རྒྱ་དམར་ཇག་ཚོགས་ཀྱིས་དཔའ་མོ་ཀུན་བཟང་མཆོག་དམར་གསོད་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བར་མྱ་ངན་རྗེས་སླད་དུ་དཔའ་མོ་མཆོག་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་ཞུའོ།།

རྒྱ་དམར་ཇག་ཚོགས་ཀྱིས་དཔའ་མོ་ཀུན་བཟང་མཆོག་དམར་གསོད་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བར་མྱ་ངན་རྗེས་སླད་དུ་དཔའ་མོ་མཆོག་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་ཞུའོ།།

ལས་སློབ་གཉིས་ཀྱི་བར་གསེང་ནས། དཔའ་མོ་ཀུན་བཟང་མཆོག་གི་ལོ་རྒྱུས་མདོར་སྡུས་འདི་བྲིས་པ་ཡིན། ཆད་ལྷག་སོགས་ཇི་སྙེད་ཅིག་བྱུང་སྲིད་པས་དྲ་གྲོགས་ཚོས་ལེགས་སྤེལ་ཉེས་འགོག་གནང་རོགས་གྱིས།

འཇིགས་ཞུམ་བྲལ་བའི་དཔའ་མོ།

 

ངས་པོ་རྒྱལ་མཚན།

 

ཚ་རོང་ཟླ་དགྲ་འདུལ་མཆོག་གི་གཅུང་པོ་བསོད་ནམས་དབང་འདུས་ལགས་ཀྱི་བཟའ་ཟླ་དང་པོར་བུ་གཅིག་དང་བུ་མོ་རིག་འཛིན་དང་ཀུན་བཟང་གཉིས་ལས་བུ་མོ་རྒན་པ་ཚ་རོང་ཀུན་བཟང་ལགས། སེ་གྲོང་གཡུ་སྨད་ཀྱི་མནའ་མར་སོང་ཡང་མཐུན་པོ་མ་བྱུང་སྟབས་ཁ་བྲལ། རྗེས་སུ་ཀུན་བདེ་གླིང་དུ་ཡོད་པའི་གུར་སྟེང་ལྡེ་འཆང་བློ་བཟང་བཀྲིས་ལགས་དང་འཁྲུངས་ས་བསྐྱོན་ནས་སྤྱི་ལོ་ ༡༩༥༣ ལོར་སྲས་མོ་ཚེ་བརྟན་དབྱངས་སྐྱིད་ལགས་འཁྲུངས། དེ་ནས་རིམ་པས་དཔའ་མོ་མཆོག་གི་མཚན་ལ་ཀུན་བདེ་གླིང་གུར་སྟེང་ཀུན་བཟང་ཞེས་འབོད་ཀྱི་ཡོད། “ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་རྩེ་ཕོ་ཏ་ལའི་ཕོ་བྲང་མདུན་དུ་རྒྱལ་གཅེས་བུད་མེད་ཚོགས་པའི་བུད་མེད་རྣམས་འཛོམས་འདུག་པས་དེར་ང་ཡང་སྐད་བཏང་བྱུང་། ང་ཚོ་བུད་མེད་ཚོགས་པའི་རྒྱུན་ལས་རྣམས་ནི་ང་ཚོའི་ལས་འགུལ་ལ་བརྟེན་ནས་རྒྱ་མིས་ང་ཚོ་བཟའ་འཚོ་བུ་ཕྲུག་དང་བཅས་པར་མནར་གཅོད་བཏང་མི་ཡོང་ངམ་བསམ་པའི་འཇིགས་སྣང་སྐྱེས་པ་དང་།

 

རྒྱལ་གཅེས་བུད་མེད་ཚོགས་པ་བྱིངས་ནི་དེ་ལྟར་མ་ཡིན་པར། དཔེར་ན། བོད་ལྗོངས་དམག་སྤྱི་ཟུར་པ་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་གཅུང་པོ་ཚ་རོང་ཕྱག་མཛོད་མཁྱེན་རབ་ལགས་ཀྱིས་སྲས་མོ་བགྲེས་ཤོས་ཀུན་བཟང་ལགས་ནས་ཕ་རན་སིའི་དཔའ་མོ་གྲགས་ཅན་འཇོན་ཨོབ་ཨག་Joan of Arc ༼ཕྱི་ལོ་ ༡༤༡༢ ཟླ་ ༡ ཚེས་ ༦ བཙས། ཕྱི་ལོ་ ༡༤༣༡ ཟླ་ ༥ ཚེས་ ༣༠ ཉིན་གྲོངས།༽ ཅེས་པ་དེ་ནང་ལྟར་བློ་སྟོབས་ཆེན་པོའི་སྒོ་ནས་ལྷ་ས་ཡོངས་ཀྱི་བུད་མེད་རྣམས་ཀྱི་འགོ་ཁྲིད་བྱེད་ཀྱི་འདུག རྣམ་ཀུན་ཁོང་རང་ངོ་ཚ་སྨིན་པོ་འདྲ་པོ་ང་ཚོ་ཡང་གུས་བཀུར་ཆེན་པོ་བྱེད་མཁན་གཅིག་ཡིན་ཀྱང་། དེ་དུས་ཁོང་གིས་ང་ཐུག་པ་དང་སྦྲགས་རང་བདེ་སྐྱིད་གླིང་དུ་རྒྱ་གར་སྐུ་ཚབ་སར་ཕེབས་ནས་དེར་བཞུགས་རྒྱ་གར་སྐུ་ཚབ་ཆིའི་བྷར་སབ་ལ་རྒྱ་གར་གཞུང་ནས་ང་ཚོར་རོགས་རམ་གནང་དགོས་ཞུ་བར་ཕེབས་ཤིག་ཟེར་ཞིང་། དེ་ལྟར་ང་ཀྱང་རྒྱ་གར་གཞུང་ཚབ་བཞུགས་ཡུལ་བདེ་སྐྱིད་གླིང་དུ་ལག་སེང་བསྐྱོད་དེ་གནས་ལུགས་ཞུས་པ་ཆིའི་བྷར་སབ་ནས། ང་ཚོས་རྒྱ་གར་གཞུང་ལ་ལམ་སེང་སྙན་སེང་ཞུས་ཚར་པ་ཡིན་གསུངས་བྱུང་། དཔའ་མོ་ཀུན་བཟང་གིས་འགོ་འཁྲིད་འོག་ལྷ་ས་བར་བསྐོར་ནང་སྐད་འབོད་ཆེན་པོས་བོད་རང་བཙན་ཡིན་ཞེས་དང་། ཉི་མ་དེ་རིང་ནས་བཟུང་རྒྱ་མི་དམར་པོ་རྣམས་བོད་དུ་སྡོད་མི་དགོས་ཕར་རྒྱུགས་ཞེས་སོགས་སྐད་འབོད་བྱེད་བཞིན་འདུག་པ་དང་། ལྷ་སའི་ཁྲོམ་གཞུང་དུ་ཚོང་ཁང་ཚང་མ་སྒོ་བརྒྱབས་ནས་སྐད་འབོད་བྱེད་མཁན་གྱི་བུད་མེད་སྟོང་ཕྲག་ཁ་ཤས་ཡོད་པ་དེ་རྣམས་མ་གཏོགས་གཞན་སུ་ཡང་མཐོང་རྒྱུ་མི་འདུག་ཅིང་། དེ་དུས་རྒྱ་མིས་ཁང་པ་ཚང་མའི་ཐོག་ཁ་རྣམས་ཀྱི་སྟེང་དུ་ལག་ཏུ་མེ་མདའ་འཁྱེར་ནས་བསྡད་ཡོད་པ་དང་། རྒྱངས་གྲགས་ཀྱི་ཐོག་གལ་སྲིད་བོད་པ་ཡོངས་རྫོགས་ནས་མགོ་མ་སྒུར་པ་ཡིན་ན་ལྷ་སར་མེ་སྒྱོགས་རྒྱག་གི་ཡིན་ཞེས་ཡང་ཡང་བསྡིགས་ར་བསྐུལ་བཞིན་དུ་འདུག”
དེང་སྐབས་དྲན་གསོ་བྱེད་བཞིན་པའི་གསུམ་པའི་བཅུ་གཉིས་ཀྱི་ལས་འགུལ་སྣེ་ཁྲིད་པ། རྒྱལ་གཅེས་དཔའ་མོ་ཚ་རོང་ཀུན་བཟང་ངམ་ཀུན་གླིང་གུར་སྟེང་ཨ་མ་ཀུན་བཟང་མཆོག་ནི་དོན་དངོས་ཐོག་རྒྱ་མིའི་བཙོན་ཁང་ནས་སེམས་ཤུགས་དང་ལྷག་བསམ་འགྲན་ཟླ་བྲལ་བའི་རང་རེའི་བོད་ཀྱི་ཆེས་ཕུལ་བྱུང་གི་བུད་མེད་རྩེར་སོན་པ་ཞིག་རེད། ཁོང་མོ་དང་བཟའ་ཟླ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༢ ལ་རྒྱ་དམག་གིས་འཛིན་བཟུང་བྱས་ཏེ་བོད་དམག་ཁུལ་བཙོན་འཇུག་བྱས། སྐབས་དེ་དུས་ཁོང་གཉིས་ལ་ལོ་ངོ་དྲུག་ལ་གསོན་པའི་བུ་མོ་ཚེ་བརྟན་དབྱངས་སྐྱིད་ལགས་ཀྱང་བཙོན་དུ་མཉམ་དུ་ཁྲིད། རྒྱ་དམར་གྱིས་བོད་ལ་དྲག་པོའི་བཙན་འཛུལ་སྐབས། རྒྱ་དམར་གྱིས་༸རྒྱལ་བ་རིན་པོ་ཆེ་ཁོང་ཚོའི་དམག་སྒར་ལ་གཟིགས་མོར་ཆིབས་སྒྱུར་གནང་རྒྱུའི་གདན་འདྲེན་ཞུས་པ་ལྟར་ཞལ་བཞེས་གནང་ཡང་རྒྱ་དམར་གྱིས་སྐུ་སྲུང་མདའ་དཔོན་ལ་༸གོང་ས་མཆོག་གི་སྐུ་སྲུང་དམག་མི་འཁྲིད་ན་འགྲིག་གི་མ་རེད་ཅེས་དང་ཡང་ན་མཉམ་དུ་འཁྲིད་ཡང་མཚོན་ཆ་གཏན་ནས་འཁྱེར་མི་ཆོག་ཅེས་བཤད་པ་དང་། སྤྱི་ཟླ་ ༣ ཚེས་ ༩ སྐུ་སྲུང་མདའ་དཔོན་རྒྱ་མིའི་དམག་སྒར་ལ་དམིགས་བསལ་གྲ་སྒྲིག་གང་བྱས་ཡོད་མེད་ལྟ་རུ་འགྲོ་སྐབས་གྲ་སྒྲིག་གང་ཡང་མེད། རྒྱ་དམར་གྱིས་བོད་མི་རིགས་ཀྱི་བླ་སྲོག་༸གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཚེ་གཏོང་འདོད་ཡོད་པ་གསལ་པོར་ཤེས་རྟོགས་བྱུང་ནས། སྤྱི་ཟླ་ ༣ པའི་ཚེས་ ༡༠ ལྷ་ལྡན་བོད་མི་ཡོངས་ཀྱིས་རྒྱ་དམར་གྱི་གཡོ་ཇུས་ཞི་བའི་ངོ་རྒོལ་བྱས།

“ལྷ་ས་ཁུལ་དང༌། ཞོལ་ཁུལ་དུ་བུད་མེད་ཀྱི་འགོ་འཁྲིད་ཀུན་བདེ་གླིངགུར་སྟེང་ཀུན་བཟང་དང༌། དགའ་གླིང་ཤར་ཆོས་ལགས། རྒྱ་མཚོ་བཀྲ་ཤིས་ཀྱི་ཨ་མ་པདྨ་སྒྲོལ་དཀར། སྤེལ་གོང་ཕྱག་མཛོད་ཀྱི་བུ་མོ་སྤེན་སྒྲོན། ཞོད་ཤར་ལྕམ་སྐུ་ཞབས། གཞིས་གྲོ་སྒང་གི་ལྕམ། སླེའུ་ཤར་ཁང་གཉེན་ཚིགས་སྒྲོལ་མ། རམ་པའི་ཁང་གཉེན་ཚེ་བརྟན། རྟའུ་ཚང་སྒྲོལ་དཀར་དམ་པ་བློ་གྲོས་ཀྱི་སྐུ་ཟླ་སོགས་ནས་ཁུར་རྐང་ལེན་གྱིས་སང་ཉིན་ཞོལ་འབྲས་བུ་གླིང་ཐང་དུ་བུད་མེད་ཚང་མ་འཛོམས་དགོས་པའི་ལན་བརྡ་བཏང༌། ལྷ་ས་ཁུལ་གྱི་སྒེར་གཞུང་ཆོསབཅས་ཀྱི་ཁང་བདག་ཚང་མ་ཞོལ་ནས་ཁང་སྟེང་དུ་ཚོགས་འདུ་ཚོགས་ཏེ། ད་ཆ་བོད་མི་མང་ནས་རྒྱ་མིར་ངོ་རྒོལ་བྱ་རྒྱུའི་སྐོར་གོང་རིམ་གྱི་སློབ་སྟོན་གཞི་བཟུང་ལག་ལེན་བསྟར་རྒྱུ་དང༌། ཧོལ་རྒྱུགས་ཟིང་ཆའི་རྐྱེན་སློང་རིགས་མི་ཆོག་པ་ཁང་བདག་སོ་སོས་རང་རང་གི་མོ་ཡན་ཚོར་མོལ་ཁྱབ་བྱེད་དགོས་གོ་བསྡུར་བྱས། རྒྱ་མིས་ལྷ་སའི་ཉེ་སྐོར་འབྲོམ་སྟོད་དང༌། རྔ་ཆེན། སྟོད་ལུང་སོགས་དམག་སྒར་ཡོད་ས་ཁག་ནས་དམག་མི་དང༌། རྫས་དེལ། མེ་སྒྱོགས་སོགས་གྲིབ་དམག་སྒར་དང༌། རྒྱང་བསྒྲགས་གླིང་ཁའི་ནང་གི་དམག་སྒར་ལ་མཚན་མོ་རླངས་འཁོར་མང་པོའི་ནང་འོར་འདྲེན་བྱེད་པ་དང༌། དེ་བཞིན་ནོར་གླིང་གི་བྱང་རྒྱུད་རྐྱང་ཐང་སྒང་དང༌། ལྷོ་རྒྱུད་གཙང་འགྲམ་ནས་རླངས་འཁོར་ནང་དམག་མི་བདུན་བརྒྱད་གློག་སྐུད་བཟོ་མཁན་ཡིན་ཁུལ་གྱི་ཕྱོགས་གང་སར་ཞིབ་འཇུག་ཚད་འབེབས་བྱེད་པའི་གནས་ཚུལ་མཐོང་ཐོས་བྱུང༌། ཕྱི་ཚེས་ ༡༢ སྔ་དྲོའི་ཆུ་ཚོད་ ༨ ཙམ་ལ་ལྷ་ས་ནས་འབྲས་སྤུངས་དགོན་པར་འགྲོ་མཁན་གྲྭ་པ་གཅིག་དང༌། རོགས་མི་གཅིག་ལ་རྐྱང་ཐང་སྒང་དུ་བཅའ་སྡོད་རྒྱ་དམར་གྱི་འགྲིམ་འགྲུལ་འབབ་ཚུགས་ཁང་ནས་མེ་མདའ་བརྒྱབ་སྟེ་བསད་ཅིང༌། དེས་རྐྱེན་པས་ཀུན་གླིང་གི་བྱང་ཕྱོགས་བར་མ་རིའི་ཉེ་སྐོར་དུ་བཅའ་སྡོད་ང་དང་དམག་སྒར་གྱི་དམག་མིས་རྒྱ་མིའི་འབབ་ཚུགས་ཁང་དེར་མེ་མདའ་འགའ་ཤས་བརྒྱབ། སྟབས་ལེགས་ཀྱིས་མེ་མདའ་རྒྱག་རེས་ཕྲན་བུ་བྱས་ཏེ་མཚམས་ཆོད། འདི་ཉིན་གྲོང་ཁྱེར་ལྷ་སའི་བུད་མེད་སྟོང་ཕྲགགསུམ་བཞི་ཙམ་ཕོ་བྲང་མདུན་འབྲས་གླིང་གཡུལ་ཁའི་སྟེང་དུ་འཛོམས་ནས་ཐོག་མར་ལྷ་གསོལ་བསང་མཆོད་བྱས་རྗེས་བུད་མེད་ཀྱི་འགོ་ཁྲིད་པ་གུར་སྟེང་ཀུན་བཟང་སོགས་ནས་ང་ཚོའི་ྋརྒྱལ་བ་རིན་པོ་ཆེ་རྒྱ་མིའི་དམག་སྒར་དུ་གདན་འདྲེན་ཞུ་བའི་དུས་ཚོད་ཛ་དྲག་འདི་འདྲའི་སྐབས་ང་ཚོ་བུད་མེད་ཚོས་ལྟད་མོ་བལྟས་ཏེ་བསྡད་པའི་ག་ལ་འགྲིགས། ང་ཚོ་སྐད་འབོད་བྱེད་པར་འགྲོ་དགོས་ཟེར་བ་སོགས་བཤད་དེ་བུད་མེད་མང་ཚོགས་སྣེ་འཁྲིད་ཀྱིས་རྒྱ་མིའིདཔོན་རིགས་སྡོད་ཁང་གཡུ་ཐོག་མདུན་བསྐྱོད་དེ་བོད་འདི་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་ལོག་འགྲོ་དགོས་ཟེར་བ་སོགས་སྐད་འབོད་བྱས། དེ་ནས་ལྷ་སའི་བར་སྐོར་དུ་བསྐྱོད་དེ་ཁྲོམ་སྐོར་སྐད་འབོད་བྱས། གུར་སྟེང་ཀུན་བཟང་དང༌། དགའ་ལིང་ཤར་ཆོས་ལགས། རྒྱ་མཚོ་བཀྲ་ཤིས་ཀྱི་མ་པདྨ་སྒྲོལ་དཀར། རི་ཟུར་ཨ་མ་དབྱངས་ཅན། ཧ་ཡང་ལན་པར། རྒྱལ་མཚན་གཏེ་པོའི་ཨ་མ། ཤ་ཁྲོམ་ཨ་མ་མི་མིས་བཅས་བདེ་སྐྱིད་གླིང་ཁར་རྒྱ་གར་སྐུ་ཚབ་དང༌། ལྷ་སར་བལ་པོ། འབྲུག་པ། ཁ་ཆེའི་དཔོན་པོ་བཅས་པའི་སར་ཆེད་བསྐྱོད་ཀྱིས་”’རྒྱ་མིས་ང་ཚོའི་སྐྱབས་མགོན་རིན་པོ་ཆེ་དམག་སྒར་དུ་གདན་ཞུ་བྱེད་རྩིས་ལ་ང་ཚོས་བོད་མི་མང་ཚོགས་ནས་ངོ་རྒོལ་བྱེད་ཀྱི་ཡོད། གནད་དོན་འདི་དག་སྐོར་ལ་ཁྱེད་ཚོས་དཔང་པོ་བྱེད་དགོས་”ཞེས་སྤྲོད་བྱེད་པར་བསྐྱོད། མི་མང་འགོ་འཁྲིད་ཚོར་ཁ་སང་བཀའ་ཤག་བརྒྱུད་བཀའ་སློབ་བསྩལ་ཕེབས་སྐོར་གྲོས་བསྡུར་བྱས་པའི་མདོ་དོན། མི་མང་གི་ཚོགས་འདུ་སང་ཉིན་ནས་ནོར་གླིང་དུ་མ་ཚོགས་པར་ཞོལ་པར་ཁང་དུ་འཚོགས་རྒྱུ་དང༌། ཕོ་བྲངསྲུང་སྐྱོབ་འཐེན་རྗེས་རྒྱ་མིས་གདན་ཞུ་བྱས་ན་ང་ཚོའི་རྩ་དོན་ཤོར་ཟིན་པསསྲུང་སྐྱོབ་མུ་མཐུད་སྡོད་རྒྱུར་གྲོས་ཐག་བཅད།”


