག་ལས་ནམ་ཡང་གཡོ་བ་མེད་པ་དང༌། བླ་མ་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་མཐུས་རང་ཉིད་ཀྱིས་ཀྱང་དེ་ལྟ་བུའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཁྱད་པར་ཅན་དང༌། ཟུང་འཇུག་གི་སྐུ་ཐོབ་པའི་མོས་པ་བརྟན་པོ་བྱའོ། །

དེ་ལྟར་ནང་མཆོད་དང༌། གསང་བའི་མཆོད་པ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་ཚུལ་དེ་རྣམས་ནི། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལས་ཡང་དང་ཡང་དུ་གསུངས་ཤིང༌། ལྷག་པར་བླ་མ་ལྷ་ཚོགས་མཆོད་པའི་ལེའུ་བརྒྱད་པར། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །དེ་ལ་མཆོད་པ་རྒྱ་མཚོ་བརྩམ། །རིན་ཆེན་ན་བཟའ་ལ་སོགས་པས། །བྱང་ཆུབ་འདོད་པས་རྟག་ཏུ་མཆོད། །མཆོད་པ་རྣམ་ལྔ་མཆོག་རྣམས་ཀྱིས། །རྟག་ཏུ་ལྷ་རྣམས་མཉེས་པར་བྱ། །རིན་ཆེན་འབྱུང་གནས་ན་ཆུང་མཆོག །རིན་ཆེན་སྣ་ཚོགས་མཆོག་གིས་བརྒྱན། །སྒྲུབ་ཚེ་རབ་ཏུ་འགྲུབ་པའི་ཕྱིར། །སངས་རྒྱས་ཀུན་ལ་དབུལ་བ་བྱ། །ཞེས་སྤྱིར་མཆོད་པ་ཐམས་ཅད་ཀྱིས་མཆོད་དགོས་པ་དང༌། ལྷག་པར་ཕོ་ཉའི་མཆོད་པ་འབུལ་དགོས་པར་གསལ་བར་གསུངས། འདིར་སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ལ་འབུལ་བའི་དོན་ཡིན་པར་འགྲེལ་པར་གསུངས་ཏེ། ཚུལ་འདི་ལེགས་པར་བསམས་ན་བླ་མའི་རྣལ་འབྱོར་ལ་ངེས་པ་ཆེན་པོ་སྟེར་རོ། །

ནང་མཆོད་འབུལ་ཚུལ་རྩ་རྒྱུད་ལེའུ་བཞི་པར་གསུངས་པ་སྔར་དྲངས་ཟིན་ཅིང༌། གསང་མཆོད་འབུལ་བའི་ཚེ་ཡབ་ཡུམ་གྱི་བྱང་སེམས་ཀྱི་རྡུལ་ཕྲ་རབ་ལས་རྒྱལ་བ་ཡབ་ཡུམ་ནམ་མཁའི་ཁམས་གང་བ་སྤྲོས། དེ་དག་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་བདེ་བས་ཐུགས་ཚིམས་ཤིང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་བསམ་དགོས་པ་རྩ་རྒྱུད་ལེའུ་བཞི་པར། སངས་རྒྱས་ཞི་བའི་གནས་སྤྲོས་པས། ནམ་མཁའི་དབྱིངས་ནི་རབ་དུ་བརྒྱན། ཅེས་དང༌། དེ་ལྟར་བྱས་ན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས། །ཞེས་པས་བསྟན་པར་གསུངས་ལ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང༌། །ལུས་ཕྲ་ལོ་ནི་བཅུ་དྲུག་ལོན། །གཟུགས་དང་སྐལ་བ་དག་གིས་བརྒྱན། སྔོ་བསངས་མིག་ནི་ཡངས་པ་དང༌། །སྙིང་རྗེའི་བསམ་ལྡན་ཡང་དག་མོས། །ངག་སྙན་དབང་བསྒྱུར་ཐོབ་པ་དང༌། །རྣལ་འབྱོར་རྒྱུད་ལ་ལྷག་པར་མོས། །ཞེས་སོགས་ཕོ་ཉའི་མཚན་ཉིད་དང་རྣམ་གྲངས་མང་དུ་གསུངས་ནས། དེ་ལྟ་བུའི་ཕོ་ཉ་མོ་དེ་དག་བླ་མ་རྡོ་རྗེ་འཆང་ལ་འབུལ་བའི་མོས་པ་བྱ་དགོས་པ་ནི། བླ་མ་ལ་ནི་དབུལ་བར་བྱ། །ཞེས་གསལ་བར་གསུངས། འདི་དག་ཀྱང་མཚོན་བྱེད་ཙམ་སྨོས་པ་ཡིན་གྱི། བླ་མེད་ཀྱི་རྒྱུད་མཐའ་དག་ནས་ལན་ཅིག་མིན་པར་གསུངས་སོ། །

ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞི་པོ་དེའི་གནད་མཐའ་དག་པར་རྟོགས་པ་ལ། དང་པོར་དབང་གི་དུས་སུ་སྐུ་བཞིའི་ས་བོན་ཇི་ལྟར་བཞག་ལུགས་དང༌། ལམ་གང་དང་གང་ལ་དབང་བར་བྱས་པ་དང༌། དེ་དང་མཐུན་པའི་དབང་རང་རང་གི་དམ་ཚིག་ཐུན་མོང་མིན་པ་ཇི་ལྟར་ཡོད་པ་རྣམས་ཤེས་པ་དང༌། དེ་ནས་ལམ་ཉམས་སུ་ལེན་ཚེ་ཡང་དབང་བཞིའི་དོན་ལས་མི་འདའ་བར་བུམ་དབང་གི་ལམ་བསྐྱེད་རིམ་ནས་བཟུང་དབང་བཞི་པའི་ལམ་རིམ་པ་ལྔ་པའི་ཟུང་འཇུག་གི་བར་ཇི་ལྟར་རྒྱུད་ལ་སྐྱེད་ཚུལ་རྣམས་ཤེས་དགོས་ལ།དེ་ལྟར་ཤེས་ན་རྒྱལ་བ་ཙོང་ཁ་པའྀ་སྙན་རྒྱུད་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་མན་ངག་རྡོ་རྗེའི་ཚིག་འདི་དག་ལ་ཐུན་མོང་མིན་པའི་ཡིད་ཆེས་རྙེད་ནས་གདམས་པའི་མཆོག་ཏུ་འཛིན་པ་ཞིག་འོང་ངོ༌། །

 

 

སྨན་དང་བདག་ཉིད་བྲན་དུ་འབུལ་ཚུལ་བཤད་པ།

 

༈ ལྔ་པ་སྨན་དང་བདག་ཉིད་བྲན་དུ་འབུལ་བ་ནི།

ཉོན་མོངས་བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི། །

བཟང་པོའི་སྨན་གྱི་བྱེ་བྲག་སྣ་ཚོགས་དང༌། །

ཁྱོད་མཉེས་བགྱིད་ཕྱིར་བདག་བྲན་འབུལ་ལགས་ན། །

ནམ་མཁའ་ཇི་སྲིད་འབངས་སུ་བཟུང་དུ་གསོལ། །

ཞེས་གསུངས་ཏེ། སེམས་ཅན་སྤྱི་མཐུན་གྱི་དཀར་པོའི་ལས་ལས་གྲུབ་པའི་ནད་སེལ་བའི་སྨན་གྱི་ཁྱད་པར་ཇི་སྙེད་ཡོད་པ་ཐམས་ཅད་དང༌། ལྷག་པར་བདག་ཉིད་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་བྲན་དུ་འབུལ་བ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསེར་དང་རིན་ཆེན་གོས་དང་ནི། །མེ་ཏོག་ཕྲེང་བ་སྣ་ཚོགས་པས། །མཆོད་ནས་བླ་མའི་མདུན་འདུག་ནས། །སློབ་མ་ཡིས་ནི་འདི་སྐད་བརྗོད། །དེང་ནས་བརྩམས་ཏེ་བདག་བྲན་དུ། །གཙོ་བོས་བདག་ནི་མཆོད་པར་བཞེས། །དེ་ལྟའི་རྣམ་པས་མཉེས་ནས་ནི། །བདག་ཉིད་ཀུན་གྱིས་བླ་མ་མཆོད། །བླ་མའི་ངོ་བོ་རྡོ་རྗེ་འཆང༌། །དེ་ཕྱིར་ཡང་དག་བླ་མ་མཆོད། །ཅེས་སྤྱིར་བླ་མ་མཆོད་པ་ཐམས་ཅད་ཀྱིས་མཆོད་དགོས་པ་དང༌། །ལྷག་པར་རང་ཉིད་བྲན་དུ་འབུལ་བ་གསལ་བར་གསུངས།

བདེ་མཆོག་རྩ་རྒྱུད་ལས་ཀྱང༌། གསེར་ནི་བརྒྱ་སྟོང་དབུལ་བ་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་གྱུར་བརྒྱ་ཉིད་དང༌། །གླང་པོ་རྟ་དང་ཡུལ་འཁོར་དང༌། །རྣ་རྒྱན་ནམ་ནི་གདུ་བུ་དང༌། །མགུལ་རྒྱན་སོར་གདུབ་དམ་པ་དང། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་རྣམས། །ཕྱག་འཚལ་ནས་ནི་དབུལ་བར་བྱ། །སློབ་མས་ཇི་སྐད་གསུངས་པ་བཞིན། །བློ་དང་ལྡན་པས་བླ་མ་ལ། །བདག་ཉིད་དངོས་པོ་ཀུན་གྱི་ནི། །དེ་བཞིན་དུ་ནི་དབུལ་བར་བྱ། །དེང་ནས་བརྩམས་ཏེ་བྲན་དུ་བདག །ཁྱེད་ལ་བདག་ཉིད་དབུལ་བ་ལགས། །ཞེས་སྤྱིར་དབང་བསྐུར་བའི་བླ་མ་ལ་མཆོད་པ་དང༌། ལྷག་པར་རང་ཉིད་བྲན་དུ་འབུལ་ཚུལ་གོང་ལྟར་གསུངས་ལ། དེ་བཞིན་དུ་སྡོམ་འབྱུང་ལ་སོགས་པའི་རྒྱུད་མང་པོར་ཡང་གསུངས་སོ། །

རྒྱུད་སྡེ་འོག་མ་རྣམས་དང་མདོ་སྡེ་རྣམས་ལས་ཀྱང་མང་དུ་གསུངས་ཤིང༌། རང་ཉིད་བྲན་དུ་འབུལ་བའི་གནད་ནི། སྤྱོད་འཇུག་ལས། རྒྱལ་དང་དེ་སྲས་རྣམས་ལ་བདག་གི་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །་སེམས་པ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱི་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཞེས་དང༌། བདེ་མཆོག་གི་སྒྲུབ་ཐབས་ལས། བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གི་འགྲོ་རྣམས་བསྒྲལ་བའི་ཕྱིར། །རང་གི་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། །ཞེས་གསུངས་པ་ལྟར། རང་ཉིད་བླ་མ་ལྷ་ཚོགས་ཀྱི་བྲན་དུ་ཕུལ་བ་ན་རང་ལ་རང་དབང་མེད་ཀྱི། ཅི་བྱེད་བླ་མ་ལྷའི་དགོངས་པ་དང་མཐུན་པ་ཞིག་བྱ་དགོས་ལ། བླ་མ་ལྷ་ཚོགས་རྣམས་ལ་ནི་སེམས་ཅན་གྱི་དོན་ལས་དོན་གཞན་མཛད་དུ་མེད་པས། བླ་མ་ལྷ་ཚོགས་རྣམས་ཀྱི་མཛད་པའི་ཁུར་ཁྱེར་ཏེ་རང་ཉིད་ཉོན་མོངས་པའི་སྤྱོད་པའི་དབང་དུ་སྐད་ཅིག་ཀྱང་མ་སོང་བར་འཁོར་བ་མ་སྟོང་བར་དུ་སེམས་ཅན་གྱི་དོན་ལ་སྐྱོ་ངལ་ནམ་ཡང་མེད་པའི་བསམ་པ་བརྟན་པོ་དགོས་སོ། །

དམ་ཚིག་གསུམ་བཀོད་ཀྱི་རྒྱུད་དུ་བདག་ཉིད་འབུལ་བ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་གནད་ཡིན་པར་གསུངས་སོ། །ཉོན་མོངས་བཞི་བརྒྱ་རྩ་བཞིའི་ནད་ཅེས་པའི་དོན་ནི། རླུང་མཁྲིས་བད་ཀན་འདུས་ནད་དེ་རྩ་བའི་ནད་བཞི། དེ་རེ་རེ་ལ་ཡན་ལག་བརྒྱ་བརྒྱར་ཕྱེ་བས་ནད་བཞི་བརྒྱ་རྩ་བཞི། ནད་དེ་དག་འབྱུང་བའི་རྒྱུ་ལས་ངན་བཞི་བརྒྱ་རྩ་བཞི། ལས་དེ་གསོག་པར་བྱེད་པའི་ཉོན་མོངས་བཞི་བརྒྱ་རྩ་བཞི། ལས་དེ་གསོས་བཏབ་ནས་ནད་དེ་དངོས་སུ་འགྲུབ་པར་བྱེད་པའི་རྐྱེན་ཉོན་མོངས་བཞི་བརྒྱ་རྩ་བཞི་ཡོད་པར་གསུངས་སོ། །དེ་ལྟར་བླ་མ་ལྷ་ཚོགས་ལ་ཕྱྀ་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། རང་གི་ལུས་ཀྱང་བྲན་དུ་འབུལ་བ་ནི་རྒྱུད་སྡེ་རྣམས་ནས་གསུངས་པ་ལྟར། རྒྱུད་དོན་བསྡུས་པ་ལྔ་བཅུ་པ་ལས། དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་འབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་འཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་རྒྱུ་མཚན་དང་བཅས་གསུང་ཤིང༌། གསང་བ་གྲུབ་པ་ཡང༌། དངོས་པོ་ཀུན་གྱིས་སློབ་དཔོན་ལ། ཇི་སྲིད་མཉེས་པར་གྱུར་བར་དུ། །ལུས་ངག་ཡིད་ཀྱི་བརྟན་པ་རུ། །དུས་ནི་རིང་པོར་མཉེས་བྱེད་པའི། །སློབ་མ་ཤིན་ཏུ་དྲི་མེད་པའི། །དེ་ཉིད་ཡང་དག་རབ་སྦྱིན་གནས། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དེ་ནས་བགེགས་མེད་འཐོབ་འགྱུར་བ། །ཞེས་དང༌། ཐབས་ཤེས་གྲུབ་པ་ལས་ཀྱང་ཤིན་ཏུ་གུས་པས་དུས་གསུམ་དུ། །ཞབས་ལ་སྤྱི་བོས་ཕྱག་བྱས་ཤིང༌། །རང་གི་ལུས་ལའང་ལྟོས་མེད་པར། །མཎྜལ་སྔོན་འགྲོ་མཆོད་པ་བྱ། །དེ་ནས་བླ་མའི་བཀའ་དྲིན་གྱིས། །དུས་གསུམ་སངས་རྒྱས་ཀྱིས་གསུངས་པའི། དེ་ཉིད་དམ་པ་བགེགས་མེད་པར། །སློབ་མ་ཡི་ནི་འཐོབ་པར་འགྱུར། །ཞེས་སོགས་རྒྱུད་དང་གྲུབ་ཆེན་གྱི་གཞུང་མཐའ་དག་ནས་བླ་མ་མཆོད་པ་འབུལ་ཚུལ་ད་ལྟར་བྱས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་འཐོབ་པར་གསུངས་སོ། །

དེ་ནས་མཚམས་འདིར་བྱང་སྡོམ་དང་སྔགས་སྡོམ་འཛིན་པར་གསུངས་པས། དེའི་ཚུལ་ནི། བླ་མ་ལྷ་ཚོགས་རྣམས་གསལ་བར་དམིགས་ལ་སྐྱབས་འགྲོ་ཐུན་མོང་མིན་པ་སྔོན་དུ་བཏང་ནས་སྨོན་པ་དམ་བཅའ་ཅན་དང་འཇུག་སྡོམ་ལེན་པ་ནི། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ལ་རང་གིས་རྗེས་ཟློས་བྱས་པར་མོས་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱི་གཟུང༌། །ཞེས་ལན་གསུམ་བརྗོད་ནས་གསུམ་པ་རྫོགས་པ་དང་མཉམ་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་རྒྱས་སྲས་ཀྱི་སྡོམ་པ་རྣམ་པར་དག་པ་ཐོབ་པའི་མོས་པ་བྱ། འདི་འདྲ་བས་བྱང་སྡོམ་སྔར་མེད་གསར་དུ་མི་ཐོབ་ཀྱང༌། སྔར་ཐོབ་པ་དེ་ཉིད་གོང་འཕེལ་དུ་འགྲོ་བ་ཡིན་གསུང༌།

སྡོམ་པ་ལེན་ཚུལ་འདི་ནི་རྒྱུད་ཀྱི་དགོངས་པ་ལྟར། མཁས་གྲུབ་ཆེན་པོ་ཤཱནྟི་པ་དང༌། སློབ་དཔོན་ཨ་བྷྱ་ཡ་ཀ་ར་སོགས་གྲུབ་ཆེན་མང་པོས་དབང་བསྐུར་བའི་ཚེ་ཐོག་མར་སྨོན་སེམས་དང་འཇུག་སྡོམ་ལེན་པའི་ཚེ་ཚིག་འདི་དག་གི་སྒོ་ནས་ལེན་པར་གསུང༌། རྡོ་རྗེ་གུར་ལ་སོགས་པའི་རྒྱུད་དང་གྲུབ་ཆེན་གྱི་གཞུང་མང་པོར་སྨོན་འཇུག་འཛིན་པའི་ཆོ་ག་རྒྱས་བསྡུས་སྣ་ཚོགས་གསུངས་པས་ཚིག་འདི་ཁོ་ནར་མཐའ་གཅིག་ཏུ་ངེས་པ་མེད་ལ། འདིར་མཛད་པ་འདི་ནི་སློབ་དཔོན་ཨ་བྷྱ་ཡ་ཀ་རའི་དགོངས་པ་ལྟར། ལམ་ལ་སྦྱངས་པ་སྔོན་དུ་སོང་བའི་དབང་པོ་རྣོན་པོ་དག་གི་ལེན་ཚུལ་ཡིན་པས། སྐྱབས་འགྲོ་ཐུན་མོང་བ་དང་ཐུན་མོང་མིན་པའི་ཚུལ་རྣམས་ལེགས་པར་བསམས་ནས་སོ་སོའི་དམིགས་རྣམ་གསལ་བཏབ་ལ་ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་ཐུན་མོང་མིན་པའི་སྐྱབས་གསུམ་ནམ་ཡང་མི་གཏོང་བའི་དམ་བཅའ་དང༌། འགྲོ་བ་མཐའ་དག་ཡིད་དུ་འོང་བའི་བུ་གཅིག་པུ་ལྟ་བུར་བལྟ་བའི་བྱམས་པ་དང༌། འགྲོ་བ་རྣམས་འཁོར་བའི་གནས་ན་ཉམ་ཐག་པ་ཤས་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་བསྐྱེད་ལ་བྱམས་སྙིང་རྗེ་དེ་གཉིས་ཀྱི་ཚན་གྱིས་ཕུལ་ནས་མ་རྒན་སེམས་ཅན་འདི་ཐམས་ཅད་བདག་ཉིད་གཅིག་པུས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དང༌། སེམས་བསྐྱེད་པ་དེ་ལ་དམིགས་ནས་སེམས་བསྐྱེད་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཏང་བར་མི་བྱའོ་སྙམ་དུ་སྨོན་པ་དམ་བཅའ་ཅན་དང༌། སྨོན་པའི་སེམས་དེས་ཀུན་ནས་བསླངས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་ཚུལ་བཞིན་དུ་བསླབ་པར་བྱའོ་སྙམ་དུ་འཇུག་སྡོམ་ལེན་པ་ཡིན་ནོ། །

དེ་ནས་སྔགས་སྡོམ་གཟུང་བ་ནི། བླ་མ་ལྷ་ཚོགས་རྣམས་ལ་མཁྱེན་པར་གསོལ་ཏེ། བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱིས་བ་ནི། །དུས་འདི་ནས་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང༌། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་བཟླས་ལ་འགོད། །ཅེས་ལན་གསུམ་བརྗོད་ཅིང༌། །གསུམ་པ་རྫོགས་པ་དང་མཉམ་དུ་སྔགས་སྡོམ་ཁྱད་པར་ཅན་ཐོབ་པའི་མོས་པ་བྱའོ། །

དེ་ཡང་སྔགས་ཀྱི་སྡོམ་པའི་རྟེན་དུ་བྱང་སེམས་ཀྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ་དགོས་པས། ཇི་ལྟར་དུས་གསུམ་ཞེས་སོགས་ཚིག་རྐང་བཞིས་སྔཊ་སྡོམ་གྱི་ཡན་ལག་ཏུ་སྨོན་འཇུག་གཉིས་འཛིན་ཚུལ་སྟོན་ཏེ། གོང་དུ་བཤད་ཟིན་པ་ལྟར་སྨོན་པ་དང་འཇུག་པའི་སེམས་གསལ་བཏབ་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འགྲོད་པ་གཅིག་པའི་ལམ་ཡིན་པས་བདག་གིས་ཀྱང་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་རིན་པོ་ཆེ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནམ་ཡང་མི་གཏོང་ངོ་སྙམ་པའི་འདུན་པ་ཤུགས་དྲག་བསྐྱེད་ལ་སྨོན་སེམས་དང་འཇུག་སྡོམ་བླང་བར་མོས།

དེ་ལྟར་སྨོན་འཇུག་ལེན་པ་སྔོན་དུ་བཏང་ནས་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་དང་སྡོམ་པ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་གཏོང་བར་ཚུལ་བཞིན་དུ་བསྲུང་བར་ཁས་ལེན་པ་ཡིན་ནོ། །འདི་ལའང་ཚིག་ཙམ་གྱི་རྗེས་ཟློས་ཀྱིས་མི་ཆོག་གི །གང་ཁས་ལེན་རྒྱུའི་དམ་ཚིག་དང་སྡོམ་པ་རྣམས་ཤེས་པར་བྱས་ནས།དེ་དང་དེ་ལ་དམིགས་ཕུག་པའི་འདུན་པ་དྲག་པོ་བསྐྱེད་ནས་ཇི་ལྟར་བཅས་པ་ལྟར་བསྲུང་བར་ཁས་ལེན་པ་ཡིན་ནོ། །

དེ་ལ་རིགས་ལྔ་སོ་སོའི་དམ་ཚིག་ནི། རྣམ་སྣང་གི་རིགས་ལ་ཚུལ་ཁྲིམས་རྣམ་པ་གསུམ་ལ་སློབ་པ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། དམ་ཚིག་དྲུག་པོ་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་གཏོང་བར་འཛིན་ཅིང་དེ་ལྟར་དུ་ཁས་ལེན་པའོ། །

མི་བསྐྱོད་པའི་རིགས་ལ། རྡོ་རྗེའི་དམ་ཚིག །དྲིལ་བུའི་དམ་ཚིག །ཕྱག་རྒྱའི་དམ་ཚིག །སློབ་དཔོན་གྱི་དམ་ཚིག་སྟེ་བཞི། རིན་འབྱུང་གི་རིགས་ལ་ཟང་ཟིང་གི་སྦྱིན་པ། མི་འཇིགས་པའི་སྦྱིན་པ། ཆོས་ཀྱི་སྦྱིན་པ། བྱམས་པའི་སྦྱིན་པ་བཞི་ལ་དུས་དྲུག་ཏུ་སློབ་པ་སྟེ་དམ་ཚིག་བཞི། འོད་དཔག་མེད་ཀྱི་རིགས་ལ་ཕྱི་བྱ་སྤྱོད། གསང་བ་རྣལ་འབྱོར་རྒྱུད་དང་བླ་མེད། ཐེག་པ་གསུམ་གྱིས་བསྡུས་པའི་དམ་ཆོས་རྣམས་འཛིན་པ་སྟེ་དམ་ཚིག་གསུམ། མདོར་ན་ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་ཆོས་མཐའ་དག་འཛིན་པའོ། །དོན་གྲུབ་ཀྱི་རིགས་ལ་སྡོམ་པ་གསུམ་གྱི་བཅས་པ་མཐའ་དག་བསྲུང་བ་དང༌། མཆོད་པའི་དམ་ཚིག་སྟེ་གཉིས། དེ་ལྟར་སོ་སོར་དབྱེ་ན་མཐའ་ཡས་ཀྱང༌། སྡོམ་གྱིས་བསྡུས་པ་ལ་དམ་ཚིག་བཅུ་དགུ །རིགས་ལྔ་སྤྱིའི་དམ་ཚིག་ལ། བཟའ་བའི་དམ་ཚིག །བསྲུང་བའི་དམ་ཚིག །བསྟེན་པའི་དམ་ཚིག་རྣམས་སུ་ཡོད་ཅིང༌། དམ་ཚིག་དེ་དག་ཐམས་ཅད་སྲོག་དང་བསྡོས་ཏེ་བསྲུང་བར་ཁས་ལེན་པའོ། །དེ་དག་སོ་སོར་ཞིབ་ཏུ་བཀྲལ་ན་ཡི་གེ་ཤིན་ཏུ་མང་པོར་འབྱུང་བས་བྲི་མི་ནུས་སོ། །འདིར་སྔགས་སྡོམ་སྔར་མེད་གསར་དུ་མི་ཐོབ་ཀྱང་ཐོབ་ཟིན་གོང་འཕེལ་དུ་འགྲོ་བ་དང་སྒྲུབ་པའི་མཆོད་པ་ཁྱད་པར་ཅན་དུ་འགྱུར་རོ། །

དེ་ཡང་བླ་མ་ལྷ་ཚོགས་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་ནི་སེམས་ཅན་འཁོར་བའི་གནས་ནས་འདོན་པ་འབའ་ཞིག་ཡིན་པས། སེམས་ཅན་གཅིག་འཁོར་བའི་གནས་ནས་གྱེན་དུ་ཕྱོགས་ནའང་ཐུགས་ཤིན་ཏུ་མཉེས་པར་འགྱུར་བ་ལ། རང་ཉིད་འཁོར་བའི་གནས་ནས་ཐར་བར་བྱེད་པ་ཙམ་དུ་མ་ཟད་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བའི་གནས་ལས་བདག་གཅིག་པུས་བསྒྲལ་བར་བྱའོ་ཞེས་ཞེ་ཐག་པ་ནས་དམ་བཅའ་ཞིང༌། ཇི་ལྟར་དམ་བཅས་པ་ལྟར་སེམས་ཅན་གྱི་དོན་དུ་མྱུར་དུ་འཚང་རྒྱ་བའི་ཐབས་སུ་བླ་མེད་ཀྱི་དམ་ཚིག་དང་སྡོམ་པ་རྣམས་བསྲུང་བར་ཁས་བླངས་པ་ཡིན་པས། དེ་ལས་མཉེས་པར་བྱ་བ་གང་ཞིག་ཡོད། དེས་ན་བཀའ་བཞིན་དུ་སྒྲུབ་པ་མཆོད་པའི་མཆོག་ཏུ་འགྱུར་རོ། །

རིགས་ལྔའི་སྡོམ་གཟུང་གི་ཆོ་ག་འདི་ནི་རྒྱུད་རྡོ་རྗེ་རྩེ་མོ་དང༌། རྡོ་རྗེ་མཁའ་འགྲོ་དང༌། སཾ་བྷུ་ཊ་སོགས་ལས་གསུངས་ཤིང་གཙོ་བོར་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་འཛིན་ཚུལ་ཡིན་ཡང༌། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་པའི་ཚེ་ཡང་འཛིན་པར་ཨ་བ་ཏ་ར་སོགས་གྲུབ་ཆེན་གྱི་གཞུང་ལས་བཤད་ཅིང༌། རྗེ་ཐམས་ཅད་མཁྱེན་པས་གསང་བདེ་འཇིགས་གསུམ་གྱི་སྒྲུབ་ཐབས་དང་དཀྱིལ་ཆོག་རྣམས་སུའང་བླ་མ་དང་དཀྱིལ་འཁོར་བའི་ལྷ་ཚོགས་ལ་མཆོད་པའི་ཚེ་སྡོམ་གཟུང་འདི་དག་བྱ་བར་གསུངས། དོན་དེ་དག་ལ་དགོངས་ནས་གྲུབ་ཆེན་དབེན་ས་པ་ཡབ་སྲས་རྣམས་བླ་མའི་རྣལ་འབྱོར་གྱི་སྐབས་འདིར་སྡོམ་པ་གོང་མ་གཉིས་འཛིན་པ་གལ་ཆེ་བར་མཛད་དོ། །

 

བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་བཤད་པ།

 

༈ གསུམ་པ་བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་བྱ་བ་ལ་ལྔ། བཤགས་པ་བྱ་ཚུལ། རྗེས་སུ་ཡི་རང་བྱ་ཚུལ། ཆོས་འཁོར་བསྐོར་བར་གསོལ་བ་འདེབས་ཚུལ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་ཚུལ། བསྔོ་བ་བྱ་ཚུལ་ལོ། །

དང་པོ་བཤགས་པ་བྱ་ཚུལ་ནི། དེ་ལྟར་སྡོམ་གཟུང་བྱས་ནས་བཤགས་པ་བྱ་བ་ལ། དབེན་ས་པ་ཡབ་སྲས་ཀྱིས་སྡོམ་པ་གསུམ་གྱི་བཅས་མཚམས་ལ་བསྔོ་བགྲང་དང་རང་རྒྱུད་ལ་ཉེས་པ་དེ་དག་གིས་གོས་མ་གོས་བརྟགས་ནས་བཤགས་པ་བྱ་བར་གསུང༌། དེ་ལ་སོ་ཐར་གྱི་བསླབ་བྱ་སྟོན་པའི་སྡོམ་ཚིག་རྒྱས་བསྡུས་གང་རུང་གི་སྒོ་ནས་རང་རྒྱུད་ལ་ལྟུང་བ་དེ་དང་དེ་དག་གིས་གོས་མ་གོས་བརྟག་པ་དང༌། བྱང་སེམས་ཀྱི་བསླབ་བྱ་རྣམས་ལ་སྡོམ་པ་ཉི་ཤུ་པ་དང་རྩ་ལྟུང་གི་ཚིགས་བཅད་རྣམས་ཀྱི་སྒོ་ནས་རྩ་ལྟུང་དང་ཉེས་བྱས་དེ་དག་གིས་གོས་མ་གོས་བརྟགས་པ་དང༌། སྔགས་ཀྱི་བསླབ་བྱ་རྣམས་ལ་བླ་མ་ལྔ་བཅུ་པ་དང༌། རྩ་ལྟུང་བཅུ་བཞི་དང༌། སྦོམ་པོ་བརྒྱད་ཀྱི་ཚིགས་བཅད་རྣམས་ཀྱི་སྒོ་ནས་རང་རྒྱུད་ལ་ཉེས་པ་དེ་དག་གིས་གོས་མ་གོས་བརྟག །རྩ་ལྟུང་དང་སྦོམ་པོའི་ཚིགས་བཅད་ཡོངས་གྲགས་ལྟར་རམ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་འཇིགས་བྱེད་དཀྱིལ་ཆོག་ལས་འབྱུང་བའི། སློབ་དཔོན་སྨད་པར་མི་བྱ་སྟེ། བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མ་སྨད་དོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང༌། །སྡུག་པའི་བྱམས་པ་རྟག་ཏུ་སྤང༌། །ཆོས་ལ་ཚད་གཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །ཞེས་པ་འདིའི་སྒོ་ནས་རྩ་ལྟུང་གིས་རང་རྒྱུད་ལ་གོས་མ་གོས་བརྟག་པ་བྱ་བར་གསུངས། ཚིག་འདི་དག་གཤེད་དམར་གྱི་རྒྱུད་ལས་གསུངས། སྦོམ་པོ་ལ་ཡང་ཚིག་དེ་དག་དང་འདོན་ཚུལ་འདྲ་བར་བྱེད་གསུང༌། དེ་ནི་ཚིག་ཉུང་ཞིང་དམིགས་རྣམ་གསལ་ལོ། །དེ་ལྟར་བྱེད་ནུས་ན་སྔགས་ཀྱི་ལམ་ལ་སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ལ་དམ་ཚིག་དང་སྡོམ་པ་བསྲུང་བ་ཉིད་ལམ་གྱི་གཞི་ཡིན་པས་ཤིན་ཏུ་གལ་ཆེའོ། །དེ་ལྟར་རང་རྒྱུད་ལ་ཉེས་ལྟུང་གིས་གོས་མ་གོས་བརྟགས་ནས་ཉེས་ལྟུང་ཅི་བྱུང་བ་རྣམས་སྦྱོང་ཕྱིར་གཞུང་ཉིད་ལས་འབྱུང་བ་ལྟར་སྡོམ་གསུམ་སོ་སོའི་བཤགས་པ་དང༌། མ་མཐར་བླ་མ་རྡོ་རྗེ་འཛིན་མའི་སྒོ་ནས་ལྟུང་བ་རྣམས་ལ་བཤགས་སྡོམ་བྱ།

རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་སྦྱོང་ཕྱིར་ལྟུང་བཤགས་བརྒྱ་ཕྱག་དང་བཅས་པའི་སྒོ་ནས་བཤགས་སྡོམ་ལ་འབད་དགོས་པ་ནི། དགའ་ལྡན་བཀའ་རྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་ལས། སེམས་ཀྱི་ཆོས་ཉིད་མཐོང་བ་ཡང༌། ཚོགས་གསོག་སྒྲིབ་སྦྱང་ལ་ལྟོས་པས། །ཡིག་བརྒྱ་འབུམ་ཙམ་ལྟུང་བཤགས་ནི། །བརྒྱ་ཕྱག་གང་མང་སྔོན་བཏང་ནས། །ཞེས་གསུངས་པ་ལྟར། རང་ཅག་ལས་སྒྲིབ་ཤས་ཆེན་པོས་གོང་མའི་ཡོན་ཏན་གང་ཡང་རྒྱུད་ལ་སྐྱེ་དཀའ་བ་རྣམས་ནི་ལྟུང་བཤགས་ཀྱི་སྒོ་ནས་ལས་སྒྲིབ་སྦྱོང་བ་གནད་དམ་པ་ཡིན་ཞིང༌། རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱིས་ཀྱང་ལྟུང་བཤགས་བརྒྱ་ཕྱག་དང་བཅས་པ་ལ་འགྲུས་པར་མཛད་པས་སངས་རྒྱས་བྱང་སེམས་མང་པོའི་ཞལ་གཟིགས་ཤིང༌། མདོ་སྔགས་ཀྱི་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྣམས་ཐུགས་རྒྱུད་ལ་སྤུངས་པ་བཞིན་དུ་འཁྲུངས་པ་ཡིན་པས། སྙིང་ནས་ཉམས་ལེན་བྱེད་འདོད་པ་རྣམས་ཀྱིས་ནི་རྗེ་ཡབ་སྲས་ཀྱི་མཛད་པ་བཟང་པོའི་རྗེས་སུ་བསླབ་པར་བྱའོ། །

ཆོ་གའི་གཞུང་ཉིད་ལས་འབྱུང་བའི་བཤགས་པའི་ཚིག་ནི།

ཐོག་མེད་དུས་ནས་མི་དགེ་སྡིག་པའི་ལས། །

བགྱིས་དང་བགྱིད་སྩལ་ཡི་རང་ཅི་མཆིས་པ། །

ཐུགས་རྗེ་ཆེ་ལྡན་སྤྱན་སྔར་འགྱོད་སེམས་ཀྱིས། །

བཤགས་ཤིང་སླན་ཆད་མི་བགྱིད་སྡོམ་པ་ནོད། །

ཅེས་གསུངས་ཏེ། དེའི་དོན་ནི་སྡིག་ལྟུང་སྦྱོང་བ་ལ་སྟོབས་བཞི་ཚང་བར་བྱེད་དགོས་པས། བླ་མ་མཆོད་པའི་སྒོ་ནས་སྟོབས་བཞི་ཚང་བའི་བཤགས་པ་བྱེད་ཚུལ་གསུང་འདིའི་དོན་ལ་ཡོད་དོ། །དེ་ཡང་སྟོབས་བཞི་ཚང་ན་ཉེས་ལྟུང་ཆེན་པོ་རྣམས་སྦྱོང་བར་ནུས་ཀྱི། མ་ཚང་ན་མི་ནུས་པས་སྡིག་ལྟུང་སྦྱོང་བ་ལ་སྟོབས་བཞི་ཚང་དགོས་པ་ནི། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །

བཞི་གང་ཞེ་ན་འདི་ལྟར་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པ་དང༌། རྟེན་གྱི་སྟོབས་སོ། །ཞེས་གསུངས། འདིར་སྟོབས་བཞི་ཚང་ཚུལ་ནི། ཐོག་མེད་དུས་ནས་མི་དགེ་སྡིག་པའི་ལས། །བགྱིས་དང་བགྱིས་སྩལ་ཡི་རང་ཅི་མཆིས་པ། །ཞེས་སྔོན་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་མི་དགེ་སྡིག་པའི་ལས་རང་གིས་དངོས་སུ་བགྱིས་པ་དང༌། གཞན་བགྱིད་དུ་སྩལ་བ་དང༌། གཞན་གྱི་ཉེས་སྤྱོད་ལ་རྗེས་སུ་ཡི་རང་བྱས་པ་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ་ཁོང་པར་དུག་སོང་བ་ལྟ་བུའི་འགྱོད་པ་དྲག་པོ་བསྐྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་སོ། །

ཐུགས་རྗེ་ཆེ་ལྡན་སྤྱན་སྔར། ཞེས་པ་ནི་རྟེན་གྱི་སྟོབས་དང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། མཆོག་གསུམ་མ་ལུས་འདུས་པའི་བདག་ཉིད་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ལྷ་ཚོགས་ལ་རེ་ས་གཞན་ན་མེད་པའི་བློ་ལྟོས་བཅས་ཏེ་སྐྱབས་སུ་འགྲོ་ཞིང༌། རང་གིས་ཀྱང་སེམས་ཅན་གྱི་དོན་དུ་དེ་ལྟ་བུའི་གོ་འཕང་མངོན་དུ་བྱ་བར་འདོད་པ་ནི་རྟེན་གྱི་སྟོབས་དང༌། བླ་མ་ལྷ་ཚོགས་ལ་ཐུགས་རྗེ་ཆེ་ལྡན་ཞེས་ཐུགས་རྗེ་བསྐུལ་ནས་གསོལ་བ་འདེབས་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། འགྱོད་སེམས་ཀྱིས་བཤགས་ཤིང་སླན་ཆད་མི་བགྱིད་སྡོམ་པ་ནོད། །ཅེས་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ། གསུང་གི་ཚིག་ཟིན་ལྟར་གོ་སླའོ། །

སྟོབས་བཞི་ཚང་བའི་བཤགས་སྡོམ་ལ་འབད་ན་རྣམ་སྨིན་འབྱིན་ངེས་ཀྱི་ཉེས་པ་ཆེན་པོ་རྣམས་ཀྱང་སྦྱོང་ནུས་པར་གསུངས་ན། མ་ངེས་པའི་ཉེས་པ་ཕྲ་མོ་རྣམས་སྦྱོང་ནུས་པ་ལྟ་ཅི་སྨོས། ལྷག་པར་སྔགས་ལ་ཞུགས་ནས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་བསྲུང་བའི་སྒོ་ནས་ལྷའི་རྣལ་འབྱོར་དང་ལྡན་པས་སྔགས་ཀྱི་ལམ་ལ་འབད་ན་ཕམ་པ་བཞི་དང༌། མཚམས་མེད་ལྔ་ལ་སོགས་པའི་ཉེས་པ་ཤིན་ཏུ་ཆེ་བ་རྣམས་ཀྱང་མྱུར་དུ་སྦྱོང་ནུས་པ་ནི། འདུས་པའི་རྩ་རྒྱུད་ལེའུ་ལྔ་པ་ལས། སེམས་ཅན་མཚམས་མེད་ལ་སོགས་པའི། སྡིག་པ་ཆེན་པོ་བྱེད་པ་ཡང༌། རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ། ཐེག་པ་མཆོག་ནི་འདི་ལ་འགྲུབ། ཅེས་གསུངས།

དེའི་ནང་ནས་ཀྱང་བླ་མ་ལྷའི་རྣལ་འབྱོར་འདི་ནི་སྡིག་ལྟུང་སྦྱོང་བ་ལ་ཆེས་ཤིན་ཏུ་སྟོབས་ཆེ་སྟེ། རྒྱུད་ཕྱག་ཆེན་ཐིག་ལེ་ལས། ཇི་ལྟར་མེ་ཡིས་ཤིང་འཚིག་པ། །སྐད་ཅིག་གིས་ནི་ཐལ་བར་བྱེད། གལ་ཏེ་དེ་བཞིན་དཔལ་བླ་མ། མཉེས་ན་སྐད་ཅིག་གིས་སྡིག་འཚིག །ཅེས་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང༌། དཔེར་ན་ཉི་མ་ཟླ་བ་གཉིས། །འཇིག་རྟེན་མིག་ཏུ་མཁས་པས་འདོད། དེ་བཞིན་སྐྱེ་བ་འདི་ལ་ཡང༌། །སློབ་དཔོན་དེ་ནི་མིག་འདྲར་འདོད། །དཔེར་ན་མེ་ཡི་ཁམས་དེས་ནི། །བུད་ཤིང་ཐམས་ཅད་སྲེག་པར་བྱེད། །དེ་བཞིན་སློབ་དཔོན་ཤེས་པར་བྱ། །མི་ཤེས་བུད་ཤིང་སྲེག་པར་བྱེད། །ཅེས་གསུངས།

འཇམ་དཔལ་ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ཞེས་སོགས་སྔར་དྲངས་པ་ལྟར་སློབ་མས་བླ་མ་མཆོད་པའི་ཚེ་སངས་རྒྱས་ཐམས་ཅད་བླ་མ་དེའི་ལུས་ལ་བཞུགས་ནས་མཆོད་པ་དེ་བཞེས་པ་དང༌། དེའི་མཐུས་སློབ་མ་དེའི་ལས་ཀྱི་སྒྲིབ་པ་དག་པར་འགྱུར་བར་གསུངས་ལ། བདེ་མཆོག་རྩ་རྒྱུད་ལ་སོགས་པ་རྒྱུད་གཞན་མང་པོར་ཡང་དེ་བཞིན་དུ་གསུངས་སོ། །

མདོར་ན་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ན་འཚང་རྒྱ་བ་ལ་ཤིན་ཏུ་མྱུར་བར་རྒྱུད་དང་གྲུབ་ཆེན་གྱི་གཞུང་ཐམས་ཅད་ལས་མཐུན་པར་གསུངས་ཤིང༌། འཚང་རྒྱ་བ་ལ་མྱུར་བ་ནི་ཚོགས་མྱུར་དུ་རྫོགས་པ་དང༌། སྡིག་སྒྲིབ་རྣམས་མྱུར་དུ་བྱང་བར་འགྱུར་བ་ཡིན་པས། སྡིག་སྒྲིབ་སྦྱོང་བ་ལ་བླ་མའི་རྣལ་འབྱོར་ཉིད་སྟོབས་ཆེ་བར་ལུང་དང་རིགས་པས་ལེགས་པར་འགྲུབ་བོ། །སྔོན་གྱི་དམ་པ་རྣམས་ཀྱི་གླེང་གཞིས་ཀྱང་ཤེས་ཏེ། པཎ་ཆེན་ནཱ་རོ་པས་གྲུབ་ཆེན་ཏཻ་ལོ་པ་ལ་མཆོད་པ་དང་བསྙེན་བཀུར་ལ་བརྩོན་པར་མཛད་པས་ལས་སྒྲིབ་མྱུར་དུ་དག་སྟེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གསུངས་པ་དང༌། འབྲོམ་རིན་པོ་ཆེས་ཇོ་བོའི་ཕྱི་ས་ན་བཟས་ཕྱགས་པས་ལས་སྒྲིབ་དག་སྟེ་དཔག་ཚད་བརྒྱ་ཕྲག་མང་པོའི་བར་གྱི་སྲོག་ཆགས་གྲོག་སྦུར་ཚུན་ཆད་ཀྱི་སེམས་ཀྱི་རྒྱུ་བ་ཕྲ་མོའང་ཤེས་པའི་མངོན་པར་ཤེས་པ་རྒྱ་ཆེན་པོ་ཝལ་གྱིས་ཤར་གསུངས་པ་དང༌། རྗེ་བཙུན་མི་ལས་སྐུ་ཚེའི་སྟོད་ལ་མཐུ་དང་སེར་བས་མི་མང་པོ་དང་སྲོག་ཆགས་ཕྲ་མོ་གྲངས་མེད་བསད་པ་སོགས་སྡིག་པ་ཆེན་པོ་མཛད་པའང་བླ་མ་མར་པ་དང་མཇལ་ནས་བླ་མའི་བསྙེན་བཀུར་ལ་འབད་པས་སྡིག་སྒྲིབ་ཆེན་པོ་དེ་དག་མྱུར་དུ་དག་ནས་རྟོགས་པ་མཆོག་བརྙེས་པ་སོགས་སྔོན་གྱི་དམ་པ་རྣམས་ཀྱི་རྣམ་ཐར་དུ་བླ་མའི་བསྙེན་བཀུར་ལ་འབད་པས་སྡིག་སྒྲིབ་དག་པ་དང་ཡོན་ཏན་བརྙེས་པའི་ཚུལ་མང་དུ་འབྱུང་བ་ལྟར་རོ། །

༈ གཉིས་པ་རྗེས་སུ་ཡི་རང་བྱ་ཚུལ་ནི།

ཆོས་རྣམས་རང་བཞིན་མཚན་མ་དང་བྲལ་ཡང༌། །

རྨི་ལམ་ཇི་བཞིན་སྐྱེ་འཕགས་ཐམས་ཅད་ཀྱི། །

བདེ་དགའ་ཅིར་ཡང་འཆར་བའི་རྣམ་དཀར་ལ། །

བདག་ཅག་བསམ་པ་དག་པས་ཡི་རང་ངོ༌། །

ཞེས་གསུངས་ཏེ། འདི་ལ་བཟང་སྤྱོད་ལས་གང་ཟག་ལྔའི་དགེ་བ་ལ་རྗེས་སུ་ཡི་རང་བྱ་བར་གསུངས་ཏེ། ལྔ་ནི་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། རང་རྒྱལ་རྣམས་དང༌། ཉན་ཐོས་རྣམས་དང༌། སོ་སོ་སྐྱེ་བོ་ཐ་མལ་བ་རྣམས་ཏེ། གང་ཟག་ལྔ་པོ་དེའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བྱ་བར་གསུངས་ལ། གང་ཟག་ལྔ་པོ་དེར་མ་འདུས་པའི་གང་ཟག་གང་ཡང་མེད་པས་དགེ་བའི་རྩ་བ་ཡང་དེར་མ་འདུས་པ་མེད་དོ། །གང་ཟག་ལྔ་པོ་དེ་འདིར་སོ་སྐྱེ་དང་འཕགས་པ་གཉིས་སུ་བསྡུས་ནས་དེ་དག་གི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་སྟེ། མདོར་ན་རང་གཞན་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་ཡི་རང་བྱེད་པའོ། །དེ་ཡང་ཤེར་ཕྱིར་གྱི་མདོ་ལས་གསུངས་པ་ལྟར། སྔར་འདས་པའི་དུས་ཀྱི་སངས་རྒྱས་རྣམས་དང༌། མ་འོངས་པ་ན་འབྱོན་པར་འགྱུར་པའི་སངས་རྒྱས་རྣམས་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་མཐར་སངས་རྒྱས་པའི་བར་གྱི་དགེ་རྩ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་དང༌། སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཛད་པ་ཇི་སྙེད་ཅིག་མཛད་པ་རྣམས་དང༌། ཆོས་དེ་ལ་གདུལ་བྱ་རྣམས་ཀྱི་ཐོས་བསམ་སྒོམ་གསུམ་གྱིས་ཞུགས་པ་དང༌། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་བྱོན་པ་དང༌། ཉན་ཐོས་ཇི་སྙེད་ཅིག་བྱོན་པ་དང༌། རང་སངས་རྒྱས་སུ་འགྱུར་བ་ཇི་སྙེད་ཅིག་བྱུང་བ་དང༌། རྒྱལ་བ་དེ་དག་མྱ་ངན་ལས་འདས་ནས་ཀྱང་བསྟན་པ་གནས་ཀྱི་བར་དུ་ཆོས་ལ་སྤྱོད་པ་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་དང༌། སྐུ་གདུང་རིང་བསྲེལ་གྱི་མཆོད་རྟེན་ལ་ལྷ་དང་མི་རྣམས་ཀྱིས་དགེ་རྩ་ཇི་སྙེད་ཅིག་བསྐྲུན་པ་དང༌། སོ་སོ་སྐྱེ་བོ་ཐ་མལ་བ་དག་གིས་རྒྱལ་བ་སྲས་བཅས་ལ་མཆོད་པ་སོགས་དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྲུན་པ་དང༌། དགེ་བའི་རྩ་བ་དེ་དག་གི་མཐུ་ལས་རྣམ་སྨིན་ཡིད་དུ་འོང་བའི་བདེ་བ་ཇི་སྙེད་ཅིག་བྱུང་བ་དང༌། ཡོན་ཏན་གོང་མ་ཇི་སྙེད་ཅིག་སྐྱེས་པ་ལ་སོགས་པ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་འབྱུང་བའི་དགེ་རྩ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བློས་བསྡུས་ནས་གཞལ་ཏེ་རྗེས་སུ་ཡི་རང་བྱེད་པའོ། །མདོ་སྡེ་ནས་ཇི་ལྟར་གསུངས་པ་དེ་དག་ཐམས་ཅད་ཀྱི་གནད་བསྡུས་ནས་འདིར། སྐྱེ་འཕགས་ཐམས་ཅད་ཀྱི། བདེ་དགའ་ཅིར་ཡང་འཆར་བའི་རྣམ་དཀར་ལ། །བདག་ཅག་བསམ་པ་དག་པས་ཡི་རང་ངོ༌། །ཞེས་བསྡུས་ནས་གསུངས། །རྗེས་སུ་ཡི་རང་བ་དེ་ཡང་མཚན་འཛིན་གྱིས་མ་བཅིངས་པར་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས་ཟིན་པ་ཞིག་དགོས་པ་ཤེར་ཕྱིན་གྱིས་མདོ་ལས་རྒྱ་ཆེར་གསུངས་པ་ལྟར། འདིར་ཡང༌། ཆོས་རྣམས་རང་བཞིན་མཚན་མ་དང་བྲལ་ཡང༌། །རྨི་ལམ་ཇི་བཞིན། ཞེས་གསལ་བར་གསུངས། །དེ་ལྟར་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སྐྱེ་འཕགས་ཐམས་ཅད་ཀྱི་དགེ་རྩ་ལ་རྗེས་སུ་ཡི་རང་བྱེད་པ་ནི། ནམ་མཁའི་ཁམས་རིན་པོ་ཆེས་བྱུར་བུར་བཀང་སྟེ་རྒྱལ་བ་རྣམས་ལ་བསྐལ་བའི་བར་དུ་ཕུལ་བ་བས་ཀྱང་བསོད་ནམས་ལྷག་པར་གསུངས།

རྗེས་སུ་ཡི་རང་བྱེད་ཚུལ་འདི་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་ས་ལ་གནས་པ་རྣམས་ཀྱི་ཡང་ཐུགས་དམ་གྱི་མཐིལ་ཡིན་པ་དང༌། སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་མཆོག་ཏུ་བསྔགས་པའི་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡིན་པ་སོགས་ཤེར་ཕྱིན་གྱི་མདོ་ལས་རྒྱ་ཆེར་བསྔགས་སོ། །

རྗེའི་རྟོགས་བརྗོད་ལས་ཀྱང༌། འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ། དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུང༌། ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ། རློམ་སེམས་བྲལ་བས་དགའ་བ་ཆེར་བསྐྱེད་ན། །སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས། །རྒྱལ་བས་གསུངས་པའི་དོན་དེ་བསྒྲུབ་ཕྱིར་དང༌། །དགོས་པ་གཞན་ཡང་མང་དུ་མཐོང་བས་ན། །སེམས་ཁྱོད་དགའ་བ་འདི་ལྟར་བསྐྱེད་ན་ལེགས། །ཞེས་གསུངས་སོ། །

༈ གསུམ་པ་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་ཚུལ་ནི།

ཕུལ་བྱུང་མཁྱེན་བརྩེའི་ཆུ་འཛིན་འབུམ་དཀྲིགས་ཏེ། །

མཐའ་ཡས་འགྲོ་འདིའི་ཕན་བདེ་ཀུནྡའི་ཚལ། །

བསྐྱེད་དང་ཡུན་དུ་གནས་དང་སྤེལ་བའི་ཕྱིར། །

ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། །

ཞེས་གསུངས་ཏེ། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ལྷ་ཚོགས་ལ་ཐུགས་རྗེ་བསྐུལ་ཏེ་ནམ་མཁའི་མཐས་ཀླས་པའི་འགྲོ་བ་འདི་དག་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ལ། གནས་སྐབས་སུ་བདེ་བ་དང་ཕྱི་མར་ཕན་པ་ཐམས་ཅད་དམ་པའི་ཆོས་ཁོ་ན་ལས་འབྱུང་ལ། དམ་པའི་ཆོས་གང་ལས་འབྱུང་བ་ནི་ཆོས་སྟོན་པ་པོ་བླ་མ་ཉིད་ལ་རག་ལས་ཤིང༌། དེ་ཡང་ཚད་མ་རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར། རང་གིས་བླང་དོར་མ་ཤེས་ན་གཞན་ལ་བསྟན་དུ་མེད་པས་བླང་དོར་གྱི་ཆོས་སྟོན་པ་ལ་བླང་དོར་ཇི་བཞིན་ཤེས་པ་ཞིག་དགོས། གདུལ་བྱ་ཐམས་ཅད་ལ་ཉེ་རིང་མེད་པར་ཆོས་སྟོན་པ་ལ་བརྩེ་བ་མཐར་ཕྱིན་པ་ཞིག་དགོས་ལ། མཁྱེན་བརྩེ་མཐར་ཐུག་ཐུགས་ལ་མངའ་བ་ནི་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་ཁྱོད་ཉིད་ཡིན་པས། བདག་ཅག་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་དང༌། ཡུན་དུ་གནས་པ་དང༌། སྤེལ་བའི་ཕྱིར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་དུ་གསོལ་ཞེས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པའོ། །

འདིར་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་གསུངས་པ་ལྟར། བློ་བཟང་དང་པོའི་སངས་རྒྱས་རྡོ་རྗེ་འཆང༌། །ཀུན་ཁྱབ་ཕྱི་ནང་གསང་བའི་སྐུར་བསྟན་ནས། །ནམ་མཁའ་ཇི་སྲིད་འགྲོ་ལ་བརྩེར་དགོངས་ནས། །ཕྱི་ནང་གསང་བའི་ཆོས་འཁོར་བསྐོར་དུ་གསོལ། །ཞེས་བརྗོད་ནས་ཀྱང་གསོལ་བ་འདེབས། ཚོགས་མཆོད་ཀྱི་སྐབས་སོགས་རྒྱས་པར་བྱེད་ཚེ། རིགས་ལྔ་དང་སྦྱར་བའི་ཆོས་འཁོར་བསྐོར་བའི་གསོལ་འདེབས་འདི་ལྟར་ཡང་མཛད་དེ། མེ་ལོང་ཡེ་ཤེས་ཆེན་པོའི་རོལ་པ་ལས། །ཀུན་ཁྱབ་བུདྡྷ་རིགས་ཀྱི་སྐུར་བསྟན་ནས། ནམ་མཁའ་ཇི་སྲིད་འགྲོ་ལ་བརྩེར་དགོངས་ནས། །ཕྱི་ནང་གསང་བའི་ཆོས་འཁོར་བསྐོར་དུ་གསོལ། །སོར་རྟོག་ཡེ་ཤེས་ཆེན་པོའི་རོལ་པ་ལས། །ཀུན་ཁྱབ་པདྨ་རིགས་ཀྱི་སྐུར་བསྟན་ནས། །ནམ་མཁའ་ཇི་སྲིད་འགྲོ་ལ་བརྩེར་དགོངས་ནས། །ཕྱི་ནང་གསང་བའི་ཆོས་འཁོར་བསྐོར་དུ་གསོལ། །ཆོས་དབྱིངས་ཡེ་ཤེས་ཆེན་པོའི་རོལ་བ་ལས། །ཀུན་ཁྱབ་རྡོ་རྗེ་རིགས་ཀྱི་སྐུར་བསྟན་ནས། །ནམ་མཁའི་ཇི་སྲིད་འགྲོ་ལ་བརྩེར་དགོངས་ནས། །ཕྱི་ནང་གསང་བའི་ཆོས་འཁོར་བསྐོར་དུ་གསོལ། །མཉམ་ཉིད་ཡེ་ཤེས་ཆེན་པོའི་རོལ་བ་ལས། །ཀུན་ཁྱབ་རིན་ཆེན་རིགས་ཀྱི་སྐུར་བསྟན་ནས། །ནམ་མཁའ་ཇི་སྲིད་འགྲོ་ལ་བརྩེར་དགོངས་ནས། །ཕྱི་ནང་གསང་བའི་ཆོས་འཁོར་བསྐོར་དུ་གསོལ། །བྱ་གྲུབ་ཡེ་ཤེས་ཆེན་པོའི་རོལ་པ་ལས། །ཀུན་ཁྱབ་འཕྲིན་ལས་རིགས་ཀྱི་སྐུར་བསྟན་ནས། །ནམ་མཁའ་ཇི་སྲིད་འགྲོ་ལ་བརྩེར་དགོངས་ནས། །ཕྱི་ནང་གསང་བའི་ཆོས་འཁོར་བསྐོར་དུ་གསོལ། །ཞེས་བརྗོད་དོ། །

འདིར། བསྐྱེད་དང་ཡུན་དུ་གནས་དང་སྤེལ་བའི་ཕྱིར། །ཞེས་གསུངས་པ་ནི་རིམ་ལྔ་གསལ་སྒྲོན་དུ་བླ་མ་ལས་གདམས་ངག་ལན་ཅིག་ཐོབ་པས་མི་ཆོག་གི །ཡང་དང་ཡང་དུ་ཉན་དགོས་པ་དང༌། ལྷག་པར་ལམ་རིམ་པ་ལྔ་ལ་སློབ་པའི་ཚེ་ཐད་ཀ་ཐད་ཀའི་ལམ་རྣམས་རྒྱུད་ལ་བསྐྱེད་ཕྱིར་བླ་མ་ལ་ཕྱི་ནང་གསང་བའི་མཆོད་པ་དང་མཎྜལ་སོགས་ཕུལ་ནས་གསོལ་བ་བཏབ་སྟེ་གདམས་ངག་ཉན་དགོས་པར་གསུངས་པའི་དོན་ཏེ། གསུང་འདི་དག་ལ་ཞིབ་ཏུ་བརྟགས་ན་ལམ་གྱི་གནད་མཐར་ཐུག་པ་དག་སྟོན་ཅིང་དོན་ཤིན་ཏུ་རྒྱ་ཆེའོ། །

༈ བཞི་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཚུལ་ནི།

རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང༌། །

ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག །

བདག་ཅག་མོས་པ་ཇི་བཞིན་སྲིད་མཐའི་བར། །

མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །

ཞེས་གསུངས་ཏེ། ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་ལམ་མ་ནོར་བར་སྟོན་པའི་བླ་མ་ལ་བརྟེན་དགོས་ཤིང༌། བླ་མ་མེད་ན་རང་གིས་ལམ་གོང་མ་འགྲོད་མི་ནུས་པའི་ཚུལ་བསམས་ནས་བླ་མ་ལ་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་བཏབ་སྟེ། ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་གི་མཚན་དཔེའི་སྐུར་ཤར་བའི་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་པས། བདག་ཅག་ཐ་མལ་པ་རྣམས་ཀྱི་སྣང་ངོར་ཤར་བའི་གཟུགས་སྐུ་རགས་པ་ཟ་མ་ཏོག་ལྟ་བུ་འདི་ལ་བརྟན་པར་བཞུགས་ནས། གཟུགས་སྐུ་རགས་པ་འདི་ཉིད་ཀྱང་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་ཅག་གི་མགོན་སྐྱབས་དཔུང་གཉེན་དུ་རྟག་པར་བཞུགས་སུ་གསོལ་ཞེས་གསོལ་བ་འདེབས་པའོ། །ཆོས་འཁོར་བསྐོར་བར་བསྐུལ་བ་དང་འདི་གཉིས་ལ་དེ་ལྟར་གསོལ་བ་བཏབ་པས་དགྱེས་བཞིན་དུ་ཞལ་གྱིས་བཞེས་པའི་མོས་པའང་བྱེད་གསུང་སྟེ། འདི་ལ་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཞིག་ཡོད་པར་སྣང་ངོ༌། །

འདིར་བཤད་པའི་རྡོ་རྗེའི་སྐུ་ཞེས་པ་ནི་དཔལ་གསང་བ་འདུས་པ་རྩ་བཤད་ཀྱི་སྙིང་པོའི་དོན་མཐར་ཐུག་པ་སྟེ། རིམ་པ་དང་པོ་མཐར་ཕྱིན་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མཐུས་ཤིན་ཏུ་ཕྲ་བའི་རླུང་སེམས་དབང་དུ་འདུས་ཏེ་དཔེའི་འོད་གསལ་དང༌། དེ་ལས་རིམ་པ་གསུམ་པའི་སྒྱུ་མའི་སྐུ་དང༌། སྐུ་དེ་འོད་གསལ་དུ་སྦྱངས་པ་ལས་དག་པའི་སྒྱུ་མའི་སྐུ་ཐོབ་ཅིང༌། སྐུ་དེ་ནི་ཤ་རུས་རྡོས་བཅས་ཀྱི་ཕུང་པོ་ལས་ལོགས་སུ་བྱེ་བའི་འཇའ་ཚོན་ལྟ་བུའི་སྐུ་ཞིག་སྟེ། དེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ་འོད་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་འགེངས་པ། ཞིང་ཁམས་རབ་འབྱམས་སྤྲུལ་པས་ཁྱབ་པར་བྱེད་པ། ཚངས་པ་དང་བརྒྱ་བྱིན་སོགས་ཀྱིས་ཀྱང་མཐོང་བར་མི་ནུས་པ་ནམ་མཁའ་མ་ཟད་ཀྱི་བར་དུ་རྒྱུན་མི་འཆད་པ་ཞིག་སྟེ། དེ་ལ་ནི་རྡོ་རྗེའི་སྐུ་ཞེས་བྱ། ཟུང་འཇུག་གི་སྐུ་ཞེས་ཀྱང་བྱ། སྐུ་དེའི་རྒྱུན་ལས་ངེས་པ་ལྔ་ལྡན་གྱི་ལོངས་སྐུར་འཚང་རྒྱའོ། །འདིར་མོས་པ་བྱ་བ་ནི་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་དེ་ཉིད་ལ་གསོལ་བ་འདེབས་པ་ཡིན་ནོ། །

ཚུལ་འདི་དག་ལ་ལེགས་པར་བསམས་ནས་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྙན་རྒྱུད་ཀྱི་མན་ངག་ཡི་གེར་བཀོད་པའི་རྡོ་རྗེའི་ཚིག་འདི་དག་རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བཅུད་ཕྱུང་བའི་གདམས་ངག་མཆོག་ཏུ་ཡིད་ཆེས་པར་བྱའོ། །ཚོགས་མཆོད་དང་བཅས་བླ་མ་ལ་བརྟན་ཞུགས་བྱེད་པའི་ཚེ་གསོལ་འདེབས་ཀྱི་ཚིགས་བཅད་འདི་ལན་གསུམ་མཛད་དོ། །

༈ ལྔ་པ་བསྔོ་བ་བྱ་ཚུལ་ནི།

དེ་ལྟར་བསྐྲུན་པའི་རྣམ་དཀར་དགེ་བའི་ཚོགས། །

བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་ཡིས། །

ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང༌། །

ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ། །

ཞེས་པ་སྟེ། འདིའི་སྐབས་སུ་དམིགས་པ་ཡིད་ལ་བྱ་ཚུལ་ནི། བདག་གིས་དལ་བའི་རྟེན་བཟང་པོ་ནི་ཐོབ། །བླ་མ་སངས་རྒྱས་དང་ནི་མཇལ། །དམ་པའི་ཆོས་ཟབ་མོ་ཉམས་སུ་ལེན་རྒྱུ་ཡོད་པའི་སྐབས་འདིར་དལ་བ་དོན་དང་ལྡན་པར་བྱས་ལ། བླ་མ་སངས་རྒྱས་ཀྱིས་བསྟན་པའི་གདམས་པ་ཉམས་སུ་བླངས་ལ་ཚེ་འདི་ཉིད་ལ་བླ་མ་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ། །དེའི་ཕྱིར་དུ་བླ་མ་ལྷ་ཚོགས་ལ་མཆོད་ཅིང་གསོལ་བ་བཏབ་པ་སོགས་དགེ་བའི་རྩ་བ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས་ཚེ་རབས་ཐམས་ཅད་དུ་བླ་མ་སངས་རྒྱས་དང་སྐད་ཅིག་ཙམ་ཡང་མི་འབྲལ་ཞིང་གདམས་པ་རྒྱུན་ཆད་མེད་པར་སྟོན་པ་དང༌། དེའི་མཐུ་ལས་ས་ལམ་གྱི་ཡོན་ཏན་ཐམས་ཅད་མྱུར་དུ་རྫོགས་ནས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་ཕྱིར་བསྔོའོ་སྙམ་དུ་འདུན་པ་ཤུགས་དྲག་བྱའོ། །བླ་མས་རྗེས་སུ་འཛིན་པའི་བསྔོ་བ་འདི་ལྟར་བྱ་བ་དབེན་ས་བ་ཆེན་པོས་གསུངས་སོ། །

དེ་ནས་དམིགས་པ་གསལ་བར་བྱས་ནས་མཎྜལ་རྒྱས་པ་ཞིག་ཕུལ་ལ། དོན་ཆེན་པོ་གསུམ་གྱི་གསོལ་འདེབས་བྱ་སྟེ། ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་རིམ་གཉིས་ཀྱི་ལམ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བ་དང༌། དེ་དག་གི་མི་མཐུན་ཕྱོགས་བཤེས་གཉེན་ལ་མ་གུས་པ་སོགས་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པ་དང༌། ལམ་དེ་དག་རྒྱུད་ལ་སྐྱེ་བའི་གེགས་ཕྱི་ནང་གི་བར་ཆད་རྣམས་ཞི་ཞིང་མཐུན་རྐྱེན་རྣམས་ཚང་སྟེ་ལམ་ཡོངས་རྫོགས་མྱུར་དུ་རྒྱུད་ལ་སྐྱེ་བའི་གསོལ་འདེབས་ཤུགས་དྲག་ཏུ་བྱའོ། །

ཡན་ལག་བདུན་པོ་འདི་ནི་ཐེག་པ་ཆེན་པོའི་ཉམས་ལེན་གྱི་སྡོམ་ཆེན་པོ་ཞིག་སྟེ། དེ་དག་ཀྱང་བསྡུ་ན་བསགས་སྦྱང་སྤཻལ་གསུམ་དུ་འདུ་བ་དང༌། དེ་ཡང་བསྡུ་ན་བསག་སྦྱང་གཉིས་སུ་འདུ་བ་དང༌། ཡན་ལག་བདུན་པོ་དེ་དག་རེ་རེས་ལམ་རྒྱུད་ལ་སྐྱེ་བའི་གེགས་སྒྲིབ་པ་གང་དང་གང་སྦྱོང་བ་དང༌། ལམ་གོང་མའི་ཡོན་ཏན་གང་དང་གང་འགྲུབ་པའི་རྒྱུ་བྱེད་པ་དང༌། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གང་དང་གང་འགྲུབ་པའི་ཚུལ་ལ་སོགས་པ་གལ་ཆེ་ཞིང་དགོས་པ་ཆེ་བ་མང་དུ་ཡོད་ཀྱང་འདིར་མཐའ་དག་བྲིར་མ་ནུས་པས། ལམ་ཁྲིད་རྒྱས་པ་བྱེད་པའི་སྐབས་སུ་བཤད་སྲོལ་ཡོད་པ་ལྟར་དེ་ལས་ཤེས་པར་བྱ་ཞིང༌། ཐུན་མོང་མིན་པ་སྔགས་དང་འབྲེལ་བའི་གནད་ཁྱད་པར་ཅན་ཡང་མང་དུ་ཡོད་དོ། །

 

ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་བྱ་ཚུལ།

 

གསུམ་པ་དད་གུས་ཆེན་པོའི་སྒོ་ནས་གསོལ་བ་འདེབས་ཚུལ་ལ་བཞི། ཕན་ཡོན་དང་ཉེས་དམིགས་བསམས་པའི་སྒོ་ནས་དད་གུས་གསལ་བཏབ་སྟེ་མཚན་སྔགས་ཀྱི་སྒོ་ནས་ཐུགས་རྒྱུད་བསྐུལ་བའི་གསོལ་བ་འདེབས་ཚུལ། ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་འདེབས་ཚུལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྒོ་ནས་གསོལ་བ་འདེབས་ཚུལ། ཕུར་ཚུགས་གསོལ་འདེབས་ཀྱི་སྒོ་ནས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་ལོ། །

དང་པོ་ནི། བླ་མ་མཆོད་པའི་གཞུང་ཉིད་ལས། དེ་ནས་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་གཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། །ཅེས་གསུངས་པ་ལྟར། བླ་མའི་སྐྱོན་རྟོག་གི་བློ་ཡེ་མ་ཤོར་བར་བྱའོ་སྙམ་དུ་དྲན་ཤེས་ཡང་ཡང་བསྟེན་ནས་བླ་མ་བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས་རྣམས་མདོ་རྒྱུད་དམ་པའི་གསུང་སྒྲོས་བཞིན་ལེགས་པར་བསམ། ཁྱད་པར་དུ་རྩ་བའི་བླ་མ་དེ་ཉིད་མཚན་ཐོས་པ་ཙམ་གྱིས་ངན་འགྲོའི་འཇིགས་པ་འཕྲོག་ཅིང༌། དྲན་པ་ཙམ་གྱིས་འཁོར་བའི་སྡུག་བསྔལ་སེལ་བ། གསོལ་བ་བཏབ་ན་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་སྩོལ་བར་མཛད་པའི་སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་གསུམ་པོ་འདུས་པའི་བདག་ཉིད་དུ་བསམས་ལ། རེ་ས་གཞན་ལ་མེད་པའི་བློ་ལྟོས་བཅས་ཏེ་གདུང་ཤུགས་དྲག་པོས་དམིགས་བརྩེ་མ་སོགས་ཀྱི་གསོལ་བ་གང་མང་བཏབ། ཅེས་གསུངས།

དེ་ལ་བཤེས་གཉེན་བསྟེན་པའི་ཕན་ཡོན་ནི། བཤེས་གཉེན་ཚུལ་བཞིན་དུ་བསྟེན་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་མཉེས་པར་འགྱུར་བ་དང༌། ལས་སྒྲིབ་མྱུར་དུ་དག་པར་འགྱུར་བ་དང༌། ཕྱི་ནང་གི་གནོད་པས་མི་ཚུགས་པ་དང༌། ཚོགས་རླབས་པོ་ཆེ་སྐད་ཅིག་དང་སྐད་ཅིག་ལ་རྫོགས་པར་བྱེད་ནུས་པ་དང༌། གོང་མའི་ཡོན་ཏན་ཁྱད་པར་ཅན་རྣམས་མྱུར་དུ་འཐོབ་པར་འགྱུར་བ་དང༌། ཕྱི་མ་ངན་འགྲོར་མི་ལྟུང་བ་དང༌། གང་བསམས་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པ་ཕན་ཡོན་མཐའ་ཡས་པ་གསུངས་ཤིང༌།གཙོ་བོར་ནི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་པར་འགྱུར་བའོ། །

དེ་ཡང་བདེ་མཆོག་རྩ་རྒྱུད་ལས། སློབ་དཔོན་ལུས་སུ་ལེགས་གནས་ཏེ། །སྒྲུབ་པ་པོ་ལས་མཆོད་པ་ལེན། །ཞེས་དམ་ཚིག་དང་ལྡན་པའི་སློབ་མས་བླ་མ་ཚུལ་བཞིན་དུ་མཆོད་པའི་ཚེ་ཧེ་རུ་ཀ་ལ་སོགས་པའི་ཡི་དམ་རྣམས་བླ་མའི་ལུས་ལ་བཞུགས་ཏེ་སྒྲུབ་པ་པོ་དེའི་མཆོད་པ་བཞེས་ནས་ཚོགས་མྱུར་དུ་རྫོགས་པར་བྱེད་པར་གསུངས།

འདི་དང་འདྲ་བར་འཇམ་དཔལ་ཞལ་ལུང་དུ་ཡང་རྗེ་བཙུན་འཇམ་པའི་དབྱངས་བླ་མའི་ལུས་ལ་བཞུགས་ནས་སློབ་མའི་མཆོད་པ་ཕུལ་བ་རྣམས་བཞེས་ཏེ་ཚོགས་མྱུར་དུ་རྫོགས་པ་དང༌། སྡིག་སྒྲིབ་མྱུར་དུ་དག་པར་བྱེད་པར་གསུངས་ཏེ་ལུང་ནི་སྔར་དྲངས་ཟིན་ཏོ། །རྒྱུད་གཞན་མང་པོར་ཡང་དེ་བཞིན་དུ་གསུངས་སོ། །དེ་ཡང་ཡི་དམ་རེ་རེ་ཙམ་བླ་མའི་ལུས་ལ་བཞུགས་པ་ཙམ་དུ་མི་གཟུང་གི །དམ་ཚིག་ཚུལ་བཞིན་དུ་བསྲུང་བའི་སློབ་མས་ལམ་མ་ནོར་བར་སྟོན་པའི་བླ་མ་མཆོད་པའི་ཚེ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བླ་མ་དེའི་ལུས་ལ་ངེས་པར་འཇུག་པ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་བས་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །མཐོང་ན་དོན་ནི་ཡོད་པ་ཀྱེ། །ཕྱི་མའི་དུས་ན་སེམས་དཔའ་ཆེ། །དེ་བས་སེམས་ཅན་ཐམས་ཅད་ཀྱི། །ལྷ་ཡི་མཆོད་པའི་ཡོ་བྱད་ཀྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །ཞེས་ཤིན་ཏུ་གསལ་བར་གསུངས། དུས་ཀྱི་འཁོར་ལོ་ལས་ཀྱང༌། །གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་སྡིག་བྲལ་དེ་བདག་སྟེ། །དེ་ལ་གནོད་པ་བྱས་པས་སྲོག་ཆགས་རྣམས་ནི་ངེས་པར་དམྱལ་བར་འགྱུར་ཏེ་འདི་ལ་ངོ་མཚར་མེད། །དེ་མཉེས་པ་ཡིས་བདག་ནི་མགུ་སྟེ་དེ་ལ་ཁྲོ་བའི་མེ་ཡིས་ཁྲོས་པ་ཞེས་པ་ཆེན་པོའོ། །དེ་ཉིད་སེམས་ཅན་རྣམས་ལ་ཐར་པ་བདེ་མཉམ་འབྲས་སྟེར་བུ་རྣམས་དག་གི་ཕྱག་འོས་མཆོད་འོས་སོ། །ཞེས་བླ་མ་ཚུལ་བཞིན་དུ་བསྟེན་ན་རྒྱལ་བ་རྣམས་དགྱེས་ཤིང་དངོས་གྲུབ་མྱུར་དུ་འཐོབ་པ་དང༌། བསྟེན་ཚུལ་ལོག་ན་གདོན་མི་ཟ་བར་ཕུང་བར་གསུངས། ཡེ་ཤེས་ཐིག་ལེའི་རྒྱུད་ལས་ཀྱང༌། བླ་མ་སྟོན་པ་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ཉིད། །བླ་མའི་ཞལ་སྔའི་བཀའ་དྲིན་ལས། །མཆོག་གི་གནས་ནི་རྙེད་པར་འགྱུར། །ཚེ་འདི་ཡིས་ནི་ཕྱག་རྒྱ་ཆེ། །དངོས་གྲུབ་རྙེད་པར་ཐེ་ཚོམ་མེད། །ས་བཅུ་ཡི་ནི་དབང་ཕྱུག་བདག །དེ་ཡི་བཀའ་དྲིན་གྱིས་ནི་བླ། །དེ་བས་བླ་མ་ལས་ལྷག་གཞན། །སྟོན་པ་ཆེན་པོ་ག་ལ་ཡོད། །ཅེས་བླ་མ་ཚུལ་བཞིན་དུ་བསྟེན་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པ་དང༌། །བླ་མ་ལས་ལྷག་པའི་མཆོད་ཡུལ་མེད་པར་གསུངས་ཏེ། །དེ་དག་ཀྱང་མཚོན་བྱེད་ཙམ་བྲིས་པ་ཡིན་གྱི། རྒྱུདསྡེ་བཞི་ག་ནས་ལན་ཅིག་མིན་པར་རྒྱ་ཆེར་གསུངས་སོ། །མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས་ཀྱང༌། བདག་བྱིན་བརླབ་པའི་རིམ་ཞེས་པ། ཀུན་རྫོབ་བདེན་པ་བསྟན་པ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །འཐོབ་པར་འགྱུར་གྱིས་གཞན་དུ་མིན། །བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པ་མི་འགྱུར་བ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་དལ་བ་དོན་མེད་འགྱུར། །བདག་ལ་བྱིན་བརླབ་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་འཐོབ་པར་འགྱུར། །ཞེས་བླ་མ་ཚུལ་བཞིན་དུ་བསྟེན་ན་དེའི་བཀའ་དྲིན་གྱིས་ཟུང་འཇུག་གི་སྐུ་སྒྲུབ་ཚུལ་ཤེས་ནས་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་བ་དང༌། བླ་མ་མ་བསྟེན་ན་མདོ་རྒྱུད་ལ་ཐོས་བསམ་སོགས་ངལ་བ་ཅི་བྱས་ཀྱང་མཆོག་འགྲུབ་པའི་ཐབས་མེད་པར་གསུངས།

འཕགས་པ་ལྷའི་སེམས་ཀྱི་སྒྲིབ་སྦྱོང་ལས་ཀྱང༌། དེ་ཡི་ཡོན་ཏན་གཟུང་བར་བྱ། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །སློབ་དཔོན་ལྷ་ཡི་མཆོག་ཡིན་ཏེ། །འབད་པས་མཆོད་པར་བྱ་བ་ཡིན། །དེ་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །མངོན་སུམ་གཟུགས་ཀྱིས་རྣམ་པར་གནས། །ཇི་ལྟར་ནོར་བུ་ཆུ་དྭང་གིས། །རྙོག་མ་ཐམས་ཅད་དྭངས་བྱེད་པ། །དེ་བཞིན་དང་བའི་ནོར་བུ་ཡིས། །སེམས་ཀྱི་རིན་ཆེན་རྣམ་པར་བྱང༌། །ཞེས་བླ་མ་ལ་དད་གུས་ཚུལ་བཞིན་དུ་བྱས་ན་མྱུར་དུ་རྟོགས་པ་འཆར་བ་དཔེ་དང་བཅས་ཏེ་གསལ་བར་གསུངས། གསང་བ་གྲུབ་པ་ལས་ཀྱང༌། དམ་ཚིག་དག་ནི་ཐམས་ཅད་ལས། །བླ་མ་མཆོད་པ་མཆོག་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དཔལ་ལྡན་འདུས་པའམ་གཞན་དུ་བསྟན། །བཟུང་མིན་བརྗོད་པའང་མ་ཡིན་པ། །སེམས་ཅན་ཀུན་ལ་ཡང་དག་གནས། །ལུས་ངག་ཡིད་ཀྱི་བདེ་བ་ཡིན། །རྣམ་རྟོག་མེད་ཅིང་གནས་མེད་པ། །དག་ཅིང་ངོ་བོ་ཉིད་མེད་པ། །བྱང་ཆུབ་སེམས་ཞེས་དྲན་པར་བྱ། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དེ་ནི་མྱུར་དུ་འཐོབ་པར་འགྱུར། །ཞེས་དང༌། །བླ་མ་རྡོ་རྗེ་མཉེས་གྱུར་པས། །དངོས་གྲུབ་བཟང་པོ་ཀུན་སྦྱིན་བྱེད། །ཅེས་དང༌། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །གུས་པས་བླ་མ་མཆོད་པར་བྱ། །ཞེས་བླ་མ་ཚུལ་བཞིན་དུ་མཆོད་པ་ལས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་འཆར་བ་དང༌། བླ་མ་མ་བསྟེན་ན་ཡེ་ཤེས་དེ་ཐོབ་པའི་ཐབས་མེད་པས་བླ་མ་མཆོད་པ་ཉིད་ལ་འབད་དགོས་པར་གསུངས། ཡེ་ཤེས་གྲུབ་པ་ལས་ཀྱང༌། གང་ལ་བླ་མའི་དྲིན་ཡོད་པ། དེ་ཡི་དེ་ཉིད་མཆོད་རྟེན་འགྱུར། །གཞན་དུ་བྱིས་པས་ཡུན་རིང་དུ། །རྣམ་པར་རྨོངས་པས་ཉོན་མོངས་འགྱུར། །བླ་མ་སངས་རྒྱས་ཆོས་གྱུར་ཅིང༌། །དགེ་འདུན་ཡང་ནི་དེ་བཞིན་ཏེ། །དེ་ཡིས་དྲིན་གྱིས་ཤེས་འགྱུར་བས། །དེ་བས་དཀོན་མཆོག་གསུམ་ཡིན་ནོ། །ཞེས་དང༌། གཉིས་མེད་གྲུབ་པ་ལས་ཀྱང༌། ཁམས་གསུམ་ན་ནི་སློབ་དཔོན་ལས། ཆེ་བར་གྱུར་པ་གཞན་མེད་ན། །དེ་ཉིད་ཀྱི་ནི་བཀའ་དྲིན་གྱིས། །དངོས་གྲུབ་མང་པོ་འཐོབ་པར་འགྱུར། །དེ་ཉིད་རྡོ་རྗེ་སེམས་དཔའ་ཉིད། །སངས་རྒྱས་ཐམས་ཅད་ཕྱག་ཀྱང་འཚལ། །སློབ་དཔོན་མཆོད་པ་བླ་ན་མེད། །ཅི་ཙམ་ནུས་པས་མཆོད་པར་བྱ། །ཞེས་གསུངས་ཏེ། གྲུབ་ཆེན་གྱི་གཞུང་རྣམས་ལས་སྤྱིར་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པ་དང༌། ལྷག་པར་སྔགས་ལ་ཞུགས་ནས་ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པ་ནི་བླ་མ་ཁོ་ནའི་བཀའ་དྲིན་ལ་ལྟོས་པར་འབད་པ་དུ་མས་བསྒྲུབས་སོ། །

མདོར་ན་རྗེ་ཐམས་ཅད་མཁྱེན་པས། སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དམ་པའི་བཤེས་གཉེན་ཡིན་པས་ཐོག་མར་དེ་བསྟེན་པའི་ཚུལ་གལ་ཆེ། ཞེས་དང༌། སྤྱིར་ཐེག་པ་ཀུན་དང་ཁྱད་པར་དུ་ཐེག་པ་འདི་ལ་བླ་མའི་དམ་ཚིག་མ་ཉམས་པར་བྱ་བ་དང༌། སངས་རྒྱས་སུ་བལྟས་པའི་སྒོ་ནས་མཆོད་དེ། མཉེས་པ་ཐམས་ཅད་ཀྱིས་མཉེས་པར་བྱེད་ཅིང༌། མི་མཉེས་པ་སྤོང་བ་ལ་འབད་པ་ནི་གནད་དམ་པར་སྣང་ངོ༌། །ཞེས་གསུངས་པས་ཕན་ཡོན་གྱི་ཕྱོགས་ལ་ངེས་པ་གཏིང་ནས་འདྲོངས་པ་ཞིག་བྱའོ། །

མ་བསྟེན་པའི་ཉེས་དམིགས་ནི། མདོ་རྒྱུད་ཐམས་ཅད་ནས་ལན་ཅིག་མིན་པར་རྒྱ་ཆེར་གསུངས་ཤིང་བཤེས་གཉེན་དུ་བྱས་ནས་བསྟེན་ཚུལ་ལོག་ན་ནི་ཚེ་འདིར་ནད་དང་གདོན་དུ་མས་འཚེ་བ་དང༌། ཕྱི་མར་ངན་འགྲོར་ལྷུང་ནས་ཐར་པ་དཀའ་བ་དང༌། བརྒྱ་ལ་ཐར་པའི་དུས་བྱུང་ཡང་རྒྱུ་མཐུན་གྱི་འབྲས་བུས་བཤེས་གཉེན་དམ་པ་དང་མཇལ་བར་དཀའ་བ་སོགས་རྣམ་པར་སྨིན་པ་ཚབས་ཆེ་བ་འཇིགས་སུ་རུང་བ་ཡ་ང་བ་བརྗོད་ཀྱིས་མི་ལང་བ་ཞིག་མྱོང་བར་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ནས་ལན་ཅིག་མིན་པར་གསུངས་པ་ལྟར་རོ། །

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་འདི་འཕྱུགས་ན་མདོ་རྒྱུད་ལ་ཐོས་བསམ་དང་དཀའ་སྤྱད་སྙིང་རུས་ཆེན་པོས་སྒྲུབ་པ་དང་ལྷའི་རྣལ་འབྱོར་ལ་འབད་པ་སོགས་ངལ་བ་ཅི་བྱས་ཀྱང་ལམ་གོང་མའི་རྟོགས་པ་སྐྱེ་མི་སྲིད་པ་ནི། འདུས་པའི་རྩ་རྒྱུད་ལས། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པ་ཡོངས་མི་འགྱུར། །ཞེས་གསལ་བར་གསུངས་ཤིང༌། དེའི་ཐད་ཀྱི་འགྲེལ་བ་སྒྲོན་གསལ་ལས་དམ་ཚིག་ཉམས་པ་དེ་དང་ཉེ་བའི་གྲོགས་ཀྱིས་ཀྱང་མི་འགྲུབ་པར་གསུངས་ཏེ། སྦལ་བ་རྨ་ཅན་བཞིན་དུ་རང་དང་ཉེ་བའི་གྲོགས་ཐམས་ཅད་ཕུང་བར་བྱེད་པར་གསུངས་སོ། །དེ་ལྟར་ཕན་ཡོན་དང་ཉེས་དམིགས་ཀྱི་ཕྱོགས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་ཡང་དང་ཡང་དུ་བསམས་ལ་ངེས་པར་བརྟན་པོ་བསྐྱེད་དགོས་ཏེ། དེ་ལ་ངེས་པ་མ་དྲོངས་ན་བླ་མ་ལ་དད་མོས་དང༌། མཆོད་པ་དང་གསོལ་བ་འདེབས་པ་རྣམས་ཀྱང་ཚིག་ཙམ་དང་གཞན་གྱི་ལད་མོ་ཙམ་ཞིག་ལས་མི་འོང༌། དེ་མ་བྱུང་ན་བྱིན་རླབས་ཀྱང་དེ་འདྲ་བ་ཞིག་ལས་མི་འོང་ངོ༌། །ཚུལ་འདི་དག་ལ་སྔོན་གྱི་དམ་པ་རྣམས་ཀྱི་རྣམ་ཐར་བསམ་པའང་གལ་ཆེ་གསུང༌། དེ་ཡང་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་སངས་རྒྱས་

ཐམས་ཅད་ལས་བླ་མ་ལྷག་པར་བལྟས་ཏེ་སངས་རྒྱས་མང་པོའི་ཞལ་གཟིགས་ཀྱང་དེས་ཆོག་པར་མ་མཛད་པར་དགེ་བའི་བཤེས་གཉེན་འཕགས་པ་ཆོས་འཕགས་ལུས་སྲོག་ལོངས་སྤྱོད་གང་ལའང་ལྟོས་པ་མེད་པར་བསྟེན་ཅིང་མཆོད་པས་གཞན་དུ་བསྐལ་ཆེན་མང་པོར་བསྒྲུབ་དགོས་པའི་གོ་འཕང་ཚོགས་ལམ་ནས་ས་དང་པོའི་བར་ལོ་ཁ་ཤས་ལ་ཐོབ་པར་གསུང༌། འབྲོམ་རིན་པོ་ཆེས་རྟེན་གང་ལ་གསོལ་བ་བཏབ་པ་ལས་ཇོ་བོ་ལ་གསོབ་བ་བཏབ་པ་བྱིན་རླབས་ཆེ་བར་བྱུང་གསུང་པ་དང༌། བྱ་ཡུལ་བས་སྤྱན་སྔའི་བསྙེན་བཀུར་ལ་འབད་དེ། ཆུ་ལེན་པ། མེ་གཏོང་བ། ཐལ་བ་འཕྱག་པ་སོགས་བསྙེན་བཀུར་ལ་བརྩོན་པར་མཛད་པ་ན་ལན་ཅིག་གོ་ཁའི་ཐལ་བ་ཐུ་བར་བསྣམས་ཏེ་འདོར་དུ་བྱོན་པ་ན་སྐས་ཀྱི་གདང་བུ་ལ་ཞབས་བཞགས་བཞིན་དུ་ཏིང་ངེ་འཛིན་ལ་ཧྲིལ་ཏེ་སོང༌། ལྷག་པའི་ལྷ་མང་པོའི་ཞལ་གཟིགས་པ་དང༌། མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ་པར་གསུང༌། གཞན་ཡང་གདམས་པ་མཛད་པ་ནའང་དེང་སང་གི་དགེ་བཤེས་འདི་དག་གིས་ངས་བླ་མའི་ཞབས་ཏོག་བྱས་པ་འདི་ཆོས་སུ་མ་གོ་བ་འདྲ། ཞེས་པ་དང༌། བླ་མ་ལས་བཟང་བའི་རྡོ་རྗེ་འཆང་ངམ་ཡི་དམ་གྱི་ལྷ་ཞིག་ལོགས་སུ་ཡོད་པར་འདོད་ན་ནི་གང་ཟག་དེའི་རྒྱུད་ལ་དངོས་གྲུབ་གང་ཡང་མི་འཐོབ་བོ། །ཞེས་སོགས་བྱང་ཆུབ་ལམ་རིམ་གྱི་རྟོགས་པ་ཐམས་ཅད་བླ་མ་ཁོ་ནའི་དྲིན་ལས་ཐོབ་དགོས་པར་ཡང་ཡང་གསུང༌། རྗེ་བཙུན་ས་པཎ་གྱིས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྙུང་གཡོག་ལ་འབད་པས་བླ་མ་འཇམ་པའི་དབྱངས་དངོས་སུ་ཞལ་གཟིགས་པ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དེའི་མཐུ་ལས་བརྙེས་པར་གསུང༌། རྒྱལ་བ་དབེན་ས་པ་ཆེན་པོས། མདོར་ན་ཉམས་རྟོགས་ཆེ་ཆུང་གང་སྐྱེས་ཀྱང༌། དད་པ་ཆེ་ཆུང་བསྒོམས་པའི་མཐུ་ཡིན་པས། དངོས་གྲུབ་འབྱུང་གནས་དྲིན་ཅན་བླ་མ་ཡི། །ཡོན་ཏན་བསམས་ཤིང་སྐྱོན་ནས་མི་བལྟ་བའི། གདམས་པ་འདི་ཉིད་མཐིལ་དུ་འཛིན་པ་དང༌། དམ་བཅའ་འདི་འདྲ་གེགས་མེད་མཐར་ཕྱིན་ཤོག །ཅེས་ཡོན་ཏན་ཐམས་ཅད་བླ་མའི་དད་གུས་ཁོ་ན་ལ་བརྟེན་ནས་སྐྱེད་དགོས་པར་གསུང༌།

རྒྱུད་དང་གྲུབ་ཆེན་གྱི་གཞུང་རྣམས་ལས་ལམ་གྱི་སྲོག་དམ་པ་བླ་མའི་རྣལ་འབྱོར་ལ་བསྔགས་པ་ཆེན་པོ་མཛད་པའང་དེ་ལྟར་དུ་ངེས་པ་དྲངས་ནས་གོ་དགོས་ཀྱི། དེ་ལྟ་མིན་པར་བླ་མ་སངས་རྒྱས་སུ་བལྟ་ཞེས་པའི་ཚིག་ཙམ་དང༌། དམིགས་སྐོར་ཆུང་ཆུང་རེ་ལ་འབད་པ་ཙམ་གྱིས་ལམ་འདིའི་གནད་རྟོགས་པར་མི་ནུས་པ་ནི། རྗེ་རིན་པོ་ཆེས། དེ་ལྟར་ན་བླ་མའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པའི་གདམས་པའང་སྔར་བཤད་པ་ལྟར་གོ་དགོས་ཀྱི། དམིགས་པ་ཐུན་རེ་ཙམ་ལ་སྦྱངས་པས་ནི་གང་ཡང་མི་ཕྱིན་ལ། ཞེས་གསུངས་སོ། །དེ་ལྟར་ན་བཤེས་གཉེན་བསྟེན་པའི་ཕན་ཡོན་དང༌། མ་བསྟེན་པའི་ཉེས་དམིགས་རྣམས་ལ་ཡང་དང་ཡང་དུ་བསམས་ནས་དད་གུས་ཤུགས་དྲག་ཏུ་སྦྱོར་ཞིང༌། ལྷག་པར་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ཉིད་མཚན་ཐོས་པ་ཙམ་གྱིས་ངན་འགྲོའི་འཇིགས་པ་འཕྲོག་ཅིང༌། དྲན་པ་ཙམ་གྱིས་འཁོར་བའི་སྡུག་བསྔལ་སེལ་བ། གསོལ་བ་བཏབ་ན་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་སྩོལ་བར་མཛད་པའི་སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་གསུམ་འདུས་པའི་བདག་ཉིད་དུ་བསམ་ལ། རེ་ས་གཞན་ན་མེད་པའི་བློ་ལྟོས་བཅས་ཏེ་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་འདེབས། གཞན་ཡང་དགའ་ལྡན་ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཉེ་རྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་དང༌། བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་སོགས་འདོན་པ་ཕྱག་ལེན་ལ་ཡོད་པ་ལྟར་བྱ་ཞིང༌། ལྷག་པར། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང༌། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། །སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ། །སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། །རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའི་གསོལ་འདེབས་བརྒྱ་རྩ་སོགས་བྱའོ། །

འདིའི་སྐབས་སུ་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀ་ནས་བདུད་རྩི་འབེབས་སྦྱང་བྱེད་ཅིང༌། ཚོགས་ཞིང་གཞན་རྣམས་ཀྱི་སྐུ་ལས་ཀྱང་བདུད་རྩི་འབེབས་སྦྱང་བྱའོ། །དེ་ཡང་བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་ཡང་དཔལ་ལྡན་བླ་མའི་སྐུ་ལ་བསྡོས་པ། གསུང་བཅག་པ། ཐུགས་དཀྲུགས་པ། མ་དད་པ་བརྙས་སྨོད་བགྱིས་པ་ལ་སོགས་པ་མདོར་ན་བླ་མ་ལ་བརྟེན་པའི་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་ནས་སངས་ཏེ་དག །ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དཔལ་ལྡན་བླ་མའི་སྐུ་གསུང་ཐུཊ་ཀྱི་བྱིན་རླབས་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་སེམས་ཞུགས་པར་བསམ་མོ། །

རྗེ་ཐམས་ཅད་མཁྱེན་པའི་མཚན་སྔགས་གསོལ་འདེབས་འདི་ནི་རྒྱུད་སྡེ་ནས་གསུངས་པའི་གསང་སྔགས་ཟབ་མོ་དག་དང་བྱེད་ལས་མཚུངས་ཏེ། འདིའི་སྒོ་ནས་བླ་མ་ལྷ་ཚོགས་ཀྱི་ཐུགས་བསྐུལ་ཏེ་ནད་གདོན་སྡིག་སྒྲིབ་ཞི་བར་བྱེད་པ་དང༌། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པར་བྱེད་པ་ལ་སོགས་པ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་བསྒྲུབ་ཏུ་ཡོད་ཅིང༌། ཆར་འབེབས་པ་དང༌། སད་སེར་བསྲུང་བ། བུམ་པ་བསྒྲུབས་ཏེ་ས་བཅུད་འཕེལ་བར་བྱེད་པ་སོགས་དགའ་ལྡན་བཀའ་རྒྱུད་རིན་པོ་ཆེའི་དམ་པ་རྣམས་ཀྱིས་དེང་སང་གི་བར་དུ་ཕྱག་ལེན་མཛད་བཞིན་པ་ཡིན་པས་གངས་རིའི་ཁྲོད་ཀྱི་སྐྱེ་འགྲོ་རྣམས་ཀྱི་བདེ་སྐྱིད་ཀྱང་གསོལ་འདེབས་འདིའི་མཐུ་ལ་བརྟེན་ཏོ། །ལྷག་པར་རྗེ་བླ་མ་ལ་མགོན་པོ་འཇམ་པའི་དབྱངས་ཀྱིས་གནང་བའི་གདམས་པ་ཐུན་མོང་མིན་པ། མ་དག་འཁྲུད་ཅིང་མི་ཤེས་བསལ། །སྐུ་ཡིས་ཆེ་ཞིང་གསུང་གིས་བསལ། །ས་བོན་མྱུར་བ་ཕྱག་མཚན་ཟབ། །གླེགས་བམ་རལ་གྲི་གླེགས་རལ་གྱིས། །འཆད་དང་རྩོད་དང་རྩོམ་པའོ། །ཞེས་གསུངས་པ་ལྟར་གྱི་ཤེས་རབ་བློ་འཕེལ་གྱི་གདམས་པ་ཁྱད་པར་ཅན་རྣམས་ཀྱང་འདིར་ཉམས་སུ་བླང་གསུང༌།

འདི་དག་གི་སྐབས་སུ་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀའི་ས་བོན་ཧཱུྃ་ཡིག་ཡོངས་གྲགས་ལྟར་དང༌། རྗེ་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་ས་བོན་ཐུན་མོང་མིན་པ་ནི་མཾ་ཧཱུྃ་གིས་མཚན་པ་ལ་བྱེད་གསུང༌། དེའི་རྒྱུ་མཚན་ཡང་འཇམ་དཔལ་རྩ་རྒྱུད་ལས་རྗེ་རིན་པོ་ཆེ་ལུང་བསྟན་པའི་སྐབས་སུ། བློ་ལྡན་དང་པོ་ཡི་གེ་མ་ཞེས་མཚན་སྔགས་ཀྱི་དང་པོ་མ་ཡིག་ལུང་བསྟན་པ་དང་མཐུན་ཞིང༌། གཙོ་བོར་ནི་མཚན་སྔགས་ཀྱི་གསོལ་འདེབས་འདིའི་སྒོ་ནས་ཐུགས་སྐུལ་བར་བྱེད་པའི་བླ་མའི་རྣལ་འབྱོར་རྗེ་ཐམས་ཅད་མཁྱེན་པ་རང་ཉིད་ཀྱིས་གྲུབ་ཆེན་འཇམ་དཔལ་རྒྱ་མཚོ་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པ་དང༌། བ་སོ་ཆོས་རྗེ་རྣམས་ལ་སོ་སོར་བཀའ་རྒྱས་བཏབ་ནས་གནང་ཞིང༌། དུས་ཕྱིས་གྲུབ་ཆེན་ཆོས་རྡོ་རྗེ་ལ་རྗེ་རང་ཉིད་ཀྱིས་དངོས་སུ་གནང་བ་ཡིན་གསུང༌།

སྤྱིར་རྗེ་ཐམས་ཅད་མཁྱེན་པ་ནི་བྱང་ཕྱོགས་འདིར་ཐུབ་བསྟན་ཡོངས་རྫོགས་སྤེལ་བ་ལ་ཐུབ་དབང་རང་ཉིད་དང་མཛད་པ་མཚུངས་པ་ཡིན་པས་བཀའ་དྲིན་ཟླ་མེད་ཡིན་པ་དང༌། རྗེ་བཙུན་འཇམ་པའི་དབྱངས་མིའི་རྣམ་པར་བྱོན་པ་ཡིན་པ་འཇམ་དཔལ་རྩ་རྒྱུད་ལས་གསལ་བར་ལུང་བསྟན་ཅིང་ཡོངས་སུ་གྲགས་པ་ལྟར་དང༌།འཕགས་པ་སྤྱན་རས་གཟིགས་དང༌། གསང་བའི་བདག་པོ་གཉིས་ཀྱིའང་ངོ་བོ་ཡིན་པས་རིགས་གསུམ་གཅིག་ཏུ་བསྡུས་པའི་སྐུ་ཡིན་པར་བཀའ་གདམས་གླེགས་བམ་ལས་གསལ་བར་བཤད་ཅིང༌། དེའི་ཕྱིར་མཚན་སྔགས་གསོལ་འདེབས་འདི་ལ། ཕྱི་མཚུངས་པ་གསལ་བྱེད། ནང་ཡོན་ཏན་དེ་ལྡན། གསང་བ་ལྷག་པའི་ལྷ་གསུམ་དང་ངོ་བོ་དབྱེར་མེད་པའི་ཚུལ་རྣམས་སུ་ཡོད་ཅིང༌། དེ་དག་ལ་བརྟེན་པའི་ཕྱི་སྒྲུབ་ནང་སྒྲུབ། གསང་སྒྲུབ། དེ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བའི་དགུ་སྐོར་གྱི་སྒྲུབ་ཐབས་ཐུན་མོང་མིན་པའང་ཡོད་དོ། །

གཞན་ཡང་འདི་དག་ལ། ཞི་བ་དཀར་པོ་པད་དཀར་འཛིན། ཅེས་སོགས་འཇམ་དབྱངས་ཆོས་སྐོར་ནས་གསུངས་པ་ལྟར་གྱི་ལས་ཚོགས་ཁྱད་པར་ཅན་མང་དུ་ཡོད་དེ། ཞིབ་པར་དགེ་བའི་བཤེས་གཉེན་ཀྱི་ཞལ་ལས་ཤེས་པར་བྱའོ། །

 

ཡོན་ཏན་དང་བཀའ་དྲིན་དྲན་པའི་སྒོ་ནས་གསོལ་བ་འདེབས་ཚུལ།

 

གཉིས་པ་ཡོན་ཏན་དང་བཀའ་དྲིན་དྲན་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ལ་གཉིས། ཡོན་ཏན་བསམས་པའི་སྒོ་ནས་རྩ་བ་དད་པ་སྦྱོང་ཞིང་གསོལ་བ་འདེབས་པ་དང༌། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ལོ། །

དང་པོ་ལ་གསུམ། འདུལ་བ་ནས་བཤད་པའི་བླ་མའི་ཡོན་ཏན་བསམས་པའི་སྒོ་ནས་གསོལ་བ་འདེབས་པ། ཐེག་ཆེན་ཐུན་མོང་བའི་བླ་མའི་ཡོན་ཏན་བསམས་པའི་སྒོ་ནས་གསོལ་བ་འདེབས་པ། རྡོ་རྗེ་ཐེག་པའི་བླ་མའི་ཡོན་ཏན་བསམས་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ལོ། །

དང་པོ་ནི།

ཡོན་ཏན་འབྱུང་གནས་ཚུལ་ཁྲིམས་རྒྱ་མཚོ་ཆེ། །

མང་ཐོས་ནོར་བུའི་ཚོགས་ཀྱིས་ཡོངས་སུ་བལྟམས། །

ངུར་སྨྲིག་འཛིན་པ་ཐུབ་དབང་གཉིས་པའི་རྗེ། །

གནས་བརྟན་འདུལ་བ་འཛིན་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དེ་ཡང་འདུལ་བ་སུམ་བརྒྱ་པ་ལས། །ཚུལ་ཁྲིམས་དང་ལྡན་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཞིང་ཕན་འདོགས་ལ་བརྩོན་ཞིང༌། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་གསུངས་པ་ལྟར། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་རྣམ་པར་དག་པ་དང༌། སྤྱིར་སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་དང་ལྡན་ཞིང༌། ཁྱད་པར་དགག་སྒྲུབ་གནང་གསུམ་གྱི་བཅས་པ་རྣམས་ཤེས་ཤིང་ལག་ལེན་ལ་འདེབས་པ། སྤྱིར་སློབ་མ་ལ་ཕན་སེམས་ཆེ་ཞིང༌། ལྷག་པར་ནད་པ་ལ་སྙིང་བརྩེ་བ། ཉེ་འཁོར་དག་པ། ཆོས་སྟོན་པའི་དུས་ལ་མཁས་པ་ལ་སོགས་པ་འདུལ་བ་ནས་བཤད་པའི་ཡོན་ཏན་རྣམས་བསམ་ལ་དད་པ་སྦྱོང་ཞིང་གསོལ་བ་འདེབས་པའོ། །གནས་བརྟན་ཞེས་པ་ནི། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་ལོ་བཅུ་ལོན་པ། འདུལ་བ་ལ་མཁས་ཤིང་བསླབ་བྱ་རྣམས་ལག་ལེན་དུ་བྱེད་པ་སོགས་ལྔ་ཕྲུགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་ལ་གནས་བརྟན་ཞེས་བྱ་སྟེ། འདུལ་བ་ལུང་གི་བར་སྡོམ་ལས། ལོ་བཅུ་ལོན་དང་འཛིན་དང་མཁས། །ཞེས་སོགས་གསུངས་པ་ལྟར་རོ། །ཐུབ་དབང་གཉིས་པ་ཞེས་གསུངས་པ་ནི། རྒྱལ་བ་རང་ཉིད་ཀྱིས་འདུལ་བའི་སྡེ་སྣོད་འཛིན་པའི་གནས་བརྟན་རྣམས་ལ་བསྔགས་པ་ཇི་ལྟར་མཛད་པ་ལྟར་ཏེ། འདུལ་བ་ལུང་ལས། དེའི་འདུལ་བ་འཛིན་པའི་གང་ཟག་ལ་ཕན་ཡོན་ལྔ་ཡོད་དེ། འཁོར་བཞིས་མདུན་དུ་བདར་བ་ཡིན། །གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལུས་པ་ཡིན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནང་གི་མཛོད་སྲུང་བ་ཡིན། དགེ་སློང་དང་བྲམ་ཟེ་རྣམས་ཀྱི་སྤྱི་བོ་ན་འདུག་པ་ཡིན། དམ་པའི་ཆོས་གནས་པའི་ཕྱིར་དང་བསླབ་པའི་ཆེད་ཀྱི་ཕྱིར་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བར་ཞུགས་པ་ཡིན་ནོ། །ཞེས་དང༌། རང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ལེགས་པར་བསྲུངས་ཤིང་སྦས་པ་ཡིན། འཁོར་བཞིས་མངོན་སུམ་དུ་བསུ་བ་ཡིན། གང་ཟག་འགྱོད་པ་སྐྱེས་པ་རྣམས་ཀྱི་སྟོན་པར་འགྱུར་པ་ཡིན། དགེ་འདུན་གྱི་ནང་ན་བག་ཚ་བ་མེད་པར་གནས་པ་ཡིན། ཆོས་དང་མཐུན་པས་ཕྱིར་རྒོལ་བ་ཚར་གཅོད་པ་ཡིན། ཞེས་དང༌། འདུལ་བ་འཛིན་པ་གནས་པའི་ཕྱོགས་དེ་ངས་སྣང་བ་སྐྱེས་པ་དང༌། གསལ་བ་སྐྱེས་པ་དང༌། འོད་སྐྱེས་པར་མཐོང༌། ཕྱོགས་དེར་ང་ཐུགས་ཁྲལ་ཆུང་ངུར་གནས། ཕྱོགས་དེ་ངས་སྟོང་པ་མ་ཡིན་པར་མཐོང་ངོ༌། །ཞེས་གསུངས་སོ། །

ཡོན་ཏན་འབྱུང་གནས་ཚུལ་ཁྲིམས་རྒྱ་མཚོ་ཆེ། །ཞེས་སོགས་ཀྱི་ཚིགས་བཅད་འདི་ནི། འདུལ་བ་ལུང་ལས་མཁན་པོ་དང་གནས་ཀྱི་བླ་མར་རུང་བ་ལ་ལྔ་ཕྲུགས་ཀྱི་ཡོན་ཏན་དང་ལྡན་པར་དགོས་པ་དང༌། དེའི་ནང་ནས་ཀྱང་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ངེས་པར་དགོས་པར་གསུངས་པའི་གནད་རྣམས་བསྡུས་པ་སྟེ་ཞིབ་ཏུ་བཀྲལ་ན་ཤིན་ཏུ་རྒྱ་ཆེའོ། །

འདུལ་བ་འཛིན་པ་བསྟན་པའི་བདག་པོ་ཡིན་པ་ནི། དཔལ་ཨ་ཏི་ཤའི་ཞལ་ནས། ངེད་རྒྱ་གར་བ་རྣམས་ལ་དོ་གལ་ཆེན་པོའམ་བྱ་བ་གློ་བུར་བ་བྱུང་ན་སྡེ་སྣོད་འཛིན་པ་རྣམས་ཚོགས་ནས་སྡེ་སྣོད་གསུམ་ནས་མ་བཀག་གམ། སྡེ་སྣོད་གསུམ་དང་མི་འགལ་ལམ་ཞེས་གཏན་ལ་ཕབ་ནས་དེའི་སྟེང་དུ་འཇོག་པ་ཡིན། ངེད་བྲི་ཀ་མ་ལ་ཤཱི་ལ་བ་ལ་དེའི་སྟེང་དུ་བྱང་སེམས་ཀྱི་སྤྱོད་པ་ནས་མ་བཀག་གམ། དེ་དང་མི་འགལ་ལམ་བྱ་བ་ཞིག་ཡོད་ལ། མདུན་མའི་ཞབས་འདུལ་བ་འཛིན་པས་འཇུག་པ་ཡིན། ཞེས་གསུང༌།

དེ་ལྟར་འདུལ་བ་ནས་བཤད་པའི་བླ་མ་ལ་ཚུལ་ཁྲིམས་གཙང་བ་གཅིག་པུས་མི་ཆོག་པར་སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་དང་ལྡན་པ། རྟགས་ཆ་ལུགས་མ་ཉམས་པ། འདུལ་བའི་ལས་ཀྱི་ཆོ་ག་ཤེས་པ་ལ་སོགས་པ་ཡོན་ཏན་མང་པོ་ཞིག་དགོས་པར་གསུངས་སོ། །དེས་ན་ཐོག་མར་བླ་མ་འཚོལ་བའི་ཚེ་གང་བྱུང་མི་བྱ་བར་མཚན་ཉིད་དང་ལྡན་པ་ཞིག་བཙལ་ལ་སྡོམ་པ་དང་གདམས་ངག་གི་བཀའ་དྲིན་ཞུས། དེ་ནས་རྒྱུན་དུ་སྟོན་པར་བལྟ་ཞིང་རང་ལ་གདམས་ངག་སྟོན་པའི་ཆ་ནས་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་བལྟ་བ་དང༌། འདུལ་བ་ནས་བཤད་པའི་ཡོན་ཏན་ཁྱད་པར་ཅན་འདི་རྣམས་ཡང་ཡང་བསམས་ལ་སྙིགས་མའི་དུས་འདི་འདྲ་བའི་སྐབས་སུ་འདུལ་བ་ནས་གསུངས་པའི་ཡོན་ཏན་དང་ལྡན་པའི་བཤེས་གཉེན་འདི་ལྟ་བུ་དང་མཇལ་བ་བསོད་ནམས་རེ་ཆེ་སྙམ་དུ་དད་པ་ལྷང་ལྷང་བའི་སྒོ་ནས་གསོལ་བ་ཤུགས་དྲག་ཏུ་གདབ་བོ། །

གཉིས་པ་ཐེག་ཆེན་ཐུན་མོང་བའི་བླ་མའི་ཡོན་ཏན་བསམས་པའི་སྒོ་ནས་གསོལ་བ་འདེབས་པ་ནི།

གང་དང་ལྡན་ན་བདེ་བར་གཤེགས་པའི་ལམ། །

སྟོན་པར་འོས་པའི་ཡོན་ཏན་བཅུ་ལྡན་པ། །

མ་ལུས་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་རྗེ། །

ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཅེས་གསུངས་པ་ལྟར། དུལ་བ་ཚུལ་ཁྲིམས་ཀྱི་བསླབ་པ། ཞི་བ་ཏིང་ངེ་འཛིན་གྱི་བསླབ་པ། ཉེ་བར་ཞི་བ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་དང་ལྡན་པ། རང་ལས་ལུང་རྟོགས་ཀྱི་ཡོན་ཏན་ལྷག་པའོ། །དོན་གཉིས་སྒྲུབ་པ་ལ་བརྩོན་འགྲུས་ཆེ་བ་སྡེ་སྣོད་གསུམ་ལ་མང་དུ་ཐོས་པའི་ལུང་གིས་ཕྱུག་པ། ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་རྟོགས་པ། གདུལ་བྱ་ལ་གདམས་ངག་འཆད་པ་ལ་མཁས་པ། སྤྱིར་སེམས་ཅན་ཐམས་ཅད་དང༌། ལྷག་པར་སློབ་མ་རྣམས་ལ་བརྩེ་བ་ཆེ་བ། གདུལ་བྱའི་དོན་བྱེད་པ་ལ་སྐྱོ་ངལ་མེད་པ་སྟེ། ཡོན་ཏན་བཅུ་དང་ལྡན་པ་ཞིག་དགོས་ཏེ། དེ་དག་གི་ཚུལ་ཞིབ་པར་འདིར་བཀོད་ན་མང་བར་འགྱུར་བས་བྱང་ཆུབ་ལམ་རིམ་ཆེན་མོ་ལས་ཤེས་པར་བྱའོ། །

འབྲོམ་རིན་པོ་ཆེས། ཐེག་ཆེན་གྱི་བླ་མ་བྱ་བ་བཤད་པ་ན་འབྱམ་ཀླས་པར་གོ་བ་བསྐྱེད་ལ། ལག་ཏུ་ལེན་པ་ན་བསྟན་པའི་ཐ་མ་ལ་གང་ཕན་དང་ཐད་ཀར་དོན་དུ་གང་འགྱུར་སྟོན་པ་ཞིག་དགོས་གསུང༌།

དེ་ཡང་ཚོམས་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང༌། །་ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བས། །དེ་ཕྱིར་བདག་པས་གཙོ་གྱུར་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། རང་ལས་ཡོན་ཏན་ལྷག་པ་ཞིག་ལ་བརྟེན་དགོས་ལ། དེ་ཡང་ཡོན་ཏན་ཆ་ཕྲ་མོ་རེའི་ངོས་ནས་ལྷག་པས་མི་ཆོག་གི་ཡོན་ཏན་ཆ་མཐའ་དག་ནས་ལྷག་པ་ཞིག་དགོས་ལ། གཙོ་བོར་འདུལ་བའི་བཅས་ཁྲིམས་ལ་གཅེས་སྤྲས་སུ་བྱེད་པ། ཐེག་པ་ཆེན་པོའི་ལམ་ཡོངས་རྫོགས་ཀྱི་གདམས་ངག་ཡོད་ཅིང་ལག་ལེན་ལ་ཅི་ཐེབས་བྱེད་པ་ཞིག་མེད་དུ་མི་རུང་དུ་དགོས་སོ། །དེ་ལྟ་མིན་པར་ཐེག་པ་ཆེན་པོའི་ལམ་གྱི་གནད་མི་ཤེས་པར་ལམ་ལོག་པར་སྟོན་པ་དང་ཕྲད་ན་ནི་ལམ་ལོག་པར་ལྟུང་བར་འགྱུར་བ་དང༌། སྤྱོད་ངན་རྣམས་གོས་ནས་ཕུང་བར་འགྱུར་རོ། །དེ་ཡང་གང་དང་ཉེ་བ་དེའི་སྤྱོད་པ་འགོ་བ་ཆོས་ཉིད་ཡིན་ཏེ། སྒོག་པ་ལ་སོགས་པ་དྲི་ངན་གྱི་སྣོད་ལ་དྲི་ངན་བྲོ་བ་དང༌། ག་བུར་དང་གུར་ཀུམ་ལ་སོགས་པ་གང་དུ་བཞག་པའི་སྣོད་ལ་དྲི་བཟང་གི་ངད་བྲོ་བ་མངོན་སུམ་དུ་སྣང་བ་བཞིན་ནོ། །

ཐེག་པ་ཆེན་པོའི་ལམ་ཡོངས་རྫོགས་མ་ནོར་བར་སྟོན་པའི་བླ་མ་ནི་རྒྱལ་བ་ཐམས་ཅད་ཀྱི་གདུང་འཚོབ་དང༌། རྒྱལ་བ་ཐམས་ཅད་ཀྱི་མཛད་པ་སྒྲུབ་པ་པོ་ཡིན་པས། གོང་དུ་བཤད་ཟིན་པ་ལྟར་དེ་འདྲ་བའི་བླ་མ་ལ་ནི་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱང་བསྙེན་བཀུར་བར་མཛད་ན་སློབ་མ་རྣམས་ཀྱིས་ལྟ་ཅི་སྨོས། དེས་ན་ཐོག་མར་ལེགས་པར་བརྟགས་ལ་ཐེག་པ་ཆེན་པོའི་ལམ་མ་ནོར་བ་སྟོན་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་འབད་པ་དུ་མས་བཙལ་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་བཀའ་དྲིན་ཞུས། དེ་ནས་སྲོག་ལས་ཀྱང་གཅེས་པར་ཚུལ་བཞིན་དུ་བསྟེན་དགོས་ཤིང༌། ལྷག་པར་རྗེ་བཙུན་བྱམས་མགོན་གྱིས་གསུངས་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དེ་རྣམས་ཡང་ཡང་བསམས་ལ་ཡིད་འགྱུར་གྱི་མྱོང་བ་དྲག་པོ་བཏོན་ནས་དད་པ་ཤུགས་དྲག་བསྒོམས་ཤིང་གསོལ་འདེབས་བྱའོ། །

གསུམ་པ་རྡོ་རྗེ་ཐེག་པའི་བླ་མའི་ཡོན་ཏན་བསམས་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ནི།

སྒོ་གསུམ་ལེགས་བསྡམས་བློ་ཆེན་བཟོད་ལྡན་དྲང༌། །

གཡོ་དང་སྒྱུ་མེད་སྔགས་དང་རྒྱུད་ཤེས་ཤིང༌། །

དེ་ཉིད་བཅུ་ཟུང་བྲི་དང་འཆད་མཁས་པའི། །

རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། རྡོ་རྗེ་ཐེག་པའི་བླ་མའི་མཚན་ཉིད་ནི། བླ་མ་ལྔ་བཅུ་པ་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །ཞེས་གསུངས་པ་ལྟར། ལུས་ངག་ཡིད་གསུམ་ལ་དྲན་པ་ཉེ་བར་བཞག་སྟེ་ལེགས་པར་སྡོམ་པ། ཤེས་རབ་ཆེ་བ། གནོད་བྱེད་དང༌། དཀའ་སྤྱད་དང༌། ཆོས་ཟབ་མོ་ལ་བཟོད་པ་རྣམ་པ་གསུམ་དང་ལྡན་པ། སེམས་ཅན་ཀུན་ལ་སེམས་དྲང་བ། གཡོ་སྒྱུ་མེད་པ། སྔགས་དང་རྒྱུད་ནས་བཤད་པའི་སྨན་གྱིསྦྱོར་བས་བགེགས་བཟློག་ནུས་པ། སེམས་ཅན་ལ་སྙིང་བརྩེ་བ། སྤྱིར་རིག་གནས་ཀུན་ལ་མཁས་ཤིང༌། ལྷག་པར་ནང་རིག་པ་སྡེ་སྣོད་གསུམ་ལ་མཁས་པ། དེ་ཉིད་བཅུ་ཟུང་དང་ལྡན་པ། དཀྱིལ་འཁོར་ཐིག་མཚོན་གྱིས་བྲི་བའི་བྱ་བ་ལ་མཁས་པ། གདུལ་བྱ་ལ་སྔགས་ཀྱི་ལམ་འཆད་པ་ལ་མཁས་པ། ཐེག་པ་ཆེན་པོ་སྤྱི་དང༌། ཁྱད་པར་སྔགས་ཀྱི་ཐེག་པ་ལ་དད་གུས་བརྟན་པོ་དང་ལྡན་པ། དྲན་ཤེས་ཀྱིས་དབང་པོའི་སྒོ་བསྡམས་པས་དུལ་བ་སྟེ་ཡོན་ཏན་དེ་རྣམས་དང་ལྡན་པ་ཞིག་དགོས་པར་གསུངས་སོ། །དེ་ཉིད་བཅུ་ཟུང་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང༌། །གསང་དང་ཤེས་རབ་ཡེ་ཤེས་དང༌། ཁ་སྦྱོར་འབྱེད་པའི་ཆོ་ག་དང༌། །གཏོར་མ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང༌། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟང་སྟབས་འདུག་སྟང་བཟླས་བརྗོད་དང༌། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང༌། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་པ་ལྟར། ནང་གི་དེ་ཉིད་བཅུ་དང༌། ཕྱིའི་དེ་ཉིད་བཅུ་སྟེ། ནང་གི་དེ་ཉིད་བཅུ་ནི། བསྲུང་འཁོར་བསྒོམས་ནས་ཕྱིར་བཟློག་ལ་མཁས་པ་དང༌། འཁོར་ལོ་བྲིས་པ་ལུས་ལ་བཏགས་པ་སོགས་ཀྱི་སྒོ་ནས་ཕྱིར་བཟློག་ལ་མཁས་པ་དང༌། བུམ་དབང་དང་གསང་དབང་བསྐུར་བ་ལ་མཁས་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང་དབང་བཞི་པ་བསྐུར་བ་ལ་མཁས་པ་དང༌། དགྲ་བོ་སྲུང་མ་དང་ཕྲལ་བའི་ཁ་སྦྱོར་དབྱེ་བ་ལ་མཁས་པ་དང༌། གཏོར་མའི་ཆོ་ག་ལ་མཁས་པ་དང༌། ཡིད་བཟླས། རྡོ་རྗེའི་བཟླས་པ། དམ་ཚིག་གི་བཟླས་པ། ཁྱོགས་ཀྱི་བཟླས་པ། ཁྲོ་བོའི་བཟླས་པ། ཁྲོས་པའི་བཟླས་པ། གོང་བུའི་བཟླས་པ་སོགས་བཟླས་པའི་ཚུལ་ལ་མཁས་པ་དང༌། ཚུལ་བཞིན་བསྒྲུབས་ཀྱང་མ་གྲུབ་ན་སྤོག་ཆོག་བྱ་བ་དྲག་ཤུལ་གྱི་ཚུལ་ལ་མཁས་པ་དང༌། རབ་གནས་ཀྱི་ཆོ་ག་ལ་མཁས་པ་དང༌། དཀྱིལ་འཁོར་སྒྲུབ་མཆོད་ལ་མཁས་པ་རྣམས་སོ། །

ཕྱིའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་བྲི་བའི་ཚུལ་དང་ནང་དུ་དཀྱིལ་འཁོར་སྒོམ་པའི་ཚུལ་གཉིས་ལ་མཁས་པ་དང༌། དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ལ་མཁས་པ་དང༌། ལག་པའི་ཕྱག་རྒྱ་ལ་མཁས་པ་དང༌། གཡས་བརྐྱང་དང༌། གཡོན་བརྐྱང་དང༌། ས་ག་དང༌། ཟླུམ་པོ་དང༌། མཉམ་པའི་སྟབས་ལ་སོགས་པ་སྟང་སྟབས་རྣམས་ལ་མཁས་པ་དང༌། རྡོ་རྗེ་སྐྱིལ་ཀྲུང་དང་སེམས་དཔའི་སྐྱིལ་ཀྲུང་ལ་སོགས་པ་འདུག་སྟངས་ལ་མཁས་པ་དང༌། བཟླས་བརྗོད་ལ་མཁས་པ་དང༌། སྦྱིན་སྲེག་ལ་མཁས་པ་དང༌། མཆོད་པའི་ཆོ་ག་ལ་མཁས་པ་དང༌། ལས་སྦྱོར་ལ་མཁས་པ་དང༌། གཤེགས་གསོལ་སོགས་སླར་སྡུད་པ་ལ་མཁས་པ་སྟེ་བཅུའོ། །

དེ་ལ་རྒྱུད་སྡེ་འོག་མའི་སློབ་དཔོན་བྱེད་པ་ལ་ཕྱིའི་དེ་ཉིད་བཅུ་ཚང་དགོས་ཤིང༌། བླ་མེད་ཀྱི་རྡོ་རྗེ་སློབ་དཔོན་བྱེད་པ་ལ་ནི་ནང་གི་དེ་ཉིད་བཅུ་ཚང་དགོས་པར་གསུངས་སོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་རེ་ལྔ་པ་ལས། ཞི་བ་ལ་སོགས་ལས་ལ་བྱང༌། །སྔགས་དང་རྣལ་འབྱོར་ཆོ་ག་ཤེས། །ཆོ་ག་ཉི་ཤུའི་བྱ་བ་བསླབས། །དེ་ནི་བླ་མར་མངོན་པར་བསྔགས། །ཚུལ་ཁྲིམས་དག་ཅིང་སྦྱིན་པ་གཏོང༌། །བཟོད་དང་བརྩོན་འགྲུས་མཆོག་དང་ལྡན། །ཉིན་དང་མཚན་དུ་སྒོམ་ལ་ཞེན། །ཤེས་རབ་ལྡན་ཞིང་བཟོ་ལ་མཁས། །བླ་མའི་ཕྱིར་ནི་ཡོན་ཏན་ཚོགས། །དཔལ་ལྡན་སློབ་དཔོན་ཞེས་ནི་བརྗོད། །ནང་དུ་གསང་འདུས་ལ་རབ་དགའ། །ཕྱི་རོལ་ཉན་ཐོས་ཀྱི་སྤྱོད་པ། །དེ་ལྟའི་མན་ངག་རིམ་པ་ཡིས། །སློབ་མ་རྣམས་ལ་རྗེས་སུ་བསླབ། །དེ་ནི་སྟོན་པར་ཡོངས་སུ་གསུངས། །ཞེས་དཔལ་གསང་བ་འདུས་པའི་རྡོ་རྗེ་སློབ་དཔོན་བྱེད་པ་ལ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ལ་སློབ་པ་དང༌། འདུལ་བའི་བཅས་མཚམས་རྣམ་པར་དག་པ་ལ་གནས་ནས་ནང་དུ་དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་རྣལ་འབྱོར་སྐྱོང་བ་ཞིག་དགོས་པར་གསུངས།

རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་ལས། རྡོ་རྗེ་སློབ་དཔོན་མཚན་ལྡན་ཉིད། །དེ་ཡི་ཉེ་བར་བསྟན་པའི་སྔགས། །སྒྲུབ་པ་པོ་ལ་འགྲུབ་པོ་ཀྱེ། །བརྟན་ཞིང་ཟབ་མོའི་ཆོས་ལྡན་དང༌། །རིག་པའི་གནས་རྣམས་ཀུན་ལ་མཁས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང༌། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་པོ་རྣམ་པར་རིག །ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང༌། །སྔགས་ཀྱི་ཐེག་པའི་རིམ་པར་གུས། །གཟུགས་ལྡན་མཐོང་ན་དགའ་བ་དང༌། །དཀྱིལ་འཁོར་འདྲི་མཁས་བཟླས་པར་ལྡན། །རྩ་བའི་ལྟུང་བ་རབ་འཇོམས་ཤིང༌། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་བདེ་སྟེར་བ། །དེ་འདྲའི་བླ་མ་དངོས་བྱས་ནས། །གང་གིས་ཀྱང་ནི་སྨད་མི་བྱ། །ཞེས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་སྔར་བཤད་པ་ལྟར་ཚང་བ་དང༌། །ལྷག་པར་སྔགས་ཀྱི་རྩ་ལྟུང་གིས་མ་གོས་པ་ཞིག་དགོས་པར་གསུངས། སྒོ་གསུམ་ལེགས་བསྡམས་བློ་ཆེན་བཟོད་ལྡན་དྲང༌། །ཞེས་སོགས་ཀྱི་ཚིགས་བཅད་འདི་སྒྱུ་འཕྲུལ་དྲ་བའི་རྒྱུད་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལ་སོགས་པ་རྒྱུད་མང་པོ་ནས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་གསུངས་པ་རྣམས་བླ་མ་ལྔ་བཅུ་པར་བསྡུས་པ་ལྟར་བཀོད་པར་སྣང་ལ། ཚིག་གི་སྦྱོར་བའི་ཁྱད་པར་ཅུང་ཟད་མ་གཏོགས་རྒྱུད་ཚིག་ཇི་བཞིན་དུ་མཛད་ཅིང༌། གསུང་འདིའི་དོན་མཐའ་ཆོད་པར་ཤེས་པ་ལ་རྒྱུད་སྡེ་རྣམས་ནས་གསུངས་ཚུལ་དང༌། རྒྱུད་ཀྱི་དོན་གྲུབ་ཆེན་རྣམས་ཀྱིས་ཇི་ལྟར་བཀྲལ་བ་ལྟར་ཤེས་དགོས་པས་ཤིན་ཏུ་རྒྱ་ཆེའོ། དེས་ན་ཐོག་མར་སྔགས་ལ་འཇུག་པར་འདོད་པའི་ཚེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཇི་ལྟར་རིན་ཆེན་བརྡར་བ་དང༌། །གསེར་ནི་བསྲེག་དང་བཅད་པས་བརྟག །དེ་བཞིན་དུ་ནི་སློབ་མ་ཡང༌། །ལོ་ནི་བཅུ་གཉིས་བར་དུ་བརྟག །དེ་ཕྱིར་ཕན་ཚུན་དེ་ལྟ་བུས། །དེས་ཀུན་ཏུ་ནི་དེ་ལྟར་བརྟག ། ཅེས་གསུངས་པ་ལྟར། ཁྱི་དང་གློ་བ་ཕྲད་པ་བཞིན་དུ་གང་བྱུང་བྱུང་ལ་མི་བསྟེན་པར་ལེགས་པར་བརྟགས་ལ་མཚན་ཉིད་དང་ལྡན་པ་ཞིག་ལ་གསོལ་བ་འདེབས་དགོས་ཤིང༌། དེ་ཡང་དོན་དམ་སྙེ་མ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་འགྱུར་པའོ། །ཞེས་གསུངས་པ་ལྟར། རྒྱུད་ནས་བཤད་པའི་མཚན་ཉིད་ཡོངས་སུ་རྫོགས་པ་ཚང་བ་ཡུལ་དུས་ཀྱི་དབང་གིས་རྙེད་དཀའ་ཡང་མཚན་ཉིད་མ་མཐའ་ཙམ་ཚང་བ་ཞིག་འཚོལ་དགོས་ཤིང༌། དེ་ཡང་ཚད་མ་རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །རིང་པོ་མཐོང་བ་འམ་མིན་ཡང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན། །ཞེས་སྡོམ་པ་གསུམ་གྱི་བཅས་མཚམས་ཀྱི་བླང་དོར་མ་ནོར་བ་སྟོན་པ་ཞིག་ལ་བླ་མར་འཛིན་པ་ཡིན་གྱི། །བླང་དོར་མི་སྟོན་ན་མངོན་ཤེས་དང་རྫུ་འཕྲུལ་སོགས་ཡོད་པ་སྐད་བྱེད་པ་ལ་བློ་གཏད་མི་རུང་བར་གསུངས།

བླ་མ་ལྔ་བཅུ་པ་ལས་ཀྱང༌། །བློ་ལྡན་སློབ་མས་བླ་མ་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང༌། །སྤྱོམས་དང་བཅས་པར་མི་བྱའོ། །ཞེས་སྙིང་ཐག་པ་ནས་སྔགས་ལ་འཇུག་པར་འདོད་པའི་བློ་ལྡན་རྣམས་ཀྱིས་བླ་མ་གང་བྱུང་བསྟེན་མི་རུང་བ་དང༌། ལྷག་པར་སྡོམ་པའི་བཅས་མཚམས་མི་བསྲུང་བའི་བག་མེད་ཅན་བསྟེན་དུ་མི་རུང་བར་གསུངས། དེ་བཞིན་དུ་རྒྱུད་མང་པོ་ལས་གསུངས་སོ། །

དེས་ན་སྤྱིར་བླ་མའི་ཡོན་ཏན་བསམ་ཚུལ་མཐའ་ཡས་པ་ཡོད་ཀྱང༌། གདམས་ངག་འདིར་སྡོམ་པ་གསུམ་གྱི་ཡོན་ཏན་བསམ་ཚུལ་ཉིད་མཛད་པ་ནི་གནད་ཤིན་ཏུ་ཆེ་སྟེ། རྣམ་སྣང་མངོན་བྱང་དང་གསང་བ་སྤྱི་རྒྱུད་སོགས་རྒྱུད་སྡེ་དུ་མར་སྔགས་ལ་འཇུག་པ་ལ་སོ་ཐར་གྱི་སྡོམ་པ་དང་ལྡན་པ་ཞིག་རྟེན་དུ་དགོས་པར་གསུངས་ཤིང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བར། དེ་ལྟར་ཆོ་ག་ཉི་ཤུའི་ལས། །གང་གིས་དེ་ཤེས་འགྲོ་བའི་བླ། །དགེ་སློང་རྡོ་རྗེ་འཛིན་པས་བྱ། །ཞེས་དབང་བསྐུར་བའི་སློབ་དཔོན་དགེ་སློང་རྡོ་རྗེ་འཛིན་པས་བྱ་བར་གསུངས། དུས་འཁོར་དབང་ལོའི་འགྲེལ་པར་དྲངས་པ་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང༌། །དགེ་ཚུལ་ཞེས་བྱ་དེ་དག་ལས། ཁྱིམ་ན་གནས་པ་ཐ་མའོ། །ཞེས་དགེ་སློང་རྡོ་རྗེ་འཛིན་པ་ཉིད་མཆོག་ཏུ་གསུངས་པ་དང༌། དུས་འཁོར་གྱི་དབང་བསྐུར་བའི་སྐབས་སུ། དགེ་སློང་དང༌། དགེ་ཚུལ་དང༌། ཁྱིམ་པ་རྣམས་ལ་དབང་སྟེགས་མཐོ་དམན་གྱི་ཁྱད་པར་བྱ་བ་དང༌། དབང་དངོས་གཞི་ལའང་མང་ཉུང་མཛད་པ་སོགས་མཆོག་དམན་གྱི་ཁྱད་པར་ཤིན་ཏུ་ཆེ་བར་གསུངས། འགྲེལ་ཆེན་དྲི་མེད་འོད་དུ་ཡུལ་དེར་དགེ་སློང་རྡོ་རྗེ་འཛིན་པ་བཞུགས་བཞིན་དུ་ཁྱིམ་པའི་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་དང༌། རབ་གནས་ཀྱི་ཆོ་ག་སོགས་བྱ་མི་རུང་བ་དང༌། ཁྱིམ་པའི་སློབ་དཔོན་ལ་དགེ་སློང་རྡོ་རྗེ་འཛིན་པས་ཕྱག་མི་བྱ་བ་ལ་སོགས་པ་བསྟན་པའི་རྩ་བ་སོ་སོར་ཐར་པ་ལ་གཅེས་སྤྲས་ཤིན་ཏུ་ཆེ་བའི་ཚུལ་མང་དུ་གསུངས་སོ། །རྒྱུད་གཞན་མང་པོར་ཡང་གསུངས་ཏེ་ཁུངས་རྣམས་དྲངས་ན་མངས་སུ་དོགས་པས་བཞག་གོ །

རྗེ་ཐམས་ཅད་མཁྱེན་པས་བྱང་ཆུབ་ལམ་རིམ་ཆེན་མོར་ཇོ་བོའི་ཆེ་བ་བརྗོད་པའི་ཚེ། སྡོམ་པ་གསུམ་རྣམ་པར་དག་པའི་ཆེ་བ་ཉིད་གཙོ་བོར་བརྗོད་དེ། ཚུལ་འདི་དག་ལ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ལེགས་པར་བསམས་ན་བསྟན་པ་ཡོངས་སུ་རྫོགས་པའི་གནད་ལ་ངེས་པ་ཆེན་པོ་སྟེར་རོ། །དེ་ལྟར་སྔར་བཤད་པའི་རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་དེ་རྣམས་ཡང་དང་ཡང་དུ་བསམས་ལ། ཡིད་ཆེས་ཀྱི་དད་པ་བརྟན་པོ་བསྐྱེད་ནས་གསོལ་བ་ཤུགས་དྲག་ཏུ་གདབ་བོ། །

གཉིས་པ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ནི། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི། །ཞེས་སོགས་གསུངས་ཏེ། སྤྱིར་སངས་རྒྱས་གྲངས་མེད་བྱོན་པས་འདུལ་བར་མ་ནུས་ཤིང༌། བསྐལ་བཟང་འདི་ལ་བྱོན་པའི་སངས་རྒྱས་གཞན་ཐམས་ཅད་ཀྱིས་ཀྱང་སྐྲག་ནས་ཡལ་བར་དོར་བའི་སྙིགས་མ་ལྔ་བདོའི་གདུལ་བྱ་དམུ་རྒོད་བདག་འདྲ་ལ་རྒྱལ་བའི་ལམ་བཟང་སྟོན་པར་མཛད་པ་ནི། སངས་རྒྱས་ཐམས་ཅད་ལས་བཀའ་དྲིན་དང་ཐུགས་རྗེ་ཆེའོ་སྙམ་དུ་གུས་པ་ཆེན་པོས། །

སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི། །

མ་རུང་གདུལ་དཀའི་སྙིགས་དུས་འགྲོ་བ་ལ། །

བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་པ་ཡི། །

སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །

ཞེས་བརྗོད་ཅིང་གསོལ་འདེབས་ཤུགས་དྲག་ཏུ་བྱའོ། །དེ་ཡང་བསྐལ་བཟང་གི་སངས་རྒྱས་སྟོང་པོ་འདིས་སྔོན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་ཐུགས་བསྐྱེད་ཅིང༌། རང་རང་གི་ཞིང་བཟུང་བའི་ཚེ། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདི་སུས་ཀྱང་གཟུང་མ་ནུས་པར་དོར་བ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་སྐྱེ་བ་བཞེས་པ་དེ་ཉིད་ཀྱི་ཐུགས་རྗེས་མ་བཟོད་པར་སངས་རྒྱས་ཐམས་ཅད་ཀྱིས་ཡལ་བར་བོར་བའི་འགྲོ་བ་དམུ་རྒོད་ཅན་དེ་རྣམས་བདག་གཅིག་པུས་གདུལ་བར་བྱ་ཞིང༌། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་དེར་བདག་འཚང་རྒྱ་བར་བྱའོ་ཞེས་ཐུགས་བསྐྱེད་ཅིང་སྨོན་ལམ་ཆེན་པོ་ལྔ་བརྒྱ་མཛད་ནས་ཞིང་འདིར་བྱོན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་དངོས་སུ་མ་མཐོང་ཡང༌། རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པ་སྐྱབས་མགོན་བླ་མ་ཐུགས་རྗེ་ཅན་འདིས་སངས་རྒྱས་དངོས་སུ་བྱོན་ཡང་ད་ཕན་ཆད་དུ་གསུང་དུ་མེད་པའི་མདོ་སྔགས་ཀྱི་ལམ་ཆ་ཚང་རྫོགས་པར་བསྟན་པས་ན་བཀའ་དྲིན་དང་ཐུགས་རྗེ་ལ་མཚུངས་པ་མེད་དོ་སྙམ་དུ་ལུས་ཀྱི་བ་སྤུ་གཡོ་བ་དང༌། མིག་ནས་མཆི་མ་འཁྲུག་པ་མ་བྱུང་གི་བར་དུ་དད་གུས་བསྒོམ་པར་བྱའོ། །

དེ་ནས།

ཐུབ་པའི་ཉི་མ་དུས་ཀྱིས་ནུབ་གྱུར་ཏེ། །

མགོན་སྐྱབས་མེད་པའི་འགྲོ་བ་མང་པོ་ལ། །

རྒྱལ་བའི་མཛད་པ་ཉེ་བར་སྒྲུབ་མཛད་པའི། །

སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །

ཞེས་བརྗོད་ཅིང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་ཅན་དེས་ཀྱང་འདུལ་བར་མ་ནུས་པར་མྱ་ངན་ལས་འདས་པའི་ཚུལ་བསྟན། དེའི་རྗེས་སུ་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་རྣམ་གཉིས་ལ་སོགས་པ་པཎ་གྲུབ་བགྲང་བ་ལས་འདས་པ་བྱོན་པ་དེ་དག་ཐམས་ཅད་ཀྱིས་འདུལ་བར་མ་ནུས་པར་ལུས་པ་སྙིགས་མ་ལས་ཀྱང་སྙིགས་མར་གྱུར་པའི་དུས་འདིར་དམུ་རྒོད་གདུལ་དཀའི་འགྲོ་བ་བདག་འདྲ་བ་ལ་རྒྱལ་བའི་མཛད་པ་སྒྲུབ་པར་མཛད་དེ། དེ་ཡང་རྒྱལ་བའི་མཛད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་གསུང་གི་མཛད་པ་ཡིན་ཞིང༌། སྐྱབས་མགོན་བླ་མ་ཐུགས་རྗེ་ཅན་འདིས་རྒྱལ་བས་གསུངས་པའི་མདོ་སྔགས་ཀྱི་ལམ་གྱི་གནད་ཐམས་ཅད་ཡོངས་སུ་རྫོགས་པར་འདོམས་པར་མཛད་པས་ན་བཀའ་དྲིན་ནམ་ཡང་འཁོར་ཐབས་མེད་དོ་སྙམ་དུ་གུས་པ་བསྐྱེད་ནས་གསོལ་བ་ཤུགས་དྲག་ཏུ་གདབ་བོ། །བཀའ་དྲིན་རྗེས་དྲན་གྱི་གུས་པ་སྒོམ་པའི་སྐབས་འདིར་རྗེ་ཐམས་ཅད་མཁྱེན་པས། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ། །འདི་དག་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག །རྒ་ཤི་ཐར་བྱེད་སྨིན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་ཉི་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུག་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གི་བློ་སྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བདག་ལ་བདེ་སྟོབས་མིག་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཅེས་སྔོན་གཞོན་ནུ་ནོར་བཟང་གིས་བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་ཇི་ལྟར་མཛད་པ་དེ་ལྟར། ནོར་བཟང་ཞེས་པ་རྣམས་རང་ལ་འདོན་པ་བསྒྱུར་ཏེ་དབྱངས་ཀྱི་ང་རོ་དང་བཅས་མིག་མཆི་མ་འཁྲུག་བཞིན་དུ་འདོན་ཞིང་དགེ་བའི་བཤེས་གཉེན་རྣམས་ལ་བཀའ་དྲིན་དྲན་པའི་གུས་པ་ཅི་སྐྱེ་བྱ་བར་གསུང༌། འདིར་ཚིག་དེ་དག་དངོས་སུ་མི་བརྗོད་ཀྱང༌། གསོལ་འདེབས་ཀྱི་ཚེ་དོན་དེ་རྣམས་བསམས་ནས་བཀའ་དྲིན་རྗེས་དྲན་གྱི་གུས་པ་བསྐྱེད་དགོས་སོ། །རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཉིད་ཀྱིས། འདས་པའི་སངས་རྒྱས་མང་པོས་སྤངས་ཤིང༌། །ད་ལྟ་ཕྱོགས་བཅུའི་འཇིག་རྟེན་ཁམས་ན། །འཚོ་ཞིང་གཞེས་པའི་སངས་རྒྱས་རྣམས་ཀྱིས། །གདུལ་བར་མ་ནུས་མགོན་སྐྱབས་མེད་པའི། །བདག་ཅག་སྙིགས་མའི་འགྲོ་བ་དག་ལ། །ཀུན་མཁྱེན་རྒྱལ་བའི་མཛད་པ་བསྒྲུབ་པའི། །རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན། །བཀའ་དྲིན་དྲན་པས་གསོལ་བ་འདེབས་སོ། །ཞེས་པ་དང༌། ཆོས་ཚིགས་བཅད་རེ་རེའི་དོན་གྱི་ཕྱིར། །མེ་འབར་བའི་འོབས་སུ་མཆོངས་པ་དང༌། །ལྕགས་གཟེར་རྣོན་སྟོང་གིས་ཕུག་པ་སོགས། །སྔོན་ཐུབ་པས་དཀའ་སྤྱད་ཇི་ལྟར་མཛད། །ལར་དེང་སང་འབད་རྩོལ་ཆེར་མེད་པར། །ཆོས་མདོ་རྒྱུད་ཟབ་རྒྱས་མང་པོ་ཞིག །ཕ་ཁྱོད་ཀྱི་བཀའ་དྲིན་ཆེ་ལས་ཐོབ། །དྲིན་འཁོར་ཐབས་མ་མཆིས་ཐམས་ཅད་མཁྱེན། །རྒྱུ་དེས་ན་བྱང་སྙིང་པོའི་བར། །བདག་སྒོ་གསུམ་ལོངས་སྤྱོད་དགེ་ཚོགས་བཅས། །རྗེ་ཁྱོད་མཉེས་བསྒྲུབ་ཕྱིར་འབུལ་ལགས་ན། །ཐུགས་བརྩེ་བས་དགྱེས་བཞིན་བཞེས་སུ་གསོལ། །སྔོན་བསྐལ་པ་དཔག་ཏུ་མེད་པ་ནས། །ཕ་ཁྱོད་ཀྱི་ཐུགས་རྗེས་ཡང་ཡང་བསྐྱབས། །ད་སླར་ཡང་བྱང་ཆུབ་སྙིང་པོའི་བར། །སྐྱབས་གཞན་ན་མེད་དོ་བླ་མ་རྗེ། །དུས་གནས་སྐབས་ཅི་འདྲར་གྱུར་ཀྱང་རུང༌། །སྤྲང་བདག་གི་སྐྱིད་སྡུག་ལེགས་ཉེས་ཀུན། །རྗེ་བླ་མ་ཁྱེད་རང་མཁྱེན་ལགས་པས། །ཐུགས་བརྩེ་བའི་ལྕགས་ཀྱུས་གཟུང་དུ་གསོལ། །རྗེ་བླ་མའི་མཛད་པ་ཅིར་སྣང་ཡང༌། །བློ་ལོག་རྟོག་ཅུང་ཟད་མི་སྐྱེ་བར། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱིས། །དུས་གཏན་གྱི་མདུན་མ་གྲུབ་གྱུར་ཅིག །ཅེས་གསུངས་པའི་དོན་རྣམས་ཀྱང་བསམ་མོ། །

དེ་ནས།

དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལས། །

གང་གི་བ་སྤུའི་བུ་ག་གཅིག་ཙམ་ཡང༌། །

བདག་ཅག་བསོད་ནམས་ཞིང་དུ་ལེགས་བསྔགས་པའི། །

སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །

ཞེས་བརྗོད་ཅིང༌། རྒྱལ་བ་རྣམས་ལ་སྤངས་རྟོགས་སོགས་ཡོན་ཏན་མཐོ་དམའ་མེད་ཅིང་ཡོན་ཏན་གྱི་ངོས་ནས་རྒྱལ་བ་རྣམས་ལས་ལྷག་པ་སུ་ཡང་མེད་ཀྱང༌། རང་ཉིད་བསོད་ནམས་གསོག་པའི་ཞིང་དུ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལས་བླ་མའི་བ་སྤུའི་བུ་ག་གཅིག་ལྷག་པར་གསུངས་སོ་སྙམ་དུ་དད་གུས་བསྒོམ་ཞིང༌། རང་གི་ངོས་ནས་གསོལ་བ་འདེབས་ནུས་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བྱིན་རླབས་ཆེ་བ་དང༌། བསྐལ་ཆེན་གྲངས་མེད་མང་པོར་བསྒྲུབ་དགོས་པའི་གོ་འཕང་མཆོག་ཀྱང་བླ་མ་ཐུགས་རྗེ་ཅན་འདིའི་མཐུ་ལས་མྱུར་དུ་འགྲུབ་པར་འགྱུར་པས་ན་བཀའ་དྲིན་དང་ཐུགས་རྗེ་ལ་མཚུངས་པ་མེད་སྙམ་དུ་གསོལ་བ་ཤུགས་དྲག་ཏུ་གདབ་བོ། །

སློབ་མའི་ཚོགས་གསོག་པའི་ཞིང་དུ་སངས་རྒྱས་ཐམས་ཅད་ལས་བླ་མའི་བ་སྤུ་གཅིག་ལྷག་པ་ནི། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས། འདི་ལྟ་སྟེ་དཔེར་ན་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང༌། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །སྐྱེ་བའི་གནས་སུ་གྱུར་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ། །ཞེས་དང༌། སཾ་བྷུ་ཊ་ལས་ཀྱང༌། རྒྱལ་བས་མཆོད་པའི་སློབ་དཔོན་བློ་དང་ལྡན་པ་ལ་ཕྱོགས་བཅུར་རྣམ་པར་བཞུགས་པས་མཆོད་པར་བྱེད་དེ། གང་གི་ཕྱིར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསོད་ནམས་གང་ཞིག་སློབ་དཔོན་གྱི་བ་སྤུའི་ཁུང་བུའི་རྩེ་མོ་ལ་མཐོང་བའི་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སློབ་དཔོན་ལ་སངས་རྒྱས་ཀྱིས་མཆོད་པ་བྱེད་པར་མཐོང་ངོ༌། །ཞེས་གསུངས།

སཾ་བྷུ་ཊའི་འགྱུར་འགའ་ཞིག་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་བསོད་ནམས་བས། །སློབ་དཔོན་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་གསུངས་ཏེ། འདིའི་ཐད་ཀྱི་འགྲེལ་པ་མན་སྙེར་ལམ་མ་ནོར་བར་སྟོན་པའི་རྡོ་རྗེ་སློབ་དཔོན་ལ་རྒྱལ་བ་རྣམས་ཀྱང་མཆོད་པའི་གནས་སུ་མཛད་ན་སློབ་མ་རྣམས་ཀྱིས་ལྟ་ཅི་སྨོས་དགོས་པར་གསུངས། གཞན་ཡང་རྒྱུད་མང་པོ་ནས་གསུངས་སོ། །

 

ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ།

 

གསུམ་པ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ལ་བཞི། ཕྱིའི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ། ནང་གི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ། གསང་བའི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ། དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ལོ། །

དང་པོ་ཕྱིའི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ནི། བདེ་གཤེགས་སྐུ་གསུམ་རྒྱན་གྱི་འཁོར་ལོ་ནི། །ཞེས་སོགས་ཏེ། འདི་དག་ལ་བླ་མ་རྣམས་ཀྱི་གསུང་ཚུལ་མང་དུ་ཡོད་དེ། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི། ཞེས་པ་ནས་ཚིགས་བཅད་འདིའི་བར་ཕྱིའི་ཡོན་ཏན་བརྗོད་པའི་གསོལ་འདེབས་དང༌། ཁྱོད་ཀྱི་ཕུང་ཁམས་ཞེས་སོགས་ཚིགས་བཅད་གཅིག་ནང་གི་ཡོན་ཏན་བརྗོད་པའི་གསོལ་འདེབས་དང༌། ཀུན་མཁྱེན་ཡེ་ཤེས་ཞེས་སོགས་ཚིགས་བཅད་གཅིག་གསང་བའི་ཡོན་ཏན་བརྗོད་པའི་གསོལ་འདེབས་དང༌། སྒྲིབ་མེད་ལྷན་སྐྱེས་ཞེས་སོགས་ཚིགས་བཅད་གཅིག་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་གསོལ་འདེབས་སུ་བྱ་ཚུལ་དང༌། ཡང་སངས་རྒྱས་གྲངས་མེད་ཅེས་པ་ནས་དུས་གསུམ་ཕྱོགས་བཅུའི་ཞེསཔའི་ཚིགས་བཅད་ཀྱི་བར་ཕྱིའི་ཡོན་ཏན་དང༌། བདེ་གཤེགས་སྐུ་གསུམ་ཞེས་སོགས་དང༌། ཁྱོད་ཀྱི་ཕུང་ཁམས་ཞེས་སོགས་ཚིགས་བཅད་གཉིས་ནང་གི་ཡོན་ཏན་དང༌། ཀུན་མཁྱེན་ཡེ་ཤེས་ཞེས་སོགས་གསང་བའི་ཡོན་ཏན་དང༌། སྒྲིབ་མེད་ལྷན་སྐྱེས་ཞེས་སོགས་དེ་ཁོ་ན་ཉིད་ཀྱི་གསོལ་འདེབས་སུ་མཛད་ཚུལ་དང༌། ཡང་བདེ་གཤེགས་སྐུ་གསུམ་ཞེས་སོགས་འདི་ཡན་ཕྱིའི་ཡོན་ཏན་དང༌། ཁྱོད་ཀྱི་ཕུང་ཁམས་ཞེས་སོགས་དང༌། ཀུན་མཁྱེན་ཡེ་ཤེས་ཞེས་སོགས་ཚིགས་བཅད་གཉིས་པོ་འདི་ནང་གི་ཡོན་ཏན་དང༌། སྒྲིབ་མེད་ལྷན་སྐྱེས་ཞེས་སོགས་ཚིགས་བཅད་གཅིག་གསང་བ་དང༌། དེ་ཁོ་ན་ཉིད་གཉིས་ཀའི་གསོལ་འདེབས་སུ་མཛད་དེ། དེ་ལྟར་བཤད་ཚུལ་མང་དུ་སྣང་ནའང་གདུལ་བྱ་རང་གི་མོས་པས་གསོལ་བ་འདེབས་པ་ལ་དོན་འདྲའོ། །འོན་ཀྱང་བློ་གྲོས་ཆེན་པོ་རྣམས་ལ་འདི་དག་གི་བསྡུས་དོན་མཛད་ལུགས་ཀྱི་སྟེང་ནས་མདོ་སྔགས་ཀྱི་ལམ་སྤྱི་དང༌། ལྷག་པར་སྔགས་ཀྱི་ལམ་རིམ་གཉིས་ཀྱི་གནད་ལས་བརྩམས་ཏེ་གོ་བ་བསྐྱེད་ཚུལ་མང་དུ་ཡོད་སྣང་ངོ༌། །

ཇི་ལྟར་ཡང་འདིར་གསོལ་བ་འདེབས་ཚུལ་ནི། ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བདག་དང་བདག་འདྲ་བའི་སྙིགས་མ་ལྔ་བདོའི་འགྲོ་བ་སངས་རྒྱས་དངོས་སུ་མཐོང་བའི་སྐལ་བ་མེད་པ་རྣམས་རྗེས་སུ་གཟུང་བའི་ཕྱིར་དུ་བདག་ཅག་རང་དང་སྐལ་བ་མཉམ་པའི་ཐ་མལ་པའི་གཟུགས་སུ་སྤྲུལ་ཏེ་མན་ངག་གི་གནད་རྣམས་རྫོགས་པར་བསྟན་ཏེ་སངས་རྒྱས་ཀྱི་སར་འཁྲིད་པར་མཛད་པ་ཡིན་པས་ཐུགས་རྗེ་ཚད་མེད་དོ་སྙམ་དུ་གུས་པ་བསྒོམ་ཞིང༌།

བདེ་གཤེགས་སྐུ་གསུམ་རྒྱན་གྱི་འཁོར་ལོ་ནི། །

ཐབས་མཁས་སྒྱུ་འཕྲུལ་དྲ་བའི་འཇོ་སྒེག་ལས། །

ཐ་མལ་ཚུལ་གྱིས་འགྲོ་བ་འདྲེན་མཛད་པའི། །

སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །

ཞེས་བརྗོད་དོ། །བདེ་གཤེགས་སྐུ་གསུམ་རྒྱན་གྱི་འཁོར་ལོ་ཞེས་པ་ནི། རྒྱལ་བ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚེ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུས་གཅིག་ཏུ་ལྷུན་གྱིས་གྲུབ་པ་ཡིན་ལ། དེ་གསུམ་གྱི་མཚོན་བྱེད་དུ་སྐུ་རྡོ་རྗེའི་ས་བོན་ཨོཾ་དང༌། གསུང་རྡོ་རྗེའི་ས་བོན་ཨཱཿདང༌། ཐུགས་རྡོ་རྗེའི་ས་བོན་ཧཱུྃ་གསུམ་གྱིས་སྐུ་བརྒྱན་ཅིང༌། སྔགས་བླ་མེད་ཀྱི་སྐབས་གསུང་རྡོ་རྗེ་ལོངས་སྐུར་བྱེད་པར་གསུང་པ་སོགས་གསང་བ་མཆོག་ལས་བརྩམས་ཏེ་བཤད་ཚུལ་མང་ཡང་མ་སྤྲོས་སོ། །སྐབས་དོན་སྐུ་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཞེས་པ་དང༌། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མ་ཁྱབ་པ་ཞེས་པ་དོན་འདྲ་ཞིང༌། དེ་ལ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ནི། སྔོན་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དགྲ་འདུལ་ཞེས་བྱ་བ་ནས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སྟོན་པ་ཐུབ་པའི་དབང་པོ་ལ་མཆོད་པ་དང་ཆོས་ཉན་དུ་འོངས་པ་ན། དེ་བཞིན་གཤེགས་པའི་སྐུའི་ཚད་དང་དབུའི་གཙུག་ཏོར་གྱི་རྩེ་མོ་བལྟ་བའི་ཕྱིར་རང་གི་ལུས་དང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་སྤྲུལ་ནས་བལྟས་པ་ན། དེ་བཞིན་གཤེགས་པའི་སྐུ་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་པར་མཐོང་ནས་སྐུ་ཚད་མ་མཐོང་ཞིང༌། གཙུག་ཏོར་གྱི་རྩེ་མོ་བལྟར་མ་ནུས་པ་ན། རྫུ་འཕྲུལ་གྱི་སྟོབས་ཆེན་པོ་བསྐྱེད་དེ་སྟེང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་འདས་ཏེ་འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བར་ཕྱིན་ཏེ་བལྟས་པ་ན། དེ་བཞིན་གཤེགས་པའི་སྐུ་ནམ་མཁའ་ལྟར་རྒྱ་ཆེ་བས་དབུའི་གཙུག་ཏོར་མ་མཐོང་ཞིང༌། སྐུ་ཚད་མ་གཏོགས་སོ། །དེ་ནས་ཞིང་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་པདྨའི་དཔལ་གྱི་རྒྱལ་པོའི་སྙིང་པོ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚད་དང་དབུའི་གཙུག་ཏོར་གྱི་རྩེ་ཇི་ཙམ་ན་མཐོང་ཞུས་པ་ན། ནམ་མཁའ་མ་ཟད་ཀྱི་བར་དུ་མཐོང་མི་ནུས་པར་གསུངས་ཤིང༌། ནམ་མཁའི་ཚད་ནི་ཇི་ཙམ་པ། །སངས་རྒྱས་གཟུགས་ཀྱང་དེ་ཙམ་སྟེ། །འཇིག་རྟེན་མགོན་པོའི་དབུའི་གཙུག་ཀྱང༌། །ནམ་མཁའི་ཁམས་དང་མཚུངས་པ་ལགས། །ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་སོགས་རྒྱ་ཆེར་གསུངས་སོ། །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ནི། འཕགས་པ་མོའུ་འགལ་གྱི་བུས་དེ་བཞིན་གཤེགས་པའི་གསུང་ཚངས་པའི་དབྱངས་ཀྱིས་ཇི་ཙམ་ཁྱབ་བརྟག་པའི་ཕྱིར་རི་རབ་ཀྱི་རྩེ་དང༌། ཕྱིའི་ལྕགས་རི་མུ་ཁྱུད་སོགས་སུ་ཕྱིན་ནས་ཉན་པ་ན་གསུང་སྔར་བཞིན་དུ་ཐོས། དེ་ནས་རྫུ་འཕྲུལ་གྱི་སྟོབས་བསྐྱེད་དེ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་ཞེས་བྱ་བར་སླེབ་ནས་ཉན་པ་ན། བྱ་རྒོད་ཕུང་པོའི་རིར་དེ་བཞིན་གཤེགས་པའི་མདུན་དུ་འདུག་སྟེ་ཉན་པ་དང་ཁྱད་མེད་པར་ཐོས། ཞིང་དེ་ན་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཤིང༌། དེའི་སྐུ་དཔག་ཚད་ཙམ་པ་ཞིང་དེའི་བྱང་ཆུབ་སེམས་དཔའ་རྣམས་ལུས་དཔག་ཚད་ཕྱེད་ཙམ་ཡོད་པས། མོའུ་འགལ་གྱི་བུས་བྱང་ཆུབ་སེམས་དཔའ་དེ་དག་གི་ལྷུང་བཟེད་ཀྱི་སྟན་གདུ་བུའི་ངོས་ལ་འཆག་ཅིང་འདུག་པ་ན། བྱང་ཆུབ་སེམས་དཔའ་དེ་དག་གིས་མོའུ་འགལ་གྱི་བུ་ལ་ཕྱག་གིས་རེག་ཅིང༌། འདི་འདྲ་བའི་སྲོག་ཆགས་ཆུང་ངུ་དགེ་སློང་གི་གཟུགས་ཅན་ལྷུང་བཟེད་ཀྱི་གདུ་བུའི་ངོས་ལ་འགྲོ་བ་འདི་ཅི་ཞིག་ཅེས་ཡ་མཚན་དུ་བྱེད་ཅིང༌། དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་ལ་ཞུས་པ་ན། དེ་བཞིན་གཤེགས་པ་དེས་འདི་མི་མཇེད་རྟེན་གྱི་ཁམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པའི་ཉན་ཐོས་རྫུ་འཕྲུལ་ཅན་གྱི་མཆོག་དེ་ཡིན་པས་འདི་ལ་བརྙས་པར་མ་བྱེད་ཅིག་གསུང༌། དེ་ནས་མོའུ་འགལ་གྱི་བུས་རྫུ་འཕྲུལ་བསྟན་ཏེ་ཞིང་དེ་སྐྱིལ་ཀྲུང་གཅིག་གིས་ཁྱབ་པར་བྱས་པ་དང༌། སྟོན་པ་ལ་གསོལ་བ་བཏབ་སྟེ་ཞིང་འདིར་འོངས་པ་སོགས་རྒྱས་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་འབྱུང་ངོ༌། །

ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ནི། གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཀྱི་རྩྭ་དང་ཤིང་ཐམས་ཅད་མེར་བསྲེགས་ཏེ་ཐལ་བ་རྣམས་གངྒའི་ཀླུང་གི་གྲངས་དང་མཉམ་པའི་རྒྱ་མཚོ་ཆེན་པོ་རྣམས་སུ་བླུགས་ནས་ལོ་སྟོང་གི་བར་དུ་དཀྲུགས་ཏེ། དེ་ནས་བཏོན་ནས་དེ་བཞིན་གཤེགས་པ་ལ་ཐལ་བ་དེ་དག་གི་རྡུལ་ཕྲ་མོ་རེ་རེ་ནས་འདི་འཇིག་རྟེན་གྱི་ཁམས་གང་གི་ཡིན། ཡུལ་གང་གི་ཡིན། རྩྭ་ཤིང་གང་དང་གང་གི་ཐལ་བ་ཡིན་ཞེས་ཞུས་པ་ན། སངས་རྒྱས་ཀྱི་མཁྱེན་པ་ཐོགས་པ་མེད་པས་ཅིག་ཅར་གཟིགས་ཏེ། ཐལ་བའི་རྡུལ་ཕྲ་མོ་དེ་དག་རེ་རེ་ནས་འདི་འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བ་དང༌། ཡུལ་འདི་ཞེས་བྱ་བ་དང༌། རྩྭ་དང་ཤིང་འདི་ཞེས་བྱ་བ་དང༌། རྩ་བ་དང༌། སྡོང་བུ་དང༌། ཡལ་ག་དང༌། ལོ་མ་དང༌། འབྲས་བུ་འདི་དང་འདིའི་ཐལ་བ་ཡིན་ཞེས་སོ་སོར་མ་འདྲེས་པར་སྟོན་པར་མཛད་གསུང༌།

དེ་ཡང་རྒྱལ་བ་རང་ཉིད་ཀྱིས་མདོ་སྡེ་ལས་མཁྱེན་པའི་ཚུལ་གསུངས་པའི་དཔེ་ཙམ་བཀོད་པ་ཡིན་གྱི། ཚད་གཟུང་མི་ནུས་པ་ནི། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་ཐམས་ཅད་ཁྱབ་ལགས་ཀྱི། ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་གསུངས་པ་ལྟར། དུས་གསུམ་གྱི་ཤེས་བྱ་ཐམས་ཅད་ལ་མཁྱེན་པས་ཅིག་ཅར་དུ་ཁྱབ་པས་སངས་རྒྱས་ཀྱི་མཁྱེན་པ་ནི་ཤེས་བྱའི་ཚད་དང་ནམ་མཁའི་མཐའ་དང་མཚུངས་སོ་ཞེས་པ་ཙམ་ལས། འགྲོ་བ་ལྷ་དང་བཅས་པའི་ནང་ན་སངས་རྒྱས་ཀྱི་མཁྱེན་པའི་ཚད་གཟུང་ནུས་པ་སུ་ཡང་མེད་དོ། །སངས་རྒྱས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཉན་རང་དགྲ་བཅོམ་པ་བདག་ཉིད་ཆེན་པོ་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་མངོན་སུམ་དུ་མི་རྟོགས་ཤིང་ཚད་གཟུང་བར་མི་ནུས་པའོ། །

མདོར་ན་རྗེ་ཐམས་ཅད་མཁྱེན་པས། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་རོ། །

དེ་ལྟར་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་རྣམས་བདག་ཅག་གི་སྤྱོད་ཡུལ་དུ་མི་འགྱུར་བར་མ་ཟད་སོ་སྐྱེ་ལས་དག་ཡན་ཆད་ལ་སྣང་དུ་རུང་བའི་མཚན་དཔེས་བརྒྱན་པའི་མཆོག་གི་སྤྲུལ་སྐུ་ཡང་བདག་ཅག་རྣམས་ལ་མཐོང་བའི་སྐལ་བ་མེད་པ་ན། ཐུགས་རྗེ་དང་ཐབས་མཁས་ཀྱི་སྒྱུ་འཕྲུལ་ཚད་མེད་པས་བདག་ཅག་རང་དང་སྐལ་བ་མཉམ་པའི་ཐ་མལ་བའི་གཟུགས་ཤ་རུས་རྡོས་བཅས་ཅན་འདི་ལྟ་བུ་སྟོན་པར་མཛད་པའི་ཚུལ་བསམས་ནས་དད་གུས་བསྒོམ་ཞིང་གསོལ་བ་འདེབས་པའོ། །

འདི་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བར། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང༌། །ཞེས་གསུངས་པ་དང་མཐུན་ནོ། །སངས་རྒྱས་རྣམས་ཀྱིས་སྙིགས་དུས་སུ་ཐ་མལ་བའི་གཟུགས་འཛིན་པ་ནི་རྟག་གཉིས་དང་གུར་ལ་སོགས་པའི་རྒྱུད་མང་པོར་གསུངས་ཤིང༌། ཡབ་སྲས་མཇལ་བའི་མདོ་སོགས་མདོ་སྡེ་མང་པོར་ཡང་གསུངས་ཏེ། ཇི་ལྟར་གསུངས་པའི་ཚུལ་རྣམས་གྲགས་ཆེ་བ་དང༌། མངས་སུ་དོགས་པས་མ་བཀོད་དོ། །ཚུལ་འདི་དག་ལ་སྔོན་གྱི་གླེང་གཞིས་ཀྱང༌། ངེས་པ་བསྐྱེད་པར་བྱ་སྟེ། སྔོན་སངས་རྒྱས་ཞལ་བཞུགས་པའི་དུས་སུའང་གདུལ་བྱའི་བསམས་པ་དང་བསྟུན་ནས་ཐ་མལ་བའི་གཟུགས་མང་དུ་བསྟན་ཏེ། སོར་ཕྲེང་ཅན་འདུལ་བའི་ཕྱིར་དུ་སངས་རྒྱས་ཀྱིས་དགེ་སློང་རང་བཞིན་པ་ཞིག་ཏུ་བསྟན་པ་དང༌། རྒྱལ་པོ་ཀཱ་པིན་འདུལ་བའི་ཕྱིར་དུ་འཁོར་ལོས་བསྒྱུར་རྒྱལ་དུ་སྤྲུལ་ཞིང༌། མོའུ་འགལ་བློན་པོ་ཆེན་པོར་སྤྲུལ་པ་དང༌། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དྲི་ཟ་རང་བཞིན་པ་ཞིག་ཏུ་སྤྲུལ་པ་སོགས་ཐ་མལ་པའི་གཟུགས་བཟུང་ནས་སེམས་ཅན་གྱི་དོན་མཛད་པ་མདོ་སྡེ་ལས་མང་དུ་འབྱུང་བ་ལྟར་རོ། །

གཉིས་པ་ནང་གི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ནི།

ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ཡན་ལག་རྣམས། །

བདེ་གཤེགས་རིགས་ལྔ་ཡབ་ཡུམ་སེམས་དཔའ་དང༌། །

ཁྲོ་བོའི་དབང་པོའི་རང་བཞིན་མཆོག་གསུམ་གྱི། །

བདག་ཉིད་བླ་མ་མཆོག་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དེ་ལྟར་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ཉིད་བདག་ཅག་བླུན་རྨོངས་རྣམས་ཀྱི་སྣང་ངོར་རང་དང་སྐལ་པ་མཉམ་པའི་ཐ་མལ་བའི་ཚུལ་བཟུང་ཡང་ནང་གི་ཕུང་ཁམས་སྐྱེ་མཆེད་རྣམས་ནི་ཐ་མལ་བ་མིན་པར་རིགས་ལྔ་ཡབ་ཡུམ་དང་སེམས་དཔའ་བརྒྱད་དང་ཁྲོ་བོ་བཅུ་ལ་སོགས་པ་མཆོག་གསུམ་མ་ལུས་འདུས་པའི་བདག་ཉིད་དོ་སྙམ་དུ་དད་གུས་ཆེན་པོས་གསོལ་བ་འདེབས་པའོ། །འདི་དག་གི་ཚུལ་ཞིབ་པར་ཚོགས་ཞིང་གསལ་འདེབས་པའི་སྐབས་སུ་བཤད་ཟིན་ཏོ། །

གསུམ་པ་གསང་བའི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ནི།

ཀུན་མཁྱེན་ཡེ་ཤེས་རོལ་པ་ལས་བྱུང་བའི། །

དཀྱིལ་འཁོར་འཁོར་ལོ་བྱེ་བའི་བདག་ཉིད་དེ། །

རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཛིན་པའི་གཙོ། །

ཟུང་འཇུག་དང་པོའི་མགོན་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། གསང་བ་ལྟར་ན་བཀའ་དྲིན་གསུམ་ལྡན་དྲིན་ཅན་རྩ་བའི་བླ་མ་འདི་ཉིད་རྒྱུད་སྡེ་བཞི་ནས་གསུངས་པའི་དཀྱིལ་འཁོར་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་བདག་པོ་དང་སྤྲུལ་བྱེད་དང་བདག་ཉིད་ཡིན་ཞིང༌། མདོར་ན་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུཊ་རྗེ་དང་ཡེ་ཤེས་གཅིག་ཏུ་བསྡུས་པ་ལ་ཁྱབ་བདག་རྡོ་རྗེ་འཆང་ཞེས་མཚན་དུ་བཏགས་པར་བསམས་ནས་མོས་གུས་ཤུགས་དྲག་བྱ་ཞིང་གསོལ་བ་འདེབས་པའོ། །ཟུང་འཇུག་དང་པོའི་མགོན་པོ་འགྲུབ་ཚུལ་ནི། མཁས་གྲུབ་ཐམས་ཅད་མཁྱེན་པས། སྲོག་འཛིན་ཆེས་ཕྲ་ནོར་བུ་ཆུ་ཤེལ་ནི། །རྣམ་དག་འོད་གསལ་ལྷ་ཡི་ལམ་ལས་འོང༌། །རབ་དཀར་ཟླ་ཟེར་བྱེ་བས་འཁྱུད་པའི་སྐུ། །ཟུང་འཇུག་དང་པོའི་མགོན་པོ་ལ་ཕྱག་འཚལ། །ཞེས་གསུངས་པ་ལྟར། ནང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་རྩ་བ་དང་ཡན་ལག་གི་རླུང་རྣམས་དྷུཏཱིར་བསྡུས་ཏེ་ཐིམ་པ་ལས་དཔེ་དང་དོན་གྱི་འོད་གསལ་རྣམས་རིམ་གྱིས་འཆར་ཞིང༌། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཞོན་པ་དང་བཅས་པ་ལས་ཟུང་འཇུག་གི་སྐུ་འགྲུབ། སྐུ་དེའི་རིགས་འདྲའི་རྒྱུན་ལས་ཟུང་འཇུག་དང་པོའི་མགོན་པོ་ཞེས་བྱ་བ་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་ཐོབ། དེ་ཉིད་ཀྱི་ཐུགས་ཀྱི་རོལ་པ་ལས་རིགས་བརྒྱ་ལ་སོགས་པར་འཆར་བར་གསུང༌། རིགས་བརྒྱ་ནི་རྣམ་སྣང་གི་རིགས་ཉི་ཤུ། རིན་འབྱུང་གི་རིགས་ཉི་ཤུ། འོད་དཔག་མེད་ཀྱི་རིགས་ཉི་ཤུ། དོན་གྲུབ་ཀྱི་རིགས་ཉི་ཤུ། མི་བསྐྱོད་པའི་རིགས་ཉི་ཤུ་སྟེ་བརྒྱའོ། །རིགས་བརྒྱ་པོ་དེ་ཡང་བསྡུ་ན་དེ་ཉིད་རིགས་ལྔར་འདུ། དེ་ཡང་བསྡུ་ན་གསང་བ་རིགས་གསུམ་དུ་འདུ། གསང་བ་རིགས་གསུམ་པོ་དེ་ཡང་བསྡུ་ན་གསང་ཆེན་རིགས་གཅིག་སྟེ་རྡོ་རྗེ་འཆང་དུ་འདུའོ། །ཚུལ་འདི་དག་ནི་གསང་བ་ལས་ཀྱང་ཆེས་གསང་བའི་གནས་དཔལ་གསང་བ་འདུས་པའི་སྙིང་པོའི་དོན་ཡིན་པས་གསོལ་བ་འདེབས་ཚུལ་འདི་ལ་གསང་བའི་གསོལ་འདེབས་སུ་གསུངས་སོ། །

བཞི་པ་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ནི།

སྒྲིབ་མེད་ལྷན་སྐྱེས་དགའ་བའི་རོལ་བ་དང༌། །

དབྱེར་མེད་བརྟན་གཡོ་ཀུན་ཁྱབ་ཀུན་གྱི་བདག །

ཐོག་མ་མཐའ་བྲལ་ཀུན་བཟང་དོན་དམ་ཀྱི། །

བྱང་ཆུབ་སེམས་དངོས་ཁྱོད་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། འདི་ལ་ངེས་དོན་གྱི་བླ་མ་སྒོམ་ཚུལ་ཞེས་ཀྱང་གསུང༌། གསུང་འདིའི་དོན་ནི། མཁས་གྲུབ་ཐམས་ཅད་མཁྱེན་པས། གཉིས་སྣང་སྤྲོས་པའི་ཀུན་རྟོག་དབྱིངས་སུ་ཐིམ། །སྲིད་པའི་འཁོར་ལོ་རླུང་གི་རྒྱུ་བ་བཅད། །ཐམས་ཅད་སྟོང་པ་ལྷན་སྐྱེས་དགའ་བའི་མཆོག །བདེ་ཆེན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཡིན་ཞིང༌། འདིའི་གནད་ཞིབ་པར་རྟོགས་པ་ལ་འཁོར་བའི་རྩ་བ་བདག་འཛིན་ཡིན་པ་དང༌། དེ་བཟློག་པ་ལ་གནས་ལུགས་རྟོགས་པའི་ཤེས་རབ་དགོས་པ་དང༌། ཤེས་རབ་དེ་གོམས་བྱེད་ཀྱི་ཡན་ལག་རྣམས་དང་མ་བྲལ་བར་གོམས་པར་བྱས་པ་ལས་ཐར་པ་ཐོབ་ལུགས་རྣམས་ལ་ཚིག་ཙམ་དུ་མ་སོང་བར་ངེས་པ་གཏིང་ནས་འདྲོངས་པ་ཞིག་དང༌། དེའི་སྟེང་དུ་བླ་མེད་ནས་བཤད་པའི་ཐུན་མོང་མིན་པ་འཁོར་འདས་ཐམས་ཅད་ཀྱི་རྩ་བ་རླུང་གིས་བྱེད་ལུགས་དང༌། འཁོར་བའི་རྩ་བ་གཅོད་པ་ལ་ཀུན་རྟོག་གཡོ་བྱེད་ཀྱི་རླུང་རྣམས་ཐིམ་དགོས་པ་དང༌། ཀུན་རྟོག་གཡོ་བྱེད་ཀྱི་རླུང་གི་རྒྱུ་བ་བཅད་པ་ལས་ཐམས་ཅད་མཁྱེན་པ་ཐོབ་བྱེད་ཀྱི་རླུང་འགྲུབ་ལུགས་དང༌། དེའི་མཐུ་ལས་བདེ་ཆེན་ཆོས་སྐུ་འགྲུབ་ལུགས་ལ་སོགས་པ་ཤེས་དགོས་ལ། ཚུལ་འདི་ནི་རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་དཔལ་གསང་བ་འདུས་པ་རྩ་བཤད་ཀྱི་སྙིང་པོའི་དོན་ཡིན་ཞིང༌། མཐའ་དྲུག་དང་ཚུལ་བཞིའི་ནང་ནས་སྦས་དོན་དུ་བཤད་པ་དང༌། མཐར་ཐུག་ཏུ་བཤད་པའི་སྙིང་པོའི་དོན་ཡིན་པས་ཤིན་ཏུ་གསང་བའི་གནས་འདི་རྟོགས་པ་སྤྱིར་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་དང༌། ཁྱད་པར་དཔལ་གསང་བ་འདུས་པ་རྩ་བཤད་ཀྱི་དོན་ལ་འདྲིས་པ་ཞིག་དགོས་གསུང་ངོ༌། །

བླ་མ་ཆོས་སྐུར་བལྟ་བ་ནི་སྔགས་སུ་མ་ཟད་ཤེར་ཕྱིན་གྱི་མདོ་སྡེ་ནས་ཀྱང་གསུངས་ཏེ། གོང་དུ་དྲངས་ཟིན་པ་ལྟར་རྡོ་རྗེ་གཅོད་པ་ལས་གསལ་བར་གསུངས་ཤིང༌། གཞན་ཡང་མདོ་སྡེ་མང་པོ་ནས་གསུངས་པ་ལྟར་རོ། །གྲུབ་ཆེན་དབེན་ས་པ་ཡབ་སྲས་ཀྱིས་བླ་མ་ཆོས་ཀྱི་སྐུ་ཞེས་པ་དང༌། ངེས་དོན་གྱི་བླ་མ་ཞེས་ཡང་ཡང་གསུངས་པ་འདི་དག་རང་བཟོར་མཛད་པ་མིན་གྱི། རྒྱལ་བ་ཉིད་ཀྱིས་མདོ་རྒྱུད་རྣམས་སུ་གསུངས་པའི་དོན་ཡིན་ཏེ། ཤེར་ཕྱིན་གྱི་མདོ་སྡེ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིགས་པར་བྱའོ། །རབ་འབྱོར་ཕ་རོལ་དུ་ཕྱིན་པ་དྲུག་པོ་ཐམས་ཅད་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉིད་ནི་སྟོན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲོན་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་འོད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱོབ་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་གནས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དཔུང་གཉེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་གླིང་ངོ༌། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཤེས་པ་དང་རྟོགས་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་དོན་དུ་གནས་པར་གྱུར་པའོ། །ཞེས་དང༌། ཤེར་ཕྱིན་ཡོངས་གཏད་ཀྱི་ལེའུ་ལས། ཀུན་དགའ་བོ་མདོར་ན་ཇི་ལྟར་ཁྱོད་ཀྱི་སྟོན་པ་ང་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོན་པ་ཡིན་ནོ། ཞེས་སོགས་རྒྱ་ཆེར་གསུངས་ཏེ། འབྲས་བུ་ཤེར་ཕྱིན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བླ་མ་དང་སྟོན་པར་བལྟ་བར་མ་ཟད། ལམ་དུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་བླ་མ་དང་སྟོན་པར་བལྟ་བ་སྟེ། འདི་དག་ལ་ནང་གི་ཡོངས་འཛིན་ཞེས་ཕར་ཕྱིན་གྱི་གཞུང་ལུགས་པ་རྣམས་ལ་ཡོངས་སུ་གྲགས་སོ། ངེས་དོན་གྱི་བླ་མ་ཞེས་པ་དང༌། ངེས་དོན་གྱི་ཡི་དམ་ཞེས་པ་སོགས་ནི་དཔལ་གསང་བ་འདུས་པ་རྩ་བཤད་ཀྱི་མཐའ་དྲུག་གི་བཤད་པ་ལས་རྒྱ་ཆེར་འབྱུང་བ་ལྟར་རོ། །

བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་བརྟན་གཡོ་ཀུན་གྱི་བདག་པོ་དང༌། དེས་བརྟན་གཡོ་ཀུན་ལ་ཁྱབ་པ་ལ་སོགས་པ་གསུང་འདི་དག་གི་དོན་ཤིན་ཏུ་རྟོགས་པར་དཀའ་ཞིང༌། མ་རྟོགས་ན་བླ་མེད་ཀྱི་ལམ་གྱི་སྲོག་མི་རྙེད་ལ། རྟོགས་ན་ཤིན་ཏུ་དོན་ཆེ་བ་དང༌། རྒྱུད་སྡེའི་སྙིང་པོའི་དོན་མཐར་ཐུག་ཡིན་པས་མཐའ་ཆོད་པར་བཤད་དགོས་ནའང་བླུན་རྨོངས་བདག་འདྲ་བས་ནི་འདིར་ཅུང་ཟད་བརྗོད་པ་དག་ཀྱང་བླ་མ་དམ་པའི་གསུང་ལ་རྗེས་ཟློས་བྱས་པ་ཡིན་གྱི། རང་སྟོབས་ཀྱིས་གསང་བའི་གནས་འདི་དག་འབྱེད་པར་ག་ལ་ནུས། དེས་ན་རྒྱུད་དོན་མངོན་དུ་གྱུར་པའི་དམ་པ་རྣམས་ཀྱིས་རྡོ་རྗེའི་ཚིག་འདི་དག་ཞིབ་ཏུ་དབྱེ་བར་རིགས་སོ། །འདི་ལྟ་བུའི་གསང་བའི་གནད་རྣམས་ནི་ལུང་ཙམ་སྐྱབས་སུ་གྱུར་བ་རྣམས་དང༌། རྟོག་གེའི་རིགས་པ་ལ་མཁས་པ་ཙམ་གྱིས་ཆ་ཙམ་ཡང་ཤེས་པར་མི་ནུས་ཀྱི། བླ་མ་དམ་པའི་བཀའ་དྲིན་ཁོ་ན་ལ་རག་ལས་པར་གསུངས་ཏེ། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་ཡིས། །བདག་གིས་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་ཤིང༌། རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཉིད་ཀྱིས་ཀྱང༌། གཞན་གྱིས་བརྗོད་མིན་བདེ་ཆེན་ལྷན་སྐྱེས། གང་དུ་ཡང་ནི་རྙེད་པ་མིན་པ། ཁྱོད་ཞབས་བསྟེན་ཅིང་ཁྱོད་གསུང་ཐོས་པས། མངོན་སུམ་འགྱུར་མཛད་བཀའ་དྲིན་ཟླ་མེད། རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན། བཀའ་དྲིན་ཆེན་པོ་སྙིང་ནས་དྲན་པས། སྒོ་གསུམ་དང་བས་གསོལ་བ་འདེབས་སོ། །སྒྲིབ་བྲལ་བདེ་སྟོང་དབྱེར་མེད་ལྷན་སྐྱེས། མྱུར་དུ་སྐྱེ་བར་བྱིན་གྱི་རློབས་ཤིག ། ཅེས་གང་གསུངས་པ་ལྟར་རོ། །

 

ཕུར་ཚུགས་སུ་གསོལ་བ་འདེབས་ཤིང་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ།

 

བཞི་པ་ཕུར་ཚུགས་སུ་གསོལ་བ་འདེབས་ཤིང་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་ནི།

ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །དེང་ནས་བཟུང་སྟེ་བྱང་ཆུབ་བར་དུ་ཁྱོད་མིན་སྐྱབས་གཞན་མི་འཚོལ་བས། །འདི་དང་བར་དོ་ཕྱི་མའི་མཐར་ཡང་ཐུགས་རྗེའི་ལྕགས་ཀྱུས་གཟུང་མཛོད་ལ། །སྲིད་ཞིའི་འཇིགས་སྒྲོལ་དངོས་གྲུབ་ཀུན་སྩོལ་གཏན་གྱི་གྲོགས་མཛོད་བར་གཅོད་སྲུངས། །

ཞེས་ལན་གསུམ་དུ་གསོལ་བ་ཤུགས་དྲག་ཏུ་གདབ་བོ། །དེའི་ཚེ་དམིགས་པ་ཡིད་ལ་བྱ་ཚུལ་ནི། བཀའ་དྲིན་གསུམ་ལྡན་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་ལ་སྐྱབས་གསུམ་མ་ལུས་འདུས་པའི་བདག་ཉིད་དུ་བལྟས་ནས་རེ་ས་གཞན་ལ་མེད་པའི་བློ་ལིང་བསྐྱུར་གྱི་སྒོ་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པའོ། །འདིའི་སྐབས་སུ་བླ་མའི་ཞབས་ལ་ཆིར་གྱིས་འཇུས་ནས་སྤྱི་བོས་གཏུགས་ཏེ་གསོལ་བ་འདེབས་གསུང༌། དེ་ཡང་དྲིན་ཅན་རྩ་བའི་བླ་མ་ཁྱོད་ནི་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་དང་ཐུགས་རྗེ་གཅིག་ཏུ་བསྡུས་ནས་ཉམ་ཐག་བདག་འཁོར་བ་དང་ངན་སོང་གི་གཡང་ས་ཆེན་པོ་ལས་དྲངས་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འཁྲིད་ཕྱིར་རང་དང་སྐལ་བ་འཚམ་པའི་བླ་མའི་རྣམ་པར་བྱོན་པ་ཡིན་པས། ད་དུང་བྱང་ཆུབ་མ་ཐོབ་བར་དུ་རེ་ས་གཞན་ན་མེད་པས་བདག་སངས་རྒྱས་ཀྱི་སར་མ་སླེབ་ཀྱི་བར་དུ་ལམ་སྣ་དྲང་དུ་གསོལ། ཁྱོད་ནི་དཀོན་མཆོག་གསུམ་པོ་གཅིག་ཏུ་འདུས་པའི་ངོ་བོ་བླ་མའི་རྣམ་པར་ཤར་བ་ཡིན་པས་བདག་སྲིད་ཞིའི་འཇིགས་པ་མཐའ་དག་ལས་མྱུར་དུ་བསྐྱབ་ཏུ་གསོལ། ཁྱོད་ནི་ཡི་དམ་མ་ལུས་འདུས་པའི་ངོ་བོ་ཡིན་པས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱང་བླ་མ་རྡོ་རྗེ་འཆང་ཁྱོད་ཀྱི་བདེ་ཆེན་ཡེ་ཤེས་ཆེན་པོའི་རྣམ་རོལ་ཡིན་པས་ན་ཁྱོད་ནི་མཁའ་འགྲོ་རྣམས་ཀྱི་མངའ་བདག་དང༌། མཁའ་འགྲོ་མ་ལུས་འདུས་པའི་བདག་ཉིད་ཡིན་པས་བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལམ་མྱུར་དུ་བགྲོད་པའི་གྲོགས་མཛད་དུ་གསོལ། དུར་ཁྲོད་བརྒྱད་དང་ཡུལ་ཉེར་བཞིར་བཞུགས་པའི་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་བླ་མ་རྡོ་རྗེ་འཆང་ཆེན་པོའི་ཐབས་མཁས་འཕྲིན་ལས་ཀྱི་སྒྱུ་འཕྲུལ་ཡིན་པས་ན། ཁྱོད་ནི་ཆོས་སྐྱོང་མ་ལུས་འདུས་པའི་བདག་ཉིད་ཡིན་པས་བདག་བྱང་ཆུབ་མ་ཐོབ་བར་དུ་ཕྱི་ནང་གི་འགལ་རྐྱེན་བར་གཅོད་ཐམས་ཅད་ལས་བསྲུང་དུ་གསོལ། མདོར་ན་འདི་ཕྱི་བར་དོ་ཐམས་ཅད་དུ་བླ་མ་རྡོ་རྗེ་འཆང་ཆེན་པོ་ཁྱོད་ལས་ལྷག་པའི་རེ་ས་གཞན་ན་མེད་པས་ནམ་ཡང་འབྲལ་བ་མེད་པར་ཐུགས་རྗེའི་ལྕགས་ཀྱུས་བཟུང་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གདུང་ཤུགས་དྲག་པོས་གསོལ་བ་གདབ་བོ། །དེ་ལྟར་ཕུར་ཚུགས་སུ་གསོལ་འདེབས་ཤུགས་དྲག་པོ་ལན་གསུམ་དུ་བྱས་ནས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་ནི།

དེ་ལྟར་ལན་གསུམ་གསོལ་བ་བཏབ་པའི་མཐུས། །

བླ་མའི་སྐུ་གསུང་ཐུགས་ཀྱི་གནས་རྣམས་ལས། །

བདུད་རྩི་འོད་ཟེར་དཀར་དམར་མཐིང་ཁ་གསུམ། །

རིམ་དང་ཅིག་ཅར་བྱུང་ནས་བདག་ཉིད་ཀྱི། །

གནས་གསུམ་རིམ་དང་ཅིག་ཅར་ཐིམ་པ་ལས། །

སྒྲིབ་བཞི་དག་ཅིང་རྣམ་དག་དབང་བཞི་ཐོབ། །

སྐུ་བཞི་ཐོབ་ཅིང་བླ་མ་གཉིས་པ་ཞིག །

དགྱེས་བཞིན་ཐིམ་པས་བྱིན་གྱི་བརླབས་པར་གྱུར། །

ཞེས་གསུངས་ཏེ། དམིགས་པ་ཡིད་ལ་བྱ་ཚུལ་ནི། དེ་ལྟར་ལན་གསུམ་གྱི་བར་དུ་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་ཐུགས་གཏིང་ནས་དགྱེས་ཏེ་སྤྱི་བོའི་ཨོཾ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་ཐ་མལ་གྱི་སྣང་ཞེན་སྦྱངས། བུམ་པའི་དབང་ཐོབ། སྤྲུལ་སྐུ་འགྲུབ་པའི་ནུས་པ་བཞག་པའི་མོས་པ་བྱ། བླ་མའི་མགྲིན་པའི་ཨཱཿལས་བདུད་རྩི་དམར་པོའི་རྒྱུན་བབས། རང་གི་མགྲིན་པར་ཞུགས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་རླུང་སྔགས་ཐ་དད་དུ་འཛིན་པའི་སྣང་ཞེན་སྦྱངས། གསང་བའི་དབང་ཐོབ། ལོངས་སྐུ་འགྲུབ་པའི་ནུས་པ་བཞག་པའི་མོས་པ་བྱ། བླ་མའི་ཐུགས་ཀའི་ཧཱུྃ་ལས་བདུད་རྩི་སྔོན་པོའི་རྒྱུན་བབས། རང་གི་སྙིང་གར་ཞུགས། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་གང་སྣང་བདེ་སྟོང་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཆོས་སྐུ་འགྲུབ་པའི་ནུས་པ་བཞག་པའི་མོས་པ་བྱ། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་བདུད་རྩི་དཀར་དམར་མཐིང་གསུམ་ཅིག་ཅར་དུ་བབས། རང་གི་གནས་གསུམ་དུ་ཞུགས། སྒོ་གསུམ་ཐུན་མོང་གི་སྡིག་སྒྲིབ་ཐམས་ཅད་སྦྱངས། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། འབྲས་བུ་ཟུང་འཇུག་འགྲུབ་པའི་ནུས་པ་བཞག་བྱུང་སྙམ་པའི་མོས་པ་བརྟན་པོ་བྱའོ། །བསྡུ་ན་དེ་ཙམ་དང༌། ཡང་དབང་བཞི་སོ་སོའི་བརྡ་དོན་འཕྲོད་ངེས་སུ་བྱ་ཕྱིར་ཅུང་ཟད་རྒྱས་ཙམ་བྱེད་ན།སྔར་ལྟར་ལན་གསུམ་གྱི་བར་དུ་གསོལ་བ་ཤུགས་དྲག་ཏུ་བཏབ་ཅིང༌། བདག་སྔགས་ཀྱི་ལམ་དུ་ཞུགས་ནས་མྱུར་དུ་ཟུང་འཇུག་གི་སྐུ་ཐོབ་པར་འདོད་པས།དེའི་སྨིན་བྱེད་དབང་བཞི་ཁྱད་པར་ཅན་བསྐུར་དུ་གསོལ་སྙམ་དུ་མོས་པ་དང༌། ལྷག་པར་བུམ་དབང་བསྐུར་དུ་གསོལ་སྙམ་དུ་ཡིད་ཀྱིས་གསོལ་བ་ཤུགས་དྲག་བཏབ་པས། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་རང་གི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུངས། མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱི་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་ཆུ་རུབ་ཀྱི་ཚུལ་དུ་སྤྱི་བོ་ནས་དབང་བསྐུར་བས། བདུད་རྩིའི་ཆུས་ལུས་ཐམས་ཅད་གང༌། སྲོག་གཅོད་པ་དང༌། མ་བྱིན་པ་ལེན་པ་དང༌། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཚེ་རབས་ཐོག་མ་མེད་པ་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིག་ཐམས་ཅད་དང༌། ཁྱད་པར་ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་ཐམས་ཅད་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་ལྷའི་སྐུར་ཤིན་ཏུ་གསལ་བར་བྱས། ཆུའི་ལྷག་མ་སྤྱི་གཙུག་ཏུ་ཡར་ལུད་པ་ལས་བླ་མའི་ངོ་བོ་མི་བསྐྱོད་པས་དབུ་བརྒྱན་པར་བསམ། དེས་བུམ་པའི་དབང་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་རྣམ་གསུམ་སྔར་བསགས་སྦྱོང་ཞིང་ཕྱི་མ་སྡོམ་པ་དང༌། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་འཁྲུད་པས་ན་སྐུ་རྡོ་རྗེ་སྦྱོང༌། བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་དུ་བསམས་ཤིང༌། དབང་ལྷ་རྣམས་ཀྱང་རང་གི་ལུས་ལ་བསྟིམས་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་བྱའོ། །

དེ་ནས་སླར་ཡང་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་ལ་མོས་གུས་ཤུགས་དྲག་པོའི་སྒོ་ནས་བདག་ལ་གསང་དབང་བསྐུར་དུ་གསོལ་སྙམ་དུ་ཡིད་ཀྱིས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་འཆང་ཆེན་པོ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་སྙོམས་པར་ཞུགས་པའི་སྦྱོར་མཚམས་དང་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྤྱན་དྲངས། བླ་མའི་སྤྱི་བོར་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་བླ་མ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་གྱི་ཚོགས་དང༌། སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང༌། རང་ལ་ཐིམ་པས་རང་གི་ལུས་ཐམས་ཅད་བདུད་རྩིས་གང་ཞིང༌། ལྷག་པར་མགྲིན་པའི་གནས་སུ་བདུད་རྩི་དཀར་དམར་དཔག་མེད་ཞུགས་པས་ཐོག་མ་མེད་པ་ནས་བརྫུན་ཕྲ་མ། ཚིག་རྩུབ། ངག་འཁྱལ་ལ་སོགས་པ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་ཐམས་ཅད་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ལྷག་པར་རྩ་རླུང་ཐིག་ལེའི་ཁམས་རྣམས་བྱིན་གྱིས་བརླབས་པས་དག་མ་དག་གི་སྒྱུ་ལུས་སྒོམ་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །གསང་དབང་ཐོབ་བྱུང་སྙམ་དུ་དགའ་བ་བསྒོམ།

དེ་ནས་ཡང་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་ལ་མོས་གུས་ཤུགས་དྲག་པོའི་སྒོ་ནས་བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ་སྙམ་དུ་ཡིད་ཀྱིས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་འཆང་ཆེན་པོའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལས་རང་འདྲ་གཉིས་པ་ཞིག་ཆད་དེ། རང་འདོད་ལྷ་ཡབ་ཡུམ་དུ་གསལ་བའི་ཡུམ་ལ་ཐིམ། དེ་དང་སྙོམས་པར་ཞུགས་པས་དགའ་བ་དང༌། མཆོག་དགའ་དང༌། ཁྱད་དགའ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་རིམ་གྱིས་ཐོབ། ལྷན་སྐྱེས་ཀྱི་དུས་སུ་ཀུན་རྟོག་གཡོ་བྱེད་དང་བཅས་པ་འགགས་ཤིང༌། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་གནས་ལུགས་སྟོང་པ་ཉིད་ལ་རྩེ་གཅིག་མཉམ་པར་བཞག་སྟེ། བདེ་ཆེན་འོད་གསལ་ལ་ཆོས་ཀྱི་སྐུ་མངོན་དུ་བྱས་པའི་མོས་པ་བརྟན་པོ་བྱ། བདེ་ཆེན་འོད་གསལ་འདི་ནི་བློ་གཅིག་གི་སྟེང་ནས་གཟུགས་སྐུ་དང་ཆོས་སྐུ་གཉིས་ཀ་བསྒྲུབ་ནུས་པའི་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ལམ་ཚེ་གཅིག་ཉིད་ལ་ཟུང་འཇུག་བསྒྲུབ་པའི་ཉེར་ལེན་གྱི་རྒྱུ་ཁྱད་པར་ཅན་ཡིན་པས། རྗེ་ཐམས་ཅད་མཁྱེན་པས་ལྷན་སྐྱེས་བསྐྱེད་ནུས་ན་རབ་དང༌། དེ་མི་ནུས་ཀྱང་བསྐྱེད་རིམ་པའི་ཞུ་བདེ་བསྐྱེད་ནུས་ན་དེའི་སྟེང་ནས་བསྒོམ། དེ་ཡང་མ་ནུས་ན་མ་མཐའ་ཚིག་རྗེས་འབྲང་བའི་གོ་བའི་སྟེང་ནས་ཡིད་འགྱུར་གྱི་མྱོང་བ་བཏོན་ཏེ་སྔགས་ལམ་ཟབ་མོ་ལ་བག་ཆགས་ཅི་ཐེབས་བྱ་གསུང་ངོ༌། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བརྣབ་སེམས། གནོད་སེམས། ལོག་ལྟ་ལ་སོགས་པ་ཐོག་མ་མེད་པ་ནས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་གང་སྣང་བདེ་སྟོང་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་སྦྱངས། ལམ་འོད་གསལ་སྒོམ་པ་ལ་དབང་བར་བྱས། འབྲས་བུ་བདེ་ཆེན་ཆོས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་དུ་དགའ་བ་བསྒོམ།

དེ་ནས་ཡང་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་ལ་མོས་གུས་ཤུགས་དྲག་པོའི་སྒོ་ནས་བདག་ལ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་དུ་གསོལ་སྙམ་དུ་ཡིད་ཀྱིས་གསོལ་བ་བཏབ་པས། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ཞལ་ནས། ཁྱོད་ཀྱི་དབང་གསུམ་པ་ཐོབ་པའི་སྐབས་སུ་ལུས་ལྷའི་སྐུར་སྣང་བཞིན་པའི་དུས་ན། སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་བཞིན་དུ། དོན་འདི་གོམས་པར་བྱས་པ་ལས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན་དང༌། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང་སྟོང་པ་ཉིད་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ། །ཞེས་གསུངས་ཤིང་དབང་བཞི་པ་ཟུང་འཇུག་གི་དོན་ལ་ངོ་སྤྲད་ཅིང༌། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་ཐུགས་ཤིན་ཏུ་དགྱེས་པའི་སྒོ་ནས་སྐུ་ལས་རང་འདྲ་གཉིས་པ་ཞིག་ཆད་དེ་རང་ཉིད་ལ་ཐིམ་པས། ཐོག་མེད་ནས་བསགས་པའི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་གཉིས་སྣང་འཁྲུལ་བའི་བག་ཆགས་ཐམས་ཅད་དག་སྟེ་འོད་གསལ་སྟོང་པའི་ངང་དུ་ཞུགས། འོད་གསལ་དེ་ལས་ཆུ་ལས་ཉ་ལྡང་བ་བཞིན་དུ་སྐད་ཅིག་གིས་ཟུང་འཇུག་དང་པོའི་མགོན་པོའི་སྐུར་ལངས༌། བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་རོ་གཅིག་ཏུ་སོང་བའི་མོས་པ་བརྟན་པོས་མཉམ་པར་འཇོག་ཅི་ཐུབ་བྱ། དེས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ལམ་ཟུང་འཇུག་སྒོམ་པ་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུ་མྱུར་དུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་དུ་དགའ་བ་བསྒོམ་མོ། །

དེ་ལྟར་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་རྒྱས་པ་བྱ་ཚུལ་དེ་ནི་བདེ་གསང་འཇིགས་གསུམ་ཡ་མ་བྲལ་བའི་རྣལ་འབྱོར་ལ་གནས་པ་འམ། དེ་མིན་ཡང་སྤྱིའི་སྐྱོང་ཚུལ་ཡིན་གྱི། ཁྱད་པར་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་ཆིག་སྒྲིལ་དུ་བྱས་ཏེ་ཚོགས་ཞིང་གི་གཙོ་བོའང་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་བྱས་ནས་སྐྱོང་ན། བླ་མ་རྡོ་རྗེ་འཇིག་བྱེད་ཆེན་པོའི་སྐུའི་གནས་ལྔར་འཇིགས་བྱེད་རིགས་ལྔ་བཞུགས་པ་ལས་རིགས་ལྔ་ཆད་དེ་བུམ་དབང་བསྐུར་བ་སོགས་དབང་བཞི་ལེན་ཚུལ་གྱི་ཁྱད་པར་ཤེས་དགོས་པས། དེ་ནི་རྒྱལ་བ་དབེན་ས་པ་ཆེན་པོས་རྡོ་རྗེ་འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་དུ་གསུངས་པ་ལྟར་རོ། །

ཚོགས་ཞིང་གི་གཙོ་བོ་མི་བསྐྱོད་རྡོ་རྗེ་བསྐྱེད་ནས་འདུས་པའི་རྣལ་འབྱོར་ལ་ཆིག་སྒྲིལ་དུ་བྱེད་ན། དབང་བཞི་ལེན་ཚུལ་གོང་དུ་བཤད་པ་ལྟར་རམ། འདུས་པའི་དཀྱིལ་ཆོག་ནས་ཇི་ལྟར་འབྱུང་བ་ལྟར་ལེན་ཚུལ་ཐུན་མོང་མིན་པ་ནི་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསང་བ་འདུས་པའི་བླ་མའི་རྣལ་འབྱོར་དུ་གསུངས་པ་ལྟར་བྱའོ། །

ཚོགས་ཞིང་གི་གཙོ་བོ་འཁོར་ལོ་སྡོམ་པར་བསྐྱེད་ནས། དེ་ལ་བརྟེན་པའི་དབང་བཞི་ལེན་ཚུལ་ཐུན་མོང་མིན་པ་བྱེད་ན། རྒྱལ་བ་དབེན་ས་པ་ཆེན་པོས་བདེ་མཆོག་གི་བླ་མའི་རྣལ་འབྱོར་དུ་གསུངས་པ་ལྟར་བྱའོ། །ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་དེ་དག་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྙན་རྒྱུད་ཀྱི་མན་ངག་གྲུབ་ཆེན་དབེན་ས་པ་ཡབ་སྲས་ཀྱིས་ཡི་གེར་འགོད་པར་མཛད་པ་ཡིན་པས། དོན་དུ་ན་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་ཉིད་དུ་ཡིད་ཆེས་པར་བྱའོ། །བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་འདི་དག་ལ་རྒྱལ་བ་ཙོང་ཁ་པ་ཆེན་པོ་ནས་བཟུང་དབེན་ས་པ་ཡབ་སྲས་རྣམས་བསྔགས་པ་ཆེ་བར་མཛད་ཅིང༌། བདག་གི་བླ་མ་དམ་པ་དེ་ཉིད་ཀྱང་སྔགས་ལམ་ལ་བག་ཆགས་འཇོག་པ་ལ་ཤིན་ཏུ་གལ་ཆེ་བར་མེད་མི་རུང་དུ་མཛད་ཅིང་ཡང་ཡང་བྱ་དགོས་ཚུལ་དང༌། མ་མཐའང་ཉིན་རེར་ཚར་རེ་མ་ཆག་པ་དགོས་ཞེས་འདོམས་པར་མཛད་དོ། །

དེ་ལྟར་ཏིང་ངེ་འཛིན་གྱི་དབང་བཞི་བླངས་ནས་རང་ཟུང་འཇུག་དང་པོའི་མགོན་པོ་རྡོ་རྗེ་འཆང་དུ་གྱུར་པ་དེ་གའི་ངང་ནས་སྔགས་བཟླ་བ་འམ། ཡང་བླ་མ་སྙིང་དབུས་སུ་བྱོན་ཏེ་ཤིན་ཏུ་ཕྲ་བའི་རླུང་སེམས་དང་དབྱེར་མེད་པའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་མགོ་གྱེན་དུ་བསྟན་ཅིང་གཡས་སུ་བསྐོར་བ་མར་མེའི་ཕྲེང་བ་ཁྲིགས་པ་ལྟ་བུ་སྔགས་ཀྱི་སྒྲ་ལྷང་ལྷང་བར་སྒྲོག་བཞིན་པ་ཞིག་གསལ་བཏབ་ལ། སྔགས་ཕྲེང་ཧཱུཾ་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལ་ཕོག་པས་མ་དག་པ་སྦྱངས་ཏེ་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་གྱུར། ཡང་འོད་ཟེར་ཕྱོགས་བཅུར་འཕྲོས། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོགས་པས་སོ་སོའི་སྡིག་སྒྲིབ་རྣམས་སྦྱངས་ནས་རྡོ་རྗེ་འཆང་གི་སྐུར་གྱུར། རང་དང་སེམས་ཅན་ལྷར་གསལ་བ་ཐམས་ཅད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་གྱི་སྤྲོ་བསྡུ་དང༌། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འབེབས་པའི་དམིགས་པ་དང་བཅས་སྔགས་བཟླ་བར་བྱའོ། །

བཟླས་བྱའི་སྔགས་ནི་ཐོག་མར་བླ་མའི་མཚན་སྔགས་བཟླ་བར་གསུངས་པས། བདག་གི་བླ་མ་དམ་པ་དེ་ཉིད་ནི། ཨོཾ་ཨཱཿ་གུ་རུ་སུ་མ་ཏི་ཛྙཱ་ན་སིདྡྷི་ཧཱུཾ་ཧཱུཾ། ཞེས་པ་འདི་བཟླ་བར་མཛད་ཅིང༌། སློབ་མ་ལའང་འདིའི་དམིགས་པ་སྟོན་ལ། ཐུན་དངོས་གཞིར་མ་ཟད་ཐུན་མཚམས་རྣམས་སུའང་མཚན་སྔགས་འདི་རང་བཟླ་བར་མཛད་དོ། །དེ་ནས། ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི་ཡེ་སྭཱཧཱ། ཞེས་ཐུབ་དབང་གི་གཟུངས་ཅི་མང་བཟླ། དེ་ནས། ཨོཾ་ཨཱཿབཛྲ་དྷ་ར་ཧཱུཾ་ཧཱུཾ། ཞེས་རྡོ་རྗེ་འཆང་གི་གཟུངས་ཅི་མང་བཟླ། དེ་ནས། ཨོཾ་ཨཱཿཧཱུཾ། མང་དུ་བཟླ་བར་གསུང་ངོ༌། །དེ་ལ་བླ་མའི་མཚན་སྔགས་བཟླ་བ་ནི་བྱིན་རླབས་ཀྱི་མཐུ་ཤིན་ཏུ་ཆེ་བ་ཞིག་སྟེ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས། སངས་རྒྱས་ཐམས་ཅད་ལ་གསོལ་བ་བཏབ་པ་ལས་བླ་མའི་མཚན་སྔགས་འདྲེན་ཞིང་གསོལ་བ་བཏབ་ན་བྱིན་རླབས་ཆེ། ཞེས་གསུང༌། གཞན་ཡང་སྔོན་གྱི་དམ་པ་རྣམས་ཀྱི་གསུང་སྒྲོས་ལོ་རྒྱུས་མང་དུ་སྣང་ངོ༌། །དེ་ཡང་བླ་མའི་མཚན་སྔགས་ལ་བྱིན་རླབས་ཆེ་ཆུང་ནི་སློབ་མ་རང་གི་དད་པ་ལ་རག་ལས་ཏེ། སློབ་མའི་ངོས་ནས་བླ་མ་དེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་སྙིང་ཐག་པ་ནས་བལྟ་ཞིང་མོས་གུས་བཅོས་མིན་ཞིག་ཡོད་ན། བླ་མའི་ངོས་ནས་རྒྱུད་མཐོ་དམའ་ཅི་འདྲ་ཞིག་ཡིན་ཡང་སློབ་མ་དེ་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་པ་དང༌། སངས་རྒྱས་ཐམས་ཅད་ལ་གསོལ་བ་བཏབ་པ་ལས་བླ་མ་ལ་གསོལ་བ་བཏབ་པ་བྱིན་རླབས་མྱུར་བ་འབྱུང༌།

སློབ་མའི་ངོས་ནས་དད་མོས་མེད་ན་བླ་མ་སངས་རྒྱས་དངོས་ཡིན་ཡང་བྱིན་རླབས་གང་ཡང་མི་འཇུག་སྟེ། པོ་ཏོ་བའི་བེའུ་བུམ་ལས། བླ་མ་བྱིན་རླབས་ཆེ་དང་ཆུང་བ། དངོས་ལ་མ་ཡིན་རང་ལ་རག་ལས། བྱས་གཟོ་མེད་ཅིང་ཡིད་མ་ཆེས་ན། འཇམ་དཔལ་སྤྱན་རས་གཟིགས་དངོས་བྱོན་ཡང༌། དེ་ཡི་དོན་དུ་ཅིར་ཡང་མི་འགྱུར། དེ་ལ་ཡིད་ཆེས་གུས་ཤིང་བྱས་གཟོ། ཡོན་ཏན་རྫོགས་པའི་བླ་མ་མིན་ཡང༌། དེ་ལ་དེ་ཡི་བྱིན་གྱིས་རླབས་འཇུག །ཅེས་གསུངས་པ་ལྟར་རོ། །འདི་དག་ལ་སྔོན་དགྲ་བཅོམ་པ་ལ་དད་པའི་རྒན་མོ་ཞིག་ལ་མི་ཞིག་གིས་ཁྱིའི་སོ་ཞིག་བྱིན་ནས།འདི་དགྲ་བཅོམ་པའི་ཚེམས་ཡིན་བྱས་པས། རྒན་མོས་ཡིད་ཆེས་བྱས་ནས་རྒྱུན་དུ་མཆོད་ཅིང་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ནམ་ཞིག་ན་སོ་དེ་ལ་རིང་བསྲེལ་དང་འོད་འཕྲོ་བ་སོགས་བྱུང་སྟེ། རྒན་མོས་དངོས་གྲུབ་ཐོབ་པ་སོགས་ཀྱི་གླེང་གཞི་མང་དུ་སྣང་བས། སྔོན་གྱི་བྱུང་བ་དེ་དག་བསམས་ནས་ཀྱང་ངེས་པ་བསྐྱེད་དོ། །ཐུབ་དབང་གི་གཟུངས་སྔགས་འདི་ལན་རེ་བཟླས་པས་ཀྱང་བསྐལ་བ་ཁྲི་ཕྲག་མང་པོའི་སྡིག་སྒྲིབ་འདག་པར་མདོ་ལས་གསུངས་ཤིང༌། རྡོ་རྗེ་འཆང་གི་གཟུངས་འདི་ནི་མཆོག་སྒྲུབ་པའི་ཐབས་སུ་དཔལ་འདུས་པ་རྩ་བཤད་ཀྱི་རྒྱུད་རྣམས་ནས་རྒྱ་ཆེར་བསྔགས་པ་ལྟར་རོ། །ཨོཾ་ཨཱཿཧཱུཾ། གསུམ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་ཞིང༌། རྒྱུད་སྡེ་བཞི་ནས་གསུངས་པའི་གཟུངས་སྔགས་ཟབ་ཁྱད་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་ནུས་མཐུ་འདི་ལ་ཡོད་དེ། གཟུངས་སྔགས་གཞན་ཐམས་ཅད་ཀྱིས་ཞི་རྒྱས་དབང་དྲག་གི་ལས་གང་བསྒྲུབ་ནུས་པ་ཐམས་ཅད་འདིས་ནུས་ཤིང༌། དེར་མ་ཟད་བསྐྱེད་རིམ་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཞི་རྒྱས་དབང་དྲག་གི་ལས་ཚོགས་སྒྲུབ་པའི་ཚེ་འབད་ཀྱང་མ་གྲུབ་ན་ཡི་གེ་གསུམ་པོ་འདིའི་སྒོ་ནས་རྒྱལ་བ་སྲས་བཅས་ཀྱི་ཐུགས་བསྐུལ་ཏེ་བསྒྲུབས་ན་ངེས་པར་འགྲུབ་པར་འདུས་པའི་རྩ་རྒྱུད་ལེའུ་བཅུ་པ་ལས་གསུངས། ནང་ལ་མཆོག་ཏུ་གཞོལ་པའི་རྫོགས་རིམ་གྱི་རྣལ་འབྱོར་པ་རྣམས་ཀྱིས་ནི་ཡི་གེ་གསུམ་པོ་འདིའི་སྒོ་ནས་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་བསྒྲུབ་ནུས་པར་མ་ཟད། ཡི་གེ་གསུམ་རླུང་དང་སྦྱར་བའི་རྡོ་རྗེ་བཟླས་པའི་མཐུ་ལས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་མྱུར་དུ་བསྒྲུབ་ནུས་པས་ན། གསང་སྔགས་ཀྱི་རྒྱལ་པོ་ཡི་གེ་གསུམ་གྱི་རྡོར་བཟླས་འདི་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཅི་འདོད་སྩོལ་བའི་རིན་པོ་ཆེའི་བཟླས་པ་ཞེས་འདུས་པའི་རྩ་རྒྱུད་ལེའུ་བཅུ་གསུམ་པ་ལས་རྒྱ་ཆེར་བསྔགས་སོ། །

འདི་ནི་བླ་མའི་རྣལ་འབྱོར་གྱི་སྙིང་པོ་ཡིན་པས་མན་ངག་གི་གནད་རྣམས་བླ་མས་ཞིབ་ཏུ་བསྟན་དགོས་པར་གསུངས་ཤིང༌། དབེན་ས་པ་ཡབ་སྲས་དང་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་རྣམས་ལ་ཞིབ་ཏུ་བརྟགས་ན་འདི་དག་ལ་མན་ངག་གི་གནད་ཁྱད་པར་ཅན་མང་དུ་ཡོད་སྣང་བས། འཇམ་མགོན་སྙན་རྒྱུད་ཀྱི་མན་ངག་ལ་སྒྲུབ་པ་སྙིང་པོར་བྱ་འདོད་པ་རྣམས་ཀྱིས་བླ་མ་མཆོད་པའི་ཆོ་ག་འདོན་ཤེས་པས་ཆོག་པར་མི་བྱ་བར། མན་ངག་གི་གནད་མཐར་ཐུག་པ་རྣམས་རྩད་བཅད་ལ་ཞེན་པས་འཇུག་པ་ཙམ་མིན་པར་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་ངེས་པ་བརྟན་པོ་བསྐྱེད་ནས་བསྒོམ་པ་ལ་འབད་པར་བྱའོ། །

 

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་བཤད་པ།

 

༈ རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་གཟུང་དུ་གསོལ། །བཞི་པ་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བློ་སྦྱོང་ཞིང་བྱིན་རླབས་ཞུ་བ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང༌། བསྟེན་ནས་བློ་ཇི་ལྟར་སྦྱོང་བའི་ཚུལ་ལོ། །

དང་པོ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ནི། བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པས་སངས་རྒྱས་གོ་འཕང་མྱུར་དུ་འཐོབ་པར་འགྱུར་བ་དང༌། གནས་སྐབས་སུ་ཡང་ནད་དང་གདོན་ལ་སོགས་པས་མི་གནོད་ཅིང༌། གང་བསམ་ཡིད་བཞིན་དུ་འགྲུབ་པ་སོགས་རྒྱལ་བས་ཕན་ཡོན་ཇི་སྙེད་ཅིག་གསུངས་པ་རྣམས་དང་བསྟེན་ཚུལ་ལོག་སྟེ་བླ་མ་ལ་བརྙས་སྨོད་སོགས་བྱས་ན་ནི་འཚམས་མེད་ལས་ཀྱང་རྣམ་སྨིན་ཆེ་བར་གསུངས་པས་ངན་འགྲོ་མི་བཟད་པར་འཁྱམས་དགོས་པ་དང༌། ཚེ་འདིར་ནད་དང་གདོན་དུ་མས་འཚེ་བ་སོགས་འདི་ཕྱི་ཐམས་ཅད་དུ་འཕུང་བར་འགྱུར་བའི་ཉེས་དམིགས་གསུངས་པའི་ཚུལ་རྣམས་ལ་ཡང་ཡང་བསམས་ཏེ་ངེས་པ་བརྟན་པོ་བསྐྱེད་ནས། དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་པ་ལ་བློ་རྩེ་ཆིག་བསྒྲིལ་གྱི་འདུན་པ་བསྐྱེད། དེ་ནས་དད་པ་དང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་དངོས་སུ་སྣང་བ་རྣམས་དང༌། གཞན་ཡང་མདོ་ལས་གསུངས་པའི་ཡོན་ཏན་རྣམས་ལ་ཡང་ཡང་བསམས་ལ་བློས་ཡོན་ཏན་གྱི་ཕྱོགས་འཛིན་ཅི་ཐུབ་བྱ། མདོར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཉམ་ཐག་བདག་འདྲེན་པའི་ཕྱིར་དགེ་བའི་བཤེས་གཉེན་གྱི་རྣམ་པར་བྱོན་པ་ཡིན་པར་བསམས་ལ་སྐྱོན་རྟོག་གི་བློ་ཡེ་མ་ཤོར་བ་བྱ་ཞིང༌། ཡོན་ཏན་སེམས་པའི་བློ་སྒོ་དུ་མ་ནས་བསྐྱེད་ལ། སེམས་དང་བའི་རྣམ་པ་ཅན་གྱི་དད་པ་མ་སྐྱེས་ཀྱི་བར་དུ་བསྒོམ། དེ་ནས་རང་ལ་སྔར་ཕན་བཏགས་པ་དང༌། མ་འོངས་པ་ན་ཕན་འདོགས་པར་འགྱུར་བའི་བཀའ་དྲིན་རྣམས་མདོ་ལས་གསུངས་པ་ལྟར་བསམས་ལ་གུས་པ་ཆེན་པོ་མ་སྐྱེས་བར་དུ་སྒོམ།

དེ་ནས་རྗེ་རིན་པོ་ཆེའི་ཞལ་ནས། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་འབྱུང་བའི་ཞིང་ས་དམ་པ་དུས་བཞི་ཐམས་ཅད་དུ་རྒྱུན་ཆད་མེད་པར་བདེ་ལེཊ་ཀྱི་ས་བོན་བཏབ་པས་ཆོག་པ་འདི་ལ་ཡང་དད་པའི་གཤོལ་གྱིས་བསོད་ནམས་ཀྱིས་ཞིང་རྨོད་པར་གྱུར་ཅིག་ཅེས་མདོ་ལས་གསུངས་པ་ལྟར་བྱ་རྒྱུ་མ་བྱུང་ན་ཆེས་ཤིན་ཏུ་ཕངས་པ་ཡིན་ནོ། །ཞེས་དང༌། མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ཞེས་གསུངས་པ་ལྟར། ཞིང་མཆོག་དམ་པ་འདི་འདྲ་དང་མཇལ་བཞིན་དུ་འདི་ཕྱིའི་བདེ་ལེགས་ཀྱི་རྩ་བ་འཛུགས་ཕྱིར་དགེ་བའི་ས་བོན་བསྐྲུན་པར་མི་བྱེད་པར་ཡལ་བར་འདོར་བ་ནི་བདག་ཤིན་ཏུ་བླུན་པའམ་སྙིང་རུལ་བའོ་སྙམ་དུ་བསམས་ལ། ཕན་བདེ་ཐམས་ཅད་ཀྱི་ཞིང་ས། བདེ་ལེགས་ཐམས་ཅད་ཀྱི་རྩ་བ། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན། སངས་རྒྱས་དངོས་ཀྱི་དགེ་བའི་བཤེས་གཉེན་འདིའི་ཕྱིར་དུ་ལུས་ཀྱིས་བསྙེན་བཀུར་བ་དང༌། ངག་གིས་བསྟོད་ཅིང་གསོལ་འདེབས་བརྗོད་པ་དང༌། ཟང་ཟིང་གི་དངོས་པོས་མཆོད་པ་དང༌། བཀའ་བཞིན་དུ་སྒྲུབ་པས་མཉེས་པར་བྱའོ། །རྗེ་བཙུན་བླ་མ་ཐུགས་རྗེ་ཅན་ཁྱེད་ཀྱིས་བདག་བྱང་ཆུབ་མ་ཐོབ་བར་དུ་དགྱེས་བཞིན་གཟུང་དུ་གསོལ་སྙམ་དུ།

ཞིང་མཆོག་དམ་པ་རྗེ་བཙུན་བླ་མ་ལ། །

མཆོད་ཅིང་གུས་པས་གསོལ་བ་བཏབ་པའི་མཐུས། །

བདེ་ལེགས་རྩ་བའི་མགོན་པོ་ཁྱེད་ཉིད་ཀྱིས། །

དགྱེས་བཞིན་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཐོག་མེད་ནས་བསགས་པས་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་པ་ལ་གེགས་བྱེད་ཀྱིས་སྡིག་སྒྲིབ་སྦྱངས། །ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་དང༌། བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་དང༌། མཉེས་པ་གསུམ་གྱིས་མཉེས་པར་བྱེད་ནུས་པའི་རྟོགས་པ་ཁྱད་པར་ཅན་རྣམས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །

གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱོང་བའི་ཚུལ་ལ་གཉིས། ལམ་ཐུན་མོང་བ་ལ་བློ་སྦྱོང་ཚུལ་དང༌། ཐུན་མོང་མིན་པ་རྡོ་རྗེ་ཐེག་པའི་ལམ་ལ་བློ་སྦྱོང་ཚུལ་ལོ། །དང་པོ་ལམ་ཐུན་མོང་བ་ལ་བློ་སྦྱོང་ཚུལ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་པའི་ལམ་ལ་བློ་སྦྱོང་ཚུལ་དང༌། སྐྱེས་བུ་འབྲིང་དང་ཐུན་མོང་པའི་ལམ་ལ་བློ་སྦྱོང་ཚུལ་དང༌། སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་ཚུལ་ལོ། །

 

སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་ལ་བཤད་པ།

 

དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང༌། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟན་པའོ། །

དང་པོ་ནི། འདིར་དལ་འབྱོར་དང་མི་རྟག་པའི་དམིགས་སྐོར་གཉིས་སྦྲེལ་ནས་དམིགས་སྐོར་གཅིག་ཏུ་མཛད་པ་ནི། རྗེ་ཐམས་ཅད་མཁྱེན་པ་ལ་མགོན་པོ་འཇམ་པའི་དབྱངས་ཀྱིས་གནང་བའི་མན་ངག་ཐུན་མོང་མིན་པའི་ལུགས་ལྟར་མཛད་པ་ཡིན་ནོ། །དེ་ཡང་རྗེ་ཐམས་ཅད་མཁྱེན་པ་ལ་མགོན་པོ་འཇམ་པའི་དབྱངས་ཀྱིས་གསུང་རབ་ཐམས་ཅད་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་གདམས་ངག་ཏུ་བསྡུས་ནས་འདོམས་པར་མཛད་དེ། ངེས་འབྱུང་དང༌། བྱང་ཆུབ་སེམས་དང༌། ཟབ་མོ་དབུ་མའི་ལྟ་བ་གསུམ་དུ་གསུང་རབ་ཀྱི་དོན་ཐམས་ཅད་བསྡུས། ངེས་འབྱུང་སྒོམ་ཚུལ་ལ་ཚེ་འདིའི་སྣང་ཤས་ལྡོག་པའི་ཐབས་དང༌། ཕྱི་མའི་སྣང་ཤས་ལྡོག་པའི་ཐབས་གཉིས་སུ་མཛད། དེའི་དང་པོ་ཚེ་འདིའི་སྣང་ཤས་ལྡོག་པའི་ཐབས་ནི། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པའི་ཚེ་འདིའི་སྣང་ཤས་ལྡོག །ཅེས་དལ་འབྱོར་དང་མི་རྟག་པའི་དམིགས་སྐོར་ཟུང་དུ་སྦྲེལ་ནས་སྒོམ་ཚུལ་གསུངས། ལམ་རིམ་ཆེ་ཆུང་དུ་དལ་འབྱོར་གྱི་དམིགས་སྐོར་སྔོན་ལ་ཟུར་དུ་མཛད་པ་ནི། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་གསུང་རབ་ཐམས་ཅད་ཉམས་ལེན་གྱི་ལུས་གཅིག་ཏུ་དྲིལ་བ་མདོ་སྡེ་ཀུན་ལས་བཏུས་མཛད། རྒྱལ་སྲས་ཞི་བ་ལྷས་གསུང་རབ་ཐམས་ཅད་ཉམས་ལེན་ལུས་གཅིག་ཏུ་དྲིལ་བ་བསླབ་བསྡུས་དང་སྤྱོད་འཇུག་གཉིས་མཛད་དེ། གཞུང་དེ་གསུམ་གར་དལ་འབྱོར་གྱི་དམིགས་སྐོར་སྔོན་ལ་ཟུར་དུ་ཡོད་པས་ཤིང་རྟ་ཆེན་པོའི་གཞུང་དེ་དག་དང་མཐུན་པར་མཛད་པ་ཡིན་ནོ། །འོན་ཀྱང་དོན་ལ་འགལ་བ་མེད་ཅིང་དགོངས་པ་གཅིག་ཏུ་འབབ་པས་དམིགས་སྐོར་གཉིས་ཟུང་འབྲེལ་དུ་ཡོད་ཚུལ་ལམ་རིམ་ཆེན་མོར་གསལ་བར་གསུངས།

རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གདམས་ངག་འདིར་དམིགས་སྐོར་གཉིས་ཟུང་འབྲེལ་དུ་སྐྱོང་ཚུལ་མཛད་པ་ནི། རྗེ་རིན་པོ་ཆེའི་དགོངས་པའི་གནད་ཡིན་པར་ཉམས་མགུར་གྱིས་ཤེས་ཏེ། དེ་ཉིད་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། ཚུལ་འདི་བསམ་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་འདི་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །འདི་དག་ནི་རྟོགས་དཀའ་བའི་གནས་དག་ཡིན་ཏེ། དལ་བ་དོན་ཆེ་ཞེས་པ་དང༌། མྱུར་དུ་འཇིག་ཅེས་པ་ཙམ་གོ་དཀའ་བ་མ་ཡིན་གྱི། ལམ་གྱི་གྲངས་དང་གོ་རིམས། སོ་སོའི་དམིགས་པ་བསྐྱངས་པ་ལས་ལག་རྗེས་གང་འབྱུང་རྣམས་ཤེས་པ་ཤིན་ཏུ་དཀའ་བར་གསུངས་སོ། །རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གདམས་ངག་ཐུན་མོང་མིན་པ་འདི་ལ་ཡིད་ཆེས་རྙེད་ཕྱིར་བློ་གྲོས་དང་ལྡན་པ་རྣམས་ལ་དཔྱོད་པའི་སྒོ་ཙམ་ཞིག་བྲིས་པ་ཡིན་གྱི། རྒྱས་པར་ནི་བཤེས་གཉེན་དམ་པ་རྣམས་ཀྱིས་བསྟན་པར་བྱའོ། །

འདིར་དམིགས་རྣམ་དངོས་གཞི་སྐྱོང་ཚུལ་ནི་བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། བདག་ཐོག་མ་མེད་པ་ནས་སྤྱིར་ཁམས་གསུམ་གྱི་འཁོར་བར་འཁོར་ཞིང༌། ཁྱད་པར་ངན་སོང་གསུམ་སོགས་མི་ཁོམ་མུན་པའི་གླིང་དུ་འཁྱམས་འཁྱམས་ནས་མདོ་སྔགས་ཡོངས་སུ་རྫོགས་པའི་ལམ་དང་མཇལ་བའི་རྟེན་འདི་འདྲ་ནམ་ཡང་ཐོབ་མ་མྱོང་བ་ལ། ད་རེས་བླ་མ་དམ་པའི་ཐུགས་རྗེས་ལས་དགེ་སྡིག་གི་སྤང་བླང་གོ་བར་ནུས་ཤིང་ཆོས་སྤྱོད་པ་ལ་ཁོམ་པའི་དལ་བ་འདི་ལྟ་བུ་ཐོབ། ཆོས་བསྒྲུབ་པ་ལ་ངེས་པར་དགོས་པའི་ཕྱིར་ཕྱི་དང་ནང་གི་རྐྱེན་ཐམས་ཅད་ཚང་བས་ན་འབྱོར་བ་སྟེ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་འདི་འདྲ་བ་ཐོབ། རྟེན་འདི་དོན་ཤིན་ཏུ་ཆེ་སྟེ་གནས་སྐབས་ལྷ་མིའི་རྟེན་དང་འཁོར་བའི་ཕུན་ཚོགས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱང་རྟེན་འདིས་བསྒྲུབ་ནུས། མཐར་ཐུག་གི་དོན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་རྟེན་འདིས་བསྒྲུབ་ནུས། དལ་འབྱོར་ཚང་བའི་ལུས་རྟེན་འདི་ལ་བརྟེན་ནས་ཟུང་འཇུག་རྡོ་རྗེའི་སྐུ་ཡང་ཚེ་ཐུང་འདི་ལ་བསྒྲུབ་ནུས་པས་ན་སྟོང་གསུམ་ཡིད་བཞིན་གྱི་ནོར་བུས་བྱུར་བུར་བཀང་བ་རྙེད་པས་ཀྱང་དཔེར་མི་རུང་བར་ལྷག་པར་དོན་ཤིན་ཏུ་ཆེ། ད་རེས་ལན་གཅིག་རྙེད་པ་འདིའི་སྐབས་སུ་འབད་ནས་སྙིང་པོ་མ་བླངས་ན་སླར་རྟེན་འདི་འདྲ་ཤིན་ཏུ་རྙེད་དཀའ་སྟེ། ཁབ་རྩེར་ཡུངས་ཀར་ཆགས་པ་དང༌། ཤེལ་གྱི་ཁང་པའི་ངོས་ལ་སྲན་མ་གཏོར་བ་ཆགས་པ་ལས་ཀྱང་དལ་བའི་རྟེན་འདི་རྙེད་པར་དཀའ། ཁམས་གསུམ་རིགས་དྲུག་གི་ནང་ནས་ཆོས་བསྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་རྟེན་འདི་འདྲ་རྙེད་པ་མི་སྲིད་པའི་ཚོད་དུ་གསུང༌། དེ་ཡང་རྟེན་འདི་འདྲ་ཐོབ་པ་ལ་རྒྱུའི་གཙོ་བོ་ཚུལ་ཁྲིམས་རྣམ་པར་དག་པ་དང༌། གཞན་ཡང་རྒྱུ་མང་དུ་དགོས་པར་གསུངས་ན། རང་གི་ཁ་ཐབ་འདིས་ནི་ཚུལ་ཁྲིམས་བསྲུང་འདོད་ཀྱིས་བསམ་པ་རྣམ་དག་ཀྱང་བསྐྱེད་ཐུབ་པར་མི་འདུག་ན་ཚུལ་ཁྲིམས་རྣམ་པར་དག་པ་ལྟ་ཅི་སྨོས། དེས་ན་ད་རེས་དལ་འབྱོར་གྱི་རྟེན་ལན་གཅིག་ཐོབ་པའི་སྐབས་སུ་མ་འབད་ན་སླར་རྟེན་འདི་འདྲ་ནམ་ཡང་འཐོབ་པར་མི་ནུས་སོ་སྙམ་དུ་བསམ་ལ་བློའི་འགྱུར་བ་ཅི་ཐོན་བྱ། །དེ་ལྟར་བསམས་ནས་དལ་འབྱོར་ཚང་བའི་རྡོ་རྗེའི་ལུས་རྟེན་ལན་ཅིག་ཐོབ་པ་འདི་དོན་མེད་དུ་སྐད་ཅིག་ཀྱང་མ་བཏང་བར་སྙིང་པོ་ཅིག་བླང་བར་བྱའོ། །

སྙིང་པོ་ལེན་པའི་ཚུལ་ཡང་བླ་མ་སངས་རྒྱས་འབྲལ་མེད་དུ་བསྟེན་ནས། དེས་བསྟན་པའི་ཐེག་པ་མཆོག་གི་གདམས་པའི་སྙིང་པོ་ཉམས་སུ་བླངས་ཏེ། ཚེ་གཅིག་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱའོ་སྙམ་དུ་འདུན་པ་ཤུགས་དྲག་བྱའོ། །དེ་ཡང་ད་ལྟ་ཉིད་ནས་མ་འབད་ན་རྟེན་འདི་ཡུན་རིང་མི་གནས་པར་ངེས་པར་འཆི། དེ་ཡང་ཕྱི་ནང་གི་རྐྱེན་གང་གིས་ཀྱང་བཟླཽག་མི་ནུས། ཚེ་ལ་སྣོན་པ་མེད་ཅིང་སྐད་ཅིག་རེ་རེས་མྱུར་དུ་འཛད། གསོན་པའི་སྐབས་འདིར་ཡང་ཕྱི་ནང་གི་གཡེང་བ་སྣ་ཚོགས་ཀྱིས་ཆོས་བྱ་ལོང་མེད། སྤྱིར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང༌། ལུས་ཤིན་ཏུ་ཉམ་ཆུང་བས་ན་དེ་རིང་རང་ཡང་འཆི་ཉེན་ཡོད། དེ་རིང་ལྟ་བུ་ཤི་ན་ནི་གཉེན་ལུས་ལོངས་སྤྱོད་གང་གིས་ཀྱང་མི་ཕན་ཞིང༌། འཆི་ཚེ་ཕན་ངེས་པ་ཆོས་ཁོ་ན་ཡིན་པས་ཆོས་རྣམ་དག་ཅིག་ད་ལྟ་ཉིད་དུ་བྱའོ། །

དེ་ཡང་སྙིང་པོ་བསྡུ་བའི་དུས་ཡིན་པས་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཀྱི་སྒོ་ནས་ཐེག་པ་མཆོག་གི་གདམས་པའི་སྙིང་པོ་ཉམས་སུ་བླངས་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབས་ཏུ་གསོལ་སྙམ་དུ།

ལན་ཅིག་ཙམ་ཞིག་རྙེད་པའི་དལ་འབྱོར་འདི། །

རྙེད་དཀའ་མྱུར་དུ་འཇིག་པའི་ཚུལ་རྟོགས་ནས། །

དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། །

དོན་ལྡན་སྙིང་པོ་ལེན་པར་བྱིན་ཀྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །

གཉིས་པ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟན་པ་ནི། བླ་མ་ལྷ་ཚོགས་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། ལན་གཅིག་རྙེད་པའི་དལ་འབྱོར་གྱི་རྟེན་འདི་མྱུར་དུ་འཇིག་ཅིང་ཤི་ནས་གར་སྐྱེ་ལ་རང་དབང་མེད། ལས་དཀར་ནག་གི་དབང་གིས་སྐྱེ་བ་ལེན་དགོས་པར་གསུངས་ན་བདག་གི་སྤྱོད་པ་འདིས་ནི་ངན་སོང་དུ་སྐྱེ་བ་ལས་འོས་མ་འདས། ངན་སོང་གསུམ་དུ་སྐྱེས་ན་ནི་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་མེ་འབར་བའི་ཀློང་དཀྱིལ་དུ་ཚུད་པ་ལྟ་བུ་བཟོད་གླགས་མེད་པ་ཞིག་ཡོད་པར་གསུང༌། གནས་དེར་སྐྱབས་བཙལ་ཡང་མི་རྙེད་པས། འཇིགས་པ་དེ་ལས་སྐྱོབ་པའི་སྐྱབས་ཤིག་ད་ལྟ་འཚོལ་དགོས། དཀོན་མཆོག་རིན་པོ་ཆེ་གསུམ་མ་གཏོགས་འཁོར་བའི་གནས་ན་དེ་ལས་སྐྱོབ་པའི་སྐྱབས་སུ་ཡང་མེད་པས་སྙིང་ཁོང་རུས་པའི་གཏིང་ནས་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་མཐོར་གཏོང་དམར་གཏོང་ཅི་བྱེད་ཁྱེད་ཤེས་ཀྱི་ཚུལ་དུ་རེ་ས་གཞན་ན་མེད་པའི་བློ་ལྟོས་འཆའ་ཞིང་སྐྱབས་སུ་འགྲོ། སྐྱབས་སུ་སོང་ནས་བསླབ་བྱ་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བར་བསྲུང་ཞིང༌། ལྷག་པར་སངས་རྒྱས་ཀྱི་བཀའ་བཞིན་དུ་དཀར་ནག་གི་བླང་དོར་ལ་མ་འབད་ན་ངན་འགྲོའི་འཇིགས་པ་ལས་ཐར་མི་ནུས་པས་སྒོ་གསུམ་ལ་དྲན་པ་ཉེ་བར་བཞག་སྟེ་སྡིག་སྤོང་དགེ་སྒྲུབ་ལ་ཚུལ་བཞིན་དུ་འབད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

ངན་སོང་སྡུག་བསྔལ་འབར་བའི་མེས་འཇིགས་ནས། །

སྙིང་ནས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང༌། །

སྡིག་སྤོང་དགེ་ཚོགས་མཐའ་དག་བསྒྲུབ་པ་ལ། །

བརྩོན་པ་ལྷུར་ལེན་བྱེད་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །

 

སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་བཤད་པ།

 

༈ གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་དང༌། ཐར་པར་བགྲོད་པའི་ལམ་ལ་སློབ་ཚུལ་ལོ། །དང་པོ་ནི། བླ་མ་ལྷ་ཚོགས་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། བདག་གིས་དཀོན་མཆོག་ལ་སྐྱབས་སུ་སོང་ཞིང་སངས་རྒྱས་ཀྱི་བཀའ་བཞིན་དུ་དཀར་ནག་གི་བླང་དོར་ལ་འབད་ན་ངན་སོང་གི་གཡང་ས་ལས་ཐར་ཏེ་བདེ་འགྲོའི་རྟེན་ཞིག་ཐོབ་ནུས་མོད་ཀྱང༌། འཁོར་བ་ལས་གཏན་དུ་མ་ཐར་བས་སྡུག་བསྔལ་གྱི་རངབཞིན་ལས་མ་འདས་ཏེ། སྲིད་རྩེ་ནས་མནར་མེད་ཀྱི་བར་ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་ལས་ཉོན་གྱི་གཞན་དབང་དུ་སོང་ནས་རང་དབང་མེད་པར་སྡུག་བསྔལ་གྱི་སྡུག་བསྔལ་དང༌།འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་བར་མཚམས་མེད་པར་མནར་ཞིང༌། ཅི་བྱས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མི་འདའ་བས་གཏིང་དང་མཐའ་མི་མངོན་པའི་སྲིད་པའི་མཚོ་ཆེན་པོ་འདི་ལ་གཏིང་ནས་སྐྱོ་ཞིང་ཞེན་པ་ལོག་སྟེ། བཙོན་རར་ཚུད་པའི་མི་གནས་དེ་ལས་ཐར་བར་འདོད་པ་ཇི་ལྟ་བ་བཞིན་དུ་ཐར་འདོད་ཀྱི་བློ་ཤུགས་དྲག་བསྐྱེད་པར་བྱའོ། །

དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་ལ་ཡིད་འབྱུང་བ་ཙམ་ནི་དུད་འགྲོ་རྣམས་ལའང་ཡོད་ཅིང༌། འགྱུར་བའི་སྡུག་བསྔལ་ཟག་བཅས་ཀྱི་ཚོར་བ་བདེ་བ་ལ་ཡིད་བསུན་པ་ནི་ཕྱི་རོལ་བའི་དྲང་སྲོང་རྣམས་ལའང་ཡོད་པས་བསམ་པ་དེ་ཙམ་གྱིས་ཐར་འདོད་མཚན་ཉིད་ཚང་བར་མི་འགྱུར་བས་ལས་དང་ཉོན་མོངས་པའི་གཞན་དབང་ཅན་གྱི་ཚོར་བ་བཏང་སྙོམས་པ་རྣམས་ལའང་གཏིང་ནས་སྐྱོ་ཞིང་ཡིད་འབྱུང་བ་ཞིག་དགོས་པས་སྲིད་རྩེའི་སྙོམས་འཇུག་གི་སེམས་ལྟ་བུ་ཡང༌། སྡུག་བསྔལ་གྱི་རང་བཞིན་ཅན་དུ་མཐོང་སྟེ། འཁོར་བ་མཐའ་དག་མེ་འབར་བའི་རླུབས་ལྟར་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

ལས་དང་ཉོན་མོངས་རྦ་ཀློང་དྲག་ཏུ་འཁྲུག །

སྡུག་བསྔལ་གསུམ་གྱི་ཆུ་སྲིན་མང་པོས་གཙེས། །

མཐའ་མེད་འཇིགས་རུང་སྲིད་མཚོ་ཆེན་པོ་ལས། །

ཐར་འདོད་ཤུགས་དྲག་སྐྱེ་བར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱིས་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །

གཉིས་པ་ཐར་པར་བགྲོད་པའི་ལམ་ལ་སློབ་ཚུལ་ནི། བླ་མ་ལ་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཅན་དུ་བསམ་པས་ཡིད་འགྱུར་གྱི་མྱོང་བ་ཐོན་ཏེ། དེ་ལས་ཐར་འདོད་ཤུགས་དྲག་སྐྱེས་ནས་འདི་ལྟ་བུའི་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་འཁོར་བ་འདིའི་རྩ་བ་ཅི་ཞིག་གུ་སྙམ་དུ་བསམས་པ་ན། ཚད་མ་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་ལས། ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། འཁོར་བའི་སྡུག་བསྔལ་འདི་ཐམས་ཅད་ལས་ཉོན་གྱི་མཐུ་ལས་བྱུང་ཞིང་ལས་ཉོན་ཐམས་ཅད་རྩ་བ་མཐར་གཏུགས་ན་བདག་འཛིན་ལྷན་སྐྱེས་འདི་ཡིན་པས། འཁཽར་བའི་རྩ་བ་བདག་འཛིན་ཡིན་པར་ངེས་ཤིང༌། བདག་འཛིན་འདི་བཟློག་པ་ལ་འདིའི་འཛིན་སྟངས་ཀྱི་ཡུལ་རྩ་བ་ནས་སུན་ཕྱུངབའི་གནས་ལུགས་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་དགོས་ལ། དེ་འབྱུང་བ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་བརྟན་པོ་ཞིག་དགོས། དེ་འབྱུང་བ་ལ་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་དགོས། དེ་འོང་བ་ལ་མི་ཤེས་པ་དང༌། མ་གུས་པ་དང༌། བག་མེད་པ་དང༌། ཉོན་མོངས་མང་བ་སྟེ་ལྟུང་བ་འབྱུང་བའི་སྒོ་བཞི་ལེགས་པར་བཀག །དྲན་ཤེས་ངོ་ཚ་ཁྲེལ་ཡོད་ཀྱིས་བྱ་ར་གཡེང་མེད་དུ་བྱས་ཏེ་ཚུལ་ཁྲིམས་ཀྱི་ནོར་ལ་ཉོན་མོངས་པའི་ཆོམ་རྐུན་གྱི་གནོད་པ་སྐད་གཅིག་ཀྱང་མི་འབྱུང་བར་བསྲུང་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

བཟོད་དཀའ་བཙོན་ར་འདྲ་བའི་འཁོར་བ་འདི། །

དགའ་བའི་ཚལ་ལྟར་མཐོང་བའི་བློ་སྤངས་ནས། །

བསླབ་གསུམ་འཕགས་པའི་ནོར་གྱིས་མཛོད་བཟུང་སྟེ། །

ཐར་པའི་རྒྱལ་མཚན་འཛིན་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །འདིར་བསླབ་གསུམ་འཕགས་པའི་ནོར་གྱིས་མཛོད་བཟུང་སྟེ། ཞེས་གསུངས་པའི་བསླབ་པ་གསུམ་བཤད་ཟིན་པ་ལྟར་དང༌། འཕགས་པའི་ནོར་ནི་བདུན་སྟེ། དད་པ་དང༌། ཚུལ་ཁྲིམས་དང༌། །ཐོས་པ་དང༌། གཏོང་བ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང་ཤེས་རབ་སྟེ། བདུན་ནོ། །འདི་དག་ལའང་སོ་སོའི་ངོས་འཛིན་དང༌། ཉམས་ལེན་ལ་སྦྱོར་བའི་ཚེ་ཇི་ལྟར་བྱ་བ་སོགས་གལ་ཆེ་བ་མང་དུ་སྣང་ནའང་མང་བས་མ་སྤྲོས་སོ། །

སྐྱེས་བུ་འབྲིང་གི་ལམ་སྟོན་པའི་ཚིགས་བཅད་འདི་གཉིས་ཀྱིས་སྡུག་བདེན་འཁོར་བའི་ཉེས་དམིགས་དང༌། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་ཚུལ། འགོག་བདེན་ཐར་པ་འཐོབ་ཕྱིར་ལམ་བདེན་ལ་སློབ་ཚུལ། དེ་ལ་བསླབ་པ་གསུམ་གྱི་གོ་རིམས་དང་ངོ་བོ་ལ་སློབ་ཚུལ། དེའི་ནང་ནས་སྐབས་འདིར་གཙོ་བོར་ཚུལ་ཁྲིམས་ལ་སློབ་ཚུལ་རྣམས་རྗེ་ཐམས་ཅད་མཁྱེན་པའི་དགོངས་པ་དཔྱིས་ཕྱིན་པར་ཚིག་ཉུང་ངུར་བསྡུས་ནས་སྟོན་པར་མཛད་པས་ན་ཞིབ་ཏུ་བཀྲལ་ན་དོན་ཤིན་ཏུ་ཆེའོ། །

 

སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལས་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་བསྐྱེད་ཚུལ་བཤད་པ།

 

གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་སློབ་ཚུལ་ལ་གཉིས། བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་དང༌། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལོ། །

དང་པོ་ལ་བཞི། ཐེག་ཆེན་གྱི་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་བསྐྱེད་ཚུལ་དང༌། བློ་སྦྱོང་དོན་བདུན་མའི་སྒོ་ནས་བདག་གཞན་མཉམ་བརྗེ་སྒོམ་ཚུལ་རྒྱས་པར་བཤད་པ་དང༌། ལྷག་བསམ་དང་སེམས་བསྐྱེད་སྒོམ་ཚུལ་དང༌། སྨོན་སེམས་དང་འཇུག་སྡོམ་ལེན་པའི་ཚུལ་ལོ། །

དང་པོ་ནི། བྱང་ཆུབ་སེམས་སྦྱོང་བའི་གདམས་ངག་གི་བདག་པོ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན་ལ། དཔལ་ལྡན་ཨ་ཏི་ཤ་ལ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་ཤིང་རྟ་ཆེན་པོའི་གདམས་ངག་ཁྱད་པར་ཅན་གཉིས་སྣང་སྟེ། རྒྱུ་འབྲས་མན་ངག་བདུན་གྱིས་སྒོ་ནས་སེམས་སྦྱོང་ཚུལ་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་སྦྱོང་ཚུལ་གཉིས་སོ། །དེ་གཉིས་གང་གི་སྒོ་ནས་སྦྱོང་ཡང་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་ཡིན་པ་ནི་རྒྱལ་བས་མདོ་སྡེ་དུ་མར་གསུངས་ཤིང༌། སྙིང་རྗེ་ཆེན་པོ་ནི་མིའི་སྲོག་གི་དབང་པོ་ལྟར་ཐེག་པ་ཆེན་པོའི་ལམ་གྱི་སྲོག་ཏུ་གསུངས་ཏེ་ཐེག་པ་ཆེན་པོའི་ལམ་ཐམས་ཅད་སྙིང་རྗེ་ཆེན་པོ་ལ་གནས་པ། སྙིང་རྗེ་ཆེན་པོའི་རྩ་བ་ཅན་ཏེ། སྙིང་རྗེ་ཆེན་པོ་མེད་ན་ཐེག་ཆེན་གྱི་ལམ་གང་ཡང་གནས་པའི་གཞི་མེད་པར་གསུངས། མདོ་ལས་ཇི་ལྟར་གསུངས་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒུབ་ཀྱིས་ཀྱང་གཞུང་མང་པོར་གསུངས་ཤིང༌། སློབ་དཔོན་ཟླ་བ་གྲགས་པས་ཀྱང་ཐེག་ཆེན་གྱི་ལམ་དུ་བགྲོད་པ་ལ་སྙིང་རྗེ་ཆེན་པོ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་འཇུག་པར་གསུངས་ཏེ། ཤིང་རྟ་ཆེན་པོ་ཐམས་ཅད་འདི་ལ་དགོངས་པ་མི་མཐུན་པ་མེད་དོ། །སྙིང་རྗེ་ཆེན་པོ་བསྐྱེད་པ་ལ་ཡིད་འོང་གི་བྱམས་པ་ངེས་པར་དགོས་ཞིང་འདི་ལའང་ཤིང་རྟ་ཆེན་པོ་ཐམས་ཅད་དགོངས་པ་མཐུན་ལ། ཡིད་འོང་གི་བྱམས་པ་ཐབས་གང་གིས་བསྐྱེད་པ་ལ་མན་ངག་གི་སྒོ་མི་འདྲ་བ་གཉིས་བྱུང་བ་ཡིན་ནོ། །

༈ དེ་ཡང་སེམས་ཅན་རྣམས་གཉེན་དུ་བསྒོམས་ནས་ཡིད་འོང་གི་བྱམས་པ་བསྐྱེད་པ་ནི་ཤེར་ཕྱིན་གྱི་མདོ་སྡེ་ལས་གསུངས་ཤིང༌། དེའི་རྗེས་སུ་འབྲངས་ནས་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་དང༌། ཙནྡྲགོ་མི་དང༌། མཁས་མཆོག་ཀ་མ་ཤཱི་ལ་རྣམས་ཀྱིས་སེམས་ཅན་རྣམས་མར་བསྒོམས་ཏེ་དེའི་དྲིན་བསམ་པའི་སྒོ་ནས་ཡིད་འོང་གི་བྱམས་པ་བསྐྱེད་པར་མཛད་ལ། ལྷག་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མ་སྒོམ་རིམ་དུ་ལམ་དེ་དག་རྒྱུད་ལ་སྐྱེ་ཚུལ་རྒྱས་པར་བཤད་དོ། །ཡང་བདག་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཕན་ཡོན་སྒོ་དུ་མ་ནས་བསམ་ཏེ་ཡིད་འོང་བྱམས་པ་བསྒྲུབ་ནས་སྙིང་རྗེ་ཆེན་པོ་བསྐྱེད་ཚུལ་ནི་མདོ་སྡེ་ཕལ་པོ་ཆེ་ལས་གསུངས་ཏེ། དེའི་རྗེས་སུ་འབྲངས་ནས་རྒྱལ་སྲས་ཞི་བ་ལྷས། བསླབ་བཏུས་དང་སྤྱོད་འཇུག་གཉིས་རྩལ་དུ་བཏོན་ནས་བཤད་ལ། ཚུལ་དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་དབུ་མ་རིན་ཆེན་ཕྲེང་བ་དང༌། བྱང་ཆུབ་སེམས་འགྲེལ་དང༌། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་རྣམས་སུ་གསུངས་སོ། །དེ་ལྟར་ཤིང་རྟ་ཆེན་པོའི་མན་ངག་གཉིས་པོ་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གདམས་ངག་འདིར་གཅིག་ཏུ་བསྲེས་ནས་ཉམས་ལེན་ལུས་གཅིག་ཏུ་མཛད་དེ་ཐོག་མར་མར་ཤེས་དྲིན་དྲན་དྲིན་གཟོ་གསུམ་ལ་བརྟེན་ནས་ཡིད་འོང་གི་བྱམས་པ་དང་སྙིང་རྗེ་ཆེན་པོ་བསྐྱེད་ཚུལ་གསུངས། དེ་ནས་བདག་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཕན་ཡོན་བསམས་པའི་སྒོ་ནས་ཡིད་འོང་གི་བྱམས་པ་དང་སྙིང་རྗེ་ཆེན་པོ་བསྒྲུབ་ཚུལ་སྔར་ལས་ཀྱང་ཤུགས་དྲག་པ་དང་བརྟན་པ་བསྒྲུབ་ཏེ་བདག་གཞན་མཉམ་བརྗེ་སྒོ་དུ་མ་ནས་བསྒོམ། དེ་ནས་དམིགས་སྐོར་དེ་དག་གི་མཐུ་ལས་ལྷག་བསམ་དང་སེམས་བསྐྱེད་འགྲུབ་ཚུལ་སྟོན་པར་མཛད་དེ། རྒྱལ་བའི་དགོངས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བའི་ལམ་གྱི་གནད་དེ་དག་ཤིན་ཏུ་རྟོགས་པར་དཀའ་བ་ལ། རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཤིང་རྟ་ཆེན་པོའི་མན་ངག་གི་གནད་རྣམས་དཔྱིས་ཕྱིན་པར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྙན་རྒྱུད་ཀྱི་མན་ངག་གི་སྟེང་ནས་འདོམས་པར་མཛད་པའི་ཚུལ་འདི་ལ་ངེས་པ་བརྟན་པོ་རྙེད་ན་གདམས་ངག་འདི་ལ་ཐུན་མོང་མ་ཡིན་པའི་ཡིད་ཆེས་སྐྱེའོ། །

དེས་ན་འདིར་དམིགས་རྣམ་སྐྱོང་ཚུལ་ནི། བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། བདག་གིས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་འཁོར་བའི་ཉེས་དམིགས་རྣམས་བསམས་པས་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་གིས་རྒྱུད་བསྐུལ་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་དུ་བསླབས་ན་འཁོར་བ་ལས་ཐར་བར་ནུས་མོད་ཀྱང་ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་རྒན་རྣམས་འཁོར་བའི་གཅོང་རོང་ན་ཉམ་ཐག་པ་མཐོང་བཞིན་དུ་ཡལ་བར་དོར་ཏེ་རང་གཅིག་པུ་ཅི་ཐར་བྱེད་པ་ནི་ཁྲེལ་མེད་མ་རབས་ཀྱི་ཆོས་སུ་སྣང་ཞིང༌། རང་ཡང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་གོ་འཕང་མི་འཐོབ་པར་དམན་ལམ་ཏུ་ལྟུང་བར་འགྱུར་ཞིང༌། སླར་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་ཇི་ཙམ་བསྐུལ་ཡང་ཐེག་ཆེན་དུ་འཇུག་དཀའ་བར་གསུངས་པས༌།རང་དང་གཞན་གྱི་དོན་གང་ནས་བསམ་རུང་ཐོག་མ་ཉིད་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་དགོས་པར་འདུག་པས་ད་ལྟ་ཉིད་ནས་ཐེག་ཆེན་དུ་འཇུག་པར་བྱའོ། །

ཐེག་ཆེན་གྱི་འཇུག་སྒོ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ཞིང༌། སེམས་དེ་སྐྱེ་བ་ལ་སྙིང་རྗེ་ཆེན་པོ་སྐྱེ་དགོས། དེ་སྐྱེ་བ་ལ་ཡིད་འོང་གི་བྱམས་པ་དགོས། དེ་སྐྱེ་བ་ལ་སེམས་ཅན་རྣམས་གཉེན་དུ་སྒོམ་དགོས། གཉེན་གྱི་མཐར་ཐུག་ནི་མ་ཡིན་པས་མར་ཤེས་སྐྱེ་དགོས་ལ། དེ་སྐྱེ་བ་ལ་སེམས་སྙོམས་པ་ཞིག་དགོས་པས་ཐོག་མར་བཏང་སྙོམས་བསྒོམ་པར་བྱའོ། །སེམས་ཅན་ལ་སེམས་སྙོམས་པའི་བཏང་སྙོམས་བསྒྲུབ་པ་ལ་གཉེན་དུ་མཚུངས་པར་བལྟས་ནས་བསྒྲུབ་པ་དང༌། དགྲ་གཉེན་ལ་ངེས་པ་མེད་པའི་ཚུལ་བསམ་ནས་སྒྲུབ་པ་དང༌། སེམས་ཅན་རྣམས་ཉམ་ཐག་པར་མཚུངས་པའི་ཚུལ་བསམས་ནས་སྒྲུབ་པ་སོགས་རིགས་པའི་སྒོ་མང་དུ་ཡོད་པ་ལས། གདམས་ངག་འདིར་ནི་ཉམ་ཐག་འགྲོ་བ་འདི་ཀུན་ཞེས་གཙོ་བོར་ཉམ་ཐག་པར་མཚུངས་པའི་ཚུལ་དེ་བསམས་ནས་བཏང་སྙོམས་སྒྲུབ་པར་གསུངས།

དེ་ཡང་བསླབ་བཏུས་ལས། ཉོན་མོངས་ཀྱིས་སྨྱོ་གཏི་མུག་ལྡོངས། །གཡང་ས་མང་བའི་ལམ་དུ་ནི། །གོམ་པ་རེ་རེ་བརྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ངན་གཞི། འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས། །ཞེས་འགྲོ་བ་རྣམས་ཉམ་ཐག་པའི་ཚུལ་བསམ་ནས་ཆགས་སྡང་མི་བྱ་བར་སེམས་སྙོམས་པ་དགོས་ཚུལ་གསུངས་པ་ལྟར༌། རང་གི་མཐའ་སྐོར་དུ་སེམས་ཅན་ཐམས་ཅད་གསལ་བར་དམིགས་ལ་དེ་དག་གི་ངང་ཚུལ་ལ་བལྟས་པས་ཐོག་མེད་ནས་བསགས་པའི་གཏི་མུག་གི་ལིང་ཏོག་མཐུག་པོས་ཤེས་རབ་ཀྱི་མིག་ལྡོངས་པས་གར་འགྲོའི་གཏོལ་ནི་མེད། ཉོན་མོངས་པའི་གདོན་གྱིས་སྨྱོ་ནས་དྲན་པ་རྣལ་དུ་མི་གནས་པར་གཡང་ས་ཆེན་པོར་གོམ་པ་ནི་ཕྱོགས། སྡུག་བསྔལ་བརྒྱ་ཕྲག་དུ་མས་ནི་མནར། ཤིན་ཏུ་ཉམ་ཐག་པའི་ཚུལ་དེ་ལ་བསམས་ནས། འདི་ལྟ་བུའི་ཉམ་ཐག་འདི་རྣམས་འགའ་ཞིག་ལ་ཉེ་བར་བཟུང༌། འགའ་ཞིག་ལ་རིང་བར་བཟུང་ནས་ཆགས་སྡང་བྱེད་དོན་མི་འདུག་པས་ཉེ་རིང་མེད་པའི་སེམས་སྙོམས་པ་ཞིག་བྱའོ་སྙམ་དུ་བཏང་སྙོམས་བསྒོམ་མོ། །སེམས་སྙོམས་པ་ན་སེམས་ཅན་འདི་དག་གིས་ཡལ་བར་འདོར་མི་རིགས་ཏེ། འདི་དག་བདག་གིས་ཅིར་མི་འོང་པ་མིན་བདག་གིས་མ་རྒན་ཤ་སྟག་ཡིན་པར་འདུག་སྙམ་དུ་བསྒོམ།

དེ་ཡང་མདོ་ལས། དགེ་སློང་དག་སེམས་ཅན་གྱི་རིས་ན་ཐོག་མ་མེད་པ་ནས་ལན་བརྒྱར་ཁྱེད་ཀྱི་གཉེན་དུ་མ་གྱུར་བ་དང༌། ཕ་དང་མར་མ་གྱུར་བ་གང་ཡང་མེད་དོ། །ཞེས་སོགས་ལུང་དང༌། འཁོར་བའི་ཡ་མཐའ་ཐུག་མེད་དུ་བསྒྲུབ་པའི་རིགས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་རང་གི་མར་ངོ་འཕྲོད་པར་བྱ། དེ་ནས་མ་རྒན་འདི་རྣམས་ཀྱིས་ཐོག་མ་མེད་པ་ནས་མ་ཡང་ཡང་བྱས། མ་ནམ་བྱས་རེས་ཀྱིས་ཚེ་འདིའི་མས་ཇི་ལྟར་དྲིན་གྱིས་བསྐྱངས་པ་ལྟར་དྲིན་གྱིས་བསྐྱངས་པས་དྲིན་ཤིན་ཏུ་ཆེ། དེས་ན་མ་རྒན་དྲིན་ཅན་འདི་རྣམས་བདག་གིས་འཁོར་བ་གཅོང་རོང་ཉམ་ཐག་འདི་ལས་བསྒྲལ་བར་བྱའོ་སྙམ་དུ་དྲིན་བཟོ་བསྒོམ། དེ་ལྟར་བཏང་སྙོམས་མར་ཤེས་དྲིན་དྲན་དྲིན་གཟོ་རྣམས་བསྒོམ་པས་ཇི་ལྟར་ཡིད་དུ་འོང་བའི་བུ་གཅིག་པུ་ལ་མ་དེ་སྙིང་དུ་གཅེས་པ་དང༌། ཡིད་དུ་འོང་བ་དང༌། བརྩེ་བ་ཇི་ཙམ་སྐྱེ་བ་དེ་ལྟ་བུར་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་ཤིན་ཏུ་གཅེས་ཤིང་ཕངས་པའི་རྣམ་པ་ཅན་གྱི་བྱམས་པ་རང་ཤུགས་ཀྱི་སྐྱེ་ལ། དེ་ལྟ་བུའི་བྱམས་པ་སྐྱེས་པ་ན་སླར་ཡང་སེམས་ཅན་རྣམས་འཁོར་བའི་གནས་ན་སྡུག་བསྔལ་ཚུལ་ཡང་ཡང་བསམ་པས་སྙིང་རྗེ་ཆེན་པོ་སྐྱེ་བར་གསུངས་པས། དེ་ལྟར་དུ་རྒྱུད་ལ་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

ཉམ་ཐག་འགྲོ་བ་འདི་ཀུན་བདག་གི་མ། །

ཡང་ཡང་དྲིན་གྱིས་བསྐྱངས་པའི་ཚུལ་བསམ་ནས། །

སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ། །

བཅོས་མིན་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱིས་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བར་བསམ་མོ། །འདིར་སྡུག་པའི་བུ་ལ་ཞེས་པ་དང༌། བཅོས་མིན་སྙིང་རྗེ་ཞེས་གསུངས་པ་ནི་བྱམས་པ་དང་སྙིང་རྗེ་སྐྱེས་པའི་ཚད་སྟོན་པར་མཛད་པ་ཡིན་ནོ། །

དེ་ལྟར་ཡང་སྒོམ་རིམ་ལས། གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྡུག་བསྔལ་གཏན་ནས་བྱང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གིས་ངང་གིས་འཇུག་པར་བདག་ཉིད་ཀྱིས་མཚུངས་པར་འཇུག་པར་འགྱུར་བ་དེའི་ཚེ་རྫོགས་པ་ཡིན་ལ། ཞེས་གསལ་བར་གསུངས་ཤིང༌། རྗེ་ཐམས་ཅད་མཁྱེན་པས་ཀྱང༌། ལུས་ཅན་མཐའ་དག་དྲིན་ཅན་མར་ཤེས་ནས། །ཉམ་ཐག་རྣམས་ཀྱི་སྡུག་བསྔལ་དྲན་གྱུར་ཏེ། །རང་བདེ་འབའ་ཞིག་སྒྲུབ་ལས་ཡིད་ལོག་སྟེ། །སྙིང་རྗེ་རྩོལ་མེད་སྐྱེ་བར་བྱིན་ཀྱིས་རློབས། །ཞེས་གསུངས་པ་ལྟར་རོ། །

 

བདག་གཞན་མཉམ་བརྗེ་སྒོམ་ཚུལ་རྒྱས་པར་བཤད་པ།

 

གཉིས་པ་བློ་སྦྱོང་དོན་བདུན་མའི་སྒོ་ནས་བདག་གཞན་མཉམ་བརྗེ་སྒོམ་ཚུལ་ལ། དོན་ཚན་བདུན་སོ་སོར་ས་བཅད་བཀོད་ནས་ཞིབ་ཏུ་བཀྲལ་ན་ཡི་གེ་ཤིན་ཏུ་མང་བ་དོགས་པས་བྲི་མི་ནུས་ཤིང༌། དོན་གྱི་སྙིང་པོ་རྣམས་མ་ཆད་པར་གདམས་ངག་འདིའི་རྩ་ཚིག་དང་བསྟུན་ནས་མདོར་བསྡུས་ཞིག་བརྗོད་ན། བློ་སྦྱོང་གི་གདམས་ངག་འདི་རྒྱལ་སྲས་ཞི་བ་ལྷས་མགོན་པོ་འཇམ་དཔལ་དབྱངས་ཀྱི་མན་ངག་ལ་བརྟེན་ནས། ཕལ་པོ་ཆེ་སོགས་ཐེག་ཆེན་ཀྱི་མདོ་སྡེ་མང་པོའི་དོན་གུང་བསྒྲིགས་ནས་བདག་གཞན་མཉམ་བརྗེ་སྒོམ་ཚུལ་རྩལ་དུ་བཏོན་ནས་གསུངས་པ་དེའི་མན་ངག་རྣམས་འཚོལ་ཕྱིར་དཔལ་ཨ་ཏི་ཤས་རྒྱ་མཚོའི་སྟེང་ལ་གྲུ་གཟིངས་བཅས་ནས་དཀའ་བ་དུ་མའི་སྒོ་ནས་གསེར་གླིང་དུ་བྱོན་ཏེ། བླ་མ་གསེར་གླིང་པ་ལ་ལོ་བཅུ་གཉིས་ཀྱི་རིང་གསན་པས། བུམ་པ་གང་བྱོར་ཐུགས་སུ་ཆུད་པ་བོད་དུ་ཕེབས་ནས་འབྲོམ་རིན་པོ་ཆེ་ལ་ལྐོག་ཆོས་སུ་གནང་བས་བཀའ་གདམས་གོང་མའི་ལྐོག་ཆོས་སུ་གྲགས། དགེ་བཤེས་འཆད་ཁ་བ་ལ་དེ་རྒྱ་ཆེར་སྤེལ་བའི་བཀའ་བབས་པས་དོན་ཚན་བདུན་དུ་ས་བཅད་མཛད་ནས་རྒྱ་ཆེར་སྤེལ་བ་ལ་བློ་སྦྱོང་དོན་བདུན་མ་ཞེས་ཡོངས་སུ་གྲགས། །

དོན་ཚན་བདུན་ནི། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་སེམས་གཉིས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་རྣམས་སོ། །

དང་པོ་སྔོན་འགྲོའི་རྟེན་གྱི་ཆོས་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་བསམ་པ་སྟེ། དེ་ལ་སྔོན་འགྲོའི་ཆོས་བཞིར་གྲགས། ཚུལ་འདི་ནི་སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་བཤད་ཟིན་པ་ལྟར་རོ། །དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་ཚུལ་ལ། སྔོན་གྱི་བློ་སྦྱོང་མང་པོར་དོན་དམ་སེམས་བསྐྱེད་སྒོམ་ཚུལ་སྔོན་དུ་བྱས། དེའི་རྗེས་སུ་ཀུན་རྫོབ་བྱང་ཆུབ་སེམས་བསྐྱེད་སྒོམ་ཚུལ་མཛད་དེ། དེ་ནི་དབུ་མ་རྒྱན་ལས་གསུངས་པ་ལྟར། ཐེག་ཆེན་རིགས་ཅན་དབང་རྣོན་འགའ་ཞིག་ལ་སྔོན་ལ་ལྟ་བ་བསྒོམས་ནས། དེ་ནས་བྱམས་སྙིང་རྗེ་བྱང་སེམས་སྒོམ་ཆོག་པ་ཡོད་ཀྱང༌། ད་ལྟའི་གདུལ་བྱ་ཡོངས་ལ་ནི་སྔོན་ལ་ཐབས་བརྟན་པར་མ་བྱས་པར་ལྟ་བ་བསྒོམས་ན་གོ་དཀའ་ཞིང་ཉེན་ཆེ་བ་དང༌། གནད་དུ་མི་འགྲོ་བ་ཞིག་ཡོད་པས། ཇོ་བོས་ལམ་སྒྲོན་དུ། ཐབས་གོམས་དབང་གིས་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམ་བསྒོམ་པ། །ཞེས་དང༌། བློ་སྦྱོང་རྩ་ཚིག་ཏུ། བརྟན་པ་ཐོབ་ནས་གསང་བ་སྤྱད། །ཅེས་སྔོན་ལ་ཐབས་བརྟན་པར་བྱས། དེ་ནས་གནས་ལུགས་བསྒོམ་པར་གསུངས་པ་དང༌། སྤྱོད་འཇུག་ཏུ་ཡང་དལ་འབྱོར་ནས་བསམ་གཏན་གྱི་བར་སྔོན་ལ་བརྟན་པར་བྱས་ནས་ཕྱིན་དྲུག་གི་ཤེས་རབ་ཀྱི་སྐབས་སུ་ལྟ་བ་སྒོམ་ཚུལ་རྒྱས་པར་གསུངས་ཤིང༌། རྗེ་ཐམས་ཅད་མཁྱེན་པས་ཀྱང་རིམ་པ་དེ་བཞིན་དུ་བྱ་དགོས་པར་གསུངས་པས། དོན་དེ་དག་ལ་དགོངས་ནས་གདམས་ངག་འདིར་ཡང་ལྟ་བ་བསྒོམ་ཚུལ་སྔོན་དུ་མ་གསུངས་པར། སྔོན་ལ་ཐབས་ཀྱི་ཆ་རྣམས་བསྟན་ནས་ལྟ་བ་སྒོམ་ཚུལ་འོག་ཏུ་མཛད་དོ། །དོན་ཚན་གཞན་རྣམས་ནི་གཞུང་གི་ཚིག་ཟིན་ལྟར་རིམ་གྱིས་གསལ་བར་འགྱུར་རོ། །

དེས་ན་འདིར་བདག་གཞན་མཉམ་བརྗེ་སྒོམ་ཚུལ་ལ། བདག་གཞན་མཉམ་པ་སྒོམ་ཚུལ་དང༌། བདག་གཞན་བརྗེ་བ་སྒོམ་ཚུལ་གཉིས་ཡོད་ཅིང༌། དང་པོ་བདག་གཞན་མཉམ་པ་སྒོམ་ཚུལ་ནི། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང༌། །ཞེས་སོགས་ཏེ། བདག་གཞན་མཉམ་པ་འདི་ལ་ཀུན་རྫོབ་ཏུ་མཉམ་པའི་ཚུལ་དང༌། དོན་དམ་དུ་མཉམ་པའི་ཚུལ་གཉིས་ཡོད་ཅིང་བསླབ་བཏུས་དང་སྤྱོད་འཇུག་གཉིས་ཀར་ཚུལ་དེ་གཉིས་ཀ་གསུངས་ཤིང༌། མངོན་རྟོགས་རྒྱན་དུ་ཡང་དོན་དམ་པར་མཉམ་པའི་ཚུལ་ནི་ཡང་དང་ཡང་དུ་གསུངས་ཤིང་ཀུན་རྫོབ་ཏུ་མཉམ་པའི་ཚུལ་དང་བདག་གཞན་བརྗེ་བའི་ཚུལ་ཡང་རྩེ་སྦྱོར་གྱི་སྐབས་ལས་འབྱུང་ངོ༌། །མདོ་སྡེ་རྒྱན་དུ་བདག་གཞན་མཉམ་པའི་ཚུལ་ལྔ་གསུངས་ཏེ། དེ་དག་ཞིབ་ཏུ་བཀྲལ་ན་མངས་སུ་དོགས་པས་མ་སྤྲོས་ཤིང༌། གདམས་ངག་འདིར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཞེད་པ་དེ་དག་གནད་བསྡུས་ཏེ་མཛད་པས། དེའི་དམིགས་པ་སྐྱོང་ཚུལ་ནི། བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་རང་གི་མཐའ་སྐོར་དུ་སེམས་ཅན་ཐམས་ཅད་གསལ་བར་དམིགས་ནས་འདི་ལྟར་བསམ་སྟེ། རང་དང་མ་རྒན་སེམས་ཅན་འདི་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཏུ་མཚུངས། ཐ་ན་ཤིན་ཏུ་འཁྲུལ་པ་རྨི་ལམ་གྱི་ནང་ཚུན་ཆད་དུའང་སྡུག་བསྔལ་གཏན་ནས་མི་འདོད་ཅྀང་བདེ་བ་ཁོ་ན་འདོད་སྡུག་བསྔལ་ཇི་ཙམ་ཆུང་ཡང་མི་འདོད། བདེ་བ་ལ་ནི་ནམ་ཡང་ཆོག་ཤེས་མེད་ལ། དེ་ལྟར་སྡུག་བསྔལ་མི་འདོད་བདེ་བ་འདོད་ཀྱང་ཤིན་ཏུ་རྨོངས་ཤིང་ཉོན་མོངས་པའི་གདོན་གྱིས་སྨྱོ་བས་བདེ་བའི་རྒྱུ་ལ་མི་འཇུག་ཅིང༌། སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་པའི་ངང་ཚུལ་དེ་ལ་བསམས་ནས། མ་རྒན་སེམས་ཅན་རྣམས་ལ་རྒྱུ་དགེ་བ་དང་འབྲས་བུ་བདེ་བ་སྣ་རེ་མཐོང་ཡང་ཤིན་ཏུ་དགའ་བའི་བློ་བསྐྱེད་དེ། མ་རྒན་འདི་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་མཐའ་དག་དང་ལྡན་ན་ཅི་མ་རུང༌། དེ་ལྟར་ལྡན་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང༌། །

བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི། །

བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས། །

གཞན་བདེ་དགའ་བ་སྐྱེད་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །

དེ་ནས་བདག་གཞན་བརྗེ་བ་སྒོམ་པ་ལ། ཐོག་མར་བདག་གཅེས་འཛིན་གྱི་སྐྱོན་བསམ་པ་ནི། བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། ཚད་མ་རྣམ་འགྲེལ་ལས། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེན་པས་བདེ་ལ་སྲེད་གྱུར་ཏེ། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །ཡོན་ཏན་མཐོང་བས་ཡོངས་སྲེད་པ། །ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན། །དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་གསུངས་པ་ལྟར། བདག་འཛིན་གདོན་ཆེན་འདིས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡུག་བསྔལ་ལ་སྦྱར་ཞིང༌། ད་དུང་གདོན་འདིའི་དབང་དུ་སོང་ན་སླར་ཡང་འཁོར་བ་མཐའ་མེད་དུ་སྡུག་བསྔལ་མྱོང་བ་ལས་འོས་མ་འདས་ཏེ། འཁོར་བར་གནས་ཀྱི་སྡུག་བསྔལ་ཐམས་ཅད་བདག་འཛིན་འདི་ཁོ་ནའི་མཐུ་ལས་བྱུང༌། ཚེ་འདིར་ཡང་མི་འདོད་པ་ཅི་བྱུང་བ་ཐམས་ཅད་བདག་འཛིན་གདོན་ཆེན་འདི་ཁོ་ན་ལས་འབྱུང༌། མདོར་ན་རང་གཅེས་པར་འཛིན་པའི་བློ་འདིས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བསྐྱེད་ཅིང༌། དགེ་རྩ་ཐམས་ཅད་ཀྱང་དུག་དང་འདྲེས་པའི་ཟས་བཞིན་དུ་ཆུད་ཟོས་པར་བྱེད་དེ། བློ་ངན་འདིས་ཟིན་པའི་དབང་གིས་དགེ་རྩ་ཅི་བསགས་ཀྱང་འཁོར་བའི་རྒྱུ་འབའ་ཞིག་ཏུ་འགྱུར་བ་དང༌། ཡང་འཁོར་བ་ལ་སྐྱོ་ནས་ཐར་འདོད་སྐྱེས་ཀྱང་རང་གཅེས་འཛིན་གྱི་དུག་འདིའི་དབང་གིས་དགེ་རྩ་ཅི་བྱས་དམན་ལམ་དུ་གཏོང་བར་བྱེད་པས་ན་སྔོན་གྱི་དམ་པ་རྣམས་ཀྱིས་རང་གཅེས་པར་འཛིན་པའི་བློ་ངན་འདི་ལ་ཕུང་བྱེད་འུག་པའི་མགོ་ཅན་ཞེས་གསུངས་པ་ལྟར། འདི་ཕྱི་ཀུན་དུ་ཕུང་བར་བྱེད་པའི་བློ་ངན་འདིའི་དབང་དུ་སྐད་གཅིག་ཀྱང་མི་གཏོང་སྙམ་དུ་ཞེ་དམ་དྲག་པོ་བྱ་ཞིང༌། དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི། །

མི་འདོད་སྡུག་བསྔལ་སྐྱེད་པའི་རྒྱུར་མཐོང་ནས། །

ལེ་ལན་འདས་ལ་ཁོན་དུ་བཟུང་བྱས་ཏེ། །

བདག་འཛིན་གདོན་ཆེན་འཇོམས་པར་བྱིན་གྱིས་རློབས།

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱིས་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། །དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །

དེ་ནས་གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་པ་ནི། བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་སེམས་ཅན་གཅེས་འཛིན་ཉིད་ལས་འབྱུང་བས་རང་གཅེས་འཛིན་གྱི་དབང་དུ་མི་གཏོང་བར་ཕྱིན་ཆད་མ་རྒན་སེམས་ཅན་འདི་རྣམས་སྲོག་ལས་ཀྱང་གཅེས་པར་བཟུང་བར་བྱའོ་སྙམ་དུ་བསམ། བདེ་བ་ཐམས་ཅད་སེམས་ཅན་གཅེས་འཛིན་ལས་ཇི་ལྟར་འབྱུང་སྙམ་ན། གནས་སྐབས་བདེ་འགྲོའི་རྟེན་ཡང་སེམས་ཅན་ཁོ་ནའི་དྲིན་ལས་འཐོབ་དགོས། བཟའ་བཏུང་ལ་སོགས་པའི་ལོངས་

སྤྱོད་ཐམས་ཅད་ཀྱང་སེམས་ཅན་ཁོ་ནའི་དྲིན་ལས་འབྱུང༌། ཚེ་རིང་བ་དང༌། གཟུགས་བཟང་བ་དང༌། དབང་ཆེ་བ་ལ་སོགས་པའི་འཁོར་བའི་ཕུན་ཚོགས་ཐམས་ཅད་སེམས་ཅན་ཁོ་ནའི་དྲིན་ལས་འབྱུང་ངོ༌། །

དེའི་རྒྱུ་མཚན་ཡང༌། མ་རྒན་སེམས་ཅན་རྣམས་ལ་སྲོག་གཅོད་སོགས་གནོད་འཚེ་བྱས་པས་དམྱལ་བར་སྐྱེ། དེ་ལས་ཐར་ཏེ་མི་ལུས་ཐོབ་ཀྱང་ཚེ་ཐུང་བ་དང༌། ནད་མང་བ་དང༌། གནོད་འཚེ་ཆེ་བ་སོགས་མི་འདོད་པ་ཁོ་ན་འབྱུང༌། མ་རྒན་སེམས་ཅན་རྣམས་སྲོག་གཅོད་པ་ལས་ཐར་བར་བྱས་པས་བདེ་འགྲོ་ཐོབ་པ་དང༌། ཚེ་རིང་བ་དང༌། གཟུགས་བཟང་བ་སོགས་བདེ་སྐྱིད་ཁོ་ན་འབྱུང༌། དེ་བཞིན་དུ་སེམས་ཅན་ལ་མ་བྱིན་པས་བླངས་པ་དང༌། ཟང་ཟིང་སྟེར་མི་ནུས་པར་སེར་སྣ་བྱས་པས་ཡི་དྭགས་སུ་སྐྱེ་བ་དང༌། མི་ལུས་ཐོབ་ཀྱང་དབུལ་ཞིང་ཕོངས་པ་སོགས་སྡུག་བསྔལ་ཁོ་ན་འབྱུང༌། མ་རྒན་སེམས་ཅན་རྣམས་ལ་ཟང་ཟིང་གི་ཕན་བཏགས་པ་ལས་ལོངས་སྤྱོད་འབྱོར་བ་ཆེ་བ་སོགས་བདེ་སྐྱིད་ཁོ་ན་འབྱུང༌། སེམས་ཅན་ལ་སྐྱོན་བརྗོད་བྱས་པ་ལས་དུད་འགྲོར་སྐྱེ་བ་དང༌། མི་ལུས་ཐོབ་ཀྱང་རིགས་དམའ་བ་དང༌། ཀུན་གྱིས་བརྙས་པ་དང༌། དབང་ཆུང་ཞིང་ཉམ་ཐག་པ་སོགས་སྡུག་བསྔལ་ཁོ་ནར་འབྱུང༌། སེམས་ཅན་རྣམས་ཀྱིས་སེམས་མགུ་བར་བྱས་ཞིང་བཟོད་པ་བསྒོམས་པས་གཟུགས་བཟང་ཞིང་རིགས་མཐོ་བ་དང༌། དབང་ཆེ་བ་དང༌། ཀུན་གྱིས་གོང་དུ་བསྐུར་བ་ལ་སོགས་པ་བདེ་སྐྱིད་ཁོ་ན་འབྱུང༌། མདོར་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་སེམས་ཅན་ཡལ་བར་དོར་ནས་རང་གཅེས་པར་འཛིན་པ་ལས་འབྱུང༌། ཕུན་ཚོགས་ཐམས་ཅད་སེམས་ཅན་གྱི་དྲིན་ལས་འབྱུང༌། དེ་ཙམ་མ་ཟད་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཡང་སེམས་ཅན་དྲིན་ལས་འབྱུང་སྟེ། མ་རྒན་རྣམས་ལ་དམིགས་ནས་སེམས་བསྐྱེད་པ་དང༌། སྦྱིན་པ་གཏོང་བ་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པ་ལས་སངས་རྒྱས་ཐོབ་པར་འགྱུར་གྱི། སེམས་ཅན་ཡལ་བར་དོར་ནས་སངས་རྒྱས་འཐོབ་པ་མི་སྲིད་དོ། །

དོན་དེ་ལ་དགོངས་ནས་སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་དུ་ཡང༌། སེམས་ཅན་བརྟེན་ནས་སངས་རྒྱས་ཀྱི། གོ་འཕང་བླ་མེད་རྙེད་འགྱུར་ན། །ལྷ་དང་མི་ཡི་ལོངས་སྤྱོད་གང༌། །ཚངས་དང་དབང་པོ་དྲག་པོ་དང༌། །འཇིག་རྟེན་སྐྱོང་བས་བསྟེན་དེ་དག །སེམས་ཅན་ཕན་པ་ཙམ་ཞིག་གིས། །མ་དྲངས་པ་ནི་འགྲོ་གསུམ་འདིར། །འགའ་ཡང་མེད་ལ་མཚར་ཅི་ཡོད། །ཅེས་གསུངས།

དེས་ན་མ་རྒན་སེམས་ཅན་འདི་རྣམས་བདག་ལ་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་སྟེར་བར་བྱེད་པ་པོ་ཡིན་པས་ན་ཡིད་བཞིན་ནོར་བུ་ལས་ལྷག་ཅིང༌། བླ་མ་དང་ལྷག་པའི་ལྷ་ལྟ་བུའོ་སྙམ་དུ་གཅེས་ཤིང་ཕངས་པའི་བློ་བསྐྱེད་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། འདི་དག་ཡིད་བཞིན་ནོར་བུ་སྟེ། །བུམ་པ་བཟང་ཡིན་འདོད་འཇོའི་བ། །དེ་ཕྱིར་ལྷ་དང་བླ་མ་བཞིན། །དེ་དག་བསྟེན་པར་བྱ་བ་ཡིན། །ལུང་དང་རིགས་པས་ཡོངས་སུ་བལྟས་ནས་ནི། །སེམས་ཅན་ཀུན་ནི་བདག་གི་སྙམ་རློམ་པའི། །དམ་པའི་ལག་ཏུ་དགེ་ལེགས་ཐམས་ཅད་ནི། ཡུན་མི་རིང་བར་འབྱུང་བར་འགྱུར་བ་ཡིན། ཞེས་དང༌། དགེ་བའི་བཤེས་གཉེན་གླང་རི་ཐང་བའི་བློ་སྦྱོང་ལས། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་གསུངས་སོ། །

དེས་ན་མ་རྒན་སེམས་ཅན་འདི་ཐམས་ཅད་རང་གི་སྲོག་ལས་ཀྱང་གཅེས་པར་གཟུང་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

མ་རྣམས་གཅེས་བཟུང་བདེ་ལ་འགོད་པའི་བློ། །

མཐའ་ཡས་ཡོན་ཏན་འབྱུང་བའི་སྒོར་མཐོང་ནས། །

འགྲོ་བ་འདི་དག་བདག་གི་དགྲར་ལངས་ཀྱང་། །

སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩིའི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །

དེ་ལྟར་བདག་གཅེས་འཛིན་གྱི་སྐྱོན་དང༌། གཞན་གཅེས་འཛིན་གྱི་ཕན་ཡོན་སྒོ་དུ་མ་ནས་བསམས་ཏེ་མ་རྒན་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་ཤུགས་དྲག་པོ་སྐྱེས་པ་ནི། བདག་གིས་མ་རྒན་སེམས་ཅན་འདི་རྣམས་འཁོར་བའི་གནས་ནས་སྒྲོལ་བ་ལ་བདག་གཞན་མཉམ་བརྗེའི་བསམ་པ་བསྐྱེད་དགོས་པར་འདུག་ཀྱང༌། དེ་ལྟ་བུའི་བསམ་པ་དེ་བསྐྱེད་པར་ནུས་སམ་མི་ནུས། མི་ནུས་ན་ནི་འབད་ཀྱང་ངལ་བ་འབྲས་མེད་དུ་འགྱུར་ལ། ནུས་ན་ནི་བསྐྱེད་པར་བྱའོ། །སྙམ་དུ་བརྟག་དགོས་ཏེ། བླུན་པོ་རྣམས་ནི་ཕན་ཡོན་ཆེ་ཟེར་བའི་ཚིག་ཙམ་གྱི་རྗེས་སུ་འཇུག་པ་ཡིན་ལ། བློ་གྲོས་དང་ལྡན་པ་རྣམས་ནི་བྱ་བ་གང་བྱེད་ཀྱང་ཚིག་ཙམ་གྱི་རྗེས་སུ་མི་འཇུག་པར། བྱ་བ་དེ་བྱས་པ་ལ་དགོས་པ་ཡོད་མེད་དང༌། དགོས་པ་ཡོད་ཀྱང་རང་གི་བསྒྲུབ་ནུས་མི་ནུས་བརྟགས་ནས་འཇུག་པ་ཡིན་ནོ། །

དེ་ལྟར་བརྟགས་པ་ན་བདག་གཞན་མཉམ་བརྗེའི་བསམ་པ་ངེས་པར་བསྐྱེད་ནུས་ཏེ། དཔེར་ན། རང་གི་དགྲ་མཐོང་བ་དང་ཐོས་པ་ཙམ་གྱིས་ཀྱང་མི་འདོད་པ་ཆེན་པོ་སྐྱེ་བ་ཞིག་ཀྱང༌། ཕྱིས་མཐུན་ནས་ཤིན་ཏུ་མཛའ་བར་གྱུར་པ་ན་དེ་མེད་པར་སྐད་ཅིག་ཀྱང་སྡོད་མི་ཚུགས་པ་ལྟ་བུའི་ཤིན་ཏུ་གཅེས་པའི་བློ་སྐྱེ་བ་མྱོང་བས་གྲུབ་པ་བཞིན་ནོ། །

བདག་གཞན་བརྗེ་བའི་དོན་ནི། རང་གི་ལུས་དང་གཞན་གྱི་ལུས་བརྗེ་བ་དང༌། རང་གི་སེམས་དང་གཞན་གྱི་སེམས་བརྗེ་བའི་དོན་མིན་ཏེ། དེ་ལྟར་དུ་ནུས་པ་མི་སྲིད་པའི་ཕྱིར་རོ། །དེས་ན་རང་གཅེས་པར་འཛིན་པའི་བློ་དང་གཞན་ཡལ་བར་འདོར་བའི་བློ་གཉིས་གོ་ས་བརྗེས་ཏེ། རང་ཡལ་བར་དོར་ནས་གཞན་གཅེས་པར་འཛིན་པའི་བློ་བསྐྱེད་པའོ། །

མདོར་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་བདག་གཞན་བརྗེ་བར་མཛད་པས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འདི་འདྲ་ཐོབ། བདག་ཅག་བྱིས་པ་རྣམས་ཀྱིས་གཞན་ཡལ་བར་དོར་ནས་རང་གཅེས་པར་བཟུང་བས་འཁོར་བ་མཐའ་མེད་དུ་ལུས་ནས་སྡུག་བསྔལ་བརྒྱུད་མར་མྱོང་བ་འདི་བྱུང་བ་ཡིན་པས། ད་བདག་གིས་ཀྱང་སྟོན་པ་ཐུགས་རྗེ་ཅན་དེས་ཇི་ལྟར་མཛད་པ་བཞིན་དུ་བདག་གཞན་བརྗེ་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

མདོར་ན་བྱིས་པ་རང་དོན་ཁོ་ན་དང༌། །

ཐུབ་དབང་གཞན་དོན་འབའ་ཞིག་མཛད་པ་ཡི། །

སྐྱོན་དང་ཡོན་ཏན་དབྱེ་བ་རྟོགས་པའི་བློས། །

བདག་གཞན་མཉམ་བརྗེ་ནུས་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་བར་བསམ་མོ། །

ཚུལ་འདི་ནི་སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་སྨོས་ཅི་དགོས། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། འདི་གཉིས་ཀྱིས་ནི་ཁྱད་པར་ལྟོས། །བདག་བདེ་གཞན་གྱིས་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། ཅེས་གསུངས་པའི་དོན་ནོ། །

དེ་ལྟར་བདག་གཞན་བརྗེས་པའི་ཕན་ཡོན་དང༌། མ་བརྗེས་པའི་ཉེས་དམིགས་བསམས་ནས་བདག་གཞན་མཉམ་བརྗེ་སྒོམ་པ་ལ་སྤྲོ་ཤུགས་དང༌། བསམ་པ་དེ་གོམས་ན་ངེས་པར་བསྐྱེད་ནུས་པར་མཐོང་ནས་བདག་གཞན་མཉམ་བརྗེ་ངེས་པར་དུ་སྒོམ་འདོད་ཀྱི་འདུན་པ་ཤུགས་དྲག་པོ་སྐྱེས་པ་ན། བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། བདག་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་ན་ནི་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་བདག་གཅེས་འཛིན་འདི་ཡིན་པར་འདུག །ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ནི་སེམས་ཅན་གཅེས་འཛིན་ཡིན་པར་འདུག་པས་ད་ནི་བདག་གིས་སྙིང་གི་དགྲ་བོ་བདག་འཛིན་འགོང་པོ་འདིའི་དབང་དུ་སྐད་གཅིག་ཀྱང་མི་བཏང་བར། རང་གཅེས་འཛིན་སྔར་མ་སྐྱེད་པ་གསར་དུ་མི་བསྐྱེད། སྐྱེས་པ་རྣམས་རྒྱུན་བཅད་པར་བྱ། །མ་རྒན་སེམས་ཅན་རྣམས་གཅེས་པར་འཛིན་པའི་བློ་སྔར་མ་སྐྱེས་པ་གསར་དུ་སྐྱེས། སྐྱེས་ཟིན་རྣམས་གོང་འཕེལ་དུ་བྱས་ཏེ་བདག་གཞན་བརྗེ་བའི་རྣལ་འབྱོར་འདི་ཉིད་ལ་ཉམས་ལེན་སྙིང་པོར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབས་ཏུ་གསོལ་སྙམ་དུ།

རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །

མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །

དེ་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ། །

ཉམས་ལེན་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱིས་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། །དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བར་བསམ་མོ། །

ཚུལ་འདི་དག་ནི་བློ་སྦྱོང་རྩ་ཚིག་ལས། ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་གསུངས་པའི་དོན་ཡིན་ཞིང༌། དེ་ལྟར་བསམ་ནས་མ་རྒན་སེམས་ཅན་རྣམས་ཤིན་ཏུ་གཅེས་ཞིང་ཕངས་པའི་རྣམ་པ་ཅན་གྱིས་ཡིད་འོང་གི་བྱམས་པ་སྔར་ལས་ཀྱང་ཤུགས་དྲག་པ་དང༌། བརྟན་པ་དང༌། རྒྱ་ཆེ་བར་གྱུར་ཅིང༌། མ་རྒན་རྣམས་འཁོར་བའི་གནས་ན་ཉམ་ཐག་པའི་ཚུལ་བསམ་པས་སྙིང་རྗེ་ཤུགས་དྲག་ཏུ་འཕེལ་ཏེ། བདག་གིས་ཐབས་གང་བྱས་ན་མ་རྒན་སེམས་ཅན་འདི་རྣམས་འཁོར་བའི་སྡུག་བསྔལ་འདི་ལས་ཐར་བར་བྱེད་པར་ནུས་སྙམ་དུ་བསམས་པ་ན། སེམས་ཅན་རྣམས་ཀྱི་ངོས་ནས་ནི་དགེ་བའི་བསམ་པ་སྣ་རེ་སྐྱེ་བའང་ཤིན་ཏུ་དཀའ་བས་ནམ་ཡང་འཁོར་བ་ལས་ཐར་པའི་དུས་མེད་པ་ལྟ་བུར་འདུག་པས། ད་བདག་གིས་སེམས་ཅན་འདི་ཐམས་ཅད་ཀྱི་སྡུག་བསྔལ་རྣམས་བླངས་ཏེ་མ་རྒན་འདི་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱ། དེའི་ཕྱིར་དུ་གཏོང་ལེན་སྒོམ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །

མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །

མ་ལུས་ད་ལྟ་བདག་ལ་སྨིན་པ་དང༌། །

བདག་གིས་བདེ་དགེ་གཞན་ལ་བཏང་བ་ཡིས། །

འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས། བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བར་བསམ་མོ། །བདག་གཞན་བརྗེ་བའི་བསམ་པ་ནི་ཐེག་ཆེན་བློ་སྦྱོང་གི་སྙིང་པོའི་ཡང་སྙིང་པོ་ཡིན་པས་འདི་བསྐྱེད་པ་ལ་ནན་ཏན་དུ་བྱས་ནས་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་དགོས་སོ་ཞེས་གོ་བའི་ཆེད་དུ་བླ་མ་ལ་ཐུགས་རྗེ་བསྐུལ་ཞིང་འབོད་པའི་ཚིག་སྔོན་དུ་བཏང་བས་ལམ་གྱི་སྙིང་པོ་འདི་རྒྱུད་ལ་སྐྱེ་བའི་གསོལ་འདེབས་བྱེད་པ་དང༌། དེ་ཡང་མ་མཐའ་ལན་གསུམ་གྱི་བར་དུ་གསོལ་འདེབས་བྱེད་དགོས་པར་གསུང་སྟེ། ད་ལྟའང་རི་ཁྲོད་པ་རྣམས་ལ་གསོལ་འདེབས་འདི་ལན་གསུམ་དུ་མཛད་རྒྱུན་ཡོད་དོ། །

དེས་ན་སྐབས་འདིར་གཏོང་ལེན་སྒོམ་ཚུལ་ནི། བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་རང་གི་མཐའ་སྐོར་དུ་མ་རྒན་སེམས་ཅན་རྣམས་གསལ་བར་དམིགས་ནས་འདི་ལྟར་བསམ་སྟེ། བདག་གིས་མ་རྒན་འདི་རྣམས་འདི་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པ་སྙིང་རེ་རྗེ་སྙམ་དུ་བྱམས་སྙིང་རྗེ་ཤུགས་དྲག་པོའི་སྒོ་ནས་གཏོང་ལེན་བསྒོམ་པ་ལ། སྔར་མ་གོམས་པའི་དབང་གིས་ད་ལྟ་རང་གི་སྡུག་བསྔལ་ཡང་མི་བཟོད་པ་འདི་འདྲ་ན་གཞན་གྱི་སྡུག་བསྔལ་ཇི་ལྟར་ལེན་ནུས་སྙམ་དུ་འཇིགས་སྐྲག་བྱུང་ན། བློ་གོམས་པའི་ཕྱིར་དུ་སྔོན་ལ་རང་གི་མ་འོངས་པའི་སྡུག་བསྔལ་རྣམས་ལེན་གསུངས། དེའི་ཚུལ་ནི་སྔ་དྲོ་ལྟ་བུ་ཡིན་ན་ཕྱི་དྲོ་རང་ལ་མྱོང་རྒྱུའི་སྡུག་བསྔལ་རྣམས་ད་ལྟ་རང་རྒྱུད་ལ་བླངས། སང་མྱོང་རྒྱུའི་སྡུག་བསྔལ་རྣམས་དེ་རིང་ཐོག་ཏུ་བླང༌། དེ་བཞིན་དུ་ཟླ་བ་དང༌། ལོ་དང༌། མ་འོངས་པའི་ཚེ་རབས་ཐམས་ཅད་དུ་མྱོང་རྒྱུའི་སྡུག་བསྔལ་རྣམས་ད་ལྟའི་རྒྱུད་སྟེང་དུ་བླང་ངོ༌། དེ་ལ་གོམས་ནས་བློ་སྟོབས་རྒྱས་པ་ན་ཐོག་མར་རང་གི་ཚེ་འདིའི་མ་མདུན་དུ་བསྒོམས་ནས་དེ་ལ་གཏོང་ལེན་བསྒོམ། དེའི་ཚུལ་ནི་རང་གི་སྣ་བུག་གཡས་ནས་རླུང་སངས་ཀྱིས་འབུད་པ་དང་མཉམ་དུ་རང་རྒྱུད་ཀྱི་བདེ་དགེ་ཐམས་ཅད་འོད་དཀར་པོའི་རྣམ་པར་སོང་བ་མ་དེའི་སྣ་བུག་གཡོན་པ་ནས་ཞུགས་པས་མ་དེ་བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་དང་ལྡན་པར་བྱས་སོང་སྙམ་དུ་དགའ་བ་བསྒོམ། རླུང་ཚུར་རྔུབ་པ་དང་མཉམ་དུ་མ་དེའི་རྒྱུད་ཀྱི་སྡིག་པ་དང་སྡུག་བསྔལ་

ཐམས་ཅད་སྐྲ་གྲིས་སྐྲ་བཞར་བ་བཞིན་དུ་ནག་ལིང་ལིང་ཆད་ནས་མའི་སྣ་བུག་གཡས་པ་ནས་ཐོན། རླུང་གི་ཚུར་དྲངས་ཏེ་རང་གི་སྣ་བུག་གཡོན་པ་ནས་ཞུགས་སྙིང་ནང་དུ་གཅེས་འཛིན་གནས་པའི་ཐོག་ཏུ་བབས་པས་གཅེས་འཛིན་ཐུལ་གྱིས་བརླག །མ་དེ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་སོང་སྙམ་དུ་དགའ་བ་བསྒོམ། དེ་ལ་བློ་འབྱོངས་པ་ན་ཕ་ལ་སོགས་པའི་གཉེན་གཞན་རྣམས་ལ་གཏོང་ལེན་དེ་ལྟར་དུ་བསྒོམ། དེ་ནས་རིམ་གྱིས་རྒྱ་ཇེ་ཆེར་བཏང་སྟེ་ནམ་མཁའི་མཐའ་ཁྱབ་གྱི་སེམས་ཅན་ཐམས་ཅད་ལ་གཏོང་ལེན་དེ་ལྟར་དུ་བསྒོམ་མོ། །དེ་ནས་རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་བ་དང་བཅས་པ་

ཐམས་ཅད་འོད་དཀར་པོའི་རྣམ་པར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་དུས་གཅིག་ཏུ་བཏང༌། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་དུས་གཅིག་ཏུ་ཚུར་བླངས་པས། སེམས་ཅན་ཐམས་ཅད་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་ལས་གྲོལ་ཏེ་སངས་རྒྱས་པར་བསམ། དེ་ནས་སྣོད་ཀྱི་འཇིག་རྟེན་རྣམས་ལ་བཏང་ཞིང་ཉེས་སྐྱོན་ཐམས་ཅད་ཚུར་བླངས་པས་སྣོད་ཐམས་ཅད་དག་ནས་དག་པའི་ཞིང་ཁམས་བདེ་བ་ཅན་ལྟ་བུ་ཤ་སྟག་ཏུ་གྱུར།

ད་ནི་བདག་གིས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཐུབ་པས་རེ་དགའ་སྙམ་དུ་དགའ་བ་ཆེན་པོ་བསྒོམ། འདི་དག་ཀྱང་སྙིང་པོ་བསྡུས་ནས་ཅུང་ཟད་གཅིག་བཀོད་པ་ཡིན་གྱི། བདག་གཞན་བརྗེ་བའི་བསམ་པ་རླབས་པོ་ཆེའི་སྒོ་ནས་གཏོང་ལེན་བསྒོམ་ཚུལ་ནི་ཤིན་ཏུ་རྒྱ་ཆེ་བའི་གདམས་ངག་སྟེ། འདི་ལ་དམིགས་པའི་གནད་མང་དུ་ཡོད་ཅིང༌། འདིའི་སྒོ་ནས་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པ་བྱེད་ཚུལ། བླ་མ་དམ་པའི་ཞབས་བརྟན་དུ་དམིགས་པ་བྱེད་ཚུལ་སོགས་མན་ངག་གི་གནད་ཤིན་ཏུ་གལ་ཆེ་བ་མང་དུ་ཡོད་པ་རྣམས་ཀྱང་བློ་སྦྱོང་གི་འཁྲིད་ཡིག་ཏུ་བྲིས་ཟིན་ཏོ། །

སྔར་བཤད་པའི་གཏོང་ལེན་བསྒོམ་ཚུལ་དེ་ནི་བློ་སྦྱོང་རྩ་ཚིག་ཏུ། གཏོང་ལེན་གཉིས་པོ་སྤེལ་མར་སྦྱངས། ལེན་པའི་གོ་རིམ་རང་ནས་བརྩམ། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཞེས་གསུངས་པའི་དོན་ནོ། །

བློ་སྦྱོང་གི་དོན་ཚན་གསུམ་པ་རྐྱེན་ངན་ལམ་དུ་བསྒྱུར་བ་ནི། བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། སྣོད་ཀྱི་འཇིག་རྟེན་མི་དགེ་བཅུའི་བདག་འབྲས་ཤིན་ཏུ་བདོ་བས་གང་ཞིང༌། བཅུད་ཀྱི་སེམས་ཅན་རྣམས་བསམ་རྒྱུ་ཉོན་མོངས་ལས་མེད། བྱ་རྒྱུ་ལས་ངན་གསོག་པ་ལས་མེད། དེའི་དབང་གིས་ནག་ཕྱོགས་ལ་དགའ་བའི་ལྷ་ཀླུ་འབྱུང་པོ་རྣམས་མཐུ་སྟོབས་རྒྱས། སྤྱིར་ཆོས་བྱེད་ཡོངས་ལ་གནོད་འཚེ་མང༌། ཁྱད་པར་དུ་ཐེག་ཆེན་གྱི་ཆོས་སྒོར་ཞུགས་པ་རྣམས་ལ་སྒོ་སྣ་ཚོགས་ནས་རྐྱེན་ངན་རུ་འཛིངས་པའི་སྐབས་འདིར་བློ་སྦྱོང་གི་ཆོས་འདི་འདྲ་བ་ཞིག་གི་ཉམས་ལེན་མེད་ན་ཆོས་མཐར་ཕྱིན་པ་ཤིན་ཏུ་དཀའ་ལ། བློ་སྦྱོང་འདིའི་སྒོ་ནས་འགལ་རྐྱེན་རྣམས་མཐུན་རྐྱེན་དུ་བསྒྱུར། བར་ཆད་ཐམས་ཅད་གྲོགས་སུ་བསྒྱུར། གནོད་བྱེད་ཐམས་ཅད་རང་ལ་ཆོས་ཀྱི་བསྐུལ་མ་བྱེད་པའི་དགེ་བའི་བཤེས་གཉེན་ལྟ་བུར་བསམ་ནས་ལམ་དུ་འཁྱེར་ཤེས་པ་ཞིག་བྱུང་ན་རྐྱེན་ངན་ཐམས་ཅད་བྱང་ཆུབ་བསྒྲུབ་པའི་གྲོགས་སུ་འཆར་བར་གསུངས་པས། རྐྱེན་ངན་ལམ་དུ་འཁྱེར་ཉམས་ལེན་ཤེས་པ་ཤིན་ཏུ་གལ་ཆེའོ། །

དེས་ན་རྐྱེན་ངན་གྲོགས་སུ་བསྒྱུར་བ་འདི་ལ་བསམ་པས་བསྒྱུར་བ་དང༌། སྦྱོར་བས་བསྒྱུར་བ་གཉིས། བསམ་པས་བསྒྱུར་བ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་སྒོ་ནས་ལམ་དུ་བསྒྱུར་བ་དང༌། ལྟ་བའི་སྒོ་ནས་ལམ་དུ་བསྒྱུར་བ་གཉིས་ལས། བྱང་ཆུབ་སེམས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར་བ་ནི། རང་ལ་གནོད་པ་དང་སྡུག་བསྔལ་གང་བྱུང་ཡང་གཞན་སུ་ལའང་ལེ་ལན་འདའ་ས་མེད་ཀྱི། བདག་འཛིན་འགོང་པོ་འདི་འབའ་ཞིག་གིས་བྱས་པ་ཡིན། འོན་ཀྱང་མི་འདོད་རྒྱུ་མེད་དེ། འདི་ཐམས་ཅད་ཚེ་རབས་སྔ་མའི་ལས་ངན་གྱི་འབྲས་བུ་ཁོ་ན་ཡིན་པས་རང་གི་ལས་ངན་ཟད་པའི་ཐབས་སུ་འདུག་པས་བདག་ངན་སོང་དུ་སྐྱེ་བའི་སྒོ་འགག་ཕྱིར་བླ་མའི་ཐུགས་རྗེ་དང་བྱིན་རླབས་ཀྱིས་ལས་ངན་གྱི་འབྲས་བུ་འདིར་ཟད་པར་འདུག་པས་གོ་བཅད་དོ་སྙམ་པ་དང༌། ཡང་འདི་ལྟར་དུ་གནོད་པ་དང༌། སྡུག་བསྔལ་བྱུང་བའི་སེམས་ཅན་མཐའ་ཡས་པ་ཡོད་པས་སེམས་ཅན་དེ་རྣམས་ཀྱི་གནོད་པ་སྡུག་བསྔལ་དེ་ཐམས་ཅད་བདག་གིས་རྒྱུད་སྟེང་དུ་སྨིན་པར་གྱུར་ཅིག་སྙམ་དུ་གཏོང་ལེན་བསྒོམ་མོ། །

ཡང་མི་དང་མི་མ་ཡིན་གྱི་གནོད་བྱེད་རྣམས་ལ་འདི་བདག་གིས་ཚེ་རབས་སྔོན་མའི་དྲིན་ཅན་གྱི་མ་ཤ་སྟག་ཡིན་པ་ལ། བདག་གི་ལས་ངན་པས་བསྐུལ་ནས་བདག་ལ་གནོད་པའི་ལས་བྱས་པས་འདི་དག་དམྱལ་བར་འགྲོ་བར་འདུག ། བདག་ནི་འདི་དག་གིས་དགེ་སྦྱོར་གྱི་བསྐུལ་མ་བྱས་པས་ཡོན་ཏན་གྱི་གྲོགས་སུ་འགྲོ་བར་འདུག་པས་དོན་དུ་ན་འདི་དག་བདག་ལ་གནོད་བྱེད་དུ་མ་སོང༌། བདག་འདི་དག་ལ་གནོད་བྱེད་དུ་སོང་འདུག་པས་བདག་གི་མ་རྒན་འདི་རྣམས་སྙིང་རེ་རྗེ་འདི་དག་གི་སྡིག་སྒྲིབ་ཐམས་ཅད་བདག་ལ་སྨིན་པ་དང༌། བདག་གིས་བདེ་དགེ་འདི་དག་ལ་སྨིན་པར་གྱུར་ཅིག་སྙམ་དུ་གཏོང་ལེན་བསྒོམ། ཡང་གནོད་བྱེད་མི་མ་ཡིན་རྣམས་ལ་ནི་རང་གི་ལུས་ལིངས་ཀྱིས་བློས་བཏང་ལ། སྤྱིར་སེམས་ཅན་ཐམས་ཅད་དང༌། སྒོས་ཆོས་མཛད་ཡོངས་དང༌། ཡང་སྒོས་དཔལ་ལྡན་བླ་མ་དམ་པའི་སྐུ་གླུད་དུ་ངའི་ཤ་ཁྲག་རྡོས་བཅས་ཀྱི་ལུས་འདི་ཁྱེད་ཅག་མི་མ་ཡིན་རྣམས་ལ་སྟེར་བ་ཡིན་པས། ཤ་ལ་དགའ་བ་ཤ་ཟོ། ཁྲག་ལ་དགའ་བ་ཁྲག་འཐུངས། རུས་པ་ལ་དགའ་བ་རུས་པ་མུར། ཅི་འདོད་པ་ཁྱེར་ཞིག །ཅེས་བརྗོད་ཅིང་ལྟོས་མེད་དུ་བློས་བཏང་ལ་ཁྱེད་ཅག་མི་མ་ཡིན་རྣམས་ཀྱྀས་བདག་བྱང་ཆུབ་སྒོམ་པའི་གྲོགས་བྱས་པས་བཀའ་དྲིན་རེ་ཆེ། ད་དུང་སེམས་ཅན་ཐམས་ཅད་ཀྱི་གནོད་པ་དང༌། སྡུག་བསྔལ་ཐམས་ཅད་ཀྱང་ངའི་གཅེས་འཛིན་འདིའི་ཐོག་ཏུ་སྨིན་པར་མཛོད་ཅིག་ཅེས་ཞེ་ཐག་པ་ནས་བརྗོད།

གཞན་ཡང་སྡུག་བསྔལ་བྱུང་བ་ལ་སྐྱོན་དུ་མི་ལྟ་བར་ཡོན་ཏན་དུ་ལྟ་ཚུལ་སྤྱོད་འཇུག་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམས་ཞིག་དགེ་ལ་དགའ། །ཞེས་སོགས་མང་དུ་གསུངས་པ་རྣམས་ལ་བསམས་ནས་རྐྱེན་ངན་བྱང་ཆུབ་ཀྱི་གྲོགས་སུ་བསྒྱུར་ཅི་ཐུབ་བྱའོ། །ལྟ་བའི་སྒོ་ནས་ལམ་དུ་བསྒྱུར་བ་ནི། རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་ནས། སྔོན་ཐོག་མ་མེད་ནས་ད་ལྟའི་བར། །གདོན་རང་གི་སྙིང་ལ་གནས་བཅས་ནས། །ཡུལ་བདག་མེད་གཅིག་ལ་བདག་ཏུ་བཟུང༌། །འཕྲལ་ཕན་པའི་ཟོལ་གྱིས་བསླུས་གྱུར་ཏེ། །ང་དམྱལ་བར་བསྲེགས་པ་བགྲང་ལས་འདས། །དུས་དེ་རིང་བླ་མའི་བཀའ་དྲིན་གྱིས། །དགྲ་བདག་འཛིན་འགོང་པོའི་མཚང་རིག་པས། །སེམས་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང༌། །བུ་རང་བྱུང་རིག་པའི་གཞོན་ནུ་དང༌། །ཡུལ་འོད་གསལ་ཆོས་དབྱིངས་མཛེས་མ་མཇལ། །དབྱིངས་རིག་པ་དབྱེར་མེད་ཐབས་ཤེས་འབྲེལ། །འདི་འདུ་འབྲལ་མེད་པའི་གྲོགས་སུ་བཟང༌། །ཞེས་དང༌། ཡང་རྟེན་ནས་འབྱུང་བའི་ཆོས་རྣམས་ཀུན། སྣང་ཙམ་གྱིས་སྒྱུ་མའི་རོལ་བར་མཐོང༌། དེ་མཐོང་བས་ཨ་མཐས་འཆིང་བ་ཞིག ། ཅེས་གསུངས་པ་ལྟར། བདེ་སྡུག་དང་བཟང་ངན་ལ་སོགས་པའི་སྣང་བ་གང་ཤར་ཐམས་ཅད་སྣང་ཡང་བདེན་པར་མེད་པ་སྒྱུ་མ་ལྟ་བུར་བལྟས་ཏེ་སྣང་བ་ཐམས་ཅད་རྟེན་འབྲེལ་དུ་འཆར་ཅི་ཐུབ་བྱའོ། །

མདོར་ན། སྲོག་འཚོ་འཆི་འབྱོར་རྒུད་བདེ་སྡུག་དང༌། །ཡང་བསྟོད་སྨད་སྙན་དང་མི་སྙན་སོགས། །གང་བྱུང་ཡང་བླ་མའི་བྱིན་རླབས་ཡིན། །ཨ་ལ་ལ་ཅི་བྱས་གློ་བ་དགའ། །ཞེས་གསུངས་པ་ལྟར། རྐྱེན་བཟང་ངན་ཅི་བྱུང་ཡང་དགེ་སྦྱོར་གྱི་བསྐུལ་མ་དང་ཆོས་བསྒྲུབ་པའི་གྲོགས་སུ་འཁྱེར་ཤེས་པར་བྱས་ནས། རྐྱེན་བཟང་ངན་གང་གིས་ཀྱང་བརྫི་མི་ནུས་པར་ཐེག་པ་ཆེན་པོའི་ལམ་མྱུར་དུ་བགྲོད་པར་བྱའོ། །སྦྱོར་བའི་སྒོ་ནས་ལམ་དུ་བསྒྱུར་ཚུལ་ནི། སྦྱོར་བ་བཞི་དང་ལྡན་པའི་ཐབས་མཁས་ཀྱིས། །ཞེས་གསུངས་པ་ལྟར་སྦྱོར་བ་བཞི་སྟེ། ཚོགས་བསག་པ། སྡིག་པ་སྦྱོང་བ། གདོན་བགེགས་ལ་གཏོར་མ་སྟེར་བ། ཆོས་སྐྱོང་ལ་འཕྲིན་ལས་འཆོལ་བའོ། །དེ་བཞིའི་སྒོ་ནས་རྐྱེན་ངན་ལམ་དུ་འཁྱེར་ཚུལ་ནི། ནད་གདོན་ལ་སོགས་པའི་རྐྱེན་ངན་བྱུང་བ་ན། སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་ན་བདེ་བའི་རྒྱུ་ཚོགས་གསོག་ཤིག་ཅེས་བླ་མས་བརྡ་མཛད་པར་འདུག་སྙམ་དུ་བསམས་ལ། བླ་མ་ལྷ་ཚོགས་ལ་མཆོད་པ་དང་མཎྜལ་ཕུལ་ལ། བདག་ན་བར་ལེགས་ན་ན་བར་བྱིན་གྱིས་རློབས་ཏུ་གསོལ། གསོས་པ་ལེགས་ན་གསོས་པར་བྱིན་གྱིས་རློབས་ཏུ་གསོལ། ཤི་བ་ལེགས་ན་འཆི་བར་བྱིན་གྱིས་རློབས་ཏུ་གསོལ། ཞེས་རེ་དོགས་འགོག་པའི་གསོལ་འདེབས་བྱའོ། །སྡིག་པ་སྦྱང་བའི་སྒོ་ནས་ལམ་དུ་བསྒྱུར་བ་ནི། ཁྱོད་སྡུག་བསྔལ་མི་འདོད་ན་དེའི་རྒྱུ་སྡིག་པ་སྤོངས་ཤིག་པའི་བརྡ་མཛད་པར་འདུག་སྙམ་དུ་བསམས་ལ་སྟོབས་བཞིའི་བཤགས་སྡོམ་ལ་འབད་དོ། །གདོན་བགེགས་ལ་གཏོར་མ་བྱིན་པའི་སྒོ་ནས་ལམ་དུ་སྒྱུར་བ་ནི། གནོད་བྱེད་གདོན་བགེགས་རྣམས་ལ་གཏོར་མ་བྱིན་ལ། བདག་ཚེ་འདིའི་གཤོམ་ར་ལ་གཡེངས་ནས་ཆོས་མ་དྲན་པ་ལ་ཁྱེད་ཅག་གིས་དགེ་སྦྱོར་གྱི་བསྐུལ་མ་བྱས་པས་བཀའ་དྲིན་རེ་ཆེ། ད་དུང་སེམས་ཅན་ཐམས་ཅད་ཀྱི་མི་འདོད་པའི་རྐྱེན་ཐམས་ཅད་ཀྱང་ངའི་གཅེས་འཛིན་གྱི་ཐོག་ཏུ་སྨིན་པ་དང༌། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་སྦྱོར་གྱི་བསྐུལ་མ་མཛོད་ཅིག་བྱས་ལ་གཏོར་མ་སྟེར་རོ། །

ཆོས་སྐྱོང་ལ་འཕྲིན་ལས་འཆོལ་བ་ནི། མཆོད་གཏོར་ཕུལ་ལ་སྔར་བླ་མ་ལྷ་ཚོགས་ལ་གསོལ་བ་འདེབས་པ་ལྟར་རེ་དོགས་འགོག་པའི་གསོལ་འདེབས་ཀྱི་སྒོ་ནས་འཕྲིན་ལས་འཆོལ་ལོ། །དེ་ལྟར་བསམ་པ་དང་སྦྱོར་བ་གཉིས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར་ཚུལ་དེ་དག་ལ་མ་གོམས་པ་དང༌། སྙིང་སྟོབས་ཆུང་བས་དེ་ལྟར་མི་ནུས་ན། རྐྱེན་བཟང་ངན་ཐམས་ཅད་ལས་ཀྱི་འབྲས་བུར་ཤེས་པར་བྱས་ནས་བསག་སྦྱང་ལ་འབད་ཅིང༌། ཆོས་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་གསོལ་འདེབས་སོགས་བྱའོ། །རྐྱེན་ངན་ལམ་དུ་བསྒྱུར་བའི་མན་ངག་འདི་ལ་ནི་གངས་རིའི་ཁྲོད་འདིར་སྔོན་བྱོན་པའི་དམ་པ་མང་པོས་རོ་སྙོམས་ཀྱི་གདམས་པ་དང༌། ཆོས་བརྒྱད་མགོ་སྙོམས་ཀྱི་གདམས་པ་དང༌། སྐྱིད་སྡུག་ལམ་འཁྱེར་དང༌། ཐུག་འཕྲད་ལམ་འཁྱེར་ཞེས་པ་སོགས་ཟབ་ཁྱད་ཅན་གྱི་བསྔགས་པ་མང་དུ་མཛད་པ་རྣམས་ལྷག་དང་བཅས་པས་འདུ་བ་ཡིན་པས། རྗེ་རྒྱལ་བ་གཉིས་པའི་སྙན་རྒྱུད་འདི་ལ་སྙིང་ནས་སྒྲུབ་པར་བྱ་འདོད་པ་རྣམས་ཀྱིས་མན་ངག་འདི་ལ་ཡིད་ཆེས་གཏིང་ཚུགས་པར་བྱའོ། །

བློ་སྦྱོང་གི་དོན་ཚན་བཞི་པ། ཚེ་གཅིག་ཉམས་ལེན་དྲིལ་ནས་བསྟན་པ་ནི། མདོར་ན་བཟང་ངན་སྣང་བ་ཅི་ཤར་ཡང༌། །ཆོས་ཀུན་སྙིང་པོ་སྟོབས་ལྔའི་ཉམས་ལེན་གྱིས། །ཞེས་གསུངས་ཏེ། འདི་ལ་ཚེ་གང་གི་ཉམས་ལེན་དང༌། འཆི་ཁའི་ཉམས་ལེན་གཉིས་ཡོད་པས། འཆི་ཁའི་ཉམས་ལེན་ནི་འོག་ཏུ་འབྱུང་ཞིང༌། ཚེ་གང་གིས་ཉམས་ལེན་སྟོབས་ལྔར་དྲིལ་བ་ནི། འཕེན་པའི་སྟོབས། གོམས་པའི་སྟོབས། དཀར་པོ་ས་བོན་གྱི་སྟོབས། སུན་འབྱིན་པའི་སྟོབས། སྨོན་ལམ་གྱི་སྟོབས་རྣམས་སོ། །

དང་པོ་འཕེན་པའི་སྟོབས་ནི། དེང་ནས་བྱང་ཆུབ་བར་དང༌། ཁྱད་པར་མ་ཤི་བར་དང༌། ལྷག་པར་དེ་རིང་ཉིན་ཞག་ཕྲུགས་འདི་ལ་དགྲ་བོ་བདག་འཛིན་འགོང་པོའི་དབང་དུ་སྐད་གཅིག་ཀྱང་མྀ་གཏོང་བར། བྱངཆུབ་སེམས་རིན་པོ་ཆེ་རྣམ་གཉིས་སྒོམ་པ་ལ་ཆིག་སྒྲིལ་དུ་བྱའོ་སྙམ་པའི་འཕེན་པ་ཡང་ཡང་གཏོང་བའོ། །

གོམས་པའི་སྟོབས་ནི། དཔལ་ཨ་ཏི་ཤ་དང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་མན་ངག་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་འདི་ལ་ཡིད་ཆེས་རྙེད་པར་བྱས་ནས་དུས་ཀུན་དུ་བློ་སྦྱོང་ཞིང་གོམས་པར་བྱེད་པའོ། །

དཀར་པོ་ས་བོན་གྱི་སྟོབས་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་མ་སྐྱེས་པ་བསྐྱེད། སྐྱེས་ཟིན་གོང་འཕེལ་དུ་བྱ་ཕྱིར་ཚོགས་གསོག་སྒྲིབ་སྦྱང་ལ་འབད་པའོ། །སུན་འབྱིན་པའི་སྟོབས་ནི། བྱང་ཆུབ་སེམས་རིན་པོ་ཆེའི་མི་མཐུན་ཕྱོགས་བདག་གཅེས་འཛིན་ལ་འབུར་འཇོམས་བྱེད་པའོ། །སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་གང་བྱེད་བྱང་ཆུབ་སེམས་རིན་པོ་ཆེ་འཕེལ་བའི་རྒྱུར་བསྔོ་ཤིང་སྨོན་ལམ་འདེབས་པའོ། །སྟོབས་ལྔ་པོ་འདི་ནི་ཚེ་གང་གི་ཉམས་ལེན་ཧཱུཾ་གཅིག་ཏུ་དྲིལ་བའི་གདམས་པ་ཡིན་གསུངས་སྟེ། དེང་ནས་བྱང་ཆུབ་བར་དུ་འདི་ལྟ་བུའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གདམས་པ་ལས་ལྷག་པ་གཞན་དུ་འཚོལ་ས་མེད་པས་ཉམས་ལེན་ལ་བློ་རྩེ་ཆིག་སྒྲིལ་དུ་བྱེད་དགོས་པའི་དོན་ནོ། །

བློ་སྦྱོང་གི་དོན་ཚན་ལྔ་པ་བློ་སྦྱོང་བའི་ཚད་ནི། བྱང་ཆུབ་སེམས་གཉིས་འཕེལ་བའི་ལམ་བསྒྱུར་ཏེ། །ཡིད་བདེ་འབའ་ཞིག་བསྒོམ་པར་བྱིན་གྱིས་རློབས། །ཞེས་པས་བསྟན་ཏེ། འདི་ནི་བློ་སྦྱོང་རྩ་ཚིག་ལས། ཆོས་ཀུན་དགོངས་པ་གཅིག་ཏུ་འདུ། །དབང་པོ་གཉིས་ཀྱི་གཙོ་བོར་བཟུང༌། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་གསུངས་པའི་དོན་ཏེ། མདོར་བསྡུ་ན་ཐེག་པ་ཆེན་པོ་བློ་སྦྱོང་ཚུལ་བཞིན་དུ་ཉམས་སུ་བླངས་པས་རྐྱེན་བཟང་ངན་གང་གིས་ཀྱང་བསྒྱུར་མི་ཐུབ་ཅིང༌། གནས་སྐབས་ཐམས་ཅད་དུ་བྱངཆུབ་སེམས་བསྒོམ་པ་ལས་མི་ཉམས་པའོ། །དེ་ཡང་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་ལས་འབྱུང་བ་ལྟ་བུ་སྟེ། དེ་ཡང་ཁོ་བོ་ལ་གཞན་གྱི་སྟན་བཟང་པོ་བཤམས་པ་དང༌། གུས་པས་བསྙེན་བཀུར་སོགས་ཇི་ཙམ་བྱས་པ་ཙམ་གྱིས་ཆེད་དུ་བསམ་མི་དགོས་པར་དུས་དེའི་སྐབས་རང་དུ། འདི་ཐམས་ཅད་མི་རྟག་ཅིང་ཡིད་བརྟན་མི་རུང་བ། སྒྱུ་མའི་བསླུ་ཁྲིད་དང་འདྲ་བ་ཡིན་སྙམ་པའི་སྐྱོ་བ་ཤུགས་དྲག་པོས་སྣང་བ་བུན་ལོང་ཐོངས་པ་ཡིད་གཏིང་ནས་འགྱུར་བ་རྒྱུན་རིང་པོ་སྐྱེ་བ་ཞིག་དང་པོ་ཉིད་ནས་རང་ཆས་སུ་ཡོང་བ་ཡིན། ཞེས་གསུངས་པ་ལྟར། བདེ་སྡུག་བཟང་ངན་སོགས་སྣང་བ་གང་ཤར་ཡང་འབད་རྩོལ་ལ་མི་ལྟོས་པར་རང་ཤུགས་ཀྱིས་བློ་སྦྱོང་གྲོགས་སུ་འགྲོ་བ་ཞིག་དགོས་གསུངས།

འཕྲལ་ལ་གང་ཐུག་སྒོམ་ལ་སྦྱོར་བ་དང༌། །ཞེས་གསུངས་པ་ནི། བློ་སྦྱོང་རྩ་ཚིག་ལས། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང༌། །འཕྲལ་ལ་གང་ཐུག་སྒོམ་ལ་སྦྱོར། །ཞེས་གསུངས་པའི་གདམས་ངག་དེ་འདིར་འགོད་པར་མཛད་པ་ཡིན་ལ། དེའི་ཉམས་ལེན་བྱེད་ཚུལ་ནི། སྦྱོར་བ་བཞིའི་སྒོ་ནས་རྐྱེན་ངན་ལམ་དུ་སྒྱུར་ཚུལ་དེ་ལའང་དོན་གྱིས་ཚང་ཡང༌། བློ་སྦྱོང་དང་གདམས་ངག་འདི་གཉིས་ཀའི་དགོངས་པ་ལྟར་ཉམས་ལེན་བྱེད་ཚུལ་ནི་ནང་དུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང༌། ཕྱི་ནས་མི་དང་མི་མ་ཡིན་གྱི་གནོད་པ་སོགས་ཕྱི་ནང་གི་རྐྱེན་བཟང་ངན་གློ་བུར་བ་ཅི་འདྲ་ཞིག་བྱུང་ཡང༌། དེའི་དབང་དུ་སྐད་གཅིག་ཀྱང་མི་བཏང་བར་སྤྱིར་དགེ་སྦྱོར་གྱི་གྲོགས་སུ་འཁྱེར་ཅི་ཐུབ་དང༌། ལྷག་པར་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཕེལ་བའི་ཐབས་དང་གྲོགས་སུ་བསྒྱུར་བར་བྱེད་པའོ། །དེ་ཡང་ཡུལ་ཡིད་དུ་འོང་བ་དང་གློ་བུར་དུ་ཕྲད་པའི་རྐྱེན་གྱིས་ནང་དུ་འདོད་ཆགས་སྐྱེས་ན། དེ་མ་ཐག་ངོས་ཟིན་པར་བྱས་ལ་འཇིག་རྟེན་གྱི་ཁམས་ན་འདོད་ཆགས་ཀྱི་དབང་དུ་སོང་བ་དང༌། དེའི་དབང་གིས་སྡུག་བསྔལ་མྱོང་བའི་མ་རྒན་སེམས་ཅན་ཇི་སྙེད་གཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང༌། དེས་བསྐྱེད་པའི་སྡུག་བསྔལ་ཐམས་ཅད་བདག་གིས་རྒྱུད་སྟེང་དུ་སྨིན་པར་གྱུར་ཅིག །བདག་གིས་བདེ་དགེ་ཐམས་ཅད་མ་རྒན་སེམས་ཅན་རྣམས་ལ་བཏང་བར་བྱའོ་སྙམ་དུ་གཏོང་ལེན་སྒོམ། ཡང་གློ་བུར་དུ་གཞན་གྱིས་རང་ལ་ཚིག་ངན་སྨྲ་བ་སོགས་ཡུལ་ཡིད་དུ་མི་འོང་བ་དང་ཕྲད་པ་ལས་ཞེ་སྡང་སྐྱེས་པའམ་སྐྱེས་པར་དོགས་པ་བྱུང་ན། རྐྱེན་དེའི་དབང་དུ་སྐད་ཅིག་ཀྱང་མི་བཏང་པར་མཁའ་ཁྱབ་ཀྱི་མ་རྒན་སེམས་ཅན་རྣམས་ཀྱི་ཞེ་སྡང་དང་སྡུག་བསྔལ་ཐམས་ཅད་རང་གི་རྒྱུད་སྟེང་དུ་ལེན། རང་གི་བདེ་དགེ་ཐམས་ཅད་མ་རྒན་སེམས་ཅན་རྣམས་ལ་གཏོང་བའི་གཏོང་ལེན་བསྒོམ། ཡང་ཡུལ་བཏང་སྙོམས་པ་ལ་དམིགས་ནས་གནས་ལུགས་མི་གསལ་བའི་གཏི་མུག་གི་དབང་དུ་སོང་ན། ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གྱི་གཏི་མུག་དང་དེས་སྐྱེས་པའི་སྡུག་བསྔལ་ཐམས་ཅད་ཚུར་བླང༌། རང་གི་བདེ་དགེ་ཐམས་ཅད་ཕར་གཏོང༌། དེ་བཞིན་དུ་རྐྱེན་གློ་བུར་བ་གང་དང་གང་བྱུང་ཡང་ཐམས་ཅད་བྱང་ཆུབ་ཀྱི་སེམས་འཕེལ་བའི་གྲོགས་སུ་བསྒྱུར། རྐྱེན་གློ་བུར་བ་ལམ་དུ་སྒྱུར་ཚུལ་བརྒྱད་སྟོང་པ་ལས་འབྱུང་བ་ལྟར། ནད་དང་གདོན་དང་མུ་གེ་དང་གཡང་ས་དང་གཅན་གཟན་གྱི་གནོད་པ་སོགས་རྐྱེན་ངན་གློ་བུར་བ་གང་བྱུང་ཡང༌། དེ་ལ་སྐྲག་པར་མི་བྱ། དངངས་པར་མི་བྱ་བར་དང་དུ་བླངས་ཏེ། འཇིག་རྟེན་གྱི་ཁམས་ན་འདི་ལྟ་བུའི་རྐྱེན་གློ་བུར་བས་གནོད་པ་དཔག་ཏུ་མེད་པ་ཡོད་པས། དེ་ཐམས་ཅད་ཀྱི་གནོད་པ་དང་སྡུག་བསྔལ་རྣམས་ཀྱང་བདག་གི་འདིས་གོ་ཆོད་པར་གྱུར་ཅིག །བདག་ནི་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་འདོད་པའི་ལུས་འདི་གཅན་གཟན་གྱིས་ད་ལྟ་ཟོས་ཀྱང༌། དེ་ལ་དགའ་བཞིན་དུ་སྦྱིན་པར་བྱའོ་སྙམ་པ་དང༌། བདག་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་གཅན་གཟན་དང་མུ་གེ་དང་གཡང་ས་ལ་སོགས་པ་སྐྱོན་འདི་དག་རྣམ་པ་ཀུན་ནས་མི་འབྱུང་ཞིང༌། སྣོད་བཅུད་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཞིག་ངེས་པར་བསྒྲུབ་པར་བྱའོ་སྙམ་དུ་བསམ་པའི་གོ་ཆ་གྱོན་ཞིང་སྨོན་ལམ་གདབ་བོ། །འདི་དག་ནི་མདོ་ལས་གསུངས་པའི་དོན་བསྡུས་པ་ཡིན་གྱི། ཞིབ་པར་ནི་མདོ་ཉིད་ལས་ཤེས་པར་བྱའོ། །

ཡང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་ཀྱང་ཐ་མལ་པར་མི་གཏང་བར་ཐབས་མཁས་ཀྱི་མན་ངག་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་འཕེལ་བའི་ཐབས་སུ་བསྒྱུར་ཅི་ཐུབ་བྱ། སྤྱོད་ལམ་གྱི་མན་ངག་རྒྱས་པར་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་འབྱུང་ཞིང༌། མདོ་སྡེ་དཀོན་མཆོག་སྤྲིན་ལས་ཀྱང་འདི་ལྟར་གསུངས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མེ་ཏོག་གམ། བདུག་པའམ་སྤོས་གསོལ་ན། སེམས་ཅན་ཐམས་ཅད་ཀྱི་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་ང་བ་གསལ་བ་དང༌། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ཐོབ་པ་ཡོངས་སུ་བསྔོའོ། །དེ་ཕྱག་བདར་ཞལ་ཞལ་བྱེད་ན། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་མི་སྡུག་པ་མེད་པར་འགྱུར་བ་དང༌། སྤྱོད་ལམ་མཛེས་པར་ཡོངས་སུ་བསྔོའོ། །དེ་མེ་ཏོག་གི་གདུགས་གསོལ་ན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གདུང་བ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་གཙུག་ལག་ཁང་གི་ནང་དུ་འགྲོ་ན། འདི་ལྟར་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཟུད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་ཕྱིར་འབྱུང་ན་འདི་ལྟར་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ནས་གདོན་ཏོ་སྙམ་དུ་སེམས་སྐྱེད་དོ། །དེ་གནས་ཁང་གི་སྒོ་འབྱེད་ན། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་བདེ་འགྲོ་ཐམས་ཅད་ཀྱི་སྒོ་དབྱེའོ་སྙམ་དུ་སེམས་བསྐྱེད་དོ། དེ་སྒོ་གཅོད་ན་འདི་ལྟར་ངན་འགྲོ་ཐམས་ཀྱི་སྒོ་རྣམས་བཅད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་གློ་གཡས་པས་ཉལ་ན་འདི་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་སེམས་བསྐྱེད་དོ། །དེ་དེ་ནས་ལྡང་ན་འདི་ལྟར་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཀུན་ནས་ལྡང་བ་རྣམས་ལས་བསླང་ངོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལུས་ཀྱི་ཆེད་ལ་འགྲོ་ན་འདི་ལྟར་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་འགྲོས་སུ་འགྲོ་བར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །དེ་དེར་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་གྱི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཟུག་རྔུ་དབྱུང་ངོ་སྙམ་དུ་སེམས་བསྐྱེད་དོ། །དེ་བཀྲུ་ཤལ་བྱེད་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་མའི་སྐྱོན་རྣམས་བཀྲུའོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལག་པ་སྙལ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་ང་བ་རྣམས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་རྐང་པ་འཁྲུ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྡུལ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་སོ་ཤིང་ཟ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དྲི་མ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལ་ལུས་ཀྱི་གཡོ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་ཡོངས་སུ་བསྔོའོ། །དེ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན་འདི་ལྟར་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་ཤོག་ཅིག་སྙམ་དུ་སེམས་བསྐྱེད་དེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྔོ་བའི་ཐབས་མཁས་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་འབྱུང་སྟེ་ཞིབ་པར་མདོ་ཉིད་ལས་ཤེས་པར་བྱའོ། །

བློ་སྦྱོང་གི་དོན་ཚན་དྲུག་པ་བློ་སྦྱོང་གི་དམ་ཚིག་ལ་བཅོ་བརྒྱད་ཡོད་དེ། ༡ བློ་སྦྱོང་ཁས་བླངས་དང་མི་འགལ་བ། ༢ ཐོ་ཅོར་མ་ཤོར་བ། ༣ ཕྱོགས་རེར་མ་ལྷུང་བ། ༤ བསམ་པས་གཞན་གཅེས་པར་འཛིན་ཅིང་ལུས་ངག་གི་སྤྱོད་པ་གྲོགས་ཆོས་མཐུན་རྣམས་དང་མཐུན་པར་བྱ་བ། ༥ གཞན་ལ་སྐྱོན་བརྗོད་མི་བྱ་བ། ༦ གཞན་གྱི་སྐྱོན་མཐོང་ཡང་དེ་ལ་མི་རྟོག་པ། ༧ ཉོན་མོངས་གང་ཆེའི་གཉེན་པོ་གཙོ་བོར་བསྟེན་པ། ༨ བློ་སྦྱོང་བྱས་པས་རྙེད་བཀུར་སྙན་གྲགས་འོང་དུ་རེ་བ་སོགས་རང་དོན་དུ་རེ་བ་ཐམས་ཅད་སྤོང་བ། ༩ དགེ་སྦྱོར་ལ་མཚན་འཛིན་དང་གཅེས་འཛིན་གྱི་དུག་མ་འདྲེས་པར་བྱ་བ། ༡༠ གནོད་བྱེད་ལ་ཁོན་འཛིན་མི་བྱ་བ། ༡༡ གཤེ་བ་ལ་ལེན་དུ་གཤེ་བ་སོགས་མི་བྱ་བ། ༡༢ གནོད་ལན་མི་བྱ་བ། ༡༣ གཞན་གྱི་ལུས་སེམས་ལ་གནོད་པའི་ལས་མི་བྱ་བ། ༡༤ རང་གི་སྐྱོན་དང་ཁག་ངན་གཞན་ལ་མི་འགེལ་བ། ༡༥ སྤྱིའི་ལོངས་སྤྱོད་རང་སྒོས་ཀྱི་དབང་བྱར་བྱེད་པའི་བསམ་སྦྱོར་སྤོང་བ། ༡༦ བློ་སྦྱོང་འདྲེ་གདོན་ལ་ཕན་དུ་རེ་བ་ཙམ་དུ་མི་བྱ་བ། ༡༧ བློ་སྦྱོང་གི་སྒོ་ནས་ང་རྒྱལ་དང་རློམ་སེམས་མི་བྱ་བ། ༡༨ རང་སྐྱིད་པའི་ཐབས་སུ་གཞན་སྡུག་པར་འདོད་པའི་བསམ་ངན་སྤོང་བ་སྟེ་བཅོ་བརྒྱད་དོ། །

དོན་ཚན་བདུན་པ་བློ་སྦྱོང་གི་བསླབ་བྱ་ལ་ཉེར་གཉིས་ཡོད་དེ། ༡ ཟས་ཀྱི་རྣལ་འབྱོར་སོགས་རྣལ་འབྱོར་ཐམས་ཅད་གཞན་ཕན་གྱི་སེམས་ཁོ་ནས་བྱ་བ་ལ་བསླབ་པ། ༢ གེགས་སེལ་བོགས་འདོན་ཐམས་ཅད་བདག་གཞན་མཉམ་བརྗེའི་སེམས་འདིས་བྱ་བ་ལ་བསླབ་པ། ༣ དགེ་སྦྱོར་གང་བྱེད་ཀྱི་སྔོན་དུ་བྱང་ཆུབ་ཀྱི་སེམས་དང་གཤམ་དུ་བསྔོ་བས་རྒྱས་འདེབས་པ་ལ་བསླབ་པ། ༤ སྐྱིད་སྡུག་གང་བྱུང་ཡང་བློ་སྦྱོང་གི་གྲོགས་སུ་འཁྱེར་བ་ལ་བསླབ་པ། ༥ སྤྱིར་དམ་ཚིག་ཐམས་ཅད་དང་ཁྱད་པར་བློ་སྦྱོང་གི་དམ་ཚིག་སྲོག་དང་བསྡོས་ཏེ་བསྲུང་བ་ལ་བསླབ་པ། ༦ ཉོན་མོངས་སྐྱེད་མ་ཐག་གཉེན་པོ་བསྟེན་ཅིང་ཕྱིན་ཆད་རྒྱུན་གཅོད་པ་ལ་བསླབ་པ། ༧ ཆོས་སྒྲུབ་པའི་རྒྱུའི་གཙོ་བོ་བླ་མ་བསྟེན་པ་དང༌། རང་གི་སེམས་ལས་སུ་རུང་བར་བྱེད་པ་དང༌། ཆོས་བསྒྲུབ་པ་ལ་ངེས་པར་དགོས་པའི་མཐུན་རྐྱཻན་རྣམས་བསྒྲུབ་པ་ལ་བསླབ་པ། ༨ བླ་མ་ལ་མོས་གུས་མ་ཉམས་པ་དང༌། བློ་སྦྱོང་ལ་སྤྲོ་བ་མ་ཉམས་པ་དང༌། སྡོམ་གསུམ་གྱི་བསླབ་བྱ་མ་ཉམས་པར་བསྲུངས་པ་རྣམས་ལ་བསླབ་པ། ༩ སྒོ་གསུམ་དགེ་བ་དང་མ་བྲལ་བར་བྱེད་པ་ལ་བསླབ་པ། ༡༠ ཐམས་ཅད་ལ་ཕྱོགས་རིས་མེད་པར་བློ་སྦྱོང་བ་ལ་བསླབ་པ། ༡༡ གང་ཤར་ཐམས་ཅད་བློ་སྦྱོང་གིས་ཁྱབ་པར་བྱེད་པ་ལ་བསླབ་པ། ༡༢ རང་གི་འགྲན་ཟླ་སོགས་སྐྱེ་དཀའ་བ་རྣམས་ལ་དམིགས་ཕུག་སྟེ་བྱམས་སྙིང་རྗེ་བསྒོམ་པ་ལ་བསླབ་པ། ༡༣ རྐྱེན་བཟང་ངན་ལ་མ་ལྟོས་པར་དུས་རྟག་ཏུ་བློ་སྦྱོང་བསྒོམ་པ་ལ་བསླབ་པ། ༡༤ སྙིང་པོ་བསྡུས་ནས་གཙོ་བོ་ཉམས་སུ་ལེན་པ་ལ་བསླབ་པ། ༡༥ དགེ་སྦྱོར་མི་ནུས་ཤིང་ཚེ་འདིའི་བྱ་བ་ལ་སྡུག་རུས་ཆེ་བ་སོགས་གོ་ལོག་དྲུག་སྤོང་བ་ལ་བསླབ་པ། ༡༦ ཉམས་ལེན་ལ་ཆེས་འཇོག་མི་བྱ་བར་རྒྱུན་དུ་སྐྱོང་བ་ལ་བསླབ་པ། ༡༧ ཚམ་ཚོམ་མི་བྱ་བར་བློ་རྩེ་ཆིག་སྒྲིལ་དུ་སྦྱོང་བ་ལ་བསླབ་པ། ༡༨ རྟོག་དཔྱོད་ཡང་ཡང་བྱས་ཏེ་ཉོན་མོངས་སྤོང་བ་ལ་བསླབ་པ། ༡༩ གཞན་ལ་ཡུས་མི་བྱ་བ་ལ་བསླབ་པ། ༢༠ ཚིག་ངན་ཅུང་ཟད་རེ་ལ་ཀོ་ལོང་མི་བྱ་བ་ལ་བསླབ་པ། ༢༡ ཆོས་བྱེད་པ་ལ་འོར་ཆེ་འདོད་པ་སོགས་གཏམ་སྙན་གྲགས་ཀྱི་དབང་དུ་མ་སོང་བ་ལ་བསླབ་པ། ༢༢ ཅུང་ཟད་རེ་ལ་འགྱུར་ལྡོག་སྟོན་པ་དང་དགེ་སྦྱོར་ལ་དང་པོར་གསར་སྡང་ཅུང་ཟད་བྱས་ནས་འབོར་བའི་ཡུད་ཙམ་པ་མི་བྱ་བར་སྤྱོད་པ་བརྟག་ཐུབ་པ་ལ་བསླབ་པ་སྟེ་ཉི་ཤུ་རྩ་གཉིས་སོ། །དེ་ལྟར་བདག་གཞན་མཉམ་བརྗེའི་སྒོ་ནས་གཏོང་ལེན་བསྒོམས་ཤིང། དོན་ཚན་བདུན་གྱི་སྒོ་ནས་བློ་སྦྱོང་གི་ཉམས་ལེན་མཐར་ཕྱིན་པར་བྱས་ཏེ་དལ་འབྱོར་ལན་གཅིག་ཐོབ་པ་འདི་ཆུད་མ་ཟོས་པར་དོན་ལྡན་དུ་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བསླབ་ཏུ་གསོལ་སྙམ་དུ།

སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་གང་སྟེ། །

མི་འདོད་སྡུག་བསྔལ་ཆར་ལྟར་བབས་གྱུར་ཀྱང༌། །

ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས། །

རྐྱེན་ངན་ལམ་དུ་ལོངས་པར་གྱིས་རློབས། །

མདོར་ན་བཟང་ངན་སྣང་བ་ཅི་ཤར་ཡང་། །

ཆོས་ཀུན་སྙིང་པོ་སྟོབས་ལྔའི་ཉམས་ལེན་གྱིས། །

བྱང་ཆུབ་སེམས་གཉིས་འཕེལ་བའི་ལམ་བསྒྱུར་ཏེ། །

ཡིད་བདེ་འབའ་ཞིག་བསྒོམ་པར་བྱིན་གྱིས་རློབས། །

སྦྱོར་བ་བཞི་དང་ལྡན་པའི་ཐབས་མཁས་ཀྱིས། །

འཕྲལ་ལ་གང་ཐུག་སྒོམ་ལ་སྦྱོར་བ་དང༌། །

བློ་སྦྱོང་དམ་ཚིག་བསླབ་བྱའི་ཉམས་ལེན་གྱིས། །

དལ་འབྱོར་དོན་ཆེན་བྱེད་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་བསམ་མོ། །

 

ལྷག་བསམ་དང་སེམས་བསྐྱེད་སྒོམ་ཚུལ་དང་སྨོན་སེམས་དང་འཇུག་སྡོམ་ལེན་ཚུལ་བཤད་པ།

 

གསུམ་པ་ལྷག་བསམ་དང་སེམས་བསྐྱེད་སྒོམ་ཚུལ་ནི། བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། དེ་ལྟར་མར་ཤེས་དྲིན་དྲན་དྲིན་གཟོ་རྣམས་བསྒོམས་པས་ཡིད་འོང་གི་བྱམས་པ་བསྐྱེད་ཅིང༌། བདག་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཕན་ཡོན་རྣམས་སྒོ་དུ་མ་ནས་བསམས་པས་མ་རྒན་སེམས་ཅན་རྣམས་ཡིད་བཞིན་གྱི་ནོར་བུ་ལྟར་གཅེས་ཤིང་ཕངས་པ་དང༌། །མ་རྒན་རྣམས་ཀྱི་ངང་ཚུལ་བསམས་པས་བཟོད་གླགས་མེད་པའི་སྙིང་རྗེ་ཆེན་པོའི་སྒོ་ནས་གཏོང་ལེན་བསྒོམས་པས་བྱམས་པ་དང་སྙིང་རྗེས་ཡིད་རང་དབང་མེད་པར་བསྐྱོད་པ་ན། བདག་གིས་མ་རྒན་སེམས་ཅན་འདི་ཐམས་ཅད་སྲིད་ཞིའི་རྒུད་པ་མཐའ་དག་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་དུ་ལྷག་བསམ་བསྒོམ། འོ་ན་ཁྱོད་ལ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ནུས་པ་ཡོད་དམ་ཞེ་ན། ད་ལྟ་ནི་སེམས་ཅན་གཅིག་ཀྱང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ནུས་པ་མི་འདུག །དེར་མ་ཟད་དགྲ་བཅོམ