རུ་ལག་གྲོམ་པ་རྒྱང་གི་བྱུང་བ་མདོར་བསྡུས།                  

རུ་ལག་གྲོམ་པ་རྒྱང་གི་བྱུང་བ་མདོར་བསྡུས།                  

1) རུ་ལག་གྲོམ་པ་རྒྱང་གི་བྱུང་བ་མདོར་བསྡུས།

 

རུ་ལག་གྲོམ་པ་རྒྱང་དྲི་མེད་རྣམ་དག་གི་ལྷ་ཁང་ནི། སྔོན་དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་ས་དཔྱད་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུའི་དབྱིབས་སུ་ཡོད་པ་གནོན་ཆེད་དུ་བཞེངས་ཤིང་།  དེ་ཡང་སྤོར་ཐང་རྩིས་ལ་བོད་ཀྱི་ས་དབྱིབས་དེ་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུ་ཡོད་པ་ལས། ལྷ་ས་གཙུག་ལག་ཁང་དེ་སྲིན་མོའི་སྙིང་དབུས་སུ་གནས་པ་དེ་བཞེངས་སྐབས་བར་ཆད་དང་དཀའ་བ་དུ་མ་འཕྲད། དེ་དག་གནོན་ཆེད་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཅུ་གཉིས་བཞེངས། དེའི་ནང་ནས་མཐའ་འདུལ་གྱི་གཙུག་ལག་ཁང་ཆེ་བ་བཞི་ནི།  སྲིན་མོའི་དཔུང་པ་གཡས་པ་གནོན་ཆེད་དབུ་རུ་ཀ་ཚལ་མི་འགྱུར་ལྷ་ཁང་དང་།  སྲིན་མོའི་དཔུང་པ་གཡོན་མ་གནོན་ཆེད་གཡོན་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང་། སྲིན་མོའི་དཔྱི་མགོ་གཡས་པ་གནོན་ཆེད་གཡས་རུ་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང་།  སྲིན་མོའི་དཔྱི་མགོ་གཡོན་མ་གནོན་ཆེད་རུ་ལག་གྲོམ་པ་རྒྱང་དྲི་མེད་རྣམ་དག་ལྷ་ཁང་བཞེངས་པའོ།།

དེ་ཡང་རུ་ལག་ཅེས་པ་ནི། གཙང་ལ་གཡས་རུ་དང་རུ་ལག དབུས་ལ་དབུ་རུ་དང་གཡོ་རུ། ཡན་ལག་སུམ་པའི་རུ་བཅས་ལྔ་རུ་ཕྱེ་བའི་གཙང་གི་རུ་ལག་སྟོང་སྡེ་བཅུའི་ནང་གི་ལྷ་རྩེར་ཡོད་པས་ན་རུ་ལག་ཅེས་གྲགས། གྲོམ་པ་རྒྱང་ཞེས་པ་ནི་སྲོག་ཆགས་གྲུམ་པའི་ཁ་འདྲ་བའི་བྲག་ལས་ཆུ་ཐོན་པའི་ས་སྐྱ་གྲུམ་ཆུ་ནས་རྒྱང་གྲགས་གཅིག་ཙམ་གྱི་སར་དགོན་པ་དེ་བཞེངས་པས་ན་གྲོམ་པ་རྒྱང་ཞེས་གྲགས།  དྲི་མེད་རྣམ་དག་ནི་སྲིན་མོའི་དཔྱི་མགོ་གཡོན་མ་གནོན་ཆེད་དུ་བཞེངས་པས་ན་དྲི་མེད་མེད་རྣམ་དག་གི་ལྷ་ཁང་ཞེས་གྲགས་ལ།  མཚན་གཞན་ལ་རྒྱང་དམར་གཙུག་ལག་ཁང་ཡང་ཞུ།  ཐོག་མར་ལྷ་ཁང་ཀ་བ་བཞི་ལྡན་གཅིག་བཞེངས་པའི་རྟེན་གཙོ་ཆོས་རྒྱལ་སྲོང་བཙན་གྱི་སྤྲུལ་པའི་ཨ་ཙརྱ་སྤུན་བདུན་གྱིས་བཞེངས་པར་གྲགས་པའི་ཇོ་བོ་ཤཱཀྱ་མུ་ནི་འཇིམ་པ་ལས་གྲུབ་པ་མི་ཚད་ཙམ་དང་།  ཇོ་བོ་ལ་ཞལ་ཕྱོགས་པ་ཆོས་རྒྱལ་སྲོང་བཙན་གྱིས་རྫུ་འཕྲུལ་གྱིས་ཉིན་གཅིག་ལ་བཞེངས་པའི་རྣམ་སྣང་ཐོག་སླེབས།  དེ་ནས་ཉེ་བའི་སྲས་ཆེན་བརྒྱད་འདོམ་ཕྱེད་དོ་ཙམ།  མི་གཡོ་རྟ་མགྲིན་བཅས་ཆོས་རྒྱལ་སྲོང་བཙན་སྐབས་བཞེངས་པའོ།།

      2) སྐུ་གསུངས་ཐུགས་རྟེན་སྐོར་རགས་ཙམ།

 

རིམ་པས་ལྷ་ཁང་བཅུ་གྲངས་དང་། བར་སྐོར་སོགས་དེ་དག་གི་སྐུ་གསུང་ཐུགས་རྟེན་རགས་ཙམ་བརྗོད་ན། བར་སྐོར་གྱི་ལམ་ན་ཆོས་རྒྱལ་སྲོང་བཙན་དང་། གུ་རུ་རྡོ་རྗེ་གྲོ་ལོད། བཅུ་གཅིག་ཞལ།  བདེ་གཤེགས་བརྒྱད།  དུས་གསུམ་སངས་རྒྱས།  ཆོས་རྒྱལ་ལྷ་ཁང་ནང་རྒྱལ་བ་རི་ལྔ་དང་། ཚེ་དཔག་ལྷ་དགུ། རྡོར་སེམས་ཡབ་ཡུམ། ཀུན་བཟང་སོགས་དང་།  ཕྱི་རོལ་དུ་ཡུམ་ཆེན་མོ། འགྲོ་བ་ཀུན་སྒྲོལ།  དུས་གསུམ་སངས་རྒྱས།  སྒྲོལ་མ།  མཐར་སྐོར་དུ་རྣམ་སྣང་རིགས་ལྔའི་ལྷ་ཁང་ནང་མཁན་སློབ་ཆོས་གསུམ་དང་།   འཇམ་དབྱངས་སྨྲ་སེང་ལྔ།  དོན་ཞགས་ལྷ་ལྔ།  རྟ་མགྲིན།  མགོན་པོ་ཕྱག་བཞི་པ་འདི་སློབ་དཔོན་རིན་པོ་ཆེས་འཁོར་ལོ་བར་པ་གཏེར་ནས་བཞེས།  སྐོར་ལམ་ན་རིགས་ལྔ་མི་ཚད་འཇིམ་བཟོ།  ནུབ་ན་རྡོ་རྗེ་རྣམ་འཇོམས་ཁྲུས་ལྷ་བཞི། བཅུ་གཅིག་ཞལ། རྟ་མགྲིན། སྟོབས་པོ་ཆེ།  དོན་ཞགས་སོགས་འདི་བཞི་རྣམས་ཕལ་ཆེར་མུ་ཁྲི་བཙན་པོས་བཞེངས། ལྷ་ཁང་རྩེར་གུ་རུ་མཚན་བརྒྱད་དང་།  གཡུ་སྒྲོན་མ།  ལས་འཇོམས།  ལྷ་ཁང་གཅིག་ན་སྒྲོལ་ལྗང་།  གཅིག་ན་རྣམ་སྲས་བཅས་མི་ཚད་རེ།  སྒོ་སྲུང་ཀིང་ཀང་གཉིས་བཅས།  ཤག་སྐོར་ན་རྡོ་ལྷ་སངས་རྒྱས་སོ་ལྔ་དང་།  མཁན་སློབ་ཆོས་གསུམ།  རིགས་གསུམ་མགོན་པོ་མི་ཚད་ལྷག་ཙམ་སོགས་ཚོན་དབྱིབས་ཕུན་སུམ་ཚོགས་པ་ཡོད།  གསུང་རྟེན་ནི་མདོ་སྡེ་བསྐལ་བཟང་གསེར་ཡིག་ལག་བྲིས་མ་དང་། དེ་མིན་གསུང་འབུམ་ཁག་གཅིག་ཡོད།  གོང་གི་དེ་རྣམས་བཅུ་ཟུར་ཙམ་ཡིན།

 

3) དགེ་འདུན་གྱི་སྡེ་དང་ཆོས་འཆད་ཉན།

 

ཆོས་རྒྱལ་སྲོང་བཙན་སྐབས་ནས་ཁྲི་བཀྲ་ཤིས་བརྩེགས་པའི་བར་དགོན་འདིར་དགེ་འདུན་གྱི་སྡེ་ཡོད་མེད་བཤད་དཀའ།  བོད་བསིལ་བུའི་སྐབས་བོད་རྒྱལ་གླང་དར་གྱི་སྲས་འོད་སྲུང་དང་། དེའི་སྲས་མངའ་བདག་དཔལ་འཁོར་བཙན། དེ་ལ་སྲས་གཉིས་ཏེ་སྐྱིད་ལྡེ་ཉི་མ་མགོན་དང་།  ཆུད་མའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་གཉིས།  སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་བྱོན་ནས་མངའ་རིའི་རྒྱལ་བརྒྱུད་རྣམས་དང་།  ཁྲི་བཀྲ་ཤིས་བརྩེགས་པ་ལ་སྟོད་བྱང་རུ་ལག་གི་ས་ཆར་རྒྱལ་སྲིད་བསྐྱངས་ནས་སྲས་གསུམ།  དཔལ་ལྡེ།  འོད་ལྡེ།  སྐྱིད་ལྡེ་སྟེ།  སྨད་ཀྱི་ལྡེ་གསུམ་མམ་ལྷ་རྩེ་ལྷ་བཙན་གསུམ་མམ་ལྷ་རྩེ་ཆེད་གསུམ།  ཁོང་གསུམ་ནས་ལྷ་རྩེར་རྒྱལ་སྲིད་བསྐྱངས་སྐབས་ལྷ་རྩེའམ་རུ་ལག་གི་ས་ཆར་འདུལ་བའི་བསྟན་པའམ་དགེ་འདུན་གྱི་སྡེ་མེད་པས། བཙན་པོ་དཔོན་འཁོར་རྣམས་གྲོལ་མོས་ནས་འུ་ཅག་ལ་སྐྱ་མཆོད་གནས་ཤིག་དགོས་པར་འདུག་པས་སུ་འཐད་གང་ནས་གདན་འདྲེན་བརྩད་གཅོད་གནང་བས།  དེའི་ཚེ་ཞྭ་ལུ་རྒྱན་གོང་ན་ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་།  ལྕེ་བཙུན་ཤེས་རབ་སེངྒེ་ཡབ་སྲས་བསྟན་པ་སྐྱོང་བ་གསན་ནས་དེར་ཞུ་ཡིག་ཕུལ་ནས་བཙན་པོའི་དབུ་བླ་རྫོང་དགོས་ཚུལ་ཞུས་པས།  ལོ་སྟོན་རྡོ་རྗེ་དབང་ཕྱུག་ནས་རང་རེ་བསྟན་པ་འཕེལ་བའི་རྒྱུ་ཡིན་པས་ཤིན་ཏུ་ལེགས་གསུངས་ནས་ཡབ་སྲས་རྣམས་གྲོས་མོལ་བས།  རྒྱ་ཤཱཀྱ་གཞོན་ནུ་དང་།  སེ་ཡེ་ཤེས་བརྩོན་འགྲུས།  ཉང་རྡོ་རྗེ་རྒྱལ་མཚན་གསུམ་རྫོང་དགོས་ཐུགས་ཐག་ཆོད།  ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། ལྕེ་བཙུན་གཉིས་ནས་ཁོང་གསུམ་ལ་རང་རེ་བསྟན་པ་འཕེལ་བའི་རྒྱུ་ཡིན་པས་རུ་ལག་གི་ས་ཆར།  ལྷ་རྩེ་བཙན་པོའམ་སྨད་ཀྱི་ལྡེ་གསུམ་གྱི་གྲོམ་པ་རྒྱང་དུ་འདུལ་བའི་བསྟན་པ་སྤེལ་ཕྱིར་བླའི་མཆོད་གནས་ལ་འགྲོ་དགོས་ཚུལ་དང་བསླབ་བྱ་གནང་།  དེ་ནས་ཁོང་གསུམ་དང་ཕྱག་ཕྱིར་དགེ་སློང་ལྔ་དང་།  དགེ་ཚུལ་ལྔ།  དགེ་བསྙེན་གཉིས་དང་བཅས་པ་རྒྱང་དམར་གཙུག་ལག་ཁང་དུ་ཕེབས་ནས་ལྷ་རྩེ་བཙན་པོ་རྣམས་ཀྱིས་བདག་རྐྱེན་བླ་ན་མེད་མཛད།  ཁོང་རྣམ་པས་དུས་ངེས་མེད་ལ་རབ་བྱུང་བརྒྱ་ཕྲག་མང་པོ་བསྒྲུབས་ནས་ཡུལ་དེར་དགེ་འདུན་གྱི་སྡེ་ཆེན་པོ་དེ་སྔོན་མིག་གི་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་སྐབས་དེ་ནས་བཙུགས་སོ།།
དེ་ནས་ཁོང་མཆོད་ཡོན་ཐམས་ཅད་གྲོས་མཐུན་པར་ད་ལྟ་འུ་ཅག་ལ་འདུལ་བའི་བཤད་ཉན་ཙམ་ལས་མི་འདུག །འདིར་བསྟན་པ་ཡོངས་རྫོགས་ཤིག་མ་བྱུང་ཐབས་མེད་དུ་འདུག་པས་གྲྭ་པ་ཤེས་རབ་དང་བློ་ནུས་ཡོད་པ་འགའ་ཞིག་རྒྱ་གར་དུ་ཆོས་སློབ་ཏུ་གཏང་ན་དྲགས་པ་འདུག་གསུངས་ནས། མཁན་སློབ་དང་ཡོན་བདག་བཙན་པོ་རྣམས་ཀྱི་གྲོས་མཐུན་པས།  སྟག་ལོ་གཞོན་ནུ་ཚུལ་ཁྲིམས་དང་།  འབྲོག་མི་ཤཱཀྱ་ཡེ་ཤེས།  ལེང་བརྩོན་འགྲུས་སེངྒེ་བཅས་སྡུག་སྲན་དང་རྣམ་དཔྱོད་ཆེ་བར་དགོངས་ནས་རྒྱ་གར་ལ་འགྲོ་དགོས་གསུངས་ནས་ལྷ་རྩེ་བཙན་པོ་དང་། མཁན་སློབ་རྣམས་ཀྱིས་གསེར་མང་པོ་བསྐུར་ནས་ཞལ་བཀོད་གསུམ་མཛད་དེ། བསྟན་པའི་རྩ་བ་ཡིན་པས་འདུལ་བ་དང་།  བསྟན་པའི་སྙིང་པོ་ཡིན་པས་ཕར་ཕྱིན།  བསྟན་པའི་ཉིང་ཁུ་ཡིན་པས་གསང་བསྔགས་སློབས་གསུངས་ནས་བསླབ་སྟོན་གནང་། དེ་དག་ཤེས་ནས་ཚུར་འཁོར་བ་ན་གང་ལ་གང་འོས་པའི་བདག་རྐྱེན་དང་ཞབས་ཏོག་བསྒྲུབ་པའི་ཞལ་བཞེས་མཛད། ཁོང་རྣམ་པས་ཀྱང་མཁན་སློབ་དང་བཙན་པོའི་བཀའ་བཞིན་རྒྱ་གར་ལ་འགྲོ་བའི་ལམ་མང་ཡུལ་བཀྲ་ཤིས་པའི་ཡུལ་འདི་ལོ་ཙཱ་བ་ཐམས་ཅད་གེགས་མེད་བྱོན།  དེར་ཆུ་སྙོམས་ཟླ་བ་གཉིས་ཙམ་བཞུགས།    ཁོང་རྣམས་ལམ་བར་དང་བལ་ཡུལ་རྒྱ་གར་བཅས་བར་ལོ་ངོ་དགུ་ལྷག་ཙམ་བཞུགས་ནས་བོད་དུ་བདེ་བར་ཕེབས།  ལོ་ཙཱ་བ་གསུམ་ཡང་མཁས་པའི་མཐར་ཐུག་པ་གྱུར་ནས་སྟག་ལོ་ལོ་ཙཱ་བའི་བམ་རི་དང་།  རྒྱང་ཁང་དམར་དུ་དགེ་འདུན་སྟོང་ཕྲག་བརྒལ་བའི་སྡེ་བཙུགས་ཏེ་འདུལ་བའི་བསྟན་པ་དར་རྒྱས་སུ་མཛད། འབྲོག་མི་ལོ་ཙཱ་བ་ལ་མཁན་སློབ་དང་བཙན་པོ་རྣམ་པས་ཀྱང་རྡོ་རྗེ་ཐེག་པའི་བཀའ་དྲིན་ནོས་ནས་བླ་མར་བཀུར་ནས་ཡུལ་ཕྱོགས་འདིར་མདོ་སྔགས་བཟུང་འབྲེལ་གྱི་བསྟན་པ་དང་།  ལྷག་པར་གྲུབ་ཆེན་བིར་ཝ་པ་ནས་བརྒྱུད་པའི་དཔལ་ལྡན་ས་སྐྱ་བའི་ལམ་འབྲས་ཞེས་མཚན་སྙན་པའི་བ་དན་ས་གསུམ་ན་གཡོ་བ་དེ་ཉིད།  བོད་དུ་དར་བ་མཛད་པ་ལ་ལྷ་རྩེ་བཙན་པོ་རྣམས་ཀྱི་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་དེ་ལ་འདི་ལྟར་སྨོས་སོ། །པུ་རྒྱལ་བརྒྱུད་པ་དཔལ་འཁོར་བཙན་དང་སྲས།  །བཀྲ་ཤིས་བརྩེགས་པས་ལ་སྟོད་རུ་ལག་ས། །རྒྱལ་སྲིད་བསྐྱངས་ནས་ལྷ་ཁང་ཉམས་གསོ་དང་།  །བསྟན་ལ་སྲིད་ཞུ་བླ་ན་མེད་པར་མཛད། །དེའི་སྲས་ལྷ་རྩེ་ཆེད་གསུམ་ཞེས་གྲགས་པས།  །རྒྱ་སེ་མྱང་གསུམ་གདན་དྲངས་རབ་བྱུང་སྡེ། །ཡུལ་ཕྱོགས་འདི་རུ་ཐོག་མར་དར་སྤེལ་མཛད། །དགེ་འདུན་སྲིད་ཞུའི་མཛད་རྗེས་ཨེ་མ་ཧོ། །གངས་ལྗོངས་ལོ་ཙཱ་སྟག་འབྲོག་ལེང་གསུམ་པོ། །འཕགས་ཡུལ་བྱོན་པར་བདག་རྐྱེན་བླ་མེད་མཛད། །ཁྱད་པར་གསུང་ངག་ལམ་འབྲས་རིན་པོ་ཆེ། །བོད་དུ་དར་བར་བཀའ་དྲིན་ཆེ་བ་ཁུམ། །ཞེས་སྨྲས་པའོ། །

དེ་ནས་བཙན་པོའི་རྒྱུད་པ་རྣམས་ཉམས་གུད་དུ་གྱུར་ནས་དགོན་འདིར་ཡང་། རབ་བྱུང་གི་སྡེ་ལས་ཡོངས་སུ་ལྡོག་སྟེ།  བླ་མའི་མིང་ཅན་ཆང་ལ་བག་མེད་དུ་ལོངས་སྤྱོད་པ་དག་གིས་བདག་གཉེར་མཛད་པ་མི་ནམ་སྙམ། དཔལ་ས་སྐྱ་བ་ཆེན་པོའི་ལམ་འབྲས་བླ་མ་མཁྱེན་བརྩེའི་དབང་ཕྱུག་མཆོག་ནས་དེ་ནུབ་རྒྱང་གི་གཙུག་ལག་ཁང་དུ་བསྡད། དེར་རྟེན་མཇལ་བྱེད་པར་བརྩམས་པས་རྒྱང་གྲྭ་ཚང་གི་རྒྱུགས་སྒྱུར་བྱེད་པ་དང་ཐུག །ལྷ་ཁང་སོ་སོ་ན་གཉེར་ཚང་ཆང་ཚང་སོགས་བྱས་ཡོད་པས་མི་གཏོང་ཟེར་བ་ལ།  བླ་མ་དེའི་ཉེ་གནས་ཕེར་ཕེར་མོ་བྱེད་པའི་ཐེབ་ཤོག་པ་ཞིག་གདའ་བ་བཟབས་ནས་དེ་བོས་ནས་ཇ་ཆང་སོགས་ཞུས་པས་དགྱེས་བཞིན་དུ་ཁྲོལ་ཏེ་ཕྱིན་ཞེས་གསུངས། སྐབས་དེ་དུས་ཞིག་གསོ་གནང་སྐབས་ཁེལ་བ་ཡིན་ནམ། གང་ལྟར་དེ་མིན་ན་དགེ་འདུན་སྡེ་ལས་ཡོངས་སུ་ལྡོག །དེ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ་དབུ་བརྙེས་ནས་དགོན་འདི་ལ་བདག་སྐྱོང་བླ་མེད་མཛད། དགེ་འདུན་རྣམས་ལ་གཞུང་རང་ནས་གཟིགས་སྐྱོང་ཡོད། བར་སྐབས་ཉམས་གུད་དུ་གྱུར་ནས་༸གོང་ས་བཀའ་དྲིན་ཟླ་མེད་སྐུ་ཕྲེང་བཅུ་གསུམ་པའི་སྐབས་གཙུག་ལག་ཁང་སོགས་ཁོར་ཡུག་གི་བཀོད་པ་ཉམས་གསོ་གྲུབ་ནས་སྤྱི་ལོ་ ༡༩༣༦ ལོ་ནས་དགོན་འདི་བདག་དབང་མང་མཁར་དགའ་ལྡན་དར་རྒྱས་གླིང་པ་ལ་གནང་། དར་གླིང་པས་དགེ་འདུན་ཞལ་གྲངས་བཅུ་རྒྱུན་བཞུགས་ཀྱིས་རྟག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚེ་ཚེ་སྒྲུབ་རྗེ་བཙུན་རྣམ་པ་རྒྱལ་མའི་ཆོ་གའི་ཐོག་ནས་བསགས་ཏེ་ལོ་ལྟར་ཇི་བྱུང་འབུལ་མི་གཏོང་བའི་ཕྱག་སྲོལ་བཟང་པོ་ཞིག་ཀྱང་ཡོད། སྤྱི་ལོ་ ༡༩༥༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྐབས་གྲོ་མོ་བརྒྱུད་གཞི་ཀ་རྩེར་ཕེབས་སྐབས་དམངས་ལ་མཇལ་ཁའི་སྐབས་དགོན་འདི་ནས་སྐུ་ཚེ་ཚེ་སྒྲུབ་འབུལ་མི་གཉིས་ནས་སྐུ་ཚེ་ཚེ་རིལ་དང་སྒྲུབ་ཐོ་བཅས་འབུལ་ཐུབ་པའི་སྐལ་བཟང་དང་། གང་ནས་ཡིན་ཞེས་བཀའ་འདྲི་ཡང་གནང་བྱུང་ཞེས་སྐུ་ཚེ་ཚེ་སྒྲུབ་འབུལ་མི་དར་གླིང་དབུ་ཟུར་པིག་ཐར་ལགས་ཀྱིས་གསུངས། གཞི་གསུམ་ཡང་ཉམས་པ་སླར་གསོ་གནང་ནས་འདུལ་བའི་བསྟན་པ་སླར་འཕེལ་ནས་ང་དགུའི་བར་དུ་ཡོད། རྒྱང་གི་རྡོར་སློབ་ནི་བཀྲ་ཤིས་ལྷུན་པོ་ནས་ཕེབས་ཀྱི་ཡོད།

 

4) ཉམས་གསོའི་སྐོར།

 

བོད་ཀྱི་རྒྱལ་པོ་གླང་དར་གྱི་སྲས་འོད་སྲུང་དང་།   དེའི་སྲས་དཔལ་འཁོར་བཙན་གྱིས་ལྷ་རྩེ་རྫོང་མཁར་གསར་དུ་བརྩིགས་ནས་ཡུལ་འདིར་དབང་བསྒྱུར། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པས་རུ་ལག་གི་སར་རྒྱལ་སྲིད་བསྐྱངས་སྐབས།  གྲོམ་པ་རྒྱང་གི་ལྷ་ཁང་འདི་ཡང་མེས་པོའི་ཤུགས་བཞག་གི་ལྷ་ཁང་ཡིན་པས་དེར་བདག་སྐྱོང་བླ་མེད་མཛད། དེ་ནས་སྤྱི་ལོ་ ༡༦༠༠ ནང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་དབོན་རྗེ་ངག་དབང་བློ་གསལ་བསྟན་པས་གཙུག་ལག་ཁང་ཞིག་གསོས་རྒྱ་ཆེ་གནང་ཞིང་དེར་གྲུབ་པའི་རབ་གནས་ལ་ལམ་འབྲས་བླ་མ་མཁན་ཆེན་བསོད་ནམས་ཆོས་འཕེལ་གདན་དྲངས། དེ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་༸གོང་ས་ལྔ་པ་ཆེན་པོའི་བསྟན་སྲིད་བདེ་ཐབས་ལ་སྔར་བྱུང་མ་མྱོང་བའི་ཉམས་གསོ་རྒྱ་ཆེན་པོ་གནང་བ་ནི། གྲོམ་པ་རྒྱང་གི་ལྷ་ཁང་དུ་མཆོད་པ་སྣ་ལྔ་ལྔ་ཚར།  ཇོ་བོ་རིན་པོ་ཆེའི་དབུ་ཐོག་རྒྱ་ཕིབས་དང་།  ཟུར་ལྕོག་བཞིའི་གཉྫི་ར། མདའ་ཡབ་ཀྱི་རྫ་རྣམས་གསེར་ཟངས་ཀྱིས་བརྗེས། ཀླུ་རྒྱལ་དང་བྱམས་པ་མཆེད་བཞིའི་དབུ་ལ་གསེར་ཐོག་གསར་འབུབ་གནང་བ་སོགས་ཀྱི་གསར་པའི་རྒྱུ། ཟངས་མཁར་ཁལ་ཆིག་སྟོང་ཆིག་བརྒྱ་སུམ་ཅུ།  གསེར་བཙོ་མ་ཞོ་བཞི་སྟོང་དྲུག་བརྒྱ་བརྒྱད་ཅུ། དངུལ་ཆུ་ཞོ་ཉིས་ཁྲི་སུམ་སྟོང་བཞི་བརྒྱ་བཅུ་བཞི་སོང་། གོང་གསལ་ཉམས་གསོ་རྒྱ་ཆེན་པོ་གནང་བ་རྣམས་བར་དུ་ཉམས་གོག་ཇེ་ཆེར་ཕྱིན་པར་བརྟེན། ༸གོང་ས་བཀའ་དྲིན་ཟླ་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོའི་ཐུགས་བསྐྱེད་རྨད་དུ་བྱུང་བའི་བཀའ་དྲིན་འོག །བོད་གཞུང་དགའ་ལྡན་ཕོ་བྲང་ནས་བོད་བསྟན་སྲིད་བདེ་ཐབས་སུ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་ཉམས་གསོ་དང་། ལྷ་རྩེར་རུ་ལག་གྲོམ་པ་རྒྱང་འདི་ཡང་ཉམས་གསོ་རྒྱ་ཆེན་པོ་གནང་ཡོད། གཞུང་ནས་གཙོ་བོའི་དོ་དམ་དུ་རྒྱང་ཚ་ཤོ་བ་བསྐོ་གཞག་དང་། ལྷ་རྩེ་མངའ་ཞབས་ནས་ལས་མི་སྐུལ་གཏོང་སོགས་གང་ལྟར་ལོ་བཅུའི་རིང་ཉམས་གསོ་ཞིབ་ཚགས་གནང་ནས་ཁོར་ཡུག་གི་བཀོད་པ་ནི་ལྷ་ལྡན་གཙུག་ལག་ཁང་དང་འདྲ་མཚུངས་ཡོད།
སྤྱི་ལོ་ ༡༩༣༦ ལོརའིབོད་ཟླ་དྲུག་པའི་ནང་འཁོན་རིགས་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཐུ་སྟོབས་དབང་ཕྱུག་སྐུ་འཁོར་རྣམས་གདན་དྲངས་ནས་རབ་གནས་དང་། ཁྲི་ཆེན་མཆོག་གིས་དབུས་བླ་ཆེན་མི་ཆེན་རྣམས་གདན་དྲངས་ནས་བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཟིན་པའི་དགའ་སྟོན་ལ་ཡུལ་ཕྱོགས་གང་ས་ནས་ཕོ་མོ་རྒན་ཞོན་གནས་མཇལ་ཞུ་མི་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟ་བུས་ཡངས་པའི་ས་གཞི་ཡང་མོག་མོག་པོ་བྱེད་པ་ལྟར་ཡོད།  ཉེ་འཁོར་དུ་ཡོད་པའི་གྲོང་སྡེ་ཁག་ནས་ཀྱང་སོ་སོའི་ཐུན་མོང་མ་ཡིན་པའི་གཞས་ཆེན་དང་ཞབས་བྲོ་བཅས་འཁྲབ་ནས་དགའ་སྐྱིད་ཕུན་སུམས་ཚོགས་པ་བྱས་ཡོད།   དེའི་དུས་ཆེན་དེ་ལ་རྒྱང་སྐོར་ཞེས་ལོ་སྟར་བྱེད་ཀྱི་ཡོད་པས་ལྔ་བཅུ་ང་དགུའི་བར་དང་། དེ་ནས་ལོ་སུམ་ཅུའི་རྗེས་ནས་དེང་གི་བར་ཡོད་པ་བཅས། སྤྱི་ལོ་ང་དགུའི་དུས་ངན་སྐབས་དེ་དག་རྩ་གཏོར་སོང་ནས་ཅི་ཡང་ལྷག་མེད། ད་ལྟའི་པར་འདི་ནི་ལྷ་རྩེ་གྲོང་སྡར་དཀོར་བ་ཆེད་གྲོགས་པས་བཞེངས་པའི་ལྷ་ཁང་དེའོ། །སྨས་པ། སྔོན་ཚེ་ཆོས་རྒྱལ་སྲོང་བཙན་གནས་གཞི་བཙུགས། །བར་དུ་མངའ་བདག་གདུང་དང་དབོན་རྗེ་སོགས། །ཐ་མ་བོད་གཞུང་དགའ་ལྡན་ཕོ་བྲང་ནས། །ཞིག་གསོས་ང་དགུའི་བར་དུ་ལྷམ་མེར་གསལ།།

 

5) བོད་གཞུང་ནས་བསྟན་སྲིད་སྤྱི་རིམ།

 

ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸རྒྱལ་བ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་མཆོག་ནས་མེ་འབྲུག་ཧོར་ཟླ་བདུན་པའི་ནང་བསྟན་སྲིད་སྤྱི་རིམ་དུ་ལྷ་ས་དང་།  ར་མོ་ཆེ།  ཡེར་པ། ཕ་བོང་ཁ། གཙང་འགྲམ།  གྲོམ་པ་རྒྱང་རྣམས་སུ་མཆོད་འབུལ་སྙན་ཤལ། ས་རྟ་ལོར་ཟླ་བ་དང་པོའི་ཚེས་བདུན། ཁྱད་པར་སྟོད་ཕྱོགས་ཀྱི་མི་མཐུན་ཞི་ཕྱིར།  རི་བོ་བཀྲ་བཟང་།  པྲ་དུན་རྩེ།  གྲོམ་པ་རྒྱང་།  ཟབ་ཕུའི་མགུར་བཞི་ནས། གཤེན་རྗེ་དམར་ནག་གི་གནན་སྲིད་འཕང་གསུམ། མ་མདོས། འགོང་པོ་ཨར་གཏད། ཧོར་ཟླ་ལྔ་པ། པུར་རྒྱལ་བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་ཕྱིར། གྲོམ་པ་རྒྱང་དུ་ཆོས་རྗེ་ཆུ་མིག་པ་གྲྭ་སློབ་ཉེར་གཉིས་ཀྱིས་ཁྲོ་རོལ་དང་། གཤིན་རྗེའི་དགྲ་གནན་སྒྲུབ་ཞག་བདུན་རེ། རབ་གནས། སྦྱིན་སྲེག །བརྒྱགས་རྔན་གསུམ་ཉིན་རེ།  རྒྱབ་ཆོས་པ་དགེ་ལུགས་བྱེད་བཞིན་པ་བརྒྱས་ཞག་བདུན་གྱི་བར་ཤེར་སྙིང་ཆིག་འབུམ་སུམ་ཁྲི་ཉིས་བརྒྱ། ༸གོང་ས་ལྔ་པའི་སྐབས་ནས་ང་དགུའི་བར་ཡོད་པ་ནི། བོད་འབངས་སྤྱིའི་བདེ་ཐབས་སུ་སྨིན་དྲུག་ཟླ་བར། གྲོམ་པ་རྒྱང་གི་ལྷ་ཁང་རྟེན་གཙོ་ཇོ་བོའི་སྤྱན་སྔར་ལྷ་རྩེ་ཆོས་སྡེ་བའི་མཚན་ཉིད་ཁ་གཙང་གིས་ལོ་གཉིས་དང་། ཕུན་ཚོགས་གླིང་གི་ལོ་གཅིག་བཅས་རེ་མོས་ཀྱིས་ལོ་རེའི་བོད་ཟླ་བཅུ་པའི་ཚེས་བཅུ་བཞི་ནས་བཟུང་བདུན་ཕྲག་གཅིག་རིང་རང་གཞུང་ནས་མང་ཇ་གསུམ་རེའི་མཐུན་རྐྱེན་སྟར་ཆགས་གནང་བ་སོགས་མཛད་ནས་བསྟན་འགྲོར་ཕན་པའི་སྤྱི་རིམ་དུ།  གཙོ་བོ་གདུགས་དཀར་དང་། ཤེར་སྙིང་བདུད་བཟློག་གྲངས་གསོག སྒྲོལ་མ་ཚེ་གཟུངས་སོགས་སྐུ་རིམ་གནང་དགོས་ཡོད།  བོད་ཟླ་གཉིས་པའི་ནང་།  ལྷ་རྩེ་རྫོང་ནས་འགྲོ་སོང་གིས་ལྷ་རྩེ་ཆོས་སྡེ་ནས་དགེ་འདུན་བརྒྱད་ཙམ་ནས་  བདུན་གཅིག་རིང་སྟོང་མཆོད་འབུལ་བཤམས་གནང་གི་ཡོད། དེ་དང་དུས་མཚུངས་སུ་དེ་ཁུལ་གྱི་ཆོས་རྒྱུད་ཚང་མ་གཞུང་ནས་མཐུན་རྐྱེན་གནང་ནས་བོད་བསྟན་སྲིད་སྤྱི་རིམ་དུ། བདུན་གཅིག་གཉིས་དགེ་འདུན་གྲངས་བཅད་ཀྱིས་ཞབས་རིམ་རྣམས་དགོན་པ་སོ་སོའི་ཆོ་ག་གཞིར་བཟུང་བླ་མ་གོང་མའི་ཕྱག་བཞེས་བཞིན་གནང་གི་ཡོད། དུས་རྒྱུན་དུ་དེ་གའི་དགེ་འདུན་རྣམས་ནས་རྣམ་རྒྱལ་མའི་ཆོ་གའི་ཐོག་ནས་ཚེ་སྒྲུབ་གནང་བའི་ཚེ་རིལ་དང་འབུལ་ཐོ་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་གི་ཡོད། གོང་གི་དེ་ནི་ས་བོན་ཙམ་དུ་བཀོད་པ་ཡིན།

 

དཔྱད་གཞིའི་ཡིག་ཆ།

 

༡༽ ༸གོང་ས་ལྔ་པའི་གསུང་རྣམ་དུ་ཀཱུ་ལའི་གོས་བཟང་།  ༢༽ ལམ་འབྲས་བླ་མ་མཁྱེན་བརྩེ་དབང་ཕྱུག་གི་རྣམ་ཐར།  ༣༽ མཁན་ཆེན་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར། ༤༽ ས་སྐྱ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཐུ་སྟོབས་དབང་ཕྱུག་གི་རྣམ་ཐར།  ༥༽ ༸གོང་ས་བཅུ་གསུམ་པ་ཆེན་པོའི་རྣམ་ཐར། ༦༽ ལྷ་རྩེ་ཆོས་རྫོང་གི་བྱུང་རབས་ཐུབ་བསྟན་མཛེས་རྒྱན། ༧༽ ཡུལ་ལུང་གིས་མི་རྒན་པ་རྣམས་ཀྱི་ངག་རྒྱུན་བཅས་སོ།།
དྲ་མིང་ལྷ་རྒོད་གངས་རི། དངོས་ཡེ་ཤེས་རྒྱལ་མཚན་གྱིས་ཕྱི་ལོ་ ༢༠༡༩ ཟླ་བ་ ༡ ཚེས་ ༢༦ ལ།།

བརྒྱུད་སྐུལ།

མཆན་སྤེལ།