བུད་མེད་མང་ཚོགས་སྣེ་འཁྲིད་ཀྱིས་རྒྱ་མིའིདཔོན་རིགས་སྡོད་ཁང་གཡུ་ཐོག་མདུན་བསྐྱོད་དེ་བོད་འདི་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་ལོག་འགྲོ་དགོས་ཟེར་བ་སོགས་སྐད་འབོད་བྱས། དེ་ནས་ལྷ་སའི་བར་སྐོར་དུ་བསྐྱོད་དེ་ཁྲོམ་སྐོར་སྐད་འབོད་བྱས། གུར་སྟེང་ཀུན་བཟང་དང༌། དགའ་ལིང་ཤར་ཆོས་ལགས། རྒྱ་མཚོ་བཀྲ་ཤིས་ཀྱི་མ་པདྨ་སྒྲོལ་དཀར། རི་ཟུར་ཨ་མ་དབྱངས་ཅན། ཧ་ཡང་ལན་པར། རྒྱལ་མཚན་གཏེ་པོའི་ཨ་མ། མཚམས་ཁུང་ཨ་ཎེ་ཡོན་ཏན། ཤ་ཁྲོམ་ཨ་མ་མི་མིས་སོགས་ རྒྱལ་གཅེས་དཔའ་མོ་སྟོང་ཁྲག་མང་པོ་འཛོམས་ཏེ་ཚོགས་འདུ་ཚོགས་པའི་གྲོས་ཆོད་སྙིང་དོན་ནི།
༡༽རྒྱ་དམག་ཕྱིར་ལོག་འགྲོ་དགོས།
༢༽བོད་ཀྱི་བདག་པོ་བོད་མི་ཡིན།
༣༽བོད་ཀྱི་འཛིན་སྐྱོང་ཚང་མ་བོད་མི་རང་གིས་བྱེད་ཐུབ་ཀྱི་ཡོད།
༤༽རྒྱ་དམར་བོད་ནང་དུ་འཛིན་སྐྱོང་བྱེད་རྒྱུའི་དབང་ཆ་གང་ཡང་མེད།
༥༽དེ་ལྟར་མཚམས་འཇོག་མ་བྱུང་བར་འཐབ་རྩོད་མུ་མཐུད་བྱ་རྒྱུའི་སེམས་ཐག་གཙང་བཅད་ཀྱིས་དམ་བཅའ་བཞག དེ་བཞིན་རྒྱ་མིས་བོད་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་རྒྱུའི་ཐོབ་ཐང་མེད་ཅེས་སོགས་འཁོད་པའི་ཡི་གེ་རྒྱ་དམར་ལ་སྤྲད་ཡོད།དཔའ་མོ་གུར་སྟེང་ཀུན་བཟང་མཆོག་གིས་དབུ་ཁྲིད་ནས་རྒྱ་དམར་གྱི་གདུག་རྩུབ་རྒྱ་གཅེས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པར་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཁྲོམ་སྐོར་གཟི་བརྗིད་ལྡན་པ་གནང་ཡོད་པ་མ་ཟད། དེའི་ཉིན་ལྷ་ས་བདེ་སྐྱིད་གླིང་ཁར་རྒྱ་གར་སྐུ་ཚབ་དང༌། ལྷ་སར་བལ་པོ། འབྲུག་པ། ཁ་ཆེའི་དཔོན་པོ་བཅས་ཁག་སོ་སོར་ངོ་བཅར་གྱིས་རྒྱ་མིས་ང་ཚོའི་སྐྱབས་མགོན་རིན་པོ་ཆེ་དམག་སྒར་དུ་གདན་ཞུ་བྱེད་རྩིས་ལ་ང་ཚོས་བོད་མི་མང་ཚོགས་ནས་ངོ་རྒོལ་བྱེད་ཀྱི་ཡོད། གནད་དོན་འདི་དག་སྐོར་ལ་ཁྱེད་ཚོས་དཔང་པོ་བྱེད་དགོས་ཞེས་བདེན་པའི་རྒྱབ་སྐྱོར་ཡོང་བའི་སྙན་ཞུ་འཕུལ། “ཛ་དྲག་སྐབས་དེར་བུད་མེད་ཚོགས་པ་ཤུགས་ཆེ་ལངས་པ། ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན། ཕོ་བྲང་པོ་ཏ་ལའི་མདུན་ངོས་འབྲས་བུ་གླིང་གར་བུད་མེད་རང་འགུལ་གྱི་ཚོགས་པ་མི་འབོར་ཤིན་ཏུ་ཆེན་པོ་ཞིག་འདུས་ཏེ་ཁྲོམ་བསྐོར་སྐད་འབོད་དང་། ལམ་གཞུང་སྐྱ་ལྡེབས་གང་སར་ཕྱི་རྒྱལ་བཙན་འཛུལ་པ་རྒྱ་མི་དམར་པོ་འགོ་དམག་དམངས་དང་བཅས་པ་ང་ཚོ་བོད་ཀྱི་ས་ཆ་ནས་ཕྱིར་རྒྱུགས་ཤིག་ཟེར་བའི་སྦྱར་ཡིག་དང་། རྒྱ་དམར་གཞུང་ཚབ་སྡོད་གནས་སུ་སྦྱར་ཡིག་གཞི་བཟུང་གི་ཚིག་ཐོ་ཁ་གསལ་བཀོད་དེ་སྤྲད་ཡོད་འདུགསྐབས་དེར་ནོར་བུ་གླིང་གའི་ཕྱི་ནང་དང་ལྷ་ཞོལ་ཚང་མར་སྐྱེས་པ་ཡོད་ཚད་འཛིན་བཟུང་བཙོན་འཇུག་བྱས་ཁོངས་ནས། གོང་གསལ་བུད་མེད་ཚོགས་པའི་འགོ་འཁྲིད་ཀུན་གླིང་གུར་སྟེང་ཀུན་བཟང་དང་། དགའ་གླིང་ཤར་ཆོས་བཙུན་གཉིས་ལ་ལོ་མང་ཁྲིམས་ཞིབ་ནན་པོ་བྱས་ཏེ་མཐར་གུར་སྟེང་ཀུན་བཟང་ཉེས་ཆད་མེ་འཕེན་དམར་བསད་བཏང་འདུག་བོད་འདི་ཕྱི་རྒྱལ་སུ་ཞིག་དང་འདྲ་འདྲེས་སྤུ་ཙམ་མེད་པའི་རང་བཙན་རྒྱལ་ཁབ་རྩོད་མེད་ཡོངས་སུ་གྲགས་པ་རྒྱ་མིས་བཙན་འཛུལ་བྱས་སྟབས་མཚོན་ཆ་ཁབ་ཙམ་མེད་པར་བུད་མེད་ཀྱིས་རྒྱ་མི་ཕར་རྒྱུགས་ཟེར་བའི་ཞི་རྒོལ་སྐད་འབོད་ཀྱི་སྣེ་འཁྲིད་བྱས་ཉེས་ཟེར་ནས་བུད་མེད་སྲོག་ཐོག་བཏང་བ་འདིན་འཛམ་གླིང་ཁྲིམས་ལུགས་ཐམས་ཅད་ལས་འགལ་བའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ཀྱི་རྣམ་གྲངས་ར་སྤྲོད་གཅིག་ཡིན།”

བོད་ཀྱི་ཉག་ཕྲ་དུས་སྐབས་སུ་རྒྱལ་གཅེས་དཔའ་མོ་ཀུན་བཟང་མཆོག་གི་དབུས་པའི་དཔའ་མོ་གོང་མ་རྣམས་ནས་བོད་རང་བཙན་དོན་དུ་བསྟན་དགྲ་རྒྱ་དམར་ལ་ཞི་བའི་སྒེར་ལངས་བྱས་པར། རྒྱ་དམར་གྱིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་མི་ཆོས་ལས་འདས་པའི་དྲག་གནོན་གྱིས་རྒྱལ་གཅེས་དཔའ་མོ་སྟོང་ཕྲག་མང་པོ་དྲག་པོའི་མཚོན་ཆས་དམར་བསད་བཏང་ནས་དེ་ལས་མང་བ་མུན་པའི་བཙོན་ཁང་ལ་བཅུག
ཨ་མ་ཀུན་བཟང་ལགས་ཀྱི་བུ་མོ་ཚེ་དབྱངས་ཉིན་མཚན་འཁྱོལ་དཀའ་བའི་བཙོན་ཁང་མུན་ནག་ནང་དུ་ལོ་བདུན་ཙམ་དཀའ་སྡུག་མྱང་རྗེས་ཁོང་དགུང་ལོ་བཅུ་གསུམ་ཐོག་གློད་བཀྲོལ་བྱུང་། ཁོང་གི་ཨ་མ་ལགས་སུ་ལོ་ངོ་ཉི་ཤུའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཅུག སྡེ་ཆང་བློ་བཟང་བཀྲིས་ལགས་སོགས་བཙོན་ཁང་ནང་དུ་བཀྲེས་ལྟོགས་ཀྱིས་གྲོངས།

༢༩༨༣ལོར་ཁོང་གི་བཟའ་ཟླ་བུ་ཕྲུག་བཅས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་༸གོང་ས་མཆོག་མཇལ་བཅར་སྐབས་སུ་མགོན་པོ་མཆོག་གིས་ཞལ་དྲོན་མོ་ནས་ཁྱེད་ཀྱི་”ཨ་མ་རླབས་ཆེན་རེད་”ཅེས་བཀའ་བསྩལ།
ཚེ་དབྱངས་ལགས་ཀྱིས་བོད་དུ་ཕྱིར་ཕེབས་བོད་རང་སྐྱོང་ལྗོངས་འགོ་བཙུགས་ནས་དྲན་གསོ་དུས་ཆེན་ཟེར་བར་སྐབས་བསྟུན་གྱིས་བོད་དོན་སྐོར་ཀྱི་དྲིལ་བསྒྲགས་ཡིག་ཆ་ཆིག་སྟོང་ཙམ་དཔར་ནས་སྦྱར་འགྲེམས་གནང་བ་མ་ཟད། བོད་རང་དབང་སླར་གསོའི་སླད་དུ་གསང་སྟབས་ཀྱིས་ཕྱག་ལས་སྣ་མང་གནང་རྐྱེན་རྒྱ་དམར་གྱིས་ཆབ་སྲིད་དོགས་གནས་འོག་ཕྱི་ལོ་༡༩༩༠ ལོར་སླར་ཡང་འཇུ་བཟུང་གིས་གསང་ཡིབ་ཁང་ཁྲུའི་བཞི་པར་ལོ་ཕྱེད་ལྷག་ཙམ་ལ་བཀག་ཉར་བྱེད་དུས་སུ་རྡུང་རྡེགས་དྲག་པོ་བཏང་ནས་ཤི་རོ་མིན་ལྟ་བུ་བཟོས།

དཔའ་མོ་ཀུན་བཟང་མཆོག་ལ་རྒྱ་དམར་གྱིས་ཞི་དྲག་གི་དྲི་རྩད་ཐེངས་མང་བྱས་ཀྱང་ངོས་ལེན་གཏན་ནས་མ་བྱས་སྟབས། ཁོང་ཚོར་དེ་དང་འདི་ཡིན་གྱི་དཔང་རྟགས་གསལ་པོ་ཞིག་སྟོན་རྒྱུ་མེད། དཔའ་མོ་ཁོང་གི་དགྲ་བོའི་བཙན་འོག་ཏུ་ནམ་ཡང་མགོ་མ་སྒུར་བར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་ཤོར་ཡང་འགྱོད་པ་མེད་སྐོར་དང་། བཙོན་ཁང་དུ་སྡོད་རིང་རང་ཉིད་ཀྱི་བོད་རང་བཙན་དང་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཡོང་རྒྱུའི་དམིགས་ཡུལ་དང་ལངས་ཕྱོགས་ནི་ཤི་སྲོག་ལ་ཐུགས་ཀྱང་འགྱུར་བ་མེད་ཅེས་ཡང་ཡང་གསུངས་ཀྱི་ཡོད། སྤྱི་ལོ་ ༡༩༦༤ ལོར་རིག་གནས་གསར་བརྗེའི་སྐབས་དཔའ་མོ་ཀུན་བཟང་མཆོག་ནས་བཙོན་ཁང་ནང་བཙོན་རོགས་ཚོར་བསྐུལ་སློང་གིས་ངོ་རྒོལ་བྱེད་པའི་ཉེས་མིང་འོག དགྲ་བོས་རྒྱུན་དུ་ཉེས་རྡུང་ཚད་མེད་བཏང་། སྤྱི་ལོ་ ༡༩༧༠ ཀུན་གླིང་དཔའ་མོ་ཀུན་བཟང་མཆོག་དང་འགོ་འཛིན་འགའ་ཤས་སེ་ར་དགོན་པའི་ཤར་ཕྱོགས་སུ་དམར་བསད་བཏང་བ་རེད། སྐབས་དེ་དུས་ཁོང་ཚོའི་མདུན་དུ་ས་དོང་བྲུས་ནས་དེའི་འགྲམ་དུ་བཞག་པ་མ་ཟད། ཁོང་ཚོའི་མགོ་སྐྲ་བཅད་དེ་མགོ་རིལ་བཟོས་ནས་མི་གཞན་གྱིས་ངོ་ཤེས་ཐབས་མེད་པ་ཞིག་བཟོས་པ་དང་། བཙོན་ཁང་གི་ལྕགས་རིའི་ཐོག་དང་རུ་ཁག་ཡོངས་ཀྱི་སྒོ་རའི་གཡས་གཡོན་ཚང་མར་མེ་མདའ་བཟུང་བའི་དམག་མི་འབོར་ཆེན་བཀྲམ་པ་དང་དུས་མཚུངས་བཙོན་ཁང་ཧྲིལ་པོ་ལས་མཚམས་བཞག་སྟེ་བཙོན་པ་ཡོངས་རྫོགས་བསྐོངས་པའི་ཚོགས་ཆེན་ཐོག་བཅད་ཁྲ་ཡོངས་བསྒྲགས་ཀྱི་ཁྲིམས་ར་དེ་གྲྭ་བཞི་བཙོན་ཁང་དུ་ཚུགས། ཁྲིམས་བསྒྲགས་ཀྱི་ཚོགས་ཆེན་དེའི་ཐོག་དཔའ་མོ་ཨ་མ་ཀུན་བཟང་མཆོག་དང་།གསང་སྔགས་ཆོས་སྒྲོན་ལགས། རྟ་མཆོག་བུ་ཁྲིད་བཅས་བོད་རིགས་བཙོན་པ་དཔའ་མོ་ཁ་ཤས་རྩ་ཐག་དཀར་པོ་ཞིག་གིས་ལག་པ་གཉིས་རྒྱབ་ཏུ་དམ་པོར་བསྡམས་པ་མ་ཟད། ཐ་ན་ཁོང་ཚོས་ཁྲིམས་རའི་ཐོག་སྐད་རྒྱག་དོགས་ཀྱིས་ཁོང་ཚོའི་མིད་ཚིགས་ཀྱང་རྩ་ཐག་བསྡམས་ཏེ་གཡས་གཡོན་གཉིས་ཀ་རྒྱ་དམག་གིས་བཟུང་སྟེ་འགྲེང་འགྲེང་དུ་བཞག དེ་ནས་ཁྲིམས་དཔོན་གྱིས་བཙོན་དམངས་འདུས་པའི་ཁྲིམས་རའི་ཐོག་ནས། “ཀུན་བཟང་སོགས་ཀྱི་ཀླད་རྙིང་མཁྲེགས་བཟུང་གིས་དོན་དངོས་ལ་མ་ལྟོས་པར་མེས་རྒྱལ་ཁ་བྲལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་ངན་ཚབས་ཆེན་སྤེལ་ཏེ་ཆོས་སྲིད་གཉིས་ལྡན་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་བྱས་ནས་བོད་མི་དམངས་སླར་ཡང་སྡུག་བསྔལ་གྱི་མེ་དོང་ནང་གཡུག་རྒྱུའི་རེ་ངན་བཅངས་པ་དེ་ནི་རྒྱལ་ཁབ་དང་གསར་བརྗེའི་བྱ་གཞག་ལ་རྒྱབ་གཏོད་བྱས་པ་ཞིག་དང་། རྒྱལ་ཁབ་དང་མི་དམངས་ལ་གསབ་ཐབས་བྲལ་ཞིང་ནམ་མཁར་མི་གཤོང་བའི་སྡིག་ཉེས་ཚབས་ཆེན་བསགས་ཡོད་ཅེས་དང་། ཡང་བསྐྱར་ཁྲིམས་དཔོན་དེས་ཀུན་བཟང་གིས་རིག་གནས་གསར་བརྗེའི་ལས་འགུལ་ལ་སྨྱོ་བ་ལྟར་གུང་ཁྲན་ཏང་གི་ཡང་དག་པའི་སྲིད་ཇུས་ལ་ཚིག་མཚོན་བཏབ་ནས་ངོ་རྒོལ་བྱས་པ།གསང་སྔགས་ཆོས་སྒྲོན་དང་། རྟ་མཆོག་བུ་ཁྲིད་གཉིས་ནི་མོའི་རྒྱུག་ཁྱི་རྩེར་སོན་པ་ཞིག་རེད་”ཅེས་བརྗོད་ནས་དགྲ་བོས་ཁོང་ཚོའི་ཉེ་འགྲམ་དུ་མེ་མདའ་གང་སར་བརྒྱབ་སྟེ་དྲི་བ་མང་པོ་བྱས་ཀྱང་། དཔའ་མོ་རྣམས་ནས་དཔའ་ངར་རྩ་བ་ནས་མི་ཞུམ་པར་ངོ་རྒོལ་མཐའ་གཅིག་ཏུ་གནང་སྐབས། སྤྱི་ལོ་༡༩༧༠ལོར་རྒྱ་དམར་གྱིས་དཔའ་མོ་མཆོག་གི་རྒྱབ་ནས་མེ་མདའ་བརྒྱབ་སྟེ་ཤི་མ་གསོན་གྱི་སྐབས་སུ་ས་དོང་བྲུས་པ་དེའི་ནང་ཁ་སྦུབས་ཏེ་ས་སྦས་བཏང་ཡོད། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་མགོན་པོས། “ཨ་མ་ཀུན་བཟང་ལགས་ནི་ང་ཚོ་བོད་རིགས་མི་དམངས་ཀྱི་ཆེས་ཕུལ་བྱུང་གི་དཔའ་མོ་ཞིག་ཡིན་ང་ཚོས་སྲོག་སྐྱོབ་ཐབས་མ་བྱུང་” ཞེས་བློ་ཕམ་ཆེན་པོའི་ཐོག་ནས་གསུངས་སྐབས། ཁོང་ཡང་ཚིག་དེའི་རྐྱེན་པས་སྲོག་ཐོག་བཏང་ཡོད། གདུག་རྩུབ་ཤིན་ཏུ་ཆེ་བའི་བཙོན་ཁང་ནང་དཔའ་བོ་དང་དཔའ་མོ་སྟོང་ཁྲག་ལྷག་གི་སྐུ་སྲོག་ཤོར་ཡོད།

“ཕྱི་ལོ་ ༡༩༩༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཀྱི་དཔའ་མོ་དགའ་གླིང་ཤར་ཆོས་ལགས་དང་། ཀུན་གླིང་གུར་སྟེང་ཀུན་བཟང་སོགས་རྒྱལ་གཅེས་ལྷག་བསམ་ལྡན་པའི་བུད་མེད་ཚོས་འགོ་འཁྲིད་བྱས་ནས་བོད་ཆོལ་གསུམ་བུད་མེད་ཡོངས་རྫོགས་ཀྱི་རྣམ་པ་ངོ་མ་མཚོན་པའི་སྒོ་ནས་ཕོ་བྲང་པོ་ཏཱ་ལའི་མདུན་ངོས་འབྲས་བུ་གཡུལ་ཁའི་ཐང་ཆེན་དུ་ཚོགས་འཛོམས་བསང་གསོལ་དར་འཛུགས་དང་འབྲེལ་བའི་གྲོས་བསྡུར་བློ་རྩེ་གཅིག་མཐུན་བྱུང་བའི་སྙིང་བོ། བོད་རང་དབང་རང་བཙན་ཡིན་པ་ལོ་རྒྱུས་ཀྱི་བདེན་དཔང་དུ་མས་ཁུངས་སྐྱེལ་བསུབ་ཏུ་མེད་པ་ཡོད་པར་བརྟེན་ང་ཚོ་བུད་མེད་ཚོས་རྒྱ་དམར་གྱི་དྲག་གནོན་དང་། བསླུ་བྲིད་ལ་མགོ་བོ་ནམ་ཡང་མི་བསྒྱུར་བར་བོད་རང་བཙན་བརྩོན་ལེན་བྱ་རྒྱུར་སེམས་ཐག་གཙང་བཅད་ཀྱིས་བླང་དོར་བྱེད་སྒོའི་མནའ་གན་མཐུ་མོ་ཆེར་གྲོས་འཆམ་ཁས་ལེན་འགྱུར་མེད་ཀྱི་བུད་མེད་སྟོང་ཕྲག་མང་པོས་ཁུངས་སོ་སོའི་མིང་རྟགས་འཚང་ཁ་ཤིག་ཤིག་བཀོད་པ་དང་ཆབས་ཅིག་རྒྱ་དམར་ལ་ཞི་བའི་ངོ་རྒོལ་གྱི་སྐད་འབོད་ཁྲོམ་སྐོར་བྱས་པ་རེད།
བུད་མེད་དེ་རྣམས་ནས་སེམས་ཐག་གཙང་བཅད་ཀྱི་མནའ་གན་བཞག་པ།
སྐབས་དེར་མནའ་གན་དེ་དག་འབྲི་མཁན་ཀུན་གླིང་ཞབས་སྡོད་ངག་དབང་རྒྱལ་མཚན་ཡིན་འདུག་པ་ཁོང་ངོ་མ་བཙན་བྱོལ་དུ་བྲོས་ཐར་ཡོད་པ་ནས་གན་རྒྱའི་བརྗོད་དོན་བློར་ངེས་གཤམ་གསལ། དབལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་ཀྱི་རྒྱལ་བོ། དབལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི། གཞན་ཡང་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད་མིག་འབྲས་ལྟར་སྲུང་བར་ཞལ་གྱིས་བཞེས་པའི་ལྷ་སྲུང་བཀའ་གཉན་མཐུ་རྩལ་ཅན་རྣམས་དཔང་དུ་བཙུགས་པའི་ལུགས་གཉིས་གོང་མ་ཁྲིམས་བདག་རིན་པོ་ཆེའི་ཞབས་དྲུང་དུ། ཞུ་བ། མིང་རྟགས་གཤམ་འཁོད་རྣམས་ནས་བློས་བླངས་ནམ་ཡང་མི་འགྱུར་བའི་མནའ་གན་གཙང་མ་འཇོག་སྙིང་། དོན་རྩ། བོད་ཁ་བ་ཅན་པའི་ཡུལ་ཁམས་ཆོལ་ཁ་གསུམ་འདི་དག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་སེར་སྐྱ་མི་མང་དྲག་ཞན་མཐའ་དག་གིས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་ལ་དད་ཅིང་ཡིད་ཆེས་གཙང་མའི་སྒོ་ནས་སྲུང་སྡོམ་ལག་ལེན་དང་། རང་ཡུལ་མཐའ་དབུས་བདེ་སྐྱིད་ཞི་བདེ་བག་ཕེགས་ངང་ལ་གནས་བཞིན་པའི་སྐབས་དེར་རྒྱ་དམར་གུང་བྲན་ཏང་གིས་འབུ་ཆེས་ཆུང་ཟོས་དྲག་པོའི་དཔུང་གིས་བཙན་འཛུལ་བྱས་ཐོག་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་དབང་གིས་འཛུགས་འཇོག་བྱེད་དུ་བཅུག་ཀྱང་འདོད་བློ་མ་ཁེངས་པར་ང་ཚོ་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོས་ཏེ་བོད་ཡུལ་དེ་དག་རྒྱ་ཡུལ་དུ་བསྒྱུར་རྒྱུ་འཆར་གཞི་ངན་པ་གཏིང་ཟབ་མུ་མཐུད་ལག་བསྟར་བགྱིས་པས་མ་ཚད། བོད་གངས་ཅན་ཆོས་སྲིད་གཉིས་ཀྱི་སྲོག་རྩ་༧གོང་ས་༧སྐྱབས་མདོན་ཆེན་པོ་མཆོག་གི་སྐུ་དབང་ལ་དམ་བསྒྲགས་དང་། སྐུ་ཕྱར་གནོད་འཚེའི་བསམ་སྦྱོར་ངན་དགུའི་འཆར་རྩིས་བསྐོར་ཏེ་ད་ལམ་རྒྱ་དམར་དམག་སྒར་དུ་གཟིགས་མོར་ཁག་འདོགས་ཀྱིས་གདན་ཞུར་རགྱུན་ལྡན་ལྟར་སྐུ་སྲུང་མཉམ་འཁྲིད་མི་ཆོག་པའི་བཙན་བཀའ་བཏང་བ་དེ་ནི་ང་ཚོ་བོད་མི་སུ་ཞིག་གིས་བློས་འགན་སྐད་ཅིག་ཀྱང་བཟོས་བྲལ་སྡུག་འཁུར་ཐུབ་ཐབས་མེད་པས་ང་ཚོ་བོད་ཆོལ་ཁ་གསུམ་གྱི་བུད་མེད་ཚང་མ་མ་བགྲོས་བསམ་པ་གཅིག་མཐུན་གྱིས། རྒྱ་དམར་གུང་བྲན་གཞུང་ལ་ངོ་རྒོལ་མཐར་ཕྱིན་པ་དང་། བོད་རང་དབང་རང་བཙན་སྔ་སོར་ཆུད་པའི་ལས་འགུལ་ལ་འབད་བརྩོན་ཞུ་རྒྱུ་བློ་ཐག་གཙང་བཅད་ཟིན་པས་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱ་དང་། བོད་བསྟན་པ་ཆབ་སྲིད་ཀྱི་བདེ་དོན་གཟི་བརྗིད་ཆེ་བའི་བསྒྲུབ་བྱ་རླབས་པོ་ཆེ་འདིའི་དམིགས་ཡུལ་ལག་ལེན་ཞི་དྲག་གང་ལ་ཐུག་ཀྱང་ངོ་ཚོ་བུད་མེད་ཚང་མས་རང་སྲོག་བློས་བཏང་གི་དཀའ་ངལ་གདོང་ལེན་འཐབ་རྩོད་དུ་རྒྱུར་ཚང་མ་སྤྱི་མོས་གྲོས་འཆམ་བྱུང་ཞིང་། དེ་ལྟར་ཚང་མས་ཁ་ཞེ་ངོ་ ལྐོག་མེད་པའི་སྲི་ཞུ་སྒྲུབ་མཁན་རྣམས་ལ་ལྷ་སྲུང་མཐུ་རྩལ་ཅན་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་གདོང་གྲོགས་འཕྲིན་ལས་མ་ཡིས་བུ་ལ་བརྩེ་བ་བཞིན་དང་། བློ་རྩེ་ཕྱིར་གཏོད་མགོ་བདེ་དྲན་འཕྲུལ་བྱེད་མཁན་སོམ་ཉི་ཅན་རྣམས་ལ་ཡེ་ཤེས་ཀྱི་ཐོག་མདས་ཚར་དུ་ཆོད་ལ། སྙིང་ཁྲག་དྲོན་མོ་ཞལ་དུ་འདེབས་པར་གདོན་མི་ཟ། དེ་ལྟར་བསྟན་སྲུང་མཐུ་རྩལ་ཅན་རྣམས་དཔང་དུ་བཙུགས་པ་བློས་བླངས་ནམ་ཡང་མི་འགྱུར་བ་ཞུ་རྒྱུའི་མིང་རྟགས་བཀོད་པ་གཤམ་གསལ། ཞེས་འཁོད་པའི་འོག་ཏུ་དེར་འདུས་མེད་སྟོང་ཕྲག་མང་པོས་མིང་རྟགས་འཚང་ཁ་ཤིག་ཤིག་བཀོད་སོང་།
ཞར་བྱུང་རྒྱ་མིས་དམར་བསད་བཏང་བ་དཔའ་མོ་ཀུན་བཟང་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།
བར་འདིར་བོད་བུད་མེད་རྒྱལ་གཅེས་དཔའ་མོ་གུར་སྟེང་ཀུན་བཟང་དེ་ཉིད་ལ་དྲན་གསོའི་ཆེད་དུ་ཁོང་གི་ལོ་རྒྱུས་རགས་ཙམ་གླེང་ན། གུར་སྟེང་ཀུན་བཟང་ལགས་དེ་ཉིད་ནས་བོད་ཀྱི་རྒྱལ་གཅེས་བུད་མེད་ཀྱི་སྣེ་འཁྲིད་དེ་རྒྱ་དམར་ལ་ངོ་རྒོལ་མཐར་ཕྱིན་བྱས་པའི་མཐའ་མ་རྒྱ་དམར་ནས་དྲག་གནོན་འཛིན་བཟུང་གིས་བཙོན་ཁང་དུ་ལོ་མང་བཅུག་སྟེ་ལུས་ཐོག་ཁྲིམས་གཅོད་དྲག་པོ་སྣ་རྒུ་བཏང་ཡང་། ཁོང་གིས་དུས་ནམ་ཡང་མགོ་སྒུར་མ་བྱས་སྟབས་རྒྱ་དམར་ནས་ཁོང་ལོ་མི་སྤྱོད་ལས་འདས་པའི་བྱ་ཐབས་སྣ་ཚོགས་མནར་གཅོད་དང་། གདུག་རྩུབ་ཀྱི་ཁྲིམས་གཅོད་བྱས་པའི་རྣམ་གྲངས། ཁོང་གཅིག་པུ་བཙོན་ཁང་གུ་དོག་ནང་ལོ་མང་བཅུག་ཅིང་མགོ་བོའི་སྐྲ་ཚང་མ་བཀོག་པ་དང་།་ཁ་ནས་འཐེན་ཏེ་ཁ་དབྲལ་བ། ཁ་ནང་གི་སོ་ཚང་ཉེས་རྡུང་བཏང་ནས་བཀོག་པ་སོགས་ཀྱི་ཤིན་ཏུ་ཉམ་ཐག་པའི་གནས་སུ་ཡོད་པའི་སྐབས་སུ། ཁོང་གི་བཙོན་རོགས་འབྲས་སྒོ་མང་མངའ་རིས་ཁང་ཚན་གྱི་གྲྭ་ཨ་ཞང་ཟེར་བ་ཕྱི་རྒྱལ་མི་ཁོངས་དབྱེ་འབྱེད་ཀྱིས་ཕྱི་ལོ་ ༡༩༦༡ ལོར་བཙོན་གྲོལ་ཐོབ་པ་བཙོན་ཁང་ནས་ཕྱིར་ཐོན་བྱེད་ཁར་ཀུན་བཟང་དེ་ཉིད་རྐང་ལག་ལ་ལྕགས་བརྒྱབ་ནས་འགུལ་སྐྱོད་བྱེད་མ་ཐུབ་པར་ཡོང་པར་བརྟེན་ཨ་ཞང་ལ་སྐད་ཤུགས་ཆུང་ངུས་བཙོན་ཁང་གི་ཐེམ་པའི་སེར་ཀའི་སྲུབས་དེར་བོད་དངུལ་ཊམ་དཀར་གཅིག་ཡོད་པ་བཏོན་རོགས་ཟེར་བྱུང་བ་ལྟར་བཏོན་པའི་ཊམ་དཀར་དེར་ལག་པས་འཇུས་ནས་སྨོན་ལམ་ཤུགས་དྲག་ཅིག་བརྒྱབ་ཏེ་ཊམ་དཀར་དེ་ང་ཚོའི་ཀུན་གླིང་ཛ་སག་རྒྱ་གར་རྡ་སམ་ས་ལར་ཡོད་ཁོང་གི་ཕྱག་ཏུ་ཕུལ་ནས། ང་ཚོ་བོད་མི་གཞིས་ལུས་རྣམས་དམྱལ་བ་མི་ཡུལ་ལ་མྱོང་བཞིན་སྡུག་བསྔལ་འདིས་ལས་མྱུར་དུ་གྲོལ་ནས། རང་དབང་རང་བཙན་མགྱོགས་ནས་མྱུར་དུ་ཐོབ་པའི་བོད་མི་མང་གི་ཚབ་བྱས་ནས་༧གོང་ས་ཡིད་བཞིན་ནོར་བུར་ཐུགས་སྨོན་སྐྱབས་ཞུ་ངེས་འབུལ་ཞུ་རོགས་ཞེས་སྨྲེ་ངག་གིས་ངུ་འབོད་བྱེད་བཞིན་དུ་བསྐུར་བྱུང་ཞེས་ཨ་ཞང་ཁོང་གལ་ཆེ་དོན་ཆེན་གྱིས་བཞུགས་སྒར་རྡ་རམ་ས་ལར་ཆེད་འབྱོར་གྱིས་ཕྲན་ལ་ཊམ་དཀར་དེ་སྤྲད་བྱུང་བ་དེ་འཕྲལ་ངས་ཕོ་བྲང་རྙིང་པ་སརྦ་ཨ་ཤ་རམ་གཟིམ་ཆུང་དུ་ཆེད་བཅར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོར་གོང་གནས་ལུགས་རྣམས་ལགས་ཞུ་དང་སྦྲགས་སྐྱབས་འཇུག་ཞུས་པས་ཐུགས་སྨོན་རྗེས་འཛིན་གྱི་སྐལ་བཟང་ཐོབ་ཐུབ་པ་བྱུང་སོང་། བློ་ཕམ་ཆེ་བ་ཞིག་ལ་ཕྱི་ལོ་ ༡༩༦༤ལོར་ཀུན་བཟང་ལགས་དེ་ཉིད་ལྷ་ས་གྲ་བཞིའི་ལྕགས་རིའི་ཤར་ངོས་ས་གནས་སུ་རྒྱ་དམར་གྱིས་མེ་མདའ་བརྒྱབ་ནས་དམར་བསད་བཏང་བ་དེ་ཀྱང་མ་འཚིམས་པར་འཆི་བ་སྲོག་དབུགས་ཀྱི་རྒྱུ་བ་མ་ཆད་གོང་དུ་ས་དོང་ནང་དུ་གསོན་སྦས་བཏང་འདུག”ཅེས་གསལ།
བཙོན་ཁང་ནང་གནས་ཚུལ་གང་བྱུང་བ་འདི་ལྟར་ཏེ”ད་རེས་ལས་འགུལ་འདིའི་ནང་དཔྱད་བསྡུར་བྱེད་ས་གཙོ་བོ་དེ་ཟླ་བ་ཚེ་རིང་ཁྱོད་རེད། ཁྱོད་ཀྱི་བསམ་བློ་ཧ་ཅང་གི་བཙོག་པ་ཡིན་པ་དང་། ང་ཚོ་སྲིད་གཞུང་ནས་ད་བར་ཁྱོད་མི་གསར་པ་ཞིག་ཆགས་ཐུབ་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཁྱོད་ད་དུང་རུ་ཁག་གསུམ་པའི་ནང་དུ་མི་སུ་དང་འབྲེལ་བ་ཡོད། དེ་དག་གསལ་ཤོས་ཁྱོད་ཀྱིས་ཤེས་ཀྱི་ཡོད་སྟབས་གནས་ཚུལ་ཚང་མ་གསལ་པོ་དང་གཙང་མ་བཟོ་དགོས”ཞེས། ཡང་སྐྱོན་མདོག་གསར་པ་ཞིག་བྱེད་རྩིས་ཡོད་པ་ཚོད་བགམ་ཐུབ་ཀྱི་འདུག རུ་ཁག་གསུམ་པའི་ནང་གི་མི་དང་འབྲེལ་བ་གང་ཡོད་སྐོར་གླེང་སྐབས་ངའི་སེམས་ནང་ཅུང་མི་བདེ་བ་ཞིག་བྱུང་རུང་དེའི་ལན་དུ་ངས་“རུ་ཁག་གསུམ་པའི་ནང་ང་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཚང་མ་གཙང་སེལ་དང་གསལ་པོ་བཟོས་ཟིན་པས་ད་ལྟ་གཙང་མ་གཙང་རྐྱང་ཡིན”ཞེས་བཤད།
ངས་བཤད་པའི་སྐད་ཆ་མཇུག་སྒྲིལ་ལོང་མ་བྱུང་བར་ཁོ་པས། ཁྱོད་ཧམ་པ་མ་ཤོད། གནས་ཚུལ་ཚང་མ་གཙང་མ་གཙང་རྐྱང་ཡིན་མིན་ཁྱོད་ཀྱིས་བསམ་བློ་ནན་ཏན་ཐོངས་དང་ཤེས་ཀྱི་རེད་ཅེས་གདོང་གི་རྣམ་འགྱུར་གྱུར་ནས་ཨམ་གཙིགས་བསྡམས་ཤིང་ཁོ་པའི་མཛུབ་མོ་ཐད་ཀར་ངའི་ངོ་གདོང་ལ་གཏད་དེ“བྱ་བསད་ནས་སྤྲེའུ་འདར”དུ་མ་བཅུག་ན་མི་ངན་འདི་ཚོས་ལས་སླ་པོར་ངོས་ལེན་བྱེད་ཀྱི་མ་རེད། ཁྱོད“ཀླད་རྙིང་མཁྲེགས་བཟུང་ཁོ་ན་བྱས་ཏེ་སྡོད་དམ། ཡང་ན་ངོས་ལེན་བྱེད། རུ་ཁག་འདིའི་ནང་ཁྱོད་མ་གཏོགས་མི་ཚང་མ་གོ་རྟོགས་སད་ནས་རང་སྐྱོན་ངོས་ལེན་དང་གཞན་སྐྱོན་ཐེར་འདོན་བྱེད་བཞིན་པ་རྐྱང་རེད། ཐ་ན་ཁྱོད་ཀྱི་དེ་སྔའི་ངན་རོགས་དེ་དག་ཀྱང་ད་ལྟ་གོ་རྟོགས་སད་ནས་ཁྱོད་ཀྱི་ནག་ཉེས་ཐེར་འདོན་བྱེད་བཞིན་ཡོད”ཅེས་གཤེ་གཤེ་བློ་ཡིད་ཚིམ་པ་ཞིག་བཏང་བྱུང་། དེ་ཉིན་ལས་བྱེད་ཚེ་དབང་གིས་དེ་ལྟར་བཤད་པའི་རྗེས་ཡང་སྙིང་མི་འདི་ཚོས་ངའི་གནས་ཚུལ་གང་ཞིག་ཤེས་རྟོགས་ཐུབ་ཡོད་མིན་ཐད་དོགས་པ་མི་ཉུང་བ་ཞིག་བྱུང་ནས་བློ་མི་བདེ་བ་གྱུར། དེ་ནས་དུས་ཡུན་ཉིན་ཉི་ཤུ་ཙམ་གྱི་རིང་དེའི་སྐོར་ལ་གླེང་ཙམ་ཡང་བྱེད་མཁན་མི་འདུག་པས་ཕལ་ཆེར་གནད་དོན་དེ་ཙམ་ཚབས་ཆེན་པོ་མེད་པ་རེད་སྙམ་བྱུང་། དེ་ནས་སྐབས་དེའི་གྲྭ་བཞི་བཙོན་ཁང་གི་སློབ་གསོ་ཚན་པའི་འགོ་ཁྲིད་རྒྱ་རིགས་ཝུའུ་ཁོའོ་ཀྲང་གིས་སྐད་བསྒྱུར་ཞིག་དང་མཉམ་དུ་སླར་ཡང་མཚན་མོ་ཞིག་ཡོང་སྟེ་ང་རང་ཉལ་ཁང་ནས་གཞུང་དོན་ཁང་ལ་ཁྲིད་དེ་གནད་དོན་དེའི་ཐད་བསྐྱར་འདྲི་བྱས་བྱུང་། སྐབས་དེར་ཝུའུ་ཁོའོ་ཀྲང་གིས་ང་ལ“ཁྱོད་དང་རུ་ཁག་གསུམ་པའི་ནང་གི་འབྲེལ་བ་དེ་གསལ་པོ་བཟོ་དགོས། ཁྱོད་གཉིས་ཀྱི་འབྲེལ་བ་དེ་ནི་སྤྱིར་བཏང་གི་འབྲེལ་བ་ཞིག་གཏན་ནས་མིན་པས། ངའི་རེ་བར་ཁྱོད་ཀྱིས་མི་གཞན་རྩ་ཆེན་པོ་དང་ཡིད་ཆེས་མ་བྱས་ན་ཡག་གི་རེད” ཟེར། ངས་དེའི་ལན་དུ“རུ་ཁག་གསུམ་པའི་ནང་དེ་སྔ་ཨ་མ་ཀུན་བཟང་དང་འབྲེལ་བ་བྱུང་ནས་ཁོང་གིས་ང་ལ་ཕྱི་ལོ་༡༩༦༣ལོ་དང་༡༩༦༤ལོའི་ནང་དུ་ཟས་གོས་དང་འཁྲུད་རྫས་སོགས་གནང་བ་དེ་དག་སྔ་ས་ནས་ངོས་ལེན་བྱས་ཏེ་གནས་ཚུལ་གཙང་མ་བཟོས་ཟིན་པ་ཡིན། དེ་མིན་ད་ལྟ་ང་ལ་རུ་ཁག་གསུམ་པའི་ནང་གསལ་པོ་མ་བཟོས་པ་བསྐྱར་དུ་གསལ་པོ་བཟོ་དགོས་པའི་གནས་ཚུལ་གང་ཡང་མེད”ཅེས་བཤད། ཝུའུ་ཡིས། “ཁྱོད་ད་དུང་བསམ་བློ་ཡག་པོ་ཞིག་གཏོང་དགོས་ཀྱི་འདུགངས་རྒྱུ་མཚན་གང་ཡང་མེད་པར་ཁྱོད་མཚན་མོ་གཉིད་ཉལ་དུ་མ་བཅུག་པར་དྲི་རྩད་བྱེད་ཀྱི་མ་རེད། གལ་སྲིད་ད་དུང་མུ་མཐུད་ནས་ཀླད་རྙིང་མཁྲེགས་བཟུང་ཁོ་ན་བྱས་ཏེ་ཉིན་འབུད་ཞག་འབུད་བྱས་ཚེ། ཁྱོད་རུ་ཁག་གསུམ་པར་ཁྲིད་ནས་དཔྱད་བསྡུར་བྱེད་དང་ཡང་ན་རུ་ཁག་ཡོངས་ཀྱི་ཚོགས་ཆེན་སར་དཔྱད་བསྡུར་བྱེད། དེ་ཁྱོད་ཀྱིས་གདམ་ག་བྱེད། གང་ལྟར་གནས་ཚུལ་གསལ་པོ་མ་བཟོས་པར་ཁྱོད་ཐར་ས་གང་ཡང་མེད”ཅེས་ཁྲོ་གཙིགས་དང་བཅས་སྐད་བསྒྱུར་དེ་དང་མཉམ་དུ་གནས་ཚུལ་གསལ་པོ་མ་བྱུང་བར་ལོག་པ་དང་། ང་རང་ཉལ་ཁང་ནང་ཕྱིར་ལོག་བཏང་བྱུང་། འོན་ཀྱང་ཝུའུ་ཁོའོ་ཀྲང་གིས་ཤོད་སྟངས་དང་འཇིགས་སྐུལ་བྱེད་སྟངས་ལ་བལྟས་ན་ཏན་ཏན་གནས་ཚུལ་ཡག་རྒྱུ་མི་འདུག་སྙམ་སྟེ་ཉལ་བའི་མཚན་མོ་དེའི་གཉིད་ཀྱང་དཀྲོགས་པ་མ་ཟད་དེ་ནས་བཟུང་ཡང་སྙིང་མི་འདི་ཚོས་ངའི་གནད་དོན་གང་ཞིག་ཤེས་རྟོགས་ཐུབ་ཡོད་དམ། ཡང་ན་དོགས་པའི་རང་བཞིན་གྱིས་ང་ལ་འཇིགས་སྐུལ་བྱས་ཏེ་གནས་ཚུལ་གསར་པའི་དཔང་རྟགས་རྙེད་ཐབས་བྱེད་ཀྱི་ཡོད། དེའི་ཐད་སྐབས་ཤིག་རིང་རང་གིས་རང་ལ་དྲི་བ་དང་རྐྱེན་དེས་སེམས་ནད་ཀྱང་ཆེན་པོ་ཞིག་འཁྱེར་དགོས་བྱུང་། དེ་ནས་དུས་ཡུན་ཟླ་བ་གཅིག་ཙམ་རིང་གནད་དོན་དེའི་སྐོར་ལ་གླེང་ཙམ་ཡང་བྱེད་མཁན་མི་འདུག་པས་ཕལ་ཆེར་ཁོང་ཚོར་དཔང་རྟགས་གང་ཡང་མེད་པར་འོལ་ཚོད་ཀྱིས་ང་ལ་དོགས་དྲི་བྱས་པ་ཞིག་ལས་དོན་དངོས་ཐོག་གནས་ཚུལ་གང་ཡང་མེད་པ་རེད་སྙམ་ནས་བསྡད། ཉིན་ཞིག་གློ་བུར་ཐོག་རྒྱག་ལ་སྟབས་མི་ལེགས་པའི་ཐབས་སྡུག་གི་གནས་ཚུལ་འདི་འདྲ་ཞིག་ཐོན་པ་རེད།།
ལོ་དེ་གའི་ནང་ཉིན་ཞིག་གློ་བུར་ཐོག་རྒྱག་ལ་ཚོགས་ཆུང་བཞིའི་བཙོན་པ་ཡོངས་རྫོགས་ཟླ་བསྒྲིལ་ནས་ཚོགས་ཆེན་ཞིག་བསྐོངས་ཚོགས་བྱས་པ་རེད། ང་རང་སྣང་བ་རྣམ་རྟོག་མེད་པར་རྒྱུན་གཏན་ལྟར་ཚོགས་འདུར་ཕྱིན་པས། དེ་ཉིན་ཚོགས་འདུ་འགོ་ཚུགས་པ་དང་བཙོན་རའི་དོ་དམ་ལས་བྱེད་ཚེ་དབང་གིས་དེབ་ཅིག་ལག་པར་བཟུང་ནས་བརྗིད་ཉམས་ཆེན་པོས་གཏམ་བཤད་བྱས། གཏམ་བཤད་ཀྱི་ནང་དོན་ནི“དེ་རིང་གི་ཚོགས་ཆེན་འདི་ནི་ཟླ་བ་ཚེ་རིང་ལ་དཔྱད་བསྡུར་བྱེད་རྒྱུ་ཡིན”ཞེས་འུད་ཤོབ་ཆེན་པོས་ཁྱབ་བསྒྲགས་བྱས་པ་དེ་རེད། ངའི་སེམས་ནང་དེ་སྔ་རུ་ཁག་གསུམ་པའི་ནང་འབྲེལ་བ་ཡོད་མེད་ཀྱི་སྐོར་དེ་དང་། ཡང་ན་ངའི་ལྐོག་གྱུར་གྱི་གནད་དོན་གང་ཞིག་ཤེས་རྟོགས་ཐུབ་ཡོད་དམ་སྙམ་ནས་སོམ་ཉིའི་དྲ་བར་ཚུད་སྐབས།ཚེ་དབང་གིས་སྐད་ཤུགས་ཆེན་པོས་དེའི་ནང་གི་དུམ་བུ་ཁག་མུ་མཐུད་བཀླགས་པར། “ང་ཚོ་མི་དམངས་སྲིད་གཞུང་གིས་ཁོ་ཟླ་བ་ཚེ་རིང་ལ་ངང་རྒྱུད་རིང་པོའི་སློབ་གསོ་ཐེངས་མང་བརྒྱབ་ནས་རང་སྐྱོན་ངོས་ལེན་བྱ་རྒྱུ་དང་། གནས་ཚུལ་གཙང་མ་བཟོ་རྒྱུའི་གོ་སྐབས་རིང་པོ་སྤྲད་ཡོད། འོན་ཀྱང་ཁོ་པས་ངོས་ལེན་བྱེད་ཡས་ལ་རུ་ཁག་གསུམ་པའི་ཀུན་བཟང་དབར་ཟས་གོས་དང་། འཁྲུད་རྫས་ཀྱི་འབྲེལ་བ་ཙམ་མ་གཏོགས་གཞན་གང་ཡང་མེད་ཟེར་ཀླད་རྙིང་མཁྲེགས་བཟུང་ཁོ་ནའི་ལྟ་བ་རྒྱུན་འཁྱོངས་བྱས་ཡོད། དོན་དངོས་ཐོག་གནས་ཚུལ་དེ་འདྲ་གཏན་ནས་མིན་པར་དེ་རིང་ང་ཚོས་གནས་ཚུལ་རྣམས་ཁོ་པའི་མདུན་དུ་སྤུངས་ནས་ངོས་ལེན་བྱེད་དུ་བཅུག་རྒྱུ་དང་། ད་དུང་ཁོ་པས་ངོས་ལེན་མ་བྱས་ཚེ་ང་ཚོས་ཐབས་ཤེས་གཞན་པ་གཏོང་རྒྱུ་ཡིན”ཞེས་བཤད་། སྐབས་དེར་ཚོགས་རའི་ནང་དུ་ཡོད་པའི་བཙོན་པ་ཡོངས་རྫོགས་ཀྱིས་ངའི་ངོ་གདོང་ལ་མིག་ཅེ་རེར་བལྟས་ཏེ། ཡང་སྙིང་མི་དེས་ཚབས་ཆེའི་གནས་ཚུལ་གང་ཞིག་བཟོས་ཡོད་དམ་སྙམ་བཞིན་བསྡད། ཚེ་དབང་གིས་དེ་མ་ཐག་ལག་ཏུ་བཟུང་བའི་དེབ་དེའི་ནང་ནས་དུམ་བུ་ཞིག་བཀླགས། དེ་ནི་ཨ་མ་ཀུན་བཟང་གིས་ངོས་ལེན་བྱས་པའི་ཞུ་ཚིག་རེད། དེའི་ནང་དོན་ནི་འདི་ལྟར་ཏེ།།
ཕྱི་ལོ་༡༩༦༣ལོའི་ནང་ཟླ་བ་ཚེ་རིང་དང་ང(ཨ་མ་ཀུན་བཟང་]མཉམ་དུ་བྱུང་། ཉིན་ཞིག་རྒྱལ་ཁོངས་རྒྱ་གར་དང་། སྐྱེ་ཡུལ་ལ་དྭགས་ནས་ཡིན་པའི་གྲྭ་བཞི་བཙོན་ཁང་དུ་བཙོན་བཅུག་བྱས་པའི་བཙོན་པ་ཐུབ་བསྟན་རྒྱལ་པོ་སང་ཉིན་བཙོན་གྲོལ་གཏོང་རྒྱུ་དང་། ཁོ་རང་གི་ཕ་ཡུལ་ལ་དྭགས་ཕྱོགས་སུ་ཕྱིར་ལོག་བྱེད་རྒྱུ་རེད་ཟེར་བའི་གནས་ཚུལ་དེ་ཐུབ་བསྟན་རྒྱལ་པོ་རང་ཉིད་ངོ་མས་ང་ཚོར་བཤད་བྱུང་བར། ངས[ཨ་མ་ཀུན་བཟང་]སྐབས་དེར“ཁྱེད་རང་ལམ་སེང་ལ་དྭགས་ཕྱོགས་སུ་ཕེབས་ཏེ་ཡིན་གཅིག་མིན་གཉིས་༧རྒྱལ་བ་རིན་པོ་ཆེ་མཇལ་བར་ཕེབས་ནས་ཁོང་ལ་བོད་ལ་རང་དབང་དང་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཡོང་སླད་མགྱོགས་མྱུར་བོད་དུ་ཕྱིར་ལོག་ཞབས་སོར་འཁོད་ཐུབ་པའི་སྐྱབས་འཇུག་ཡོང་བ་ཞུ་རོགས། དེང་སྐབས་བོད་དུ་རྒྱ་མིའི་བྱེད་སྟངས་གང་འདྲ་ཡིན་མིན་ཚང་མ་ཁྱེད་རང་གིས་ཤེས་གསལ་རེད། དེ་ཚོ་ཚང་མ་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སེང་ཞིབ་ཕྲ་ཞུ་རོགས་ཞེས་ལན་བསྐུར་ཡོད།།
ཟླ་བ་ཚེ་རིང་ཁོ་རང་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ཕྱག་རྟགས་དང་ངོས་འཛིན་གནང་བའི་བླ་མ་ཡིན་པས་ཧ་ཅང་གིས་དད་མོས་ཆེན་པོ་ཡོད་པ་མ་ཟད་འབྲེལ་བ་ཡང་དམ་ཟབ་ཅིག་ཆགས་ཏེ་ཕར་བཤད་ཚུར་བཤད་མང་པོ་བྱུང་བའི་ནང་ང་རང་གིས་ཟླ་བ་ཚེ་རིང་ལ་ཁྱེད་རང་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ཕྱག་རྟགས་གནང་བའི་བླ་མ་ཞིག་ཡིན་པས་འབྱུང་གྱུར་བོད་ཀྱི་བསྟན་སྲིད་འཛིན་སྐྱོང་བྱེད་ཕྱོགས་ཀྱི་ཐད་ལ་དགོངས་པ་ནན་ཏན་བཞེད་དགོས་པ་དང་། ང་རང་བུད་མེད་ཅིག་ཡིན་ནའང་བོད་ཀྱི་རྒྱལ་བསྟན་ཆབ་སྲིད་ཀྱི་ཐོག་ལ་རང་ནུས་ཡོད་ཚད་བཏོན་ཏེ་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་བྱ་གཞག་ལ་ཞབས་འདེགས་གང་ཡོད་ཞུ་རྒྱུའི་ཆོད་མོས་ཀྱི་སེམས་ཤུགས་ཆེན་པོ་ཡོད། དཔེར་ན། ང་རང་ཚོང་ལས་ཀྱི་ཁེ་སྤོགས་གསོག་རྒྱུའི་ཐད་ལ་འཇོན་ཐང་ཕྲན་བུ་ཡོད་པས། ངས་མ་འོངས་བོད་ཀྱི་སྤྱི་ཚོགས་ནང་ཚོང་སྤྱི་ལྟ་བུ་བྱས་ཏེ་རང་ཉིད་ཀྱི་འཇོན་ཐང་དང་སེམས་ནུས་ཡོད་ཚད་སྟོན་ནས་བོད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལེགས་སྐྱེས་ཕྲན་བུ་ཕུལ་ཐུབ་རྒྱུར་བཅོས་མ་མིན་པའི་སེམས་ཤུགས་དང་ལྷག་བསམ་ཡོད། དེར་བརྟེན་ཁྱེད་རང་ནས་ཀྱང་ཆོས་ལུགས་ཁོ་ནར་འཐམས་ཏེ་མི་བཞུགས་པར་ཕྱོགས་གང་ས་ནས་ཕྱག་ལས་གནང་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བསླབ་བྱ་ཞུས་པ་ཡིན།
ཁོ་རང་ནས་ཀྱང་ངས་མ་མཐའི་བཙོན་ཁང་གི་དོ་དམ་འོག་སྡོད་དགོས་བྱུང་ཡང་གོ་སྐབས་ནམ་བྱུང་ལ་ལྷག་བསམ་རྣམ་དག་གིས་ལས་ཀ་རྒྱལ་བསྟན་ཆབ་སྲིད་ལ་ཕན་པའི་དམིགས་ཡུལ་བཅངས་ཏེ་བྱེད་རྒྱུ་ཡིན་ཟེར་བ་སོགས་ཤོད་རེས་བྱས་པ་ཡིན་ཞེས་དང་། དམག་སྤྱི་མཁན་ཆུང་བློ་གྲོས་བསྐལ་བཟང་ལ་ཡང་གོང་གསལ་གནད་དོན་འདིའི་སྐོར་ལ་ཡི་གེ་ཞིག་ཟླ་བ་ཚེ་རིང་བརྒྱུད་ནས་བསྐུར་བ་ཡིན”ཞེས་སོགས་འཁོད་པའི་ཀུན་བཟང་ལགས་ཀྱི་ངོས་ལེན་ཞུ་ཚིག་དེ་ལས་བྱེད་ཚེ་དབང་གིས་ངར་ངར་ཕད་ཕད་ཀྱིས་ཚོགས་ཐོག་ཏུ་བཀླགས་སོང་། དེ་རྗེས་ཁོ་པས། ཚོགས་འདུར་ཡོད་པའི་མི་རྣམས་ལ། ཁྱེད་རང་ཚོས་བྱས་ན་“ཁོ་ཟླ་བ་ཚེ་རིང་གི་གནས་ཚུལ་དེ་ཡང་སྙིང་ཚབས་ཆེ་ཆུང་ག་ཚོད་ཙམ་རེད་དམ”ཞེས་སྤྱི་ཡོངས་ལ་ནན་དྲི་བྱས་པ་དང་ཆབས་ཅིག་ཁོ་པས་ངའི་ཕྱོགས་སུ་ཁ་བསྐོར་ནས་སྐད་ཤུགས་ཆེན་པོས། ད་ལྟ་ཁྱོད་ཀྱི་གང་བྱས་པ་རྣམས་དྲན་གསོས་ཀྱི་འདུག་གམ”ཟེར། ང་རང་ནི་ཅི་ཤོད་འདི་ཤོད་གང་ཡང་མེད་པར་ངོ་གདོང་ཕབ་བཞིན་དེ་ག་རང་རེད”ཅེས་བརྗོད་རྒྱུ་ལས་མི་འདུགཚེ་དབང་གིས་དེ་རང་ཡིན་ན་ང་ཚོས་སླར་ཡང་གོ་སྐབས་ཐེངས་གཅིག་སྤྲད་ཆོག ཁྱོད་ཀྱིས་ཀྱང་མཐའ་མའི་གོ་སྐབས་དེ་བླངས་ནས་ལམ་སེང་ངོས་ལེན་ཡི་གེ་ཁ་གསལ་ཞིང་ཆ་ཚང་བ་ཞིག་བྲིས་ཏེ་ཁྱེར་ཤོག ང་ཚོ་སྲིད་གཞུང་གིས་ཁྱོད་ལ་བསམ་གཞིགས་དེ་ལས་ལྷག་པ་བྱེད་རྒྱུ་མེད”ཟེར། དེ་སྔ་ཨ་མ་ཀུན་བཟང་གིས་ང་རང་ངོ་མར“ང་གཉིས་དབར་གྱི་ཆབ་སྲིད་ཀྱི་སྐད་ཆ་དེ་དག་མི་གཞན་སུ་གཅིག་ལ་ཡང་ཤོད་རྒྱུ་མིན་པ་དང་། ཐ་ན་བཙོན་ཁང་ལས་བྱེད་པ་དང་བཙོན་པ་ཧུར་བརྩོན་པ་སུ་འདྲ་ཞིག་གིས་དོགས་དྲི་བྱེད་མཁན་བྱུང་ན་ཡང་རྩ་བ་ནས་ཤོད་རྒྱུ་མིན། ང་ཁྱོད་ཀྱི་མ་དང་། ཁྱོད་ཀྱིས་ངའི་བུ་ལྟ་བུའི་འདུ་ཤེས་བཅངས་ནས་ལས་དོན་རྣམས་དོགས་པ་རྣམ་རྟོག་མེད་པར་གྲུབ་དགོས”ཞེས་ང་གཉིས་དབར་གནས་ཚུལ་རྣམས་གཞན་གྱིས་མི་ཤེས་པར་གསང་བ་སྲུང་ཆེད“རྒོལ་སྲུང་མནའ་མཐུན”ཡང་བཙུགས་པ་རེད།།
ཡིན་ནའང་ད་ཆ་གནས་སྟངས་འདི་འདྲ་ཞིག་ལ་གྱུར་ཟིན་པས། ཐོག་མར་ལས་བྱེད་ཚེ་དབང་གིས་གནད་དོན་དེའི་སྐོར་གྱི་ཡི་གེ་ཀློག་སྐབས་ད་རེས་ང་ཚོ་ཚང་མ་རྦད་དེ་ཚར་སོང་བསམ་ནས་སེམས་ནང་དངངས་སྐྲག་ཆེན་པོ་ཞིག་བྱུང་བ་མ་ཟད་ཟླ་བ་གཉིས་གསུམ་རིང་དེ་སྔ་རྒོལ་སྲུང་མནའ་མཐུན”བཙུགས་ཏེ་མ་བུའི་བརྩེ་གདུང་གི་ཁ་ཆད་ལ་ཡོངས་སུ་རྒྱབ་འགལ་གྱིས་ཆག་སྒོ་ཆེན་པོ་འདི་བླངས་པར་ཁོང་ཁྲོ་དྲག་པོ་བྱུང་བ་མ་ཟད། ཡང་ཕྱོགས་གཞན་ཞིག་ནས་ཨ་མ་ཀུན་བཟང་ལ་ཡང་སྙིང་ཚ་དྲིའི་བཀོལ་རྡུང་གང་ཞིག་ཕོག་ཡོད་དམ། ཁོང་ལ་ཏན་ཏན་སྡུག་སྦྱོང་མནར་གཅོད་མི་བཟོད་པ་ཞིག་བཏང་སྟེ་གནས་ཚུལ་དེ་དག་མི་ཤོད་ཀ་མེད་བྱུང་ཡོད་དམ་སྙམ་ནས་ཁོང་གི་ཐད་དེ་བས་སེམས་ཁྲལ་དང་བློ་འཚབ་ཆེན་པོ་ཞིག་བྱུང་། འོན་ཀྱང་ངས་ཁོང་ལ་གནད་དོན་དེའི་སྐོར་ཇི་ལྟར་བྱས་ཏེ་ལས་བྱེད་པས་ཤེས་རྟོགས་བྱུང་བ་དང་གསང་བ་ཤོར་མིན་སྐོར་དྲི་བའི་གོ་སྐབས་ནི་བཙོན་ཁང་ནང་དེ་བས་ཡོང་ཐབས་མེད་པ་ཞིག་རེད། ཁོང་ནི་དོན་དངོས་ཐོག་རྒྱ་མིའི་བཙོན་ཁང་ནང་སེམས་ཤུགས་དང་ལྷག་བསམ་འགྲན་ཟླ་བྲལ་བའི་རང་རེའི་བོད་ཀྱི་ཆེས་ཕུལ་བྱུང་གི་བུད་མེད་བླ་ན་མེད་པ་ཞིག་ཡིན་ལ། དེང་སྐབས་བོད་རྒྱལ་ཡོངས་ཀྱིས་དྲན་གསོ་བྱེད་བཞིན་པའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་དེའི་རྐང་འཛིན་སྣེ་འཁྲིད་པ་ཡང་རེད།
ལས་བྱེད་ཚེ་དབང་གིས་བཤད་པ་ལྟར་མཐའ་མའི་གོ་སྐབས་ཡིན་མིན་ལ་མ་ལྟོས་པར་ངོས་ལེན་གྱི་ཡི་གེ་ཞིག་མ་བྲི་རང་བྲིས་ཡིན་པས། ད་རེས་ཀྱི་ངོས་ལེན་ཡི་གེ་འབྲི་རྒྱུར་ང་ལ་དཀའ་ངལ་དེ་ཙམ་མེད། གང་ཡིན་ཟེར་ན་ང་དང་ཨ་མ་ཀུན་བཟང་དབར་གྱི་གནས་ཚུལ་ནི་ལས་བྱེད་ཚེ་དབང་གིས་བཙོན་དམངས་ཀྱི་ཚོགས་འདུར་ཁྱབ་བསྒྲགས་བྱས་པ་ལྟར་དེ་དག་བསྐྱར་ཟློས་བྱ་རྒྱུ་ལས་གསར་པ་ཁ་སྣོན་བྱེད་རྒྱུ་གང་ཡང་མེད་པས། ཁོ་པས་བཤད་པ་གཞིར་བཟུང་བྲིས་ནས་སྤྲད་པ་ཡིན། ཚེ་དབང་གིས་ངའི་ངོས་ལེན་ཡི་གེ་དེར་ཞིབ་མོར་བལྟས་ཏེ་“ད་དུང་བསམ་བློ་ཡག་པོ་ཞིག་བཏང་ནས་གནས་ཚུལ་གསར་པ་དྲན་པ་གསོས་ཚེ་ལམ་སེང་སྲིད་གཞུང་ལ་སྙན་སེང་ཞུ་དགོས། དེ་ལྟར་བྱས་ཚེ་ཐག་གཅོད་སྐབས་ཅུང་ཡང་བ་ཡོང་གི་རེད”ཟེར།ཡིན་ནའི་ཨ་མ་ཀུན་བཟང་ང་གཉིས་དབར་གནས་ཚུལ་དེ་རང་ལས་མེད་སྟབས་རུ་ཁག་གི་ཚོགས་ཆེན་ཐོག་འཐབ་རྩོད་ཐེངས་གཅིག་བྱས་པ་ལས་བསམ་ཚོད་ལྟར་གྱི་ཐག་གཅོད་སྡུག་པ་མ་བྱུང་། དེ་ནས་ཟླ་ཤས་སོང་བའི་རྗེས་ཉིན་ཞིག་རུ་ཁག་ནང་ཁ་ལག་ལེན་པར་འགྲོ་སྐབས་ལམ་བར་ཨ་མ་ཀུན་བཟང་ལགས་ཐེངས་གཅིག་གདོང་ཐུག་བརྒྱབ་བྱུང་། ཁོང་སྐུ་གཟུགས་སྔར་ལྟར་ལས་དམིགས་བསལ་ཉེས་རྡུང་བཏང་སྟེ་ནད་གོག་བཟོས་པ་ལྟ་བུ་ཞིག་མི་འདུག་པས། ངའི་སེམས་ནང་རང་བཞིན་གྱི་ཁོང་ཁྲོའི་རྐྱེན་ཞིག་གིས་སྐབས་དེར་ངས་ཁོང་ལ་ཡི་མི་རང་པའི་རྣམ་འགྱུར་དྲག་པོ་ཞིག་སྟོན་པར་ཐལ་བ་མ་ཟད་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཡོང་བ་ཡིན།།
དོན་དངོས་ཐོག་ངས་ཁོང་ལ་སེམས་གཏིང་ནས་ཞེ་འཁོན་འཛིན་པ་ཞིག་མ་ཡིན་པར་དེ་ནི་ཕལ་ཆེར་ཨ་མ་ལགས་ཁོང་དང་འབྲེལ་བའི་གནད་དོན་དེའི་སྐོར་གྱིས་ང་ལ་སུན་བཙིར་ཐེངས་མང་ཕོག་པ་དང་། ཕྱོགས་གཞན་ཞིག་ནས་དུས་ཡུན་རིང་པོར་མ་བུའི་བརྩེ་དུང་གི་དམ་བཅའ་ལས་ཁོང་ལ་སེམས་ཁུར་ཆེན་པོ་བྱས་པའི་སྡུག་ཡུས་ཀྱི་ཚུལ་དུ་རྣམ་འགྱུར་དྲག་པོ་ཞིག་སྟོན་པར་ཐལ་བ་ཞིག་རེད། ངས་སྐབས་དེར་ཨ་མ་ཀུན་བཟང་ལགས་སུ་བསྟན་པའི་རྣམ་འགྱུར་གྲང་ཤུར་ཤུར་དེ་མཉམ་དུ་ཡོད་པའི་བཙོན་གྲོགས་བློ་མཐུན་བྱམས་པ་ཚུལ་ཁྲིམས་ཀྱིས་མཐོང་སྐབས། ཁོང་གིས་ང་ལ་“ཁྱེད་རང་ཨ་མ་ལགས་ཁོང་ལ་རྣམ་འགྱུར་དྲག་པོ་དེ་འདྲ་སྟོན་པ་ནི་རྦད་དེ་ནོར་འཁྲུལ་རེད། ཡང་སྙིང་ཁོང་ལ་འཕྲད་པའི་དཀའ་ངལ་དེ་ཁྱེད་ཀྱིས་གསལ་པོ་ཤེས་སམ། ཨ་མ་ལགས་ཁོང་ཡང་སྙིང་བུད་མེད་གང་འདྲ་ཞིག་ཡིན་མིན་ང་ཚོས་ལོ་ངོ་དེ་དག་ནང་རྒྱུས་མངའ་མེད་པ་མ་རེད། ཁོང་ལ་ཏན་ཏན་རྐྱེན་ངན་གཞན་ཞིག་འཕྲད་པ་ལས་དོ་ནན་མ་བྱས་པར་གང་བྱུང་དུ་གནས་ཚུལ་དེ་དག་གསུངས་སྲིད་ཀྱི་མ་རེད་”ཅེས་ངའི་རྣམ་འགྱུར་སྟོན་སྟངས་ལ་ཡི་མི་རང་པ་དང་འདོད་པ་མེད་པའི་སྒོ་ནས་ཤ་ཚའི་སྐྱོན་བརྗོད་བྱེད་ཀྱི་འདུག ཁོང་གིས་གསུངས་པ་དེ་ཡང་ངོ་མ་རྒྱུ་མཚན་འཐད་ལྡན་ཞིག་ཏུ་སེམས་ཏེ་བྱམས་པ་ཚུལ་ཁྲིམས་བློ་ཕམ་རུ་མི་འཇུག་པར་དགོངས་ཚུལ་དེར་ཡོངས་སུ་མོས་མཐུན་ཡོད་པའི་རྣམ་འགྱུར་སྟོན་ནས་དང་ལེན་ཞུས་པ་ཡིན། གནས་ཚུལ་དེ་དག་བྱུང་ནས་ཟླ་བ་ཁ་ཤས་ཀྱི་རྗེས་སུ་རིམ་བཞིན་གནས་ཚུལ་འབྱུང་རྐྱེན་འདི་འདྲ་ཞིག་ཤེས་རྟོགས་ཐུབ་པ་དེ་ནི། བྱམས་པ་ཚུལ་ཁྲིམས་ཀྱིས་དེ་སྔ་བཤད་པ་ལྟར་ཨ་མ་ཀུན་བཟང་ལགས་སུ་ལེ་ཁག་གཏན་ནས་མེད་པའི་གཏམ་རྒྱུད་སྙིང་ན་དགོས་པ་འདི་བྱུང་འདུག དེ་ནི་བཙོན་ཁང་གི་ལས་བྱེད་པ་དང་བཙོན་པ་ཧུར་བཙོན་པ་ཁག་ཅིག་གིས་ཨ་མ་ཀུན་བཟང་ལགས་འགྱོད་བཤགས་དང་ངོས་ལེན་གྱི་རྣམ་འགྱུར་ཡག་པོ་མེད་པར་འཛིན་ནས་གྲྭ་བཞི་བཙོན་ཁང་དུ་སླེབས་པ་ནས་བཟུང་ཁོང་ལ་ཆབ་སྲིད་ཀྱི་ལྐོག་གཡོ་ཡོད་པར་དོགས་པ་བྱས་ཏེ་དཔྱད་བསྡུར་དང་། ཞི་དྲག་གི་དྲི་རྩད་ཐེངས་མང་བྱས་ཀྱང་གནས་ཚུལ་གྱི་དཔང་རྟགས་གསལ་པོ་ཞིག་གཏན་ནས་མ་རྙེད་སྟབས། བཙོན་ཁང་གི་ལས་བྱེད་པས་ངན་ཇུས་བཤམས་ཏེ་ཨ་མ་ཀུན་བཟང་ལགས་སུ་བརྟགས་དཔྱད་བྱེད་ཆེད་རུ་ཁག་གསུམ་པའི་བཙོན་པའི་ཁྲོད་ཀྱི་སྣེ་གདོང་བདེ་སྐྱིད་ཁང་གསར་ནས་ཡིན་པའི་བུད་མེད་ངོ་གདོང་ནག་པོ་ཞིག་ཡོད་པ་དེ་བཙོན་ཁང་གི་ལས་བྱེད་པས་བཙན་ཤུགས་ཀྱི་སྒོ་ནས་ཆེད་མངགས་ཨ་མ་ཀུན་བཟང་ལགས་ཀྱི་ཁ་བསྔོག་པར་བཞག་པ་རེད།
བདེ་སྐྱིད་ཁང་གསར་གྱི་བུད་མེད་དེ་ཉིན་མོ་ཨ་མ་ཀུན་བཟང་མཉམ་དུ་ལས་ཀར་མངགས་པ་དང་མཚན་མོ་ཉལ་ཁང་ཡང་གཅིག་ཏུ་བཀོད་སྒྲིག་བྱས་སྟབས་ཁོང་གཉིས་ནི་བཙོན་པ་གཞན་དང་མི་འདྲ་བའི་མཉམ་གཤིབས་དང་གླེང་མོལ་བྱེད་རྒྱུའི་གོ་སྐབས་བྱུང་བ་དང་། དུས་ཡུན་དེ་དག་རིང་བདེ་སྐྱིད་ཁང་གསར་གྱི་བུད་མེད་དེས་ཨ་མ་ཀུན་བཟང་ལ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་ཤོར་ཡང་འགྱོད་པ་མེད་སྐོར་དང་། བཙོན་ཁང་དུ་སྡོད་རིང་རང་ཉིད་ཀྱི་བོད་རང་བཙན་དང་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཡོང་སླད་དམིགས་ཡུལ་དང་ལངས་ཕྱོགས་ནི་ཤི་སྲོག་ལ་ཐུག་ཀྱང་འགྱུར་བ་མི་གཏོང་རྒྱུ་སོགས་བཅོས་མའི་སྙིང་གཏམ་ཐེངས་མང་བཤད་པར་བརྟེན། དུས་ཚོད་གང་ཙམ་ཞིག་སོང་རྗེས་ཨ་མ་ཀུན་བཟང་ལགས་རྦད་དེ་མོའི་གཡོ་འོག་ཏུ་ཚུད་ནས་རིམ་བཞིན་ཁོང་གཉིས་ཀྱང“རྒོལ་སྲུང་མནའ་མཐུན་བཞག་པ་མ་ཟད། ཨ་མ་ཀུན་བཟང་གི་སེམས་ནང་བུད་མེད་དེར་བློས་ཡོངས་སུ་འགེལ་ཆོག་པ་འདུག་སྙམ་པའི་ཡིད་ཆེས་ཆེན་པོ་ཞིག་བྱུང་བ་དང་ཆབས་ཅིག སྣེ་གདོང་བདེ་སྐྱིད་ཁང་གསར་གྱི་བུད་མེད་དེས་ཀྱང་ཨ་མ་ཀུན་བཟང་གིས་མོ་རང་ལ་བློས་ཡོངས་སུ་བཀལ་ཟིན་པའི་གོ་སྐབས་དེ་དང་བསྟུན་ནས་ཨ་མ་ཀུན་བཟང་གི་ཁ་བསྔོག་སྟེ་གྲྭ་བཞི་བཙོན་ཁང་ནང་ལས་ཀ་གང་དང་གང་བྱེད་དགོས་པ་དང་། མི་སུ་འདྲ་ཞིག་ལ་བློས་བཀལ་ནས་འབྲེལ་བ་བྱེད་དགོས་པ་སོགས་སློབ་སྟོན་ཞུ་བའི་ཚུལ་དུ་དྲིས་འདུགཨ་མ་ཀུན་ཟང་ལགས་ཀྱིས་ཀྱང་བུད་མེད་དེར་བློས་ཡོངས་སུ་བཀལ་ཟིན་པས་ངེད་གཉིས་དབར་བྱུང་བའི་གནས་ཚུལ་ཡང་ཚང་མ་ནང་གཏམ་གྱི་ཚུལ་དུ་རིམ་བཞིན་མོ་ལ་བཤད་པ་རེད།
སྣེ་གདོང་བདེ་སྐྱིད་ཁང་གསར་གྱི་བུད་མེད་དེས་ཨ་མ་ཀུན་བཟང་གི་གསང་བ་དེ་དག་ཡོངས་སུ་བསྔོགས་ཚར་རྗེས་མོ་རང་གིས་ལས་འགན་ཡོངས་སུ་གྲུབ་པ་ལྟར་བཙོན་ཁང་གི་འགོ་ཁྲིད་ལ་སྙན་སེང་བྱས་ནས་ཨ་མ་ཀུན་བཟང་གི་ཐོག་ཏུ་བསམ་ཡུལ་ལས་འདས་པའི་ཆག་སྒོ་ཆེན་པོ་འདི་གཡོས་པ་རེད། ཨ་མ་ཀུན་བཟང་གི་གསང་བའི་གནས་ཚུལ་ཚང་མ་མཐིལ་བརྡོལ་རྗེས་བཙོན་རའི་ལས་བྱེད་པའི་སྣེ་ཁྲིད་བཀོད་འདོམས་འོག་ཉིན་བསྟུད་མར་ཁོང་ལ་འཐབ་རྩོད་ཐེངས་མང་བྱས་པ་རྗེས་སུ་གོ་ཐོས་བྱུང་། སྐབས་དེར་ཡང་ཨ་མ་ཀུན་བཟང་ལ་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་ཁོང་ནས་ངོས་ལེན་ཡག་པོ་བྱས་པ་རེད་ཅེས་ཚོགས་ཆེན་ཐོག་ཁྱབ་བསྒྲགས་ཀྱང་བྱས་པ་རེད། དེ་དག་ནི་ཕྱི་ལོ་༡༩༦པ་ནས་༡༩༦༧ལོ་བར་བྱུང་བའི་གནས་ཚུལ་རེད།
ལོ་ངོ་དེ་དག་ནང་གཅིག་ནས་ང་དང་ལྕང་རག་མཁན་ཆུང་ངག་དབང་ཚེ་དཔལ་ལ་སོ་སོའི་ལོ་རྒྱུས་དང་། ལྔ་བཅུ་ང་དགུའི་བཙན་རྒོལ་དམག་འཁྲུག་ནང་ཞུགས་པའི་སྐོར་ལ་སླར་ཡང་དྲི་རྩད་ཐེངས་ཁ་ཤས་བྱས་ཏེ“ཁྱོད་གཉིས་ཁྲིམས་ཐག་མགྱོགས་པོ་གཅོད་དགོས་ན་ད་དུང་བསམས་གཞིགས་བྱས་ནས་ངོས་ལེན་ཞུ་ལུས་བསྡད་ཡོད་ན་ཡི་གེ་བྲིས་ཏེ་སྤྲོད་དགོས་ཟེར་བ་དང་། ཡང་ཕྱོགས་གཞན་ཞིག་ནས་མི་གཞན་གྱི་གནས་ཚུལ་ཐེར་འདོན་བྱས་ཏེ་བྱས་རྗེས་བཞག་ནས་ཉེས་པ་དག་ཐབས་བྱེད་དགོས། སྤྱི་ཚོགས་དང་བཙོན་ཁང་གཉིས་ཀར་ཡོད་པའི་ཞུ་ལུས་ཉེས་ཅན་པ་ཡོད་ཚེ་ངེས་པར་དུ་ཐེར་འདོན་བྱེད་དགོས། སྤྱི་ཚོགས་ཐོག་དང་བཙོན་ཁང་ནང་ནས་མི་མང་པོས་ཁྱེད་གཉིས་ལ་ཐེར་འདོན་བྱེད་ཀྱི་ཡོད། ནག་ཉེས་ཚང་མ་གསལ་ཞུ་བྱས་ཏེ་མགྱོགས་ཙམ་བཙོན་ཁང་ནས་དོན་ཐབས་བྱས་ན་རང་ཉིད་ལ་མདུན་ལམ་བཟང་པོ་འཐོབ་རྒྱུ་རེད་ཟེར། དེའི་ལན་དུ་ངས་“ད་ཆ་ཞུ་ལུས་བྱུང་བའི་གནས་ཚུལ་གང་ཡང་མེད་པས་གལ་སྲིད་སྲིད་གཞུང་གིས་ད་དུང་ཐུགས་ཡིད་མི་ཆེས་ན་གློག་དཔར་བརྒྱབ་སྟེ་ཞུ་ལུས་བྱུང་རིགས་ཡོད་ན་ཁས་ལེན་ཞུ་རྒྱུ་ཡིན”ཞེས་བཤད། དེ་རྗེས་ཐག་གཅོད་བྱེད་ཁའི་སྔོན་དུ་ཡི་གེ་ཞིག་ བྲིས་ནས་སྤྲོད་སྐབས་“ཡི་གེ་དེར་ཧེ་བག་ཡོད་མེད་ཞིབ་ནན་བྱེད”ཟེར། དེ་ནས་ ཉིན་ཤས་རྗེས་ཁྲིམས་ཁང་གི་མི་ཡོང་སྟེ་ང་རང་གཅིག་པུར་ཐག་གཅོད་དཔྱད་ཁྲ་ཁྱབ་བསྒྲགས་བྱས་སོང་། དཔྱད་ཁྲའི་ནང་“ཕྱི་ལོ་ ༡༩༥༩ ལོར་བཙན་རྒོལ་དམག་འཁྲུག་གི་རྐང་འཛིན་པ་བྱས་ཏེ་དྲག་ཆས་སྤྲས་ནས་ང་ཚོའི་དམར་དམག་ལ་ཚུར་ རྒོལ་བྱས་པ་དང་། ང་ཚོའི་འཛུགས་སྐྲུན་ལས་ཁུངས་ཀྱི་འབྲུ་རིགས་མཛོད་ཁང་ གཉིས་མེར་བསྲེགས་གཏོར་རྒོལ་བྱས་པས་མ་ཚད་བཙོན་ཁང་ནང་དུ་སླེབས་ནས་ཀྱང་རོ་ལངས་རེ་སྟོང་གི་བསམ་ཚུལ་ཁོ་ན་བཅངས་ཏེ་བསྒྱུར་བཀོད་ཚུལ་བཞིན་མ་བྱས་པར་བརྟེན་ཚེ་གང་བཙོན་བཅུག་བྱེད་རྒྱུ་ཡིན”ཞེས་ཁྲིམས་བསྒྲགས་བྱས་ པ་ཙམ་ལས་དཔྱད་ཁྲ་དངོས་སུ་ལག་པར་སྤྲད་མ་སོང་། ། ངའི་མི་ཚེར་ནམ་ཡང་བརྗེད་པར་དཀའ་བའི་གནས་ཚུལ་ཞིག་ནི། རིག་གནས་གསར་བརྗེའི་དུས་མཇུག་སྟེ། ཕྱི་ལོ་ ༡༩༧༠ ལོའི་ཉིན་མོ་ཞིག་ང་རང་ནད་གཞི་ཆུང་ཙག་ཞིག་གིས་རྐྱེན་བྱས་ཏེ་སྨན་ཁང་ལ་འགྲོ་དགོས་བྱུང་སྟབས་སྨན་ ཁང་རུ་ཁག་གསུམ་པའི་ཉེ་འགྲམ་དུ་ཡོད་པས་དེ་ཉིན་རྒྱུན་གཏན་དང་མི་འདྲ་བར་རུ་ཁག་གསུམ་པའི་སྒོ་འགྲམ་དུ་མེ་མདའ་ཁྱེར་བའི་དམག་མི་མང་པོ་ཞིག་ཛ་དྲག་ཆེན་པོས་གྲལ་སྒྲིག་སྟེ་བསྡད་པ་དང་། གང་འཚམ་ཞིག་ལ་ཨ་མ་ཀུན་བཟང་དང་། གསང་སྔགས་ཆོས་སྒྲོན། རྟ་མཆོག་བུ་ཁྲིད་བཅས་དོ་སྐྱེལ་རླངས་འཁོར་ཞིག་གི་ནང་བླུག་ནས་གྲྭ་བཞི་བཙོན་ཁང་གི་ཕྱི་ལོག་ཏུ་ཁྲིད་སོང་། ཁོང་ཚོ་ཕྱིར་ཁྲིད་པའི་རྒྱུ་རྐྱེན་ཐད་སེམས་ཁྲལ་ཆེན་པོ་ཞིག་བྱུང་སྟེ་བཙོན་པ་གཞན་ལ་དྲི་སྐབས་ཁོང་ཚོ་གསུམ་རྒྱུན་གཏན་བཙོན་པའི་ནང་ནས་འགྱོད་བཤགས་མེད་པའི་རྣམ་འགྱུར་སྡུག་ཤོས་རེད་ཟེར་བ་ལས་རྒྱུ་མཚན་ཤེས་མཁན་གཅིག་ཀྱང་མི་འདུག ཕྱི་ཉིན་བཙོན་ཁང་གི་ལྕགས་རིའི་ཐོག་དང་རུ་ཁག་ཡོངས་ཀྱི་སྒོ་རའི་གཡས་གཡོན་ཚང་མར་མེ་མདའ་བཟུང་བའི་དམག་མི་མང་པོ་བཞག་པ་དང་། ད་དུང་བཙོན་ཁང་ཧྲིལ་པོ་ལས་མཚམས་བཞག་སྟེ་བཙོན་པ་ཡོངས་རྫོགས་བསྐོངས་པའི་ཚོགས་ཆེན་ཐོག་བཅད་ཁྲ་ཡོངས་བསྒྲགས་ཀྱི་ཁྲིམས་ར་དེ་གྲྭ་བཞི་བཙོན་ཁང་དུ་ཚུགས་པ་རེད། ཁྲིམས་བསྒྲགས་ཀྱི་ཚོགས་ཆེན་དེའི་ཐོག་ཨ་མ་ཀུན་བཟང་དང་། གསང་སྔགས་ཆོས་སྒྲོན། རྟ་མཆོག་བུ་ཁྲིད། དེ་བཞིན་ཨུ་ཀྲི་ཏུད་བཙོན་ཁང་ནས་ཁྲིད་ཡོང་བའི་བོད་རིགས་བཙོན་པ་མི་བཞི་བཅས་ཁྱོན་མི་བདུན་རྩ་ཐག་དཀར་པོ་ཞིག་གིས་ལག་པ་གཉིས་རྒྱབ་ཏུ་དམ་པོར་བསྡམས་པ་མ་ཟད། ཐ་ན་ཁོང་ཚོས་ཁྲིམས་རའི་ཐོག་སྐད་རྒྱག་དོགས་ཀྱིས་ཁོང་ཚོའི་མིད་ཚིགས་ཐོག་ནས་རྩ་ཐག་གིས་བསྡམས་པ་དང་། གཡས་གཡོན་ནས་རྒྱ་དམག་གཉིས་རེས་བཟུང་སྟེ་འགྲེང་འགྲེང་དུ་བཞག་སོང་།
ཁྲིམས་དཔོན་གྱིས་བཙོན་དམངས་བསྐོངས་པའི་ཁྲིམས་ར་དེའི་ཐོག་ཁྲིམས་བསྒྲགས་བྱས་པའི་ཉེས་དོན་ནི། “ཀུན་བཟང་སོགས་ཀྱིས་ཀླད་རྙིང་མཁྲེགས་བཟུང་གིས་དོན་དངོས་ལ་མ་ལྟོས་པར་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་།མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་ངན་ཚབས་ཆེན་སྤེལ་ཏེ་ཆོས་སྲིད་གཉིས་ལྡན་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་བྱས་ནས་བོད་མི་དམངས་སླར་ཡང་སྡུག་བསྔལ་གྱི་མེ་དོང་ནང་གཡུགས་རྒྱུའི་རེ་ངན་བཅངས་པ་དེ་ནི་རྒྱལ་ཁབ་དང་གསར་བརྗེའི་བྱ་གཞག་ལ་རྒྱབ་གཏོད་བྱས་པ་ཞིག་དང་། རྒྱལ་ཁབ་དང་མི་དམངས་ལ་གསབ་ཐབས་བྲལ་ཞིང་ནམ་མཁར་མི་གཤོང་བའི་སྡིག་ཉེས་ཚབས་ཆེན་བསགས་ཡོད་”ཅེས་དང་། ད་དུང་ཁྲིམས་དཔོན་གྱིས། ཀུན་བཟང་གིས་རིག་གནས་གསར་བརྗེའི་ལས་འགུལ་ལ་སྨྱོ་བ་ལྟར་གུང་ཁྲན་ཏང་གི་ཡང་དག་པའི་སྲིད་ཇུས་ལ་ཚིག་མཚོན་བཏབ་ནས་ངོ་རྒོལ་བྱས་པ། གསང་སྔགས་ཆོས་སྒྲོན་དང་། རྟ་མཆོག་བུ་ཁྲིད་གཉིས་ནི་མོའི་རྒྱུག་ཁྱི་རྩེར་སོན་པ་ཞིག་རེད”ཅེས་འུད་སྒྲོག་བྱས་ཏེ་བོད་རིགས་མི་བདུན་པོ་དེ་དག་དུས་གཅིག་ཏུ་གྲྭ་བཞི་བཙོན་ཁང་གི་བྱང་ངོས་བྱེ་ཐང་དུ་ཁྲིད་ནས་ཉིན་དེ་རང་ལ་སྲོག་ཐོག་བཏང་སྟེ་ཕུང་པོ་དྲོད་ཡལ་ལོང་མ་བྱུང་བར་ས་དེ་རང་གི་བྱེ་མའི་འོག་ཏུ་ས་སྦས་བཏང་བ་རེད། ཉིན་དེ་ནས་བཟུང་ངའི་སེམས་ནང་དེ་སྔ་ཨ་མ་ཀུན་བཟང་ལ་སྟོན་པའི་རྣམ་འགྱུར་དྲག་པོ་དེ་འགྲིག་མི་འདུག་སྙམ་ནས་འགྱོད་གདུང་དྲག་པོའི་སེམས་གཅོང་གི་མནར་ཏེ་ཟས་ཀྱི་བཅུད་དང་ཉལ་བའི་གཉིད་མེད་པ་ཆགས་བྱུང་། བཙོན་གྲོགས་བྱམས་པ་ཚུལ་ཁྲིམས་ཀྱིས་དོན་དངོས་ལ་བསམས་གཞིགས་དགོས་པའི་རྒྱུ་མཚན་མ་གསུངས་ཚེ་ངས་ཁོང་ལ་ཕལ་ཆེར་དེ་བས་རྣམ་འགྱུར་ངན་པ་སྟོན་སྲིད་པའི་བརྒྱུད་རིམ་ལ་བསམ་སྐབས་སེམས་ནང་བཟོད་མི་ཐུབ་པའི་སྡུག་བསྔལ་ཞིག་ཁྱེར་དགོས་བྱུང་། འོན་ཀྱང་ཁོང་གི་སྙིང་སྟོབས་ཡིད་ལ་དྲན་ནས་དུས་ཚོད་དང་ཁོར་ཡུག་སྡུག་པོ་དེ་ལྟ་བུ་ཞིག་གི་འོག་ཏུ་ངས་ཁོང་ལ་དུར་མཆོད་ཙམ་ཡང་བྱེད་རྒྱུའི་ཆ་རྐྱེན་མེད་ན་ཡང་ཚེ་འདས་དེ་ཉིད་ཀྱི་རྣམ་ཤེས་དག་པའི་ཞིང་དུ་མྱུར་དུ་ཚེ་འཕོ་བའི་སྨོན་ལམ་དང་། ང་རང་གི་ལེ་ཁག་ལ་འགྱོད་གདུང་གི་སྨྲེ་སྔགས་དེ་གདུག་རྩུབ་ཆེ་བའི་བཙོན་རའི་ནང་བཏོན་ཏེ་ཁོང་ལ་མྱ་ངན་ཞུས་པ་དང་ཆབས་ཅིག་ཏུ་ངའི་སེམས་ནང་མི་མངོན་པར་བཅངས་པའི་ལྷད་མེད་ཀྱི་ལ་རྒྱའི་བརྩེ་སེམས་ཀྱི་འདུ་ཤེས་དེ་ཡོངས་སུ་མཚོན་ཕྱིར་གུས་བརྩིའི་རྗེས་དྲན་རྒྱུན་འཁྱོངས་བྱས་པ་ཡིན།།
གདུག་རྩུབ་ཤིན་ཏུ་ཆེ་བའི་དུས་སྐབས་དེ་དག་ནང་གནད་དོན་ཆུང་ངུ་ཞིག་གི་དོན་དུ་རང་རིགས་སྤུན་ཟླ་མང་པོའི་ཚེ་སྲོག་བཅད་པ་དང་། ད་དུང་དེ་རིང་ཡང་ང་ཚོའི་སྤུན་ཟླའི་ཚེ་སྲོག་ལ་རིན་ཐང་མེད་པར་གནད་དོན་ཆུང་ངུ་ཞིག་ལ་སྲོག་ཐོག་གཏོང་རྐྱང་བྱེད་ཀྱི་ཡོད་པས།ཉལ་བའི་རྨི་ལམ་ཡང་རང་བཞིན་གྱིས་མ་འཁྲུག་པ་ག་ལ་ཡོང་སྲིད། ཕལ་ཆེར་ཕྱི་ལོ་ ༡༩༧༠ ཐམ་པའི་ནང་ལ་ཡིན་པ་ཡོད། དགོང་མོ་ཞིག་རྨི་ལམ་ནང་བཙོན་རའི་ཐོག་སྟེང་དུ་སྲིན་བྱ་འདྲ་བའི་བྱ་ཆེན་མཆུ་ཏོ་ལུག་ར་འདྲ་བ་ཞིག་གིས་རི་ལྡེབས་ཀྱི་བྱིའུ་ཞིག་ཟས་པ་རྨིས་བྱུང་། དེ་ནས་ཉིན་ཉི་ཤུ་སྐོར་ལ་དགའ་ལྡན་གསེར་བཟང་སྤྲུལ་སྐུ་ཐུབ་བསྟན་མགོན་པོ་སྲོག་ཐོག་བཏང་སོང་། ཁོང་སྲོག་ཐོག་གཏོང་སྐབས་གྲྭ་བཞིའི་སྨན་ཁང་དུ་ཞབས་ཆག་ནས་བཞུགས་ཡོད། ཞབས་ཆག་པའི་རྒྱུ་རྐྱེན་ནི་རྒྱུན་དུ་ལས་བྱེད་པ་དང་བཙོན་པ་ཧུར་བརྩོན་པ་སུ་ལའང་འཛེམ་ཟོན་གཏན་ནས་མེད་པར་ཞལ་གྱོང་བ་དང་ངར་ཤེད་ཆེ་ཙམ་གནང་བས་ཧུར་བརྩོན་པ་ཚོ་ཡི་མ་རང་པར། ཁོང་ལ་བརྣག་སེམས་བྱས་ཏེ་མི་གཉིས་ཀྱིས་པང་ལོན་ཐུབ་ཙམ་གྱི་བྲག་རྡོ་ཆེན་པོ་ཞིག་ཁོང་གི་སྒལ་བར་བསྐུར་ནས་བཙན་ཤུགས་ཀྱིས་དབོར་དུ་བཅུག་སྟབས་ཁོང་གི་སྐུ་སྐེད་ཀྱིས་ཐེག་མི་ཐུབ་པར་ཞབས་གཡས་ལ་བྲག་རྡོ་ཐེབས་ནས་ཆགས་པ་རེད། ཞབས་ཆག་སྟེ་སྨན་ཁང་དུ་གཟིམ་ཆས་ནང་ལུས་ཡོད་པ་ནས་ཞོགས་པ་ཞིག་གློ་བུར་དུ་ན་བཟའ་ཡང་གྱོན་མི་བཅུག་པར་སྐུ་གཟུགས་དམར་རྗེན་མའི་ཐོག་རྩ་ཐག་དཀར་པོ་ཞིག་གིས་དམ་པོར་བསྡམས་ཏེ་བཙོན་དམངས་བསྐོངས་པའི་ཚོགས་རའི་ཐོག་རྒྱ་དམག་འགའ་ཤས་ཤིག་གིས་དྲུད་ཡོང་བ་དང་། ཁྲིམས་ར་ནས་ཁོང་སྲོག་ཐོག་གཏོང་བའི་ནག་ཉེས་ཀྱི་དཔྱད་ཁྲ་དེ་གྲྭ་བཞི་བཙོན་ཁང་གི་བཙོན་པ་ཡོངས་རྫོགས་འདུས་པའི་ཚོགས་རར་ཁྱབ་བསྒྲགས་བྱས་པ་རེད། དཔྱད་ཁྲའི་ ནང་དོན་ནི་འདི་ལྟ་སྟེ། “ཉེས་ཅན་ཐུབ་བསྟན་མགོན་པོས། ཉེས་ཅན་ཀུན་བཟང་སྲོག་ཐོག་གི་ཁྲིམས་ཐག་བཅད་པ་དེར་ཡི་མི་རང་པར། ཀུན་བཟང་ནི་ང་ཚོ་བོད་རིགས་མི་དམངས་ཀྱི་ཆེས་ཕུལ་བྱུང་གི་དཔའ་མོ་ཞིག་ཡིན་ཡང་ང་ཚོས་སྲོག་སྐྱོབ་མི་ཐུབ་པར་བློ་ཕམ་ཆེན་པོ་བྱུང་ཞེས་བཤད་ཡོད། ཡིན་ནའང་དོན་དངོས་ཐོག་ཀུན་བཟང་ནི་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ལ་སྨྱོ་བ་ལྟར་ ཚིག་མཚོན་འདེབས་མཁན་གྱི་མི་ངན་གཏེ་པོ་ཞིག་ཡིན་པས། དེར་བརྟེན་ཉེས་ཅན་ཐུབ་བསྟན་མགོན་པོར་ཡང་ཉེས་ཅན་ཀུན་བཟང་ལ་ཐོབ་ཟིན་པའི་མདུན་ལམ་དེ་སྤྱད་ནས་ད་ལྟ་རང་སྲོག་ཐོག་གཏོང་རྒྱུ་ཡིན”ཞེས་ཁྱབ་བསྒྲགས་བྱས་ཏེ་ གནད་དོན་དེའི་ཐད་སྲོག་ཐོག་བཏང་བ་རེད། ། མིའི་སྲོག་ལ་རིན་ཐང་རྩ་བ་ནས་མེད་པར་ལག་རྩེད་བྱས་པ་དེས། སྐབས་དེར་བསམ་བློ་མ་འཁོར་དགུ་འཁོར་སྣ་ཚོགས་ཤིག་འཁོར་བ་ནི། སྐུ་ཞབས་གསེར་བཟང་ནི་གསང་སྔགས་ཀྱི་ཉམས་རྟོགས་མི་དམན་པ་ཞིག་ཡོད་པ་དང་། གཅོད་ཀྱི་ཉམས་ལེན་ནི་རྒན་དོན་ལྡན་རིན་པོ་ཆེའི་དངོས་སློབ་གཙོ་བོ་དང་། རྒྱུན་དུ་ཐུགས་ ངར་ཆེ་ཙམ་ཡོད་པས་ད་རེས་དྲེགས་པའི་སྐུར་བཞེངས་ཏེ་ཚར་བཅད་ཚུར་འདུས་ཀྱི་རྟགས་མཚན་མངོན་གསལ་དོད་ཙམ་ཞིག་བསྟན་ཐུབ་ན། མ་མཐར་ཡང་གྲྭ་བཞི་བཙོན་ཁང་འདིའི་ནང་ཆོ་འཕྲུལ་ཡ་མཚན་ཅན་ཞིག་སྟོན་ཐུབ་ན་ཁྱད་པར་ཆེན་པོ་ཡོང་ས་རེད། དེ་སྔ་མངའ་བདག་ཁྲི་རལ་གྱི་ཆོས་བློན་བྲན་ཁ་དཔལ་ཡོན་ དང་། བཀའ་བློན་ལུམ་པ་བ་བཀྲ་ཤིས་རྡོ་རྗེ་བཅས་རྐྱེན་དབང་གིས་དྲེགས་པར་སྐྱེས་ཏེ། སྐབས་ཤིག་རིང་ཆོ་འཕྲུལ་རྔམ་པོ་ཆེ་ལྟས་སྣ་ཚོགས་སྟོན་ཡོད་པས། ད་རེས་ཀྱང་དེ་འདྲ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་རེ་བ་ཆེན་པོ་ཞིག་བྱུང་ཡང་རྟགས་དང་མཚན་མ་གང་ཡང་མ་ཐོན་སྟབས། ད་ནི་རྣལ་འབྱོར་སྒོམ་སྒྲུབ་ཅན་ རྣམས་ཀྱི་མཐུ་དང་ནུས་པ་ཡང་ཉམས། འཇིག་རྟེན་དྲེགས་པ་ཡོངས་ཀྱི་འཕྲིན་ལས་རྣམ་བཞི་ཡང་མིང་ཙམ་གྱུར་འདུག་བསམ་ནས་བཙོན་གྲོགས་གཞན་ལ་ཡང་ཡང་ཤོད་རེས་བྱེད་རྒྱུ་བྱུང་།”
བཀའ་བློན་ཁྲི་ཟུར་སྐུ་ངོ་ཀུན་བདེ་གླིང་གི་ལོ་རྒྱུས་”མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ།”ནང་ཕྱི་ལོ་ ༡༩༦༤ ལོར་དཔའ་མོ་ཀུན་བཟང་ལགས་ལྷ་ས་གྲ་བཞིའི་ལྕགས་རིའི་ཤར་ངོས་སུ་རྒྱ་དམར་གྱིས་དམར་གསོད་བཏང་ཞེས་བྲིས་འདུག སྐུ་ཞབས་གཡུ་ལོའི་ལོ་རྒྱུས་” ལྷད་མེད་གཡུལ་ལོ་རྡུལ་ཐིག”ནང་ཕྱི་ལོ་ ༡༩༧༠ ནང་ཨ་མ་ཀུན་བཟང་དང་། གསང་སྔགས་ཆོས་སྒྲོན། རྟ་མཆོག་བུ་ཁྲིད། དེ་བཞིན་ཨུ་ཀྲི་ཏུད་བཙོན་ཁང་ནས་ཁྲིད་ཡོང་བའི་བོད་རིགས་བཙོན་པ་མི་བཞི་བཅས་ཁྱོན་མི་བདུན་གྲྭ་བཞི་བཙོན་ཁང་གི་བྱང་ངོས་བྱེ་ཐང་དུ་ཁྲིད་ནས་སྲོག་ཐོག་བཏང་སྟེ་ཕུང་པོ་དྲོད་ཡལ་ལོང་མ་བྱུང་བར་ས་དོང་རང་གི་བྱེ་མའི་འོག་ཏུ་ས་སྦས་བཏང་སོང་ཞེས་མིག་མཐོང་ལག་ཟིན་གྱི་བྱུང་བའི་གནས་སྟངས་བྲིས་འདུག དཔའ་མོ་ཀུན་བཟང་ལགས་རྒྱ་དམར་གྱིས་དམར་གསོད་བཏང་ལོ་ཕྱི་ལོ་ ༡༩༧༠ ལོ་ཡིན་པ་གསལ་པོ་རེད་འདུག
དཔར་ངར་ཅན་གྱི་དཔའ་མོ་ཀུན་བཟང་གི་བཙོས་བོད་ཀྱི་བུད་མེད་དེ་རྣམས་ལ་རྗེས་སུ་ཡི་རངས་དང་གདུང་ཤུགས་དྲག་པོས་དལ་འབྱོལ་རྟེན་བཟང་མྱུར་དུ་འཐོབ་པར་སྨོན་ལམ་ཞུའོ།།

 

Gutsy Women of Tibet Kundeling Kusang, aka Pamo Kunsang Imprisoned, executed. On March 12, 1959 thousands of Tibetan women gathered in front of the Potala Palace in Lhasa, united against the Chinese unlawful occupation of Tibet.
This was the spark that initiated the Tibetan women’s movement for independence. It was initiated and led by Pamo Kunsang and others. At the gathering, she spoke forcefully against the Chinese occupation of Tibet. In 1969, during the Cultural Revolution, Pamo Kunsang led the protest in prison. As a result, she and a number of other Tibetan women activists were brutally tortured and later executed by China. The execution took place near Sera Monastery. The women were made to kneel before their graves. Their heads were shaved clean and they looked so bruised and weak that no one could recognize them. The executioners fired a shot each at the back of their heads. They fell into the graves on their faces. The soldiers then fired a few more bursts of bullets on them in their graves and then covered them with soil. She was niece of Tsarong Dasang Dadul married an official of the Kundeling Gurteng family.
Tibetan Review ངོ་དེབ་ལས་བཤུས།

 

༡༽ སྙིང་སྟོབས་ཅན་གྱི་བོད་ཀྱི་བུད་མེད་ཀུན་བདེ་ཀུན་བཟང་ལགས་སམ་དཔའ་མོ་ཀུན་བཟང་ལགས་རྒྱ་དམག་གིས་བཙོན་འཇུག་བྱས་ཏེ་དམར་བསོད་བཏང་། 1959 ལོའི་ཟླ་ 3ཚེས་ 12 ཉིན་བོད་ཀྱི་བུད་མེད་སྟོང་ཕྲག་མང་པོ་མ་གྲོས་བསམ་པ་གཅིག་མཐུན་ངང་ནས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་ལ་མཉམ་དུ་འཛོམས་ནས་རྒྱ་དམར་གུང་བྲན་ཏང་གིས་བོད་ལ་ཁྲིམས་འགལ་ཐོག་བཙན་འཛུལ་བྱས་པར་ངོ་རྒོལ་དྲག་པོ་བྱས། ངོ་རྒོལ་དེ་ནི་བོད་ཀྱི་བུད་མེད་ཚོས་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་འགོ་འཛུགས་བྱས་པའི་མེ་སྟག་ཅིག་རེད། དཔའ་མོ་ཀུན་བཟང་མཆོག་དང་རྒྱལ་གཅེས་འཐབ་གྲོགས་གཞན་ཚོས་ཐོག་མར་འགོ་འཁྲིད་ནས་བུད་མེད་མང་པོ་མཉམ་དུ་འཛོམས་པའི་སྐབས་དེར་དཔའ་མོ་ཀུནབཟང་མཆོག་གིས་རྒྱ་དམར་གིས་བསིལ་ལྡན་ཁ་བའི་ལྗོངས་འདིར་དྲག་པོས་བཙན་བཟུང་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པའི་གསུང་བཤད་གནང་། ཕྱི་ལོ་ 1969 ལོར་རིག་གསར་སྐབས་སུ་དཔའ་མོ་ཀུན་བཟང་མཆོག་གིས་བཙོན་ཁང་ནང་ནས་བཙོན་པ་ཚོའི་ངོ་རྒོལ་ལས་འགུལ་གྱི་འགོ་འཁྲིད་གནང་། རྒྱུ་མཚན་དེར་བརྟེན། དཔའ་མོ་མཆོག་དང་ཁོང་མོའི་ལས་འགུལ་ལ་རྒྱབ་སྐྱོར་ཐ་གཅིག་ཏུ་བྱེད་མཁན་བུད་མེད་རྒྱལ་གཅེས་ལས་འགུལ་བ་ཚོར་རྒྱ་དམར་གྱིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་གདུག་རྩུབ་ཆེན་པོས་མནར་གཅོད་མི་སྤྱོད་ལས་འདས་པ་བཏང་རྗེས་སྲོག་ཐོག་བཏང་། སྲོག་ཐོག་གཏོང་ས་ནི། སེ་ར་དགོན་པའི་ཤར་ཕྱོགས་དེར་རེད། བུད་མེད་རྣམ་པ་སྲོག་ཐོག་མ་བཏང་བའི་སྔོན་དུ་ས་དོང་དྲུས་པའི་མདུན་དུ་པུས་མོ་ས་ལ་བཙུགས་སུ་འཇུག ཉེས་རྡུང་དྲག་པོ་བཏང་ནས་ལུས་པོ་སྐྱོན་ཅན་བཟོས་པ་མ་ཟད། རྒྱལ་གཅེས་པ་ཚོའི་མགོ་བོའི་སྐྲ་ཚང་མ་བཞར་སྟབས། ཕར་ལྟ་དུས་མི་སུ་གཅིག་ཀྱང་ངོ་ཤེས་ཐབས་མེད་པ་ལྟ་བུ་བཟོས་ནས་ལག་དམར་བ་ཚོས་རྒྱལ་གཅེས་དཔའ་མོ་མི་རེ་ངོ་རེའི་ལྟག་ཁུང་ལ་མེ་མདའ་བརྒྱབ་སྟེ་ཕུང་པོ་དྲོད་ཡལ་ལོང་མ་བྱུང་བར་ས་དོང་ནང་ལ་དབྱུག དེ་ནས་ས་དོང་ནང་ལ་ཡོད་པའི་ཕུང་པོ་སྟེང་ལ་མེ་མདའ་ཁ་ཤས་བརྒྱབ་ནས་བྱེ་མའི་འོག་ཏུ་ས་སྦས་བཏང་། དཔའ་མོ་ཀུན་བཟང་མཆོག་ནི་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་ཚ་མོ་རེད། ཁོང་མོ་ཀུན་བདེ་གླིང་གུར་སྟེང་ཁྱིམ་རྒྱུད་ཀྱི་དཔོན་རིགས་ཤིག་དང་ལྷན་དུ་གཉེན་སྒྲིག་བྱས་པ་རེད།།
གུས་པ་དབྱིན་ཡིག་སྦྱོང་མཁན་ལས་དང་པོ་ཞིག་གིས་ལས་སློབ་གཉིས་ཀྱི་བར་གསེང་ནས། དཔའ་མོ་ཀུན་བཟང་མཆོག་གི་ལོ་རྒྱུས་མདོར་བསྡུས་དབྱིན་ཡིག་ཏུ་ཡོད་པ་འདི། དོན་སྒྱུར་གཙོ་བོར་བྱས་ནས་བསྒྱུར་ཁུལ་བྱས་ཡོད། འདིར་ཆད་པ་དང་ལྷག་པ། དོན་འཆོལ་བ་སོགས་ཇི་རྙེད་ཅིག་འབྱུང་སྲིད་ན། དྲ་གྲོགས་ཚོས་ལེགས་སྤེལ་ཉེས་འགོག་དང་སློབ་སྟོན་གནང་རོགས།

མཆན། “བོད་ཀྱི་བུ་མོ་”ཞེས་པའི་ཕྲེང་རེང་རིན་ཆེན་སྒྲོལ་མ་ལགས་ཀྱི་ལོ་རྒྱུས་ནང་ཨ་མ་ཀུན་བཟང་ལགས་ཀྱི་པཱ་ལགས་ཚ་རོང་གི་ཕྱག་མཛོད་མཁྱེན་རབ་རེད་ཅེས་དང་”བོད་ཀྱི་དམགས་སྤྱི་ཆེ་བ་ཚ་རོང་ཟླ་བཟང་དགྲ་འདུལ་”ཞེས་བའི་༧མི་རྗེ་ཚ་རོང་མཆོག་གི་ལོ་རྒྱུས་ནང་ཟླ་བཟང་དགྲ་འདུལ་ལགས་ཀྱི་གཅུང་པོ་ཕུན་ཚོགས་ནོར་བུ་ཞེས་འདུག་ཀྱང་བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་ལྔ་པའི་ནང་”ཚ་རོང་ཟླ་བཟང་དགྲ་འདུལ་སྐོར་”ཞེས་པའི་ནང་ཚ་རོང་གི་ཚོང་པ་ཚེ་རིང་ཛ་སག་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་གཅུང་པོ་ཚ་རོང་ཕྱག་མཛོད་བསོད་ནམས་དབང་འདུས་ཞེས་ཨ་མ་ཀུན་བཟང་ལགས་གཅུང་པོ་རྒྱ་དམར་བཙོན་ཁང་དུ་མི་ལོ་ཉི་ཤུ་ཙམ་སྡུག་སྦྱོང་མྱང་མྱོང་བའི་ཚེ་བརྟན་རྣམ་རྒྱལ་གྱིས་བྲིས་པའི་”བོད་དུ་མི་ཚེའི་ནང་མྱང་བའི་དཀའ་སྡུག་བུ་ཕྲུག་ལ་ངོ་སྤྲོད།”ཅེས་པའི་ནང་བདག་གི་ཕ་བསོད་ནམས་དབང་འདུས་ཞེས་བྲིས་འདུག ཁོང་མི་གཅིག་ལ་མིང་གཉིས་གསུམ་ཡོད་པ་དེ་འདྲ་གང་ཡིན་ཆ་མ་འཚལ་ཡང་སྐུ་ཚེའི་སྨད་ལ་བསོད་ནམས་དབང་འདུས་ལགས་ཞེས་ཞུ་གི་ཡོད་པ་སོམ་ཉི་མི་འདུག་སྟབས་གུས་པས་ཨ་མ་ཀུན་བཟང་ལགས་ཕ་བསོད་ནམས་དབང་འདུས་ལགས་ཞེས་བྲིས་ཡོད།།

 

དཔྱད་གཞི་ཁག

མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། དེབ་ཕྲེང་ལྔ་པ། རྒྱལ་ས་ལྷ་སར་གསུམ་བཅུ་སྒེར་ལངས་ཇི་ལྟར་བྱས་པ་ཞེས་པའི་ཤོག་གྲངས་ 287 ནས་༢༨༨བར། ཕྱི་ལོ་ ༢༠༠༩ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་པར་དུ་བསྐྲུན།༽

སྐུ་ཚེའི་ལོ་རྒྱས་ཧྲག་བསྡུས། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༢། ༢༥༢ ནང་གསལ། བོད་ཀྱི་དཔེ་མཛོད་ཁང་ནས་དཔར་འགྲེམས་ཞུས།
བོད་ཀྱི་བུ་མོ། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༡༡། ལེའུ་བཅུ་བདུན་པ། གྱེང་ལངས། ཤོག་གྲངས་ ༣༢༨ ནས་ ༣༢༩ བར། བོད་ཀྱི་དཔེ་མཛོད་ཁང་ནས་དཔར་འགྲེམས་ཞུས།
མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ། དེབ་དང་པོ། ལེའུ་བརྒྱད་པ། ཤོག་གྲངས་ ༢༠༥ ནས་ ༢༡༡ བར། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་པར་དུ་བསྐྲུན།

ལྷད་མེད་གཡུལ་ལོ་རྡུལ་ཐིག ལེའུ་བཅུ་པ། རྒོལ་སྲུང་མནའ་མཐུན་གྱི་གསང་བ་རྒྱ་མིར་བསྐྱལ། མི་སྣ་བདུན་གྱི་ཕུང་པོ་བྱེ་འོག་ཏུ་སྦས། ཞེས་པའི་ཤོག་གྲངས་ ༡༠༩ནས་༡༢༦བར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དཔར་འགྲེམས་ཞུས།

བོད་དུ་མི་ཚེའི་ནང་མྱང་བའི་དཀའ་སྡུག་བུ་ཕྲུག་ལ་ངོ་སྤྲོད།

 

Image may contain: 1 person, closeup
དཔའ་བོ་ཀུན་བཟང་ལགས།

བརྒྱུད་སྐུལ།

མཆན་སྤེལ